གཙོ་ངོས།>> རྩོམ་རིག>>བསྒྱུར་རྩོམ།

རིན་ཆེན་མཚོས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། ༢༠༢༠ལོའི་ཟླ་བ་༠༤ཚེས་༢༤ཉིན།

༄༅།།ཡ་མཚན་ཅན་གྱི་སྲས་མོ།


རིན་ཆེན་མཚོས་བསྒྱུར།
    གནའ་སྔ་མོ་ཞིག་ལ་རྒད་པོ་ལོ་ལོན་ཞིག་ལ་བུ་གསུམ་ཡོད།ཁོས་རང་ཉིད་ཀྱི་རྣ་འོན་ཞིང་མིག་ཞར་ཏེ་ལོ་རེ་ནས་ལོ་རེར་ཇེ་སྡུག་ཡིན་པ་ཤེས་ནས།བུ་གསུམ་པོ་བོས་ཏེ“བྱིས་པ་ཚོ།བལྟས་ཡོང་ན་ང་ཉིན་མང་པོ་ཞིག་ལ་འཚོ་ཐུབ་རྒྱུ་མ་རེད། ང་འདས་རྗེས་ཁྱོད་ཚོར་རྩྭ་ཁང་ཪྙིང་པ་ཞིག་དང་སིལ་ར་ཞིག་མ་གཏོགས་རྒྱུ་ནོར་མང་པོ་ཞིག་འཇོག་རྒྱུ་མིད་པས།ཁྱོད་ཚོས་ཁྱིམ་ནོར་ཡོངས་རྫོགས་བགོས་ཏེ་རང་རང་གི་འཚོ་བ་རོལ་དགོས།ཤེས་དགོས་པ་ཞིག་ལ།སིལ་རའི་ནང་དུ་ཀུ་ཤུའི་སྡོང་པོ་ཞིག་ཡོད་པ་དེའི་སྟེང་གི་སིལ་ཏོག་སུ་ཞིག་གིས་ཟོས་ན་དེའི་ལུས་སྟོབས་ཧ་ཅང་རྒྱས་པས།དེ་ནི་དཔག་བསམ་གྱི་ལྗོན་ཤིང་ཞིག་ཡིན”ཞེས་བཤད།
  རྒད་པོ་ཚེ་ལས་འདས་མ་ཐག་བུ་ཆེ་བ་གཉིས་ཀས་སིལ་ར་བགོས་ཏེ་ཕྱེད་ཀ་རེ་བཟུང་ལ།བགོས་མཚམས་སུ་ད་དུང་ཀུ་ཤུའི་སྡོང་པོ་གཅིག་ཡོད་པ་དེ་ནུ་བོར་བྱིན།སྤྱིར་ནུ་བོར་བྱིན་པའི་སྡོང་བོ་དེ་ནི་ཀུ་ཤུའི་སྡོང་བོ་འཁྱོག་པོ་ཞིག་སྟེ་སྡོང་ཤུན་ཡང་གས་ཡོད་པས།ཕུ་བོ་གཉིས་ཀས་བློར་མ་བབས་པར་ཁོ་ལ་བྱིན་པ་རེད།
  ཅུང་མ་འགོར་བར།ཁྱིམ་མཚེས་གཡས་གཡོན་ཀུན་གྱིས་རྒྱལ་པོའི་སྲས་མོར་ནད་ལྕི་མོ་ཞིག་ཕོག་ཅིང་།གལ་ཏེ་སུས་དྲག་ཏུ་འཇུག་ཐུབ་ན་དེས་སྲས་མོ་ཆུང་མར་ལེན་ཆོག་པར་མ་ཟད་རྒྱལ་སའི་ཕྱེད་ཀ་ཡང་སྟེར་རྒྱུ་རེད་ཅེས་བསྒྲགས།
  ཕུ་བོ་གཉིས་ཀས་གནས་ཚུལ་དེ་ཐོས་རྗེས།དང་པོ་ཕུ་བོ་ཆེ་བས་རང་ཉིད་ཀྱི་སིལ་རའི་ནང་གི་ཀུ་ཤུ་བཏོགས་ཏེ་
  ལག་གཟེབ་ཆུང་ཆུང་ཞིག་ཏུ་བཞག་རྗེས་རྒྱལ་པོའི་ཕོ་བྲང་གི་ཕྱོགས་སུ་ཕྱིན།ལམ་བར་དུ་ནགས་ཚལ་ཞིག་བརྒྱུད་སྐབས་ཨ་ནེ་རྒན་མོ་ཞིག་དང་འཕྲད་པ་དེས།ཁོ་ལ་གུས་པའི་ངང་གསར་བུ་ཆུང་ཆུང་ཁྱོད་བདེ་མོ།ཁྱོད་ཀྱི་ལག་གཟེབ་ནང་དུ་ཡོད་པ་དེ་ཤ་མོ་ཨེ་ཡིན་ཞེས་དྲིས་པར།ཁོས་ཚིག་རྩུབ་མོའི་ངང་རྒན་མོ་ལ་ལག་གཟེབ་ནང་གི་དངོས་པོ་དེ་ད་བྱིད་དང་སྦལ་བ་ཡིན་ཞེས་བཤད།
