གཙོ་ངོས།>> འཕྲོད་བསྟེན།>>བདེ་ཐང་ཤེས་བྱ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། ༢༠༢༠ལོའི་ཟླ་བ་༠༥ཚེས་༢༡ཉིན།

༄༅།།ལུས་སྟེང་གི་ཟགས་ཆུ་ཟད་ན་ཆུ་མང་པོ་འཐུང་སྟེ་ཁ་གསབ་བྱེད་དགོས་སམ།

        གནམ་གཤིས་སྐམ་ཤས་ཆེ་བའི་དབང་གིས་མི་མང་པོ་ཞིག་ལ་མཆུ་སྒྲོས་སྐམ་པ་དང་སྐྱི་པགས་སྟེང་དུ་པགས་འབྲུམ་འབྱུང་བ།སྣ་ཁྲག་བཞུར་བ།སྙིང་ཁམས་མི་བདེ་བ་སོགས་ཀྱི་ནད་རྟགས་འབྱུང་བ་རེད།ཀྲུང་ལུགས་གསོ་རིག་གིས་དེ་ནི་ཟགས་ཆུ་ཟད་པ་ལས་བྱུང་བར་བཤད་ལ།མི་མང་པོ་ཞིག་གི་སྣང་ངོར་ཟགས་ཆུ་ཟད་པ་ཞེས་པ་ནི་ལུས་སྟེང་དུ་ཆུས་མ་འདང་བ་ལས་བྱུང་བ་དང་།ཟགས་ཆུ་ཟད་ན་ཆུ་མང་པོ་འཐུང་ནས་ཁ་གསབ་བྱེད་དགོས་པར་འདོད་ཀྱིན་ཡོད་མོད།འོན་ཀྱང་དོན་དངོས་སུ་དེ་འདྲ་ཞིག་མ་རེད།
        ཀྲུང་ལུགས་གསོ་རིག་གི་སྟེང་ནས་བཤད་ན།ཟགས་ཆུ་ཞེས་པ་ནི་ལུས་སྟེང་གི་རྒྱུན་ལྡན་གྱི་ཆུ་ཡོད་ཚད་ཀྱི་སྤྱི་མིང་ཡིན་པས།དེའི་ནང་དུ་རྔུལ་ཆུ་དང་ཁ་ཆུ།རྐང་གཤེར་སོགས་ཀྱང་འདུས།ཟགས་ཆུ་ནི་ལུས་སྟེང་གི་ག་ས་གང་དུ་གནས་ཤིང་།དུས་རྒྱུན་གྱི་བཟའ་བཏུང་ནི་དེའི་འབྱུང་ཁུངས་གཙོ་བོ་རེད།ཟགས་ཆུ་ལུས་ཕུང་ཧྲིལ་པོར་ཁྱབ་དགོས་ན།ལུས་སྟེང་གི་དོན་སྣོད་མང་པོ་ཞིག་གིས་བྱེད་ནུས་འདོན་དགོས་པ་དང་།དེའི་ནང་གི་ཆེས་གཙོ་ཆེ་བ་ནི་གློ་བ་དང་མཚེར་བ།མཁལ་མ་བཅས་ཡིན་པས།ཟགས་ཆུ་ཟད་ན་ཆུ་འཐུང་བ་ཙམ་གྱིས་གཏན་ནས་མི་ཆོག་པ་རེད།
        ནད་ཐོག་ལག་ལེན་ཁྲོད།ཟགས་ཆུ་ཟད་པའི་མི་ལ་རྒྱུན་དུ་གཤེར་བཅུད་གསོ་བའི་ཐབས་ཀྱིས་གསོ་བཅོས་བྱེད་པ་དང་མཉམ་དུ།འཚོ་བའི་གོམས་གཤིས་བསྒྱུར་ཏེ།ཟགས་ཆུའི་ཟད་ཚད་ཇེ་ཉུང་དུ་གཏོང་བ་དང་ཟགས་ཆུ་ཟད་པ་སྔོན་འགོག་བྱེད་དགོས།
