གཙོ་ངོས།>> སློབ་གསོ།>>སློབ་གསོའི་ཉམས་མྱོང་།

དུང་བུ་ཆོས་འབུམ་རྒྱལ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། ༢༠༢༠ལོའི་ཟླ་བ་༠༤ཚེས་༢༧ཉིན།

༄༅།།སློབ་ཆུང་སློབ་མའི་ཚིག་སྒྲིག་ནུས་པ་སྐྱེད་སྲིང་བྱ་ཐབས་ཀྱི་མྱོང་བ་ཕྲན་བུ།


རྨ་ལྷོ། དུང་བུ་ཆོས་འབུམ་རྒྱལ།
        སློབ་ཆུང་རིམ་པའི་སློབ་མ་ཞིག་ལ་མཚོན་ན་སྦྱང་བྱར་གྱུར་པའི་སྐད་ཡིག་གང་དེའི་ཐ་སྙད་དང་ཚིག་གྲུབ་ཀློག་དག་པ་ནས་བྲིས་ཡག་པ།སྤྱོད་ཤེས་པར་འབད་པ་ནི་དམིགས་ཀྱི་འབེན་དང་བརྩོན་པའི་དོན་ལ་གནས་པ་འབའ་ཞིག་སྟེ། ང་ཚོས་སློབ་ཆུང་ལོ་རིམ་དང་པོ་ནས་གསུམ་པའི་བར་དུ་ཀློག་དང་བྲིས་གནད་དུ་འཛིན་དགོས་པ་དང་། ལོ་རིམ་བཞི་པ་ནས་དྲུག་པའི་བར་དོན་དང་སྤྱོད་གལ་ཆེན་དུ་བརྩི་དགོས་པ་ཡང་དེ་ལས་མ་འདས་སོ།། དེ་བས་འདིར་ཕྲན་ནས་ལོ་ངོ་འགའ་ཡི་ཉམས་མྱོང་གཞིར་བཞག་སྟེ་ཚིག་སྒྲིག་ནུས་པ་སྐྱེད་སྲིང་བྱ་ཐབས་ཤིག་རགས་ཙམ་གླེང་བར་བྱའོ། །
གཅིག ཐ་སྙད་ཀྱི་གོ་དོན་འཕྲོས་པར་བཤད་པ།
        འདིར་གོ་སླ་བའི་ཆེད་དུ་རྩོམ་འབྲི་གཞུང་ལུགས་ཀྱི་ཐ་སྙད་མི་སྤྱོད་པར་འགྲེལ་བཤད་ཀྱི་ཚུལ་བསྟན་ན། བསླབ་པར་བྱ་བའི་ཐ་སྙད་གང་དེའི་གོ་དོན་འཕྲོས་པར་བཤད་པ་སྟེ།ཐ་སྙད་རང་ངོས་ཀྱི་གོ་དོན་འཕྲོས་པར་བཤད་པ་མ་ཡིན་པར་ཐ་སྙད་དེ་དང་འབྲེལ་བའི་དོན་སྤྱི་རྒྱས་པར་སྣང་དུ་འཇུག་པ་ལ་ཟེར། དཔེར་ན། བརྩོན་འགྲུས་ནི་འབད་པ་བྱེད་པའི་དོན་ཞེས་འགྲེལ་རྗེས།བརྩོན་གང་དགེ་ལ་སྤྲོ་བའོ་ཞེས་ཐ་སྙད་རང་ངོས་ཀྱི་གོ་དོན་འཕྲོས་པར་བཤད་པའམ་ཞིབ་ཏུ་བརྗོད་པ་མ་ཡིན་པར། བརྩོན་འགྲུས་བྱས་ན་བྱ་བ་ལེགས་འགྲུབ་འབྱུང་བ་དང་། བརྩོན་འགྲུས་ལ་ལེ་ལོ་སྤང་དགོས་པ། སློབ་སྦྱོང་ལ་བརྩོན་འགྲུས་ཇི་ལྟར་བྱ་དགོས་པ་དང་། ཞིང་པ་ཞིག་ཡིན་ན་བརྩོན་འགྲུས་ཇི་ལྟར་བྱ་དགོས་པ། འབྲོག་པ་ཞིག་ཡིན་ན་བརྩོན་འགྲུས་ཇི་ལྟར་བྱ་དགོས་པ། བཟོ་པ་ཞིག་ཡིན་ན་བརྩོན་འགྲུས་ཇི་ལྟར་བྱ་དགོས་པ། སྨན་པ་ཞིག་ཡིན་ན་བརྩོན་འགྲུས་ཇི་ལྟར་བྱ་དགོས་པ། དགེ་རྒན་ཞིག་ཡིན་ན་བརྩོན་འགྲུས་ཇི་ལྟར་བྱ་དགོས་པ་སོགས་བརྩོན་འགྲུས་དང་འབྲེལ་བའི་བསམ་བློ་དང་གོ་བ་རྒྱ་བསྐྱེད་པ་གཙོར་འཛིན་པ་གལ་སྙམ།
        དེ་བཞིན་དུ་ཕྲན་ནས་ཚིག་སྒྲིག་གི་སྐབས་སུའང་སློབ་མ་དག་ལ་འདི་ལྟར་ཐ་སྙད་གང་དེའི་གོ་བ་སྐྱེད་སྟངས་གཞིར་བཟུང་ནས་ཚིག་སྒྲིག་བྱ་རུ་བཅུག་པ་ཡིན་ལ། དེ་ལྟར་ན་གཅིག་ནས་སློབ་མའི་རྩོམ་འབྲིའི་བསམ་བློ་སྦྱོང་བརྡར་དང་གཉིས་ནས་ཐ་སྙད་ཀྱི་བག་ཆགས་ཇེ་ཟབ་ཏུ་གཏོང་བར་ཕན་པའི་ངེས་པ་གཅིག་རྗེས་གཉིས་སོ། །