  ཨ་ནེ་རྒན་མོས་ཁྱོད་རང་གིས་ད་བྱིད་དང་སྦལ་བ་ཁྱེར་ནས་སོང་ཞིག་ཟེར་ཞོར་ཁ་ཕྱིར་འཁོར་ནས་བུད་སོང་།ཕུ་བོ་ལམ་ཐག་རིང་པོ་བརྒྱུད་དེ་རྒྱལ་པོའི་ཕོ་བྲང་གི་སྒོ་ཁར་སླེབས།ཕོ་བྲང་གི་སྲུང་དམག་གིས་ཁོ་རང་བཀག་སྟེ་གསར་བུ་ཁྱོད་ཀྱི་ལག་གཟེབ་ནང་གི་དངོས་པོ་དེ་ཅི་ཡིན་དྲིས་པར།
  ཁོས་ངའི་ལག་གཟེབ་ནང་དུ་ངོ་མཚར་ཅན་གྱི་ཀུ་ཤུ་ཞིག་ཡོད།ཀུ་ཤུ་དེ་མི་སུ་ཞིག་གིས་ཟོས་ན་དེའི་ལུས་པོ་བདེ་ཐང་ཡོང་བས།ངས་ཀུ་ཤུ་འདི་སྲས་མོར་ཕུལ་ཏེ་མོའི་ནད་དྲག་ཏུ་འཇུག་འདོད་ཅེས་ལན་འདེབས་ཞོར་ལག་གཟེབ་སྲུང་དམག་ལ་བྱིན།
  སྲུང་དམག་གིས་ཁོའི་ལག་གི་ལག་གཟེབ་བླངས་ཏེ་བལྟས་པ་དང་།ཁོ་ལ་ལྟོས་ངན་ཁྱོད་ཀྱིས་གོང་མའི་ཕོ་བྲང་གི་སྐུ་སྲུང་པར་ཡང་མགོ་སྐོར་གཏོང་ཕོད་དམ།ང་ཚོས་ཁྱོད་ལ་སྲུང་དམག་ལ་མགོ་སྐོར་བཏང་བའི་མཇུག་འབྲས་ཅི་ཡིན་པ་ཤེས་སུ་མ་བཅུག་ན་ཞེས་སྡུག་དམོད་བྱེད་བཞིན་ལག་གཟེབ་ཕུ་བོའི་ཐོག་ཏུ་གཡུགས་ཏེ་གཅར་རྡུང་དྲག་པོ་བྱས།
  ཕུ་བོས་མགོ་སྒུར་ཏེ་བལྟས་པ་ན།ལག་གཟེབ་ནང་དུ་གར་ཡོང་མི་ཤེས་པའི་ད་བྱིད་དང་སྦལ་བ་མང་པོ་མ་གཏོགས་ཀུ་ཤུ་གཅིག་ཀྱང་མི་འདུག ཁོ་ཁྱིམ་དུ་ལོག་ནས་རང་ཉིད་འཕྲད་པའི་གནས་ཚུལ་དེ་ནུ་བོ་འབྲིང་བར་བཤད་པ་ན།ནུ་བོ་འབྲིང་བ་ཡིད་མ་ཆེས་པར་རང་གི་སིལ་རའི་ནང་གི་ཀུ་ཤུ་མང་པོ་ཞིག་བཏོགས་ནས་ལག་གཟེབ་ཏུ་བཞག་རྗེས་ཕོ་བྲང་གི་ཕྱོགས་སུ་ཕྱིན།
  ཁོ་ཡང་ཨ་ནེ་རྒན་མོ་དེ་དང་འཕྲད་བྱུང་།ཨ་ནེ་རྒན་མོས་ངག་ཧ་ཅང་འཇམ་པོའི་ངང་ཁྱོད་ཀྱི་ལག་གཟེབ་ནང་གི་དངོས་པོ་དེ་ཤ་མོ་ཨེ་ཡིན་ཞེས་དྲིས་པར།
  སྤུན་འབྲིང་བས་ཀྱང་ལྷ་མིན་འདྲེ་མིན་གྱི་རྣམ་འགྱུར་ཞིག་བསྟན་ཏེ་ངའི་ལག་གཟེབ་ནང་གི་དངོས་པོ་དེ་དུག་མིལ་དང་སྡིག་པ་རྭ་ཙ་ཡིན་ཞེས་བཤད་པ་ན།ཨ་ནེ་རྒན་མོས་ཀྱང་ཁྱོད་ཀྱིས་རང་གི་དུག་མིལ་དང་སྡིག་པ་རྭ་ཙ་ཁྱེར་ནས་སོང་ཞིག་ཟེར་ཞོར་ཁ་ཕྱིར་འཁོར་ནས་སོང་།
