གཙོ་ངོས།>> རྩོམ་རིག>>ལྷུག་རྩོམ།

གཅན་རུ་མཚེར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། ༢༠༢༠ལོའི་ཟླ་བ་༠༤ཚེས་༢༠ཉིན།

༄༅།།མེ་ཏོག་གཅིག་ལ་འཐམ་པའི་གཡུ་སྦྲང་ཁྱུ་ཞིག


—རུ་མཚེར་སློབ་ཆུང་གི་ཆེས་ཐོག་མའི་དགེ་རྒན་མར་ཁུ་རྒྱལ་མཚན་སོགས་དགེ་སློབ་ཡོངས་ལ་ཕུལ་བ།
ཟི་ལིང་། གཅན་རུ་མཚེར།

        ངའི་ཕ་ཡུལ་ནི་དབྱར་དུས་ལྟ་ན་སྡུག་ལ། དགུན་དུས་གྲང་ཞིང་འཁྱག་པའི་རིའི་ཁ་སྟོད་ཀྱི་རུ་སྡེ་ཆུང་ཆུང་ཞིག་སྟེ། མིང་ལ་རུ་མཚེར་ཟེར།
        ངས་ཤེས་དུས་ང་ཚོའི་སྡེ་བར་གློག་འཐེན་མེད་ལ་སློབ་གྲྭ་ཡང་མེད། ས་ཆ་གཞན་གྱི་སློབ་གྲྭར་བསྐྱལ་བའི་སློབ་ཆེན་པ་གཅིག་གཉིས་ལས་མི་འདུག ལས་བྱེད་པ་ཉུང་བའི་སྡེ་བ་འདིའི་ནང་གི་མི་རྣམས་ནི་སོས་དལ་བག་ཕེབས་སུ་འདུག་རྒྱུར་དགའ་ཞིང་། ང་ཡང་སྡེ་བའི་ནང་གི་སྟོང་ལབ་བྱེད་རྒྱུར་དགའ་བའི་གསར་བུའི་ཚོགས་ལ་ཤིན་ཏུ་དགའ་སྟེ། དེ་དུས་ང་ཚོ་ནམ་རྒྱུན་སྡེ་བའི་དཀྱིལ་གྱི་མ་ཎི་ཁང་གི་འགྲམ་དུ་འཚོགས་ནས་མིག་མངས་རྩེ་བ་དང་ཕན་ཚུན་ལ་ཀུ་རེ་འདོགས་པ། ཤོག་ཕེ་རྩེ་བ་སོགས་བྱ་འགུལ་སྣ་མང་ལ་འཁོར་ནས་ཉི་མ་རེ་རེ་ཇི་ལྟར་བསྐྱལ་བའང་མི་ཤེས་མོད། དེ་ནི་ང་ལ་མཚོན་ན་ཕྱིར་དྲན་གྱི་མེ་ལོང་ཞིག་གམ་ཆེས་བརྗེད་ཐབས་མེད་པའི་བྱིས་དུས་ཀྱི་མཚར་སྣང་ཞིག་གོ ། ད་ལྟ་ཕ་ཡུལ་དུ་ལོག་ཐེངས་རེར། ཕ་ཡུལ་གྱི་མི་རྣམས་ནི་སྒོར་མོའི་ཆེེེེེེེེེེེད་དུ་འདུར་གྱིན་མི་ཁོམ་པར་འདུག ནོར་ལུག་ཡོད་ཚད་བཙོངས་ཚར། ཁྱིམ་རེ་ལ་རླངས་འཁོར་རེ་ཉོས། རྒན་པ་དང་བྱིས་པ་རྣམས་ཁྱིམ་ནས་བསྐྱུར།གཞན་རྣམས་ཞོར་ལས་ལ་བསྙེགས། སྔོན་གྱི་སྲོལ་རྒྱུན་གྱི་མདའ་རྩེད་སོགས་རིམ་གྱིས་དོར། ཐ་ན་ས་ཞིང་ཆུང་ངུ་དེའང་ལས་ཚེགས་ཆེན་པོ་ཞིག་ཏུ་བསམས། ད་ནི་ངའི་ཕ་ཡུལ་གྱི་མི་རྣམས་དུས་རབས་ཀྱི་རྗེས་ཆོད་པ་ཨེ་ཡིན་ནམ།
