གཙོ་ངོས།>> འཕྲོད་བསྟེན།>>བདེ་ཐང་ཤེས་བྱ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། ༢༠༢༠ལོའི་ཟླ་བ་༠༤ཚེས་༢༧ཉིན།

༄༅།།མིག་གི་ངལ་དུབ་སེལ་ཐབས།

        གཞི་གྲངས་ལས་མངོན་པ་ལྟར་ན།དུས་ཡུན་རིང་པོར་གློག་རྡུལ་ཐོན་རྫས་བཀོལ་སྤྱོད་བྱེད་མཁན་རྣམས་ཀྱི་མིག་ཤུགས་སྤྱིར་བཏང་གིས་ཇེ་ཞན་དུ་སོང་ཡོད་པར་མ་ཟད།མིག་ན་བ་དང་དམར་པོར་གྱུར་པ།ཡང་ན་མིག་ཆུ་བཞུར་བ་སོགས་ཀྱི་ནད་རྟགས་མང་པོ་མངོན་པ་རེད།དེས་ན་མིག་གི་ངལ་དུབ་སེལ་བར་ཐབས་ལམ་གང་དག་ཡོད་དམ་ཞེ་ན།
        གཅིག གློག་འོད་བདམས་པ། བརྙན་འཕྲིན་ལ་བལྟ་བ་དང་ཡང་ན་གློག་ཀླད་བཀོལ་སྤྱོད་བྱེད་པའི་སྐབས་སུ་གློག་གཟིམ་མི་རུང་ལ།མིག་ལ་གནོད་འཚེ་ཆེས་ཆུང་བའི་གློག་འོད་ནི་སེར་པོ་རེད།མདོག་གཞན་པ་གང་ཞིག་ཡིན་རུང་མིག་ལ་གནོད་འཚེ་མི་འདྲ་བ་གང་རུང་ཐེབས་ངེས་སོ། །
        གཉིས། ངལ་རྩོལ་དང་ངལ་གསོ་ཟུང་འབྲེལ་བྱེད་པ།གློག་ཀླད(བརྙན་འཕྲིན་དང་ལག་ཁྱེར་ཁ་པར)སོགས་ལ་ཡུན་རིང་དུ་བལྟས་ན།མིག་ཟུར་གྱི་སྐྱི་པགས་ཐུར་དུ་འཕྱང་བ་དང་མིག་མཐའི་སྐྱི་པགས་ཇེ་ལྷོད་དུ་སོང་ནས་གཉེར་མ་འབྱུང་སླ་བ་རེད།གལ་ཏེ་ཁྱོད་ལ་མིག་ངལ་བའི་ཚོར་སྣང་འབྱུང་སྐབས་ལག་པ་མིག་མདུན་དུ་བསྲིངས་ནས་སྐར་མ10རིང་ལག་མཐིལ་ལ་ལྟ་བ་དང་།དེ་ནས་ལག་པ་མར་བཞག་ནས་སྐར་མ10རིང་མིག་གིས་རྒྱང་རིང་ལ་བལྟ་བ།དེ་ལྟར་ཡང་ནས་བསྐྱར་དུ་ཐེངས6ལ་བྱས་ན།མིག་གི་གནོན་ཤུགས་ཇེ་ཡང་དུ་བཏང་སྟེ་མིག་ཟུང་ཇེ་བདེ་རུ་གཏོང་ཐུབ།
        གསུམ། འཚོ་བཅུདAའདུས་པའི་ཟས་རིགས་མང་དུ་བཟའ་བ།འཚོ་བཅུདAཡིས་མིའི་མཐོང་ཚོར་ཁྲོད་ནུས་པ་གལ་ཆེན་འདོན་གྱིན་ཡོད།གལ་ཏེ་མིའི་ལུས་སྟེང་དུ་འཚོ་བཅུདAམ་འདང་ན།མུན་ནག་ཁོར་ཡུག་ཁྲོད་ཀྱི་མིག་གི་འཕྲོད་ཤུགས་ཇེ་དམའ་རུ་འགྲོ་བ་དང་།ཚབས་ཆེ་ན་མཚན་ལོང(夜盲症)དུ་འགྱུར་སྲིད།འཚོ་བཅུདAཡིས་ད་རུང་སྟེང་ལྤགས་ཕྲ་ཕུང་གི་སྐྱེ་འཚར་དང་གྱེས་ཐོར་ལ་སྐུལ་འདེད་གཏོང་བས།འཚོ་བཅུདAམ་འདང་ན་སྐྱི་པགས་སྐམ་པོར་འགྱུར་བ་རེད།དུས་རྒྱུན་དུ་སྲོག་ཆགས་ཀྱི་ནང་ཁྲོལ་དང་སྔོ་ཚོད་དང་ལ་སེར་སོགས་ཟོས་ནས་འཚོ་བཅུདAཁ་གསབ་བྱེད་དགོས།