  སྤུན་འབྲིང་བས་ཀྱང་ཕུ་བོ་བཞིན་སྲུང་དམག་ལ་བཤད་ཅིང་། ད་དུང་ཡིད་ཆེས་ཀྱི་མགོ་བོ་མཐོན་པོར་བཏེགས་ནས་ལག་གཟེབ་ཁ་ཕྱེས་ནས་ཁོ་ཚོར་བསྟན་པ་ན་ལག་གཟེབ་ནང་དུ་གར་ཡོང་མི་ཤེས་པའི་དུག་མིལ་དང་སྡིག་པ་རྭ་ཙས་གང་འདུག་པ་མཐོང་།སྐབས་དེར།སྲུང་དམག་ཚོས་ཚིག་གཅིག་ཀྱང་མི་སྨྲ་བར་དབྱུག་པ་ལག་ཏུ་བཟུང་སྟེ།མགོ་རྔ་མིད་པར་གཅར་རྡུང་དྲག་པོ་བྱས།
  དེའི་རྗེས་ནས།ནུ་བོ་ཆུང་བར་ཡང་ཚོད་ལྟ་བྱེད་འདོད་ཀྱི་འདུན་པ་སྐྱེས་ཏེ།རང་ཉིད་ཀྱི་ཀུ་ཤུའི་སྡོང་པོ་འཁྱོག་པོ་དེའི་མགོ་རུ་ཀུ་ཤུ་འགའ་བཏོགས་ཏེ་ལམ་ལ་ཆས།ལམ་བར་དུ་སྔོན་དང་འདྲ་བར་ཨ་ནེ་རྒན་མོ་དེ་དང་འཕྲད་པ་ན།ཁོས་གུས་པའི་ངང་ཨ་ནེ་རྒན་མོ་ཁྱོད་བདེ་མོ།ལམ་འདི་རྒྱལ་པོའི་ཕོ་བྲང་དུ་འགྲོ་སའི་ལམ་ཨེ་རེད་ཅེས་དྲིས་པར།
  ཨ་ནེ་རྒན་མོས།རེད།གཅེས་ཕྲུག ཁྱོད་ཀྱི་ལག་གཟེབ་ནང་དུ་ཅི་ཞིག་ཡོད་ཅེས་དྲིས་པར།ཁོས་ཁ་ཕྱིར་འཁོར་ནས་ཨ་ནེ་རྒན་མོ་ལ་འདི་ནི་ངོ་མཚར་ཅན་གྱི་ཀུ་ཤུ་ཞིག་ཡིན།ངས་སྲས་མོར་སྨན་བཅོས་བྱེད་རྒྱུ་ཡིན་ཞེས་བཤད་པ་ན།ཨ་ནེ་རྒན་མོས་ངའི་གཅེས་ཕྲུག ཁྱོད་ནི་བྱིས་པ་བསོད་ནམས་ཅན་ཞིག་རེད།ཁྱོད་ཀྱི་ལམ་སྐབས་བདེ་བར་སྨོན་ཟེར་ཞོར་ཕྱིར་ནགས་ཚལ་དུ་ཕྱིན།དེ་ནས་ནུ་བོ་མུ་མཐུད་དུ་སོང་བ་ན་གཙང་པོ་ཆུང་ཆུང་ཞིག་གི་འགྲམ་དུ་སླེབས་ཤིང་།དེར་ཉ་མདུང་དབྱིབས་མ་ཞིག་འཕག་འཚག་བྱེད་བཞིན་པ་མཐོང་།དེ་ནི་ཕལ་ཆེར་རྦ་རླབས་ཀྱིས་གཙང་འགྲམ་དུ་དེད་པ་འདྲ།ཉ་མདུང་དབྱིབས་མ་དེ་འཆི་ལ་ཉེ་ཞིང་།ཤུགས་ཡོད་རྒུས་ཆུ་ནང་དུ་འཛུལ་བཞིན་པ་མཐོང་འཕྲལ་ཁོར་སྙིང་རྗེ་ཆེན་པོ་སྐྱེས་ཏེ།ཉ་མོ་དེ་ཕྱིར་ཆུ་ནང་དུ་བཏང་།ཉ་མོས་གྲོགས་པོ་ཁྱེད་ཀྱིས་ངའི་སྲོག་བསྐྱབས་པར་བཀའ་དྲིན་ཆེ།རྗེས་མར་ཁྱོད་ཀྱི་དྲིན་ལན་འཇལ་ཁོ་ཐག་ཡིན་ཟེར་ཞོར་ཆུ་ནང་དུ་འཛུལ་སོང་།དེ་ནས་ཁོ་རང་མུ་མཐུད་དུ་སོང་བ་ན་བར་སྣང་དུ་སྤྲིན་ཡ་མཚན་ཅན་ཞིག་ལྡིང་བ་མཐོང་ཞིང་རེ་ཞིག་ཧ་ལས་ཏེ་མིག་ཅེར་ནས་བལྟས་པ་ན།མ་གཞི་དེ་ནི་ཕོ་རོག་ཅིག་ལ་སྦྲང་མ་འགས་དུག་གིས་བརྒྱབ་སྟེ།ཕན་ཚུན་བར་འཛིང་རེས་བྱེད་པའི་ཚུལ་རེད།བལྟས་ཡོང་ན་ཕོ་རོག་དེས་སྦྲང་མ་རྣམས་གསོད་ཁོ་ཐག་རེད།ཁོས་སྣང་ཚུལ་དེ་མཐོང་མ་ཐག་སེམས་ཀྱིས་མ་བཟོད་པར་ཁྱོད་ཚོས་མྱུར་དུ་འཛིང་མཚམས་བཞག་སྟེ་རང་རང་གི་ལམ་དུ་སོང་ཞེས་སྐད་གསང་མཐོན་པོས་འུར་བརྒྱབ་པ་ན།ཁོ་ཚོ་ཡང་རང་རང་གི་ཕྱོགས་སུ་འཕུར་ཞིང་།གནད་འགག་གི་སྐབས་སུ་རོགས་རམ་བྱེད་རྒྱུའི་ཁས་བླངས།
  དེ་ནས་ཅང་མ་འགོར་བར་ཕོ་བྲང་གི་མདུན་དུ་སླེབས།སྒོ་ཁའི་སྲུང་དམག་གིས་ཁོ་ལ་ཁྱོད་ཀྱི་དེའང་ཀུ་ཤུ་ཡ་མཚན་ཅན་དེ་ཨེ་ཡིན་ཞེས་འདྲི་ཞོར།ཡིད་མི་ཆེས་པའི་ངང་ལག་གཟེབ་ནང་དུ་བལྟས་པ་ན།ནུ་བོས་ཡིན་ལགས།འདི་ནི་མི་རྣམས་ཀྱི་ལུས་པོ་བདེ་ཐང་ཡོང་བའི་ཀུ་ཤུ་ཡ་མཚན་ཅན་ཞིག་ཡིན།ཁྱོད་ཀྱིས་ཀྱང་ཚོད་ལྟ་བྱས་ཆོག་ཟེར་ཞོར་ལག་གཟེབ་སྲུང་དམག་ལ་བྱིན།སྲུང་དམག་གིས་ཀུ་ཤུ་ཞིག་བླངས་ཏེ་ཁམ་བུ་རེ་རེ་བཞིན་ཟོས་ཚར་རྗེས་ལུས་པོ་ཡོངས་རྫོགས་སྟོབས་ཤུགས་ཀྱིས་ཁེངས། དེ་ནས་སྲུང་དམག་དགོད་ཞོར་དུ་འདི་ནི་ངོ་མ་ནད་ལ་ཕན་པའི་ཀུ་ཤུ་ཡ་མཚན་ཅན་ཞིག་རེད།ངས་ཁྱོད་སྲས་མོའི་མདུན་དུ་ཁྲིད།ཁྱོད་ཀྱི་ཀུ་ཤུ་འདིས་སྲས་མོའི་ནད་དྲག་ཏུ་འཇུག་ཐུབ་པ་ཁོ་ཐག་རེད་ཟེར་བཞིན་ཁོ་རང་ཁྲིད་དེ་ཕོ་བྲང་དུ་ཕྱིན།མོས་ཀུ་ཤུ་དང་པོ་དེ་ཟོས་རྗེས་ནད་ཁྲིའི་སྟེང་མགོ་ཡར་འདེགས་ཐུབ་པར་བྱུང་ལ།གཉིས་པ་ཟོས་རྗེས་ཡར་ལངས་ཐུབ་པ་བྱུང་།དེ་ནས་རིམ་བཞིན་གསུམ་པ་ཟོས་རྗེས་སྲས་མོ་མལ་ཁྲི་ལས་བབས་ཏེ་ས་ལྡིང་གནམ་ལྡིང་བྱེད་བཞིན་སྒོར་སོང་།སྐབས་དེར་རྒྱལ་པོ་དགའ་སྤྲོ་ཆེན་པོ་སྐྱེས་ཏེ་མིག་མཐར་མཆི་མ་འཁོར་ཞོར་སྲས་མོ་ལ་གསར་བུ་འདིས་ཁྱོད་ཀྱི་སྲོག་བསྐྱབས་པས་ཁྱོད་རང་ཁོའི་ཆུང་མ་བྱེད་འོས་ལ།རྒྱལ་སའི་ཕྱེད་ཀ་ཡང་ཁོ་ལ་སྟེར་རྒྱུ་ཡིན་ཞེས་བཤད།
