གཙོ་ངོས།>> གསར་འགྱུར།>>རྒྱལ་སྤྱི་གསར་འགྱུར།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། ༢༠༢༠ལོའི་ཟླ་བ་༠༤ཚེས་༣༠ཉིན།

ཏོག་གསར་གློ་ཚད་རིམས་ནད་ཐད་ཀྱི“ཨ་ཧྥེ་རི་ཁ་སྲུང་སྐྱོབ་ དམག་འཐབ”ངེས་པར་དུ་སྔོན་ལ་རྒྱག་དགོས།


     རིམས་ནད་ཀྱི་འཇིགས་པ་ཨ་ཧྥེ་རི་ཁ་སྐམ་སའི་ཕྱོགས་ལ་སླེབས་བཞིན་ཡོད་ཅིང་། བརྟག་དཔྱད་ཀྱི་ནུས་པ་མི་འདང་བ་དང་། འཕྲོད་བསྟེན་ཁོངས་གཏོགས་ནུས་པ་ཞན་པ། དངོས་པོའི་ཐོན་ཁུངས་དཀོན་ཁར་འབུ་ཆ་ག་པ་དང་འདར་ནད་སོགས་ཀྱི་འཇིགས་ཉེན་འཕྲད་པའི་ཨ་ཧྥེ་རི་ཁའི་ངོས་ནས་བརྗོད་ན། གལ་སྲིད་སྔོན་འགོག་དང་ཚོད་འཛིན་ཡག་པོ་བྱེད་མི་ཐུབ་ཚེ་རིམས་ནད་ལས་དཔལ་འབྱོར་དང་། སྤྱི་ཚོགས། བདེ་འཇགས། མི་ཆོས་རིང་ལུགས་བཅས་ཀྱི་ཉམས་ཉེན་ཆེན་པོ་འཕྲད་སྲིད། དེར་བརྟེན། “ཨ་ཧྥེ་རི་ཁ་སྲུང་སྐྱོབ་དམག་འཐབ”ངེས་པར་དུ་སྔོན་ལ་རྒྱག་དགོས་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དེ་བས་ཀྱང་རྒྱབ་སྐྱོར་ཤུགས་ཆེན་བྱེད་དགོས།
     འཕྲོད་བསྟེན་ཁོངས་གཏོགས་ཡོད་ཀྱང་རིམས་ནད་ཀྱི་འཇབ་རྒོལ་འགོག་དཀའ་བ།
     ཨ་ཧྥེ་རི་ཁའི་རྒྱལ་ཁབ་འཕྲོད་བསྟེན་ཁོངས་གཏོགས་ཉམས་ཞན་ཡིན་པ་དང་ནད་དུག་བརྟག་དཔྱད་ནུས་པ་ཡང་ཧ་ཅང་ཞན་ཁར་མིག་སྔར་ཨ་ཧྥེ་རི་ཁར་ཏོག་གསར་གློ་ཚད་ཕོག་པའི་གཏན་འཁེལ་བྱུང་བའི་ནད་དཔེའི་གྲངས་ཀ་ནི་དོན་དངོས་ཀྱི་གྲངས་ཀ་ལས་ཆེས་ཆེར་དམའ་བ་ཡོད་ངེས་རེད། ཏོག་གསར་གློ་ཚད་རིམས་ནད་ལ་ཚོད་སྐོར་ཡང་དག་བྱ་ཆེད། ཨ་ཧྥེ་རི་ཁའི་ནད་ཡམས་སྔོན་འགོག་དང་ཚོད་འཛིན་ལྟེ་གནས་ཀྱིས་ཉེ་ཆར་ནས་འགོ་བཙུགས་ཏེ་ཟླ་བ་གཅིག་གི་ནང་ཚུན་དུ་ནད་དུག་བརྟག་དཔྱད་ཐེངས་ཁྲི་100བྱ་རྒྱུ་དང་། ཟླ་བ་4ཡི་ནང་ཚུན་དུ་ནད་དུག་བརྟག་དཔྱད་ཐེངས་ཁྲི་1000བྱ་རྒྱུའི་འཆར་གཞི་ཡོད་པ་རེད།