        གང་ལྟར་ང་ཚོའི་སྡེ་བར་འགྲིམ་འགྲུལ་སྟབས་མི་བདེ་ཞིང་། སློབ་གྲྭ་འཛུགས་འཕྱི་བས་ང་དང་འདྲ་བའི་སློབ་གྲོགས་སྐོར་ཞིག་སློབ་གྲྭ་དེའི་ནང་གི་གཟུགས་ཆེས་ཆེ་བ་དང་སློབ་གྲྭར་འགྲོ་འཕྱི་བ་དེ་ཡིན་པས། སློབ་གྲོགས་ཚོས་དུས་རྒྱུན་ང་ཚོར་རེས་མོས་ལྟར“ལོ་ཏ་ལོ་ཏ”ཞེས་འབོད་བཞིན་ཡོད། ང་ཚོའི་སྡེ་བར་ད་ལྟའི་བར་དུ་ལས་བྱེད་པ་ཤིན་ཏུ་ཉུང་ལ་མཁས་པ་ཞིག་གི་མིང་ནས་འཛིན་དགོས་ཚེ་སྐད་ཅིག་ཉིད་དུ་ངག་བསྡམས་དགོས་པའི་ཚུལ་དུ་ལྷུང་།
        ང་རང་ལོ་བཅུ་གཅིག་གི་སྟེང་ནས་ད་གཟོད་སློབ་གྲྭར་འགྲོ་མགོ་བརྩམས། དེ་དུས་སློབ་གྲྭ་ཞེས་པ་ནི་རིག་གནས་སྦྱང་སའི་ལྡུམ་ར་ཞིག་ཡིན་པ་མ་ཤེས་ལ། སློབ་གྲྭ་ཞིག་འཛུགས་དགོས་པའི་དམིགས་ཡུལ་ཡང་གཏན་ནས་རྟོགས་མ་སོང་། སློབ་གྲྭ་ཞེས་པའི་མིང་ཞིག་གོ་མ་ཐག་སེམས་པ་རབ་ཏུ་དགའ་ལ། སློབ་གྲྭ་ནི་རྩེད་ར་ཞིག་ཡིན་པར་འདོད། ནམ་ཞིག་ལ་སློབ་གྲྭར་འགྲོ་ཐུབ་བམ་ཞེས་མཚན་མོར་གཉིད་ཀྱང་མ་ཁུགས། སྐབས་དེར་ང་ཚོའི་སློབ་གྲྭ་དེར་དགེ་རྒན་གཅིག་ལས་མི་འདུག དགེ་རྒན་དེ་ནི་བོད་ཀྱི་སྙན་ངག་པ་ཞིག་སྟེ། རྒན་མར་ཁུ་རྒྱལ་མཚན་ལགས་རེད། ཁོ་ཐོག་མར་སློབ་གྲྭ་དེར་སླེབས་དུས་བྱ་བ་སྤྱོད་པ་མི་གཞན་དང་ཅུང་མི་འདྲ་བ་ཞིག་ཡོད་དེ། ཁོ་ལ་ཁོའི་ལྭ་བ་གྱོན་ཕྱོགས་ཤིག་དང་། ཁོ་ལ་ཁོའི་སྐྲ་ཚུགས་འཇོག་སྟངས་ཤིག ཁོ་ལ་ཁོའི་གོམ་པ་བགྲོད་སྟངས་ཤིག ཐ་ན་ཁོ་ལ་ཁོའི་འཚོ་བ་རོལ་སྟངས་ཤིག་ཡོད་པས་སྡེ་བའི་མི་རྣམས་ཀྱིས་ཁོ་ལ“སྨྱོན་པ”ཞེས་པའི་མཚང་མིང་ཞིག་ཀྱང་བཏགས། ཡིན་ནའང་ཁོས་ང་ཚོར་ཤ་ཚ་ཚ་དང་སྙིང་ཉེ་ཉེ་སྒོས་སློབ་ཁྲིད་ཀྱི་ཞོར་ནས་ཀུ་རེ་དང་རྩེད་མཚར། གཏམ་རྒྱུད་སོགས་མང་པོ་འཆད་མྱོང་ལ། རི་མོ་དང་བྲིས་རིས་སོགས་ཀྱང་མང་པོ་བྱིན་མྱོང་།
        ལོ་ངོ་དུ་མའི་རྗེས་སུ། ང་ཚོའི་བར་ལ་དགེ་སློབ་ཀྱི་བརྩེ་འདང་ཐུན་མོང་མ་ཡིན་པ་ཞིག་ཆགས། ཁོས་ནམ་རྒྱུན་སྒོ་སམ་སྟེང་ལ་རྒྱ་བོད་གཉིས་ཀྱི་མིང་ཚིག་མང་པོ་གྲ་དག་པོར་བྲིས་ཏེ། ང་ཚོར་བློར་འཛིན་དང་ཀློག་འདོན་མང་པོ་བྱེད་དུ་འཇུག་ལ། གལ་ཏེ་བློར་མ་ཡོང་ཚེ་སློབ་གྲྭ་ནས་འགོག་པར་བྱེད། བློར་ཡོང་རག་བར་དུ་བློར་འཛིན་དགོས། ས་རུབ་སོང་ཚེ་ཁོ་དང་མཉམ་དུ་ཞོག་ཁོག་གིས་ལས་པའི་ནུབ་ཚལ་མ་ཡིན་པའི་ནུབ་ཚལ་སྟབས་བདེ་ཞིག་འཐུང་རྗེས་ད་གཟོད་ཡུལ་ལ་ལོག་དགོས། ང་ནི་ཁོའི་སློབ་བུ་ཚོའི་ནང་ནས་ཆེས་འདང་ཆེན་ཞིག་ཡིན། འདང་ཆེ་བའི་རྒྱུ་མཚན་ཡང་ང་ནི་མི་དྲང་མོ་ཞིག་ཡིན་པས་སོ།།
        ཉིན་ཞིག་ལ། ཁོས་སློབ་ཁྲིད་ཀྱི་སྐབས་སུ་རི་མོ་མང་པོ་ཞིག་ལག་ཏུ་བཟུང་ནས་སླེབས་བྱུང་། རི་མོ་འདི་དག་ནི་ངས་བྲིས་པ་ཡིན་ཟེར། དེ་རིང་རི་མོ་འདི་དག་ཁྱོད་ཚོར་དབང་། ཡིན་ནའང་རི་མོ་འདི་དག་ལག་ཏུ་ཐོབ་དགོས་ན་ངས་དྲིས་པའི་དྲི་བ་དག་ལ་ངེས་པར་དུ་ལན་གསལ་པོ་ཞིག་སྐྱོན་དགོས། རྫུན་བཤད་མི་ཆོག སུ་ཞིག་གིས་རྫུན་བཤད་ན་དེ་ལ་རི་མོ་འདི་དག་ཐོབ་མི་སྲིད། ཐོག་མར་ཁྱོད་ཚོས་ངའི་འགྲམ་པར་འོ་ཞིག་བྱ་དགོས། འོ་དེ་ཞིམ་མངར་ལྡན་པའི་ངང་ནས་བྱ་དགོས། འདི་ནི་འུ་ཚོའི་དགེ་སློབ་བར་གྱི་བརྩེ་བ་ཡིན། ང་ཚོ་གྲལ་བསྒྲིགས་ཏེ་ཞིམ་མངར་ལྡན་པའི་འོ་རེ་བྱས་རྗེས་ཁོས་བྲིས་པའི་རི་མོ་དེ་དག་ལག་ཏུ་འཐོབ་པར་རེ་ཞིང་བསྒུགས་ནས་བསྡད། དེ་ནས་ཁོས་མིང་ཚིག་རེ་འགའ་སྒོ་སམ་སྟེང་ཤར་མར་བྲིས་ཏེ་འདི་དག་ལ་བརྗོད་པ་རེ་འབྲི་དགོས། བརྗོད་པ་དེ་རང་ཉིད་ཀྱིས་གང་འདོད་ལྟར་བྲིས་ཆོག་ཟེར།
        ང་ཚོས་བརྗོད་པ་རེ་བྲིས་ཚར་རྗེས། ཁོས་སུའི་དེ་ཡག་མིན་དང་སུའི་དེ་འགྲིག་མིན་ཡང་མ་བཤད། དེར་མཐུད་ནས་རྩེད་མཚར་གཞན་ཞིག་གི་མགོ་བསླངས་བྱུང་། ང་ཚོ་སློབ་གྲོགས་རེ་རེ་ཡར་བོས་ཏེ་ཁོའི་རྣ་རྩེར་ཤབ་ཤུབ་སྒོས་སུ་ཞིག་བློར་འབབ་ཚུལ་དེ་བཤད་དུ་བཅུག སློབ་གྲོགས་གཞན་དག་གིས་མགྲིན་གཅིག་ཏུ་ཁྱོད་བློར་འབབ་ཀི་ཟེར། ངས་སློབ་གྲོགས་ཞི་མོ་འདི་བློར་འབབ་ཀི་ཅེས་བཤད་ཡོད་པ་འདྲ། མཇུག་མཐར་རི་མོ་ཞིག་ང་ལ་གནང་བྱུང་། རི་མོ་གཞན་རྣམས་ཁོས་ཕྱིར་འཁྱེར་སོང་། དུས་དེ་ནས་བཟུང་ང་ཚོར་རི་མོ་དེ་དག་འཐོབ་རྒྱུ་མ་བྱུང་། གང་ལྟར། མཚན་མོར་སྙན་ངག་ལ་དགའ་ཞིང་ཉིན་དཀར་ང་ཚོ་དང་རྩེད་མཚར་གྱི་ཀློང་ནས་བྱིས་པའི་ལོ་ཟླ་སྐྲུན་མཁན་གྱི་དགེ་རྒན་དེ་ནི་ནམ་ཡང་བརྗེད་མི་སྲིད།