  ཡིན་ཡང་སྲས་མོ་ནི་ང་རྒྱལ་ཅན་ཞིག་ཡིན་པས།མོ་ཞིང་པ་ཞིག་ལ་གཉེན་བསྒྲིག་འདོད་མིད་ཅིང་དེའི་ཕྱོགས་ཀྱི་སྐད་ཆར་ཡང་ཉན་འདོད་མིད་པ་རེད།རྒྱལ་པོ་ནི་ཁ་བཤད་དོན་ལ་གནས་པ་ཞིག་ཡིན་པས།སྲས་མོ་ལ་ཁྱོད་ཀྱི་ནད་མི་སུ་ཞིག་གིས་དྲག་ཏུ་འཇུག་ཐུབ་ན་ཁྱོད་ཆུང་མར་ལེན་ཆོག་ཅེས་ངས་དངོས་སུ་དམ་བཅའ་བཞག་ཡོད་པས།སུ་ཞིག་གིས་ང་རྒྱལ་པོའི་བཀའ་ལ་རྒྱབ་འགལ་བྱེད་ཕོད་དམ་ཞེས་བཤད་པ་ན།སྲས་མོས་ཡབ་ཆེན་ལ་ང་རང་མི་ནུས་པ་ཅན་ཞིག་གི་ཆུང་མ་བྱེད་པ་ལས།ཞིང་པ་ཞིག་ལ་གཉེན་མི་བསྒྲིག་ཁོ་ཐག་ཡིན།ཡང་གཅིག་བཤད་ན་ཁོར་ཀུ་ཤུ་བཏོགས་པ་ལས་ནུས་པ་གཞན་ཅི་ཞིག་ཡོད་ཅེས་བཤད།
  རྒྱལ་པོས་ཡང་བསྐྱར་མོ་ལ་ཁྱོད་ཀྱིས་ཁོར་མ་འོངས་པར་ནུས་པ་མིད་པ་ཇི་ལྟར་ཤེས།ཁོས་ཁྱོད་ཀྱི་ནད་དྲག་ཏུ་བཅུག་པ་མ་ཡིན་ནམ་ཞེས་བཤད་པ་ན།སྲས་མོས་ཡང་ཡབ་ཆེན་ལགས།ལོ་བདུན་གྱི་སྔོན་དུ་ང་རང་མཚོ་འགྲམ་དུ་རྩེད་དུས་རྡོ་རྗེ་ཕ་ལམ་གྱི་མཛུབ་དཀྲིས་ཤིག་མཚོ་ནང་དུ་ལྷུང་སོང་།གལ་ཏེ་ཁོས་མཛུབ་དཀྲིས་དེ་བཙལ་ཡོང་ཐུབ་ན་ང་རང་ཁོའི་ཆུང་མ་བྱེད་ཆོག་ཅེས་བཤད་པར་རྒྱལ་པོ་ཐབས་ཟད་དེ་ཁས་བླངས།

  ནུ་བོ་མཚོ་འགྲམ་དུ་ཐོན་ཏེ་བོར་ཟིན་པའི་མཛུབ་དཀྲིས་དེ་བཙལ་མགོ་བརྩམས་མོད།འོན་ཀྱང་ཁོས་མཛུབ་དཀྲིས་དེ་ཇི་ལྟར་བཙལ་རྒྱུའི་ཕྱོགས་ལ་བསམ་བློ་མང་པོ་ཞིག་བཏང་རྗེས།ད་གཟོད་ཉ་མདུང་དབྱིབས་མ་དེ་ཡིད་ལ་དྲན་བྱུང་།སྐབས་དེར་ཁོས་མཚོ་འགྲམ་དུ་ཀུ་རིང་ཞིག་བཏབ་སྟེ་ཉ་མདུང་དབྱིབས་མ་དེ་བོས་པ་ན།གློ་བུར་དུ་མཚོ་ངོས་སུ་ཆུ་རིས་ཤིག་འཕྱུར་བ་དང་ལྷན་དུ་ཉ་མདུང་དབྱིབས་མས་ཆུའི་ནང་དུ་མགོ་བོ་ཡར་བཏེགས་ཏེ་ཁོ་ལ་དོན་དག་ཅི་ཞིག་ཡོད་ཅེས་དྲིས་བྱུང་།ཁོས་ཉ་མདུང་དབྱིབས་མར་ལོ་བདུན་གྱི་སྔོན་དུ་སྲས་མོའི་རྡོ་རྗེ་ཕ་ལམ་གྱི་མཛུབ་དཀྲིས་ཤིག་མཚོ་ནང་དུ་ལྷུང་སོང་ལ།ད་ལྟ་ང་དེ་བཙལ་དུ་ཡོང་བ་ཡིན་པས།ཁྱོད་ཀྱིས་ང་ལ་རོགས་བྱེད་ཐུབ་བམ་ཞེས་དྲིས།ཉ་མདུང་དབྱིབས་མས་ངས་ཁྱོད་ལ་རོགས་བྱེད་ཁོ་ཐག་ཡིན།ཁྱོད་ཅུང་ཙམ་སྒུགས་དང་ཟེར་བཞིན་ཕྱིར་མཚོ་ནང་དུ་འཛུལ། ཅང་མ་འགོར་བར་ཉ་མདུང་དབྱིབས་མ་དེས་རྡོ་རྗེ་ཕ་ལམ་གྱི་མཛུབ་དཀྲིས་དེ་ཁ་ནང་དུ་བཟུང་ཡོང་ནས་ནུ་བོར་བྱིན།