གཉིས། ཐ་སྙད་ཀྱི་རིག་འདེད་ཞིབ་ཏུ་ལེན་པ།
        ཐ་སྙད་ཀྱི་གོ་དོན་འགྲེལ་བའི་སྐབས་སུ་དེ་དང་འབྲེལ་བའི་བསམ་བློ་འཕྲོས་པར་བཤད་རྗེས། དངོས་དོན་ཚིག་སྒྲིག་གི་སྐབས་སུ་ཐ་སྙད་ལ་རིག་འདེད་ཞིབ་ཏུ་ལེན་པ་སྟེ། དཔེར་ན། བརྩོན་འགྲུས་ཞེས་པའི་མིང་དང་འབྲེལ་ནས་བསླབས་ཟིན་པའི་མིང་ཚིག་དག་ལས་དེའི་དོན་དང་ལྡོག་ཟླར་གྱུར་བའམ་ཉེ་བར་སྣང་བ། རྒྱུད་མར་གྱུར་པ། ལེ་ལོ། འབད་པ། སྒྱིད་ལུག རྣམ་གཡེང་། གྲུབ་འབྲས། དཀའ་སྤྱད། སྡུག་བསྔལ། བདེ་སྐྱིད། རྒྱལ་ཁ། ཕམ་ཁ་ལ་སོགས་པ་བསྐྱར་དུ་ངོས་འཛིན་དང་བེད་སྤྱོད་བྱ་དགོས། གོ་རིམ་འདི་ལས་ཆུང་ས་ནས་སློབ་མའི་ཐ་སྙད་གསོག་ཚད་རྒྱ་ཇེ་ཆེ་དང་གཏིང་ཇེ་ཟབ་ཏུ་འགྱུར་ལ། ཆེ་ས་ནས་རྩོམ་འབྲིའི་རིགས་ལམ་བྱང་དུ་འཇུག་པར་དགོས་པ་ཆེ་སྙམ།
        སྤྱིར་བཏང་དུ་ཕྲན་ནས་ཐབས་ལམ་འདི་རང་རྒྱུན་འཇགས་སུ་སྤྱད་པས།སློབ་མ་དག་ལ་བསླབས་ཟིན་པར་མི་བརྗེད་པའི་གཟུངས་ཞུགས་པ་ལྟར་རྨང་གཞི་བརྟན་པོར་འཕར་བ་དང་།བྱེ་བྲག་ཏུ་ཚིག་སྒྲིག་གི་ལས་དང་པོ་བའི་ས་མཚམས་ལོ་རིམ་གསུམ་པ་ནས་བརྩམས་ཏེ་འདི་ལྟར་ཡོང་བར་རྩོམ་འབྲིའི་གོ་རིམ་ངེས་ཅན་ཞིག་བརྒྱུད་པ་ལྟར་ཚིག་གྲུབ་ནས་ཚིག་སྒྲིག་དང་ཚིག་སྒྲིག་ནས་རྩོམ་ཡིག་བར་གྱི་སྐས་རིམ་གལ་ཆེན་ཞིག་ལེགས་པར་བརྒལ་བའི་སྣང་བ་རྒྱུན་པར་བྱུང་བས།གཞན་ལ་ནི་སློབ་མའི་ཁ་གྲངས་དང་ཁོར་ཡུག་གི་གནས་བབ་སོགས་རྒྱུ་རྐྱེན་ཅི་རིགས་ཀྱིས་འོས་འཚམ་ཡིན་མིན་མང་དུ་ཡོད་པ་ཁོ་ཐག་ཆོད་ཀྱང་།རེ་འགར་ཕན་པའི་གདེང་ནི་ཉམས་སུ་སྣང་བས་སློབ་ཆུང་གི་དགེ་རྒན་དག་ལ་འདི་ལྟར་ཕུལ་བ་དགེ་ལེགས་འཕེལ། །

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1