གཙོ་ངོས།>> གསར་འགྱུར།>>རྒྱལ་ནང་གསར་འགྱུར།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།བོད་ལྗོངས་ཉིན་ཚགས། སྤེལ་དུས། ༢༠༢༠ལོའི་ཟླ་བ་༠༥ཚེས་༢༡ཉིན།

《དུས་རབས་གསར་པར་ནུབ་རྒྱུད་ཐོན་འབྱེད་ཆེ་མོར་རྣམ་པ་གསར་པ་ཆགས་རྒྱུར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ།


ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས།

         ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《དུས་རབས་གསར་པར་ནུབ་རྒྱུད་ཐོན་འབྱེད་ཆེ་མོར་རྣམ་པ་གསར་པ་ཆགས་རྒྱུར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ་རེད།
         བྱ་ཐབས་ལ་ཤུགས་སྣོན་བརྒྱབ་ནས་ནུབ་རྒྱུད་ཐོན་འབྱེད་ཆེ་མོར་རྣམ་པ་གསར་པ་ཆགས་རྒྱུར་སྐུལ་འདེད་གཏོང་རྒྱུ་ནི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྤྱི་ཡོངས་ནས་འགོ་བཙུགས་པ་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་པ་དང་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་སླེབས་པའི་བླང་བྱ་གསར་པ་དང་འཚམ་པ་མ་ཟད། རྒྱལ་ནང་དང་རྒྱལ་སྤྱི་སྤྱི་ཡོངས་གཉིས་པོར་སྤྱི་འདོམས་བྱེད་པའི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ཞིག་ཀྱང་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག་ནུབ་རྒྱུད་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཆེན་པོ་ཐོབ་ནས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་ཕྱིར་སྲ་ཞིང་བརྟན་པའི་རྨང་གཞི་བཏིང་ཡོད་ལ། རྒྱལ་ཁབ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ཀྱི་བར་མཐོངས་ཀྱང་རྒྱ་སྐྱེད་བཏང་ཡོད། འོན་ཀྱང་ནུབ་རྒྱུད་ས་ཁུལ་འཕེལ་རྒྱས་དོ་མི་སྙོམས་ཤིང་གང་ལེགས་མ་བྱུང་བའི་གནད་དོན་སྔར་བཞིན་མངོན་གསལ་དོད་པོ་ཡོད་པ་དང་། དབུལ་སྒྲོལ་འགག་སྒྲོལ་སྲ་བརྟན་དུ་གཏོང་བའི་ལས་འགན་སྔར་བཞིན་དཀའ་ཚེགས་ཆེ་བ་དེ་ཤར་རྒྱུད་ས་ཁུལ་གྱི་འཕེལ་རྒྱས་དང་ཧེ་བག་སྔར་བཞིན་ཆེན་པོ་འཛོལ་ཡོད་པས། མི་རིགས་མཐུན་སྒྲིལ་དང་། སྤྱི་ཚོགས་བརྟན་ལྷིང་། རྒྱལ་ཁབ་བདེ་འཇགས་བཅས་སྲུང་སྐྱོང་གི་ལས་འགན་སྔར་བཞིན་དཀའ་ཚེགས་ཆེ་བའི་ཁར་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་མངོན་འགྱུར་གྱི་ཞན་ཆ་དང་ཉམས་ཞན་ལྷུ་ཚིགས་ཤིག་སྔར་བཞིན་གནས་ཡོད། དུས་རབས་གསར་པར་ནུབ་རྒྱུད་ཐོན་འབྱེད་ཆེ་མོའི་ལས་དོན་མུ་མཐུད་ཡག་པོ་བསྒྲུབ་རྒྱུ་དེས་ཉེན་ཁ་སྣ་ཚོགས་སྔོན་འགོག་དང་སེལ་བའི་ནུས་པ་ཆེ་རུ་འགྲོ་རྒྱུ་དང་། ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ཡོང་བར་སྐུལ་མ་ཐེབས་རྒྱུ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་རྒྱུ། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་བསྐྲུན་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པ་འགོ་འཛུགས་རྒྱུ་བཅས་ལ་དངོས་ཡོད་ཀྱི་དོན་སྙིང་དང་རྒྱང་རིང་གཏིང་ཟབ་ཀྱི་ལོ་རྒྱུས་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད་པ་རེད།
         སྤྱི་ཡོངས་ཀྱི་བླང་བྱ་ནི། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དང་། “ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་པར་སྤྱི་འདོམས་སྐུལ་འདེད།“ཕྱོགས་ཡོངས་བཞིའི”འཐབ་ཇུས་ཀྱི་བཀོད་པར་མཐུན་སྦྱོར་སྐུལ་གཏོང་། སྤྱི་ཡོངས་ཀྱི་རྒྱལ་ཁབ་ཀྱི་བདེ་འཇགས་ལྟ་བ་དོན་འཁྱོལ། བརྟན་ཐོག་ཡར་བརྩོན་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་མཐའ་འཁྱོངས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་མ་གཏོང་རྒྱུ་མཐའ་འཁྱོངས། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་གཙོ་རྐང་དུ་བྱ་རྒྱུ་མཐའ་འཁྱོངས། ཁྲོམ་ར་ཅན་གྱི་སྒྱུར་བཅོས་དང་ཆུ་ཚད་མཐོ་བའི་སྒོ་དབྱེ་རྒྱ་སྐྱེད་ཟབ་གཏོང་། སྒྱུར་བཅོས་ཀྱི་བྱ་ཐབས་གལ་ཆེན་དོན་འཁྱོལ་ལ་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་སྐུལ་གཏོང་། སྒྱུར་བཅོས་ལ་སྐུལ་འདེད་གཏོང་རིང་གི་ཉེན་ཁ་དང་འགྲན་སློང་ཆེན་པོར་སྔོན་འགོག་དང་སེལ་ཐབས་བཅས་བྱ་རྒྱུ་དེ་རེད། བྱ་ཐབས་ལ་ཤུགས་སྣོན་བརྒྱབ་ནས་གཙོ་གནད་དམ་འཛིན་དང་། ཞན་ཆ་སེལ་བ། ཞན་ཆ་ལེགས་གཏོང་བཅས་ཀྱི་སྒོ་ནས་སྲུང་སྐྱོང་ཆེན་པོ་དང་། སྒོ་དབྱེ་ཆེན་པོ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཞིག་གྲུབ་པ་མ་ཟད། དཔལ་འབྱོར་འཕེལ་རྒྱས་ཀྱི་སྤུས་ཚད་འགྱུར་ལྡོག་དང་། ནུས་ཕྱོད་འགྱུར་ལྡོག སྒུལ་ཤུགས་འགྱུར་ལྡོག་བཅས་ལ་སྐུལ་གཏོང་། ནུབ་རྒྱུད་ས་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་དེ་མི་འབོར་དང་། ཐོན་ཁུངས། ཁོར་ཡུག་བཅས་དང་ཕན་ཚུན་མཐུན་སྦྱོར་ཡོང་བར་སྐུལ་གཏོང་། དེ་བས་མཐོ་བའི་སྤུས་ཚད་དང་། དེ་བས་ནུས་ཕྱོད་ལྡན་པ། དེ་བས་དྲང་གཞག་ཡིན་པ། དེ་བས་རྒྱུན་མཐུད་འཕེལ་རྒྱས་བཅས་ཡོང་བ་བྱས་ནས་2020ལོར་ནུབ་རྒྱུད་ས་ཁུལ་གྱི་སྣོད་བཅུད་ཁོར་ཡུག་དང་། ཚོང་གཉེར་ཁོར་ཡུག སྒོ་དབྱེའི་ཁོར་ཡུག གསར་གཏོད་ཁོར་ཡུག་བཅས་ལེགས་བཅོས་མངོན་གསལ་དོད་པོ་ཡོང་བ་བྱས་ཏེ་རྒྱལ་ཡོངས་དང་དུས་གཅིག་ཏུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པའི་འགན་ལེན་བྱེད་དགོས་པ་དང་། 2035ལོར་སླེབས་སྐབས་ནུབ་རྒྱུད་ས་ཁུལ་རྩ་བའི་ཆར་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་མངོན་འགྱུར་བྱུང་ནས་གཞི་རྩའི་སྤྱི་པའི་ཞབས་ཞུ་དང་། རྨང་གཞིའི་སྒྲིག་བཀོད་ཤར་གཏོང་ཐུབ་ཚད་དང་མི་དམངས་ཀྱི་འཚོ་བའི་ཆུ་ཚད་དེ་ཤར་རྒྱུད་ས་ཁུལ་དང་སྤྱིའི་ཆར་མཚུངས་པར་བྱས་ཏེ་རིགས་མི་འདྲ་བའི་ས་ཁུལ་ཕན་ཚུན་གསབ་རེས་ཀྱིས་འཕེལ་རྒྱས་དང་། ཤར་ནུབ་ཕྱོགས་གཉིས་མཉམ་དུ་སྒོ་དབྱེ་མཐུན་སྦྱོར། མི་རིགས་མཐའ་མཚམས་ས་ཁུལ་དར་རྒྱས་དང་བདེ་འཇགས་བརྟན་ལྷིང་། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་བཅས་མངོན་འགྱུར་ཧུར་ཐག་ཡོང་བ་བྱ་རྒྱུ་རེད།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1