    ཁོས་ཉ་མདུང་དབྱིབས་མ་དེར་བཀའ་དྲིན་ཞུས་རྗེས་ཕྱིར་རྒྱལ་པོའི་ཕོ་བྲང་དུ་ལོག་ཅིང་།མཛུབ་དཀྲིས་དེ་རྒྱལ་པོའི་ལག་ཏུ་སྤྲད་པ་ན་རྒྱལ་པོ་དགའ་སྤྲོ་ཆེན་པོ་སྐྱེས་ཏེ་སྲས་མོ་ལ།ངས་མི་སུ་ཞིག་གིས་ཁྱོད་ཀྱི་ནད་དྲག་ཏུ་འཇུག་ཐུབ་ན་དེས་ཁྱོད་རང་ཆུང་མར་བླངས་ཆོག་ཅེས་ཁས་བླངས་ཡོད་ལ།ཁྱོད་ཀྱིས་ཀྱང་མི་སུ་ཞིག་གིས་ཁྱོད་ཀྱི་མཛུབ་དཀྲིས་བཙལ་ཡོང་ན་ཁྱོད་དེའི་ཆུང་མ་བྱེད་རྒྱུའི་ཁས་བླངས་ཡོད་པས།འདི་ནི་གནམ་རྒན་མའི་དགོངས་པ་དང་ཁྱོད་ཀྱི་ལས་དབང་ཡིན་པས།མྱུར་དུ་གཉེན་སྟོན་བྱ་དགོས་ཞེས་བཤད།
  ཡིན་ཡང་།སྲས་མོ་འཐད་པ་མ་བྱུང་བར་ངུ་ཞོར་དུ་མོ་རང་ཡང་བསྐྱར་ན་རྒྱུ་ཡིན་ཚུལ་སོགས་རྒྱལ་པོ་ལ་བཤད་དེ་འཇིགས་བསྐུལ།དེ་བས་རྒྱལ་པོ་ཡང་ཐབས་ཟད་དེ་མོའི་ཁམས་དང་མི་བསྟུན་ཐབས་མིད་བྱུང་།སྐབས་དེར་སྲས་མོས་ཡང་བསྐྱར་གསར་བུ་དེར་འོས་འགན་ཞིག་སྤྲད།མོས་ཁོ་ལ་ཉིན་གསུམ་གྱི་ནང་དུ་མཛེས་སྡུག་ལྡན་པའི་ཕོ་བྲང་ཞིག་བཞེང་དགོས་ཚུལ་བཤད།རྒྱལ་པོ་ཡིད་ཧ་ཅང་སྐྱོ་བའི་ངང་གསར་བུ་ཆུང་ཆུང་།བྱ་བ་འདི་ཁྱོད་ཀྱིས་བསྒྲུབ་མི་ཐུབ་པ་ངས་ཤེས་མོད།འོན་ཀྱང་ཁྱོད་རང་ཡིད་མ་ཕམ།ངས་ཁྱོད་ལ་རྒྱལ་སའི་ཕྱེད་ཀ་སྟེར་ཁོ་ཐག་ཡིན།རྗེས་ཕྱོགས་ཁྱོད་ཀྱིས་ཆུང་མ་བཟང་མོ་ཞིག་བག་མར་བསུས་རྗེས་བུ་མོ་དེ་ནི་ངའི་བུ་མོ་དང་འདྲ་བར་ང་རྒྱལ་ཆེ་ལ་གནས་ལུགས་མི་བརྩི་བ་ཞིག་མིན་པར་ང་རང་ཡིད་ཆེས་ཡོད་ཟེར།
  གསར་བུས་སྲས་མོ་ཆུང་མ་ལེན་རྒྱུའི་སེམས་ཐག་བཅད་དེ་རྒྱལ་པོ་ལ།ང་ལ་ཡང་མིན་ན་ཡོད་ཚད་ཐོབ་དགོས།ཡང་མིན་ན་ཡོད་ཚད་ཤོར་དགོས།གལ་ཏེ་ངས་སྲས་མོས་སྤྲད་པའི་ལས་འགན་འདི་འགྲུབ་མ་ཐུབ་ན།ང་ཕྱིར་ཡུལ་ལ་ལོག་ནས་སྡོང་པོ་འཛུགས་རྒྱུར་འཐད་པ་ཡིན་ཞེས་ལན་བཏབ།