        གཅིག མཚན་མི་བརྒལ་བ། མཚན་བརྒལ་ན་མིའི་ལུས་སྟེང་གི་རྒྱུན་ལྡན་གྱི་ཚབ་བརྗེ་ལ་གནོད་པ་ཚབས་ཆེན་ཐེབས་ཏེ།ལུས་སྟེང་གི་ཟགས་ཆུ་ཟད་ཚད་ཇེ་མགྱོགས་སུ་གཏོང་སྲིད།
        གཉིས། སེམས་མི་སྐྱིད་པ།སེམས་འཚབ་པ་དང་ཡི་མུག་པ་སོགས་ཀྱིས་དོན་སྣོད་ཀྱི་བྱེད་ནུས་ཉམས་པར་བྱས་ཏེ།ལུས་ལ་ཚ་བ་རྒྱས་པ་དང་ཟགས་ཆུ་ཟད་པར་བྱེད་པ་རེད།དེའི་རྐྱེན་གྱིས་སེམས་ཁམས་སྙོམས་སྒྲིག་བྱས་ཏེ།སེམས་ཀྱི་ཁུར་བོ་ཇེ་ཡང་དུ་གཏོང་བ་དང་སེམས་ཁམས་བདེ་ལ་འབབ་ཏུ་འཇུག་རྒྱུ་ནི་ཤིན་ཏུ་གལ་ཆེའོ།།
        གསུམ། ལུས་སྦྱོང་འོས་འཚམ་བྱེད་པ།རྒྱུན་དུ་ཁྱིམ་ལ་འཛུལ་ནས་ལུས་སྦྱོང་གང་ཡང་མ་བྱས་ན།ལུས་ཟུངས་ཀྱི་འཁོར་སྐྱོད་ཇེ་དལ་དུ་འགྲོ་བ་དང་ཟགས་ཆུ་ཟད་པ་རེད།ལུས་སྦྱོང་ཚད་དང་རན་པ་བྱས་ན་ལུས་ཟུངས་ཀྱི་འཁོར་སྐྱོད་ཇེ་མགྱོགས་སུ་འགྲོ་བར་བརྟེན།ཟགས་ཆུའི་འཁོར་རྒྱུག་ཀྱང་ཇེ་མགྱོགས་སུ་འགྲོ་སྲིད།
        བཞི། བཟའ་བཏུང་ལུགས་མཐུན་སྒོས་བསྟེན་པ།ཁ་ཚ་བ་དང་སྣུམ་ཆེ་བའི་ཟས་རིགས་ནི་སྐམ་ཤས་ཆེ་བའི་ཟས་རིགས་སུ་གཏོགས་པས།ཕོ་རྒྱུའི་ཟགས་ཆུ་ལ་གནོད་འཚེ་ཐེབས་པ་རེད།རྒྱུན་དུ་ལུགས་མཐུན་མ་ཡིན་པའི་སྒོ་ནས་བཟའ་བཏུང་སྤྱད་ན་ཕོ་རྒྱུའི་ཁུར་བོ་ཇེ་ལྕི་རུ་གཏོང་བ་དང་།ཕོ་རྒྱུ་ནི་མིའི་ལུས་སྟེང་གི་ཟགས་ཆུའི་འབྱུང་ཁུངས་གཙོ་བོ་ཡིན་པས།ཕོ་རྒྱུ་ལ་གནོད་འཚེ་ཐེབས་ན་ཐད་ཀར་ཟགས་ཆུ་ལ་གནོད་འཚེ་ཐེབས་སྲིད།དེའི་རྐྱེན་གྱིས་དུས་རྒྱུན་དུ་ཆུ་དྲོད་འཇམ་མང་དུ་འཐུང་བ་དང་སྔོ་ཚོད་དང་སིལ་ཏོག་གསར་པ་མང་དུ་བཟའ་བ་ལས།ཁ་ཚ་བ་དང་སྣུམ་ཆེ་བའི་ཟས་རིགས་ཉུང་བཟའ་བྱེད་དགོས། །

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1