     འོན་ཀྱང་། ཁེན་ནི་ཡའི་ནེ་རོ་པི་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་ཨེ་ཝ་ལི་སི་ཐུའུ་སི·དབྱི་ལན་གྱིས་བལྟས་ན། ཨ་ཧྥེ་རི་ཁའི་ཉམས་ཞན་གྱི་འཕྲོད་བསྟེན་ཁོངས་གཏོགས་ཀྱིས་རིམས་ནད་སྔོན་འགོག་ཚོད་འཛིན་དང་ཐ་ན་རྗེས་མཐུད་ནད་པ་སྐྱོབ་བཅོས་ཆེད་འདེགས་སྐྱོར་ནུས་ལྡན་བྱེད་དཀའ་ཞིང་། མདོར་བསྡུས་ནས་བརྗོད་ན། ནད་དུག་བརྟག་དཔྱད་ཀྱི་ནུས་པ་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ནས་ཁྲི་བརྒྱ་རིམ་པ་ཡན་གྱི་གཞི་ཁྱོན་གྱི་བརྟག་དཔྱད་ཐུབ་པར་ཆ་བཞག་ཀྱང་། དབུལ་ཕོངས་ཡིན་ཁར་ཐོན་ཁུངས་དཀོན་པའི་ཨ་ཧྥེ་རི་ཁའི་ངོས་ནས་བརྗོད་ན། རིམས་ནད་འགོག་བཅོས་ནི་ལས་འགན་དཀའ་ཚེགས་ཆེན་པོ་ཞིག་རེད།
     མཉམ་འབྲེལ་རྒྱལ་ཚོགས་ཨ་ཧྥེ་རི་ཁ་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གིས་ཟླ་4པའི་ཟླ་དཀྱིལ་དུ་སྙན་ཞུ་ཁྱབ་བསྒྲགས་བྱས་ནས་ཉེན་བརྡ་བཏང་དོན། ཨ་ཧྥེ་རི་ཁའི་རྒྱལ་ཁབ་འཕྲོད་བསྟེན་ཁོངས་གཏོགས“ཡོངས་ཁྱབ་ཏུ་ཉམས་ཞན་ཡིན་ཁར་མ་དངུལ་མི་འདང་བར”གཞིགས་ན། གལ་སྲིད་རིམས་ནད་ཚོད་འཛིན་ནུས་ལྡན་མ་ཐུབ་ཚེ་ཨ་ཧྥེ་རི་ཁར་གནས་ཚུལ་སྡུག་ཤོས་འོག་ཏོག་དབྱིབས་ནད་དུག་གསར་པ་མི་དུང་ཕྱུར་12ལ་འགོ་རྒྱུ་དང་མི་ཁྲི་330འཆི་སྲིད། གནས་ཚུལ་ཡག་ཤོས་འོག་ནད་དུག་མི་དུང་ཕྱུར་1.22ལ་ནད་འགོ་རྒྱུ་དང་མི་ཁྲི་30འཆི་སྲིད།
     འགྲན་སློང་མང་པོ་ལས་རིམས་ནད་ཀྱི་ཉེན་ཁ་ཚབས་ཆེ་རུ་འགྲོ་བ།
     འགོ་བརྗོད་དུ《COVID-19སྟེ། ཨ་ཧྥེ་རི་ཁའི་ཚེ་སྲོག་དང་དཔལ་འབྱོར་སྲུང་སྐྱོབ་བྱེད་དགོས》ཞེས་འཁོད་པའི་སྙན་ཞུའི་ནང་མཉམ་འབྲེལ་རྒྱལ་ཚོགས་ཨ་ཧྥེ་རི་ཁ་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གིས་ད་དུང་ཉེན་བརྡ་བཏང་དོན། གལ་སྲིད་རིམས་ནད་མུ་མཐུད་མཆེད་ཚེ། ཨ་ཧྥེ་རི་ཁའི་དཔལ་འབྱོར་འཕར་ཚད་3.2%