གཙོ་ངོས།>> གནས་མཇལ།>>དགོན་སྡེ།

སྙིང་སེང་རྒྱལ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། ༢༠༢༠ལོའི་ཟླ་བ་༠༤ཚེས་༢༨ཉིན།

༄༅།།བོན་དགོན་ཁྱུང་མོ་གྲྭ་ཚང་གཡུང་དྲུང་ཕུན་ཚོགས་གླིང་།



སྙིང་སེང་རྒྱལ།


        སྡེ་འདི་ཐོག་མ་རབ་བྱུང་ལྔ་པའི་མཇུག་ཙམ་ལ་སོག་བཙུན་སྟོན་པ་ཡེ་ཤེས་ཀྱིས་བཏབ་པ་ཞིག་ཡིན། དེ་ཡང་མཁས་པ་དང་གྲུབ་པའི་དབང་ཕྱུག་དམ་པ་སོག་བཙུན་སྟོན་པ་ཡེ་ཤེས་རྒྱལ་མཚན་གྱིས་མདོ་སྨད་དུ་བོན་གྱི་གདུལ་བྱ་ཡོད་པར་གཟིགས་ནས་ཐོག་མར་རེབ་གོང་གསེར་མོ་ལྗོངས་ཀྱི་ཁོ་ཚེ་ཨ་ཡག་རྐྱང་སོགས་ཀྱིས་གདན་དྲངས་པ་ལྟར་ཡུལ་སོ་སོར་ཞབས་ཀྱིས་བཅགས། སྡེ་སོ་སོ་བྱིན་གྱིས་བརླབས་ནས་གཤེན་རབ་གཞུང་ལུགས་ཀྱི་རྒྱལ་མཚན་སྒྲེང་བར་མཛད་པའི་སྙན་པ་ཕྱོགས་སུ་རྒྱས། དུས་དེར་སྟོང་ཆེ། ཤ་རྒྱ། སོག་ཀྱཱ། སྐ་སྐྱ་སོགས་ཀྱི་གདན་འདྲེན་ཞུས་པར་བརྟེན་བླ་མའི་ཐུགས་དགྱེས་ཚོར་ཆེན་པོ་གནང་ཞིང་ཡུལ་ཕྱོགས་སོ་སོར་བོན་སྟོན་སྤེལ་བའི་ཆེད་དུ་ལྗོངས་འདིར་ཞབས་ཀྱི་པདྨོ་ཉེ་བར་བཀོད་པའི་ཚེ། ཕྱོགས་དུ་མ་ནས་དད་ལྡན་གྱི་སློབ་མ་མི་ཏོག་ལ་བུང་བ་བཞིན་འདུ་བ་བྱུང་། གདུལ་བྱ་སོ་སོའི་བློ་དང་འཚམས་པར་འཆད་ཁྲིད་ཀྱི་སྒོ་ནས་བོན་སྦྱིན་རྒྱ་ཆེར་བསྩལ་ནས་ཐམས་ཅད་མ་འོངས་པ་ན་བོན་གྱི་གདུལ་བྱར་འགྱུར་བའི་ཐུགས་སྨོན་ཤུགས་དྲག་མཛད། ཚུལ་དེ་ལྟའི་སྒོ་ནས་སྙིགས་མའི་དུས་འདིར་རང་དོན་གྱི་ཉམས་ལེན་དང་བསྟན་དོན་ཟུང་འབྲེལ་ལ་གཟིགས་ནས། མདོ་ཕྱོགས་སུ་རྣམ་དག་འདུལ་བ་འཛིན་པ་རབ་བྱུང་གི་སྡེ་དང་། སྔགས་ཕྱོགས་སུ་སྒྲུབ་གཤེན་ལྕང་ལོ་འཆང་བ་སྔགས་འཆང་གི་སྡེ་སོགས་ཡུལ་འདིར་དར་བར་མཛད་དེ། ཁྱུང་མོ་གྲྭ་ཚང་གཡུང་དྲུང་ཕུན་ཚོགས་གླིང་འདི་ཉིད་གསར་འདེབས་ཀྱི་དུས་ནི་རབ་དུས་ལྕགས་ལུག་སྤྱི་ལོ1351ལོར་འདུ་ཁང་རྟེན་བརྟེན་པ་བཅས་སྐྱེ་རྒུའི་བསོད་ནམས་ཀྱི་ཞིང་དུ་བསྐྲུན་པར་མཛད།


        ཐོག་མ་བླ་གྲྭ་ཉི་ཤུ་ཙམ་གྱིས་གཞི་བཟུང་སྟེ་རྗེ་མཉམ་མིད་པའི་གདན་ས་བཀྲ་ཤིས་སྨན་རིའི་ཕྱག་བཞེས་ལྟར་ཆོ་ག་སྒྲུབ་དཀྱིལ་སོགས་ཆ་ཚང་བར་བཙུགས་ཏེ་འདུལ་བའི་བཅས་ཁྲིམས་དང་སྒྲིགས་ལམ་གྱི་གཞི་ཚུགས་ཤིང་གཤེན་སྟོན་ཉིན་བྱེད་སླར་ཡང་ལྗོངས་འདིར་ཤར་བ་ནི་བླ་མ་དམ་པ་འདིའི་བཀའ་དྲིན་ཁོ་ན་ཡིན་ནོ།། དེ་ནས་རིམ་པས་ཁྱུང་མོ་བླ་རབས་བཅོ་བརྒྱད་ཀྱི་གདན་ས་མཛད་ནས་སྐུ་རིམ་བྱོན་གྱིས་ཕྱག་རྗེས་ཆེ་ཆུང་ཅི་རིགས་པས་ད་ལྟའི་བར་ལེགས་པར་བསྐྱངས་སོ། །

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1