        བཞི །མིག་མང་དུ་རྡེབ་པ།མིག་མང་དུ་བརྡབས་ན་མིག་ལ་སྲུང་སྐྱོབ་བྱེད་པར་ཧ་ཅང་ཕན།ཉིན་རེར་བསམ་བཞིན་དུ་མིག་ཐེངས300རེ་བརྡབས་ན།མིག་ཆུ་ཟགས་ཐོན་འབྱུང་བར་སྐུལ་འདེད་བཏང་སྟེ།མིག་སྐམ་པའི་ཚོར་སྣང་ཇེ་ཡང་དུ་གཏོང་བར་མ་ཟད།མིག་ལ་གཙང་སྦྲ་བྱས་ཏེ།མིག་གི་ངལ་དུབ་སེལ་ཐུབ།
        ལྔ། བཙན་གྱིས་ངལ་གསོ་བ།དཔེར་ན།ཇ་འཐུང་བ་དང་ཁོ་ཧྥེ་འཐུང་བ།སྤྱོད་ཁང་དུ་འགྲོ་བ་སོགས་ཀྱི་གོ་སྐབས་སྤྱད་དེ།མིག་གིས་རྒྱང་རིང་ལ་བལྟ་ཅི་ཐུབ་བྱེད་པ་དང་།ཡང་ན་ལག་ཟུང་ཕུར་ཕུར་བྱས་རྗེས་མིག་མཐའི་སྐྱི་པགས་དལ་གྱིས་བྱུག་དགོས།སྤྱིར་བཏང་གིས་དུས་ཚོད་གཅིག་རེའི་ནང་དུ་སྐར་མ5ནས10རིང་མིག་ལ་ངལ་གསོ་རུ་འཇུག་དགོས། མིས་ཐག་ཉེ་བའི་དངོས་པོར་ལྟ་བའི་སྐབས་སུ་མིག་གིས་མར་ལ་བལྟས་ཡོད་པས།ངལ་གསོ་བའི་སྐབས་སུ་གང་ཐུབ་ཀྱིས་ཡར་ལ་བལྟ་དགོས།
        དྲུག མིག་སྲུང་ལུས་རྩལ་སྦྱོང་བ།
        མིག་འབྲས་གནོན་ཐབས།མིག་བཙུམས་རྗེས།གོང་མཛུབ་དང་དཀྱིལ་མཛུབ།སྲིན་མཛུབ་བཅས་ཀྱི་མཛུབ་རྩེ་ཡིས་མིག་འབྲས་དལ་གྱིས་གནོན་པ་དང་།ཡང་ན་མཐའ་བསྐོར་ནས་གནོན་དགོས།དུས་ཡུན་རིང་མི་རུང་ལ་ཤེད་ཤུགས་ཀྱང་ཆེ་མི་རུང་བར་སྐར་མ20ཙམ་གྱིས་ཆོག་གོ། །
        མགོ་བོ་གནོན་ཐབས།ལག་པ་གཉིས་ཀའི་མཛུབ་མོ་གསུམ་རེ་མགོ་བོའི་སྤྱི་གཙུག་ཏུ་བཞག་ནས།གཡས་གཡོན་གྱི་མུར་གོང་གི་ཕྱོགས་སུ་ཕུར་ཕུར་བྱེད་པ་དང་།དེ་ནས་མུར་གོང་ཤུགས་ཀྱིས་མནན་ན།མིག་ལ་བདེ་སྣང་ཁྱད་པར་བ་ཞིག་སྟེར་ཞིང་།ཡང་ནས་བསྐྱར་དུ་ཐེངས3ནས5ལ་གནོན་དགོས་སོ། །
        སྨིན་མཚམས་གནོན་ཐབས།མཐེ་བོང་སྨིན་མགོར་བཞག་ནས་དལ་གྱིས་གནོན་པ་དང་བསྐོར་བ་བརྒྱབ་སྟེ་གནོན་དགོས།དེ་ལས་གཞན་ད་རུང་མིག་གིས་རྒྱང་རིང་ལ་བལྟས་ནས།མགོ་བོ་མི་འགུལ་བར་མིག་འབྲས་གཡས་ནས་འོག་དང་གཡོན་ནས་གོང་གི་ཕྱོགས་སུ་བསྐོར་བ་བརྒྱག་དགོས་སོ། །

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1