ནས་ཉུང་མཐར་ཡང་1.8%བར་ཆག་སྟེ་མི་ཁྲི་2700ཙམ་ཧ་ཅང་དབུལ་ཞིང་ཕོངས་པའི་གནས་སུ་གྱར་རྒྱུ་རེད། འཛམ་གླིང་དངུལ་ཁང་གིས་ཀྱང་ཉེན་བརྡ་བཏང་བའི་ནང་། རིམས་ནད་ཀྱི་ཤུགས་རྐྱེན་ལས་ས་ཧ་ལའི་ལྷོ་རྒྱུད་ཨ་ཧྥེ་རི་ཁར“ལོ་25རིང་གི་ཉམས་རྒུད་ཐེངས་དང་པོ”ཡོང་རྒྱུ་རེད་ཅེས་བརྗོད་ཡོད།
     འཛམ་གླིང་དངུལ་ཁང་གིས་ཨ་ཧྥེ་རི་ཁའི་དཔལ་འབྱོར་ཚོད་སྐོར་སྙན་ཞུའི་ནང“ཐན་པ་དང་། འབུ་ཆ་ག་པའི་གནོད་འཚེ། གདོང་ཐུག གཏུམ་སྤྱོད་བཅས་ལ་ཁ་གཏད་ཧུར་ཐག་གཅོག་པའི་སྐམ་ས་ཆེན་པོ་འདིར་ཁྱབ་མཆེད་འགྲོ་བའི་རིམས་ནད་འདི་ལས་ད་དུང་འབྲུ་རིགས་ཀྱི་དཀའ་ངལ་ཡང་ཚབས་ཆེ་རུ་འགྲོ་རྒྱུ་རེད”ཅེས་བརྗོད་པ་བཞིན། འཛམ་གླིང་དངུལ་ཁང་ཨ་ཧྥེ་རི་ཁའི་དབུ་བཞུགས་དཔལ་འབྱོར་རིག་པ་མཁས་ཅན་ཨར་པེ·ཙུའོ་ཧྥ་ཁེས་བཤད་སྟངས་ལྟར་ན། རིམས་ནད་འདི་ནི་འཕྲོད་བསྟེན་གྱི་ཉམས་ཉེན་ཁོ་ན་ཙམ་མིན་པར་ད་དུང་དེ་དང་ཆབས་ཅིག་དཔལ་འབྱོར་གྱི་ཉམས་ཉེན་དང་འབྲུ་རིགས་ཀྱི་ཉམས་ཉེན་ཡང་ཡོང་སྲིད་པ་དེ་རེད།
     ཁེན་ནི་ཡའི་རྒྱལ་སྤྱིའི་གནད་དོན་གྱི་རིགས་གཅིག་མཁས་ཅན་ཁཱ་ཝུན་སི·ཨ་ཏེ་ཤིར་གྱིས་བལྟས་ན། གལ་སྲིད་རིམས་ནད་སྔོན་འགོག་དང་ཚོད་འཛིན་ཡག་པོ་མ་བྱས་ན། དཔལ་འབྱོར་རྒྱུན་མཐུད་ངང་ཉམས་རྒུད་འགྲོ་བའི་རྒྱབ་ལྗོངས་འོག་འཇིགས་ཉེན་མང་པོ་འཕྲད་བཞིན་པའི་ཨ་ཧྥེ་རི་ཁར་དཔལ་འབྱོར་དང་། སྤྱི་ཚོགས། བདེ་འཇགས། མི་ཆོས་རིང་ལུགས་བཅས་ཀྱི་ཉམས་ཉེན་ཆེན་པོ་འཕྲད་སྲིད་པས་ཉེ་བའི་ལོའི་ནང་ཐོབ་པའི་འཕེལ་རྒྱས་ཀྱི་གྲུབ་འབྲས་མེད་པར་འགྲོ་སྲིད་པའི་ངོས་འཛིན་བྱས་ཡོད།
     ཨ་ཧྥེ་རི་ཁ་སྲུང་སྐྱོབ་བྱེད་པར་རྒྱལ་སྤྱིའི་རྒྱབ་སྐྱོར་དགོས་མཁོ་ཆེ་བ།