  དེ་ནས་ནུ་བོས་སུ་ཞིག་གིས་ང་ལ་རོགས་རམ་བྱེད་ཐུབ་བམ་ཞེས་བསམ་བློ་བཏང་བཏང་མཐར་ཁོས་སྦྲང་མ་དེ་ཚོ་ཡིད་ལ་དྲན་བྱུང་།དེ་ནས་ཁོས་མྱུར་དུ་ཁོ་ཚོ་ཕྱོགས་བཞི་མཚམས་བརྒྱད་ནས་ཕྱོགས་གཅིག་ཏུ་བསྡུས་ཤིང་།སྦྲང་དཔོན་གྱིས་ཁོའི་རྣ་ལམ་དུ་ཁྱོད་ལ་དོན་ཅི་ཞིག་ཡོད་ཅེས་དྲིས་པར།ཁོས་སྲས་མོས་སྤྲད་པའི་ལས་འགན་དེ་ཞིབ་ཏུ་བཤད་པ་ན།སྦྲང་དཔོན་གྱིས་ཁོས་བཤད་པའི་སྐད་ཆ་དེ་ཐོས་མ་ཐག་དགོད་ཙམ་བྱས་རྗེས་དེ་ནི་དོན་དག་ཆུང་ཆུང་ཞིག་རེད། ཁྱོད་ཀྱིས་སེམས་བདེ་མོ་བྱེད་ཆོག་ཅེས་བཤད།
  ཕྱི་ཉིན།སྤང་ཐོག་ཏུ་གར་ཡོང་མི་ཤེས་པའི་ཕོ་བྲང་ཞིག་འདུག་ལ།མི་མང་པོ་ཕོ་བྲང་གི་ཕྱི་རུ་འགྲེངས་ཏེ་མི་ཡུལ་གྱི་བྱས་རྗེས་ངོ་མཚར་ཅན་དེ་ལ་བསྟོད་བསྔགས་བྱེད་ཀྱིན་འདུགརྒྱལ་པོ་དང་སྲས་མོ་གཉིས་ཀས་གཟིམས་ཁང་གི་སྒེའུ་ཁུང་ཕྱེས་ཏེ་ཕོ་བྲང་དེ་མཐོང་མ་ཐག་རེ་ཞིག་ཧ་ལས་པར་གྱུར།རྒྱལ་པོས་སྲས་མོ་ལ།ད་ཐེངས་ཁྱོད་ལ་ཁ་གཡོར་ས་མིད་པས་ཁྱོད་རང་གསར་བུ་དེའི་ཆུང་མ་བྱེད་འོས་ཟེར།
  སྲས་མོས་ལན་ཅི་ཞིག་གདབ་རྒྱུ་མ་ཪྙེད་མོད།འོན་ཀྱང་མོས་ཡང་དང་བསྐྱར་དུ་འདང་བརྒྱབ་སྟེ་ཁ་གཡོར་ས་གསར་པ་ཞིག་བཙལ་མཐར་གསར་བུ་དེ་ལ་ཆེས་མཐའ་མཇུག་གི་ལས་འགན་ཞིག་སྤྲོད་འདོད་སྐྱེས།རྒྱལ་པོ་ཁོང་ཁྲོ་ཆེན་པོ་ལངས་ཏེ་དོན་དངོས་སུ་ཁྱོད་ཀྱིས་ཅི་ཞིག་བྱས་ན་འདོད་དམ།ཁྱོད་རང་ཚད་ལས་བརྒལ་ན་ངས་ཁྱོད་ཕོ་བྲང་གི་སྒོར་འཕུད་ངེས་ཞེས་བཤད་པ་ན།སྲས་མོ་མལ་ཁྲིའི་སྟེང་དུ་ལོག་སྟེ་ནད་ཪྙིང་ཕར་ཁུལ་བྱས།ཡང་རྒྱལ་པོས་སེམས་ཀྱིས་མ་བཟོད་པར་ཡང་བསྐྱར་མོའི་འདོད་བློ་དང་བསྟུན་ཏེ།ད་ཐེངས་ནི་ཆེས་མཐའ་མཇུག་གི་རེ་བ་ཡིན་ཞེས་བཤད།