     ནད་དུག་ལ་རྒྱལ་མཚམས་ཀྱི་དབྱེ་བ་མེད་ལ་རིགས་རྒྱུད་ཀྱི་དབྱེ་བའང་མེད། དེ་ནི་མིའི་རིགས་ལ་ཐུན་མོང་ཐོག་འཕྲད་པའི་འགྲན་སློང་ཞིག་རེད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཐུན་སྒྲིལ་མཉམ་ལས་བྱས་ནས་མཉམ་ཤུགས་སྒྲིལ་ཚེ། གཞི་ནས་རིམས་ནད་ལས་རྣམ་པར་རྒྱལ་ཐུབ།
     ཨ་ཧྥེ་རི་ཁའི་རྒྱལ་ཁབ་ལ་ཏོག་གསར་རིམས་ནད་ལ་ཁ་གཏད་གཅོག་པའི་ནུས་པ་མེད་པས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མ་དངུལ་དང་། ལག་རྩལ། དངོས་ཟོག སྒྲིག་ཆས་སོགས་ཀྱི་རོགས་སྐྱོར་བྱས་ཏེ་རིམས་ནད་ལ་ཁ་གཏད་གཅོག་པའི་ནུས་པ་ཆེ་རུ་གཏོང་དགོས།
     ཀྲུང་གོས་རང་ཉིད་ལའང་རིམས་འགོག་གི་གནོན་ཤུགས་དྲག་པོ་འཕྲད་པའི་གནས་ཚུལ་འོག་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ལ་འཕྲལ་མར་རོགས་སྐྱོར་བྱས་ཏེ་རིམས་འགོག་དངོས་ཟོག་དཀོན་རིགས་མཁོ་འདོན་བྱས་པ་དང་། སྨན་བཅོས་རིགས་གཅིག་མཁས་ཅན་གཏོང་བ། རིམས་འགོག་ཉམས་མྱོང་མཉམ་སྤྱོད་བཅས་བྱས་ཡོད། ཉེ་ཆར་ཀྲུང་གོ་སྲིད་གཞུང་གིས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ལ་སླར་ཡང་དངུལ་སྨར་ཨ་སྒོར་ཁྲི་3000ཞལ་འདེབས་བརྒྱབ་ནས་རིམས་ནད་སྔོན་འགོག་ཚོད་འཛིན་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་འཕྲོད་བསྟེན་མ་ལག་འཛུགས་སྐྱོང་སོགས་ཀྱི་ལས་དོན་ལ་སྤྱོད་དགོས་པའི་ཁྱབ་བསྒྲགས་བྱས་ཡོད། “གོ་ལ་ཧྲིལ་པོས་རིམས་འགོག་བྱེད་པའི་འགག་རྩའི་དུས་སྐབས་སུ་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ལ་རྒྱབ་སྐྱོར་བྱེད་པ་ནི་ཕྱོགས་མང་རིང་ལུགས་ཀྱི་འདུ་ཤེས་དང་རྩ་དོན་སྲུང་སྐྱོང་བྱས་པ་ཞིག་ཡིན་ལ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནས་བབ་དང་དབང་གྲགས་སྲུང་སྐྱོང་བྱས་པ་ཞིག་ཀྱང་ཡིན”ཞེས་ཀྲུང་གོའི་ཕྱི་འབྲེལ་པུའི་མགྲིན་ཚབ་པས་དེ་ལྟར་བརྗོད་པ་རེད། 

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1