  སྲས་མོ་དེ་མ་ཐག་ཡར་ལངས་ཏེ་གསར་བུ་དེས་ང་ལ་དམྱལ་ཁམས་ཀྱི་མི་ལྕེ་འཁྱེར་ཡོང་དགོས་ཞེས་རང་ཉིད་ཀྱི་རེ་བ་བཏོན།དེ་ལྟར་བྱས་ན་ད་གཟོད་ང་རང་ཁོའི་ཆུང་མ་བྱས་ཆོག་ཅེས་བཤད།དེ་ནི་ལས་འགན་སླ་མོ་ཞིག་ག་ལ་ཡིན།ང་ཚོས་ཐ་ན་དམྱལ་ཁམས་ཀྱི་མི་ལྕེ་ཟེར་བ་དེ་དོན་དངོས་སུ་ཅི་འདྲ་ཞིག་ཡིན་པའང་མི་ཤེས་པས།རྒྱལ་པོ་ཁོང་ཁྲོ་ཆེན་པོ་ལངས་ཏེ་ཁ་ཕྱིར་འཁོར་ནས་སྒོ་ཤེད་ཀྱིས་བརྒྱབ་སྟེ་བུད་སོང་།སྲས་མོས་སྣང་ཚུལ་དེ་མཐོང་བ་ན་སྐྲག་སྟེ་ཁ་གྲག་རྒྱུའང་མ་བྱུང་།རྒྱལ་པོས་གསར་བུ་ཆུང་ཆུང་དེ་བཙལ་ནས་སྲས་མོའི་གནས་ལུགས་དང་མི་མཐུན་པའི་བསམ་ཚུལ་དེ་ཁོ་ལ་བཤད།
  ནུ་བོས་རྒྱལ་པོ་ལགས།ཁྱོད་ཀྱིས་སེམས་ཁུར་བྱེད་མི་དགོས།ཁྱེད་ནི་དྲང་བདེན་སྐྱོང་མཁན་གྱི་རྒྱལ་པོ་ཞིག་ཡིན་པ་ངས་སྔ་མོ་ནས་ཤེས་ཡོད་ཅེས་བཤད།ཅང་མ་འགོར་བར་ཁོའི་སེམས་སུ་ཕོ་རོག་དེ་དྲན་བྱུང་།ཕོ་རོག་ནི་གནའ་ནས་བཟུང་གདོན་འདྲེ་ཡི་ལག་རོགས་ཡིན།རྒྱལ་པོ་སོང་ཤུལ་དུ་ཁོ་གཅིག་པུ་མཁར་ཕྱིར་སོང་སྟེ་ཕོ་རོག་དེ་བོས་ནས་རང་ཉིད་ཀྱི་གནས་ཚུལ་བཤད།ཕོ་རོག་གིས་ཁོ་ལ་དེ་ནི་དོན་དག་ཆུང་ཆུང་ཞིག་རེད།ངས་ཁྱོད་ལ་རོགས་བྱེད་ཅེས་བཤད་རྗེས་ཕྱིར་འཕུར།ཡུད་ཙམ་འགོར་རྗེས་ཕོ་རོག་གིས་དམྱལ་ཁམས་ཀྱི་མི་ལྕེ་ཁྱེར་ཏེ་ཕྱིར་སླེབས།
  སྲས་མོས་དམྱལ་བའི་མི་ལྕེ་མཐོང་མ་ཐག་རེ་ཞིག་ཧ་ལས་པར་གྱུར་ཏེ།མོས་མི་ལྕེ་བླངས་ཏེ་ཡང་བསྐྱར་ཐབས་ཇུས་ངན་པ་ཞིག་ལ་འདང་རྒྱག་བཞིན་པའི་སྐབས་དེར།མི་ལྕེ་གློ་བུར་དུ་མོའི་རུམ་དུ་ལྷུང་ཞིང་དུ་བ་སྟུག་པོ་ཞིག་འཕྱུར་ཏེ་གློ་ལུད་བརྒྱབ།ལྭ་བའང་འབར་ལ་ཉེ་བས་མོ་མྱུར་དུ་ནུ་བོའི་པང་ལ་འཐམས་ཏེ།སྲོག་སྐྱོབ་རོགས་ཞེས་འུར་བརྒྱབ་པ་ན།ནུ་བོས་ཀྱང་སྲས་མོ་ལ་དམ་པོར་འཐམས་ཏེ་མོའི་ལུས་སྟེང་གི་མི་ལྕེ་དལ་མོར་མར་འཕངས་པ་རེད།དམྱལ་བའི་མི་ལྕེ་ཡིས་སྲས་མོའི་ང་རྒྱལ་དང་ཁེངས་དྲེགས་དེ་ཡོངས་སུ་བཅོམ་པས།མོས་ཀྱང་གསར་བུ་ཆུང་ཆུང་དེའི་པང་ལ་དམ་པོར་འཐམས་བྱུང་།།

  སྒྱུར་པ་པོ་ནི་མཚོ་སྔོན་མི་རིགས་སློབ་ཆེན་བོད་རིག་པ་སློབ་གླིང་གི2012ལོའི་ལོ་ཙཱ་འཛིན་གྲྭའི་ཡིན།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1