        ཁ་བ་བབས་བྱུང་། ས་གཞི་ཡོད་ཚད་དཀར་ལམ་མེར་བསྒྱུར། ང་ཚོ་སྔར་བཞིན་སློབ་གྲྭའི་སྒོ་འགྲམ་ནས་ཕྲེང་སྟར་བསྒྲིགས་ཏེ་ཁྱེད་ཀྱི་རེ་བཅོལ་ལྟར་བོད་ཡིག་གི་དཔེ་ཆ་བློར་བཟུང་། ཁྱོད་ང་ཚོའི་ཀ་ཁའི་དགེ་རྒན་ཡིན། ཁྱོད་ང་ཚོའི་ལམ་སྟོན་གྱི་སྒྲོན་མེ་ཡིན། དགུན་ཁའི་ནམ་ཟླ་ཅི་འདྲའི་འཁྱག་ནའང་། ཁྱོད་ང་ཚོའི་དུད་ཁྱིམ་རེ་རེར་ཉུལ་ནས་ང་ཚོས་བློར་འཛིན་གྱིན་ཡོད་མེད་ཀྱི་སོ་ལྟ་བ་བྱེད། ཁྱོད་ཡོང་དུས་ངས་དཔེ་ཆ་ཞིག་ལག་ཏུ་བཟུང་། དགུན་ཁ་རེ་རེར། ང་ཚོའི་རོང་ཕྱོགས་ན་དགུན་ཤ་ཟེར་བའི་ཁ་ཟས་ཞིམ་པོ་ཞིག་ཡོད། དུས་དེར་སླེབས་དུས། ང་ཚོས་ཁྱོད་ལ་ཤ་སྐལ་དང་གཡིས་སྐལ་འཁྱེར། འབུད་ཤིང་དང་ཆུ་སོགས་བསྐྱལ། ཁྱོད་ང་ཚོའི་དྲིན་ཆེན་ཡིན་ལ། ང་ཚོའང་ཁྱོད་ཀྱི་དྲིན་ཆེན་ཡིན།
        དུས་ཀྱི་འགྱུར་བག་ཀློང་ནས་ང་ཚོ་སློབ་ཆུང་མཐར་ཕྱིན། ང་ཚོ་ནི་རུ་མཚེར་སློབ་ཆུང་ནས་ཆེས་ཐོག་མར་མཐར་ཕྱིན་མཁན་གྱི་སློབ་མ་ཡིན། ང་ཚོ་མཐར་ཕྱིན་དུས་སློབ་གྲོགས་ལྔ་ཡོད། སློབ་གྲོགས་གཉིས་བྱ་བའི་དགོས་དབང་གིས་དམའ་འབྲིང་ནས་སློབ་གྲྭ་འགྲིམ་རྒྱུའི་སྐལ་བ་མ་ལྡན། གཞན་གསུམ་ནི་སྔར་བཞིན་མདུན་སྐྱོད་ཀྱི་གོམ་ཁ་མ་བཏང་བས་ད་ནི་རང་རང་གི་དགའ་ཕྱོགས་ལྟར་གྱི་བྱ་བའི་ལས་རྐང་རེ་ལ་འཇུས་ཡོད། སློབ་ཆུང་ནས་ཀྱང་ང་ཚོར་རང་གི་ཕ་མ་ལྟར་གཅེས་པའི་དགེ་རྒན་དུ་མར་འཕྲད་མྱོང་། དགེ་རྒན་འདི་དག་གི་ཞལ་གཟུགས་ད་དུང་ཡང་ངའི་བློ་ངོར་གསལ་ལེར་ཤར་ཡོང་སྟེ། ཁོ་ཚོས་ང་ཚོར་གཅེས་སྟངས་དང་། ཁོ་ཚོས་ང་ཚོར་འཕྱ་སྟངས། ཁོ་ཚོས་ང་ཚོར་ཁྲིད་སྟངས། ཁོ་ཚོས་ང་ཚོར་གཅར་སྟངས། ཁོ་ཚོས་ང་ཚོར་སྡིགས་སྟངས། ཐ་ན་ཁོ་ཚོའི་འཛུམ་དང་གོམ་སྒྲའང་ངའི་རྨི་ལམ་དུ་ཡང་དང་བསྐྱར་དུ་འཁོར་ཡོང་ལ། ངའི་མཚར་སྡུག་གི་ཕྱིར་དྲན་ཀློང་ནས་ཁོ་ཚོ་ནམ་ཡང་བརྗེད་མ་མྱོང་། མཇུག་མཐར། སྐུ་དྲིན་ཅན་གྱི་དགེ་རྒན་མར་ཁུ་རྒྱལ་མཚན་དང་། གུ་དྲག་སྐྱབས། ཤ་བོ་སྐྱིད། སྐུ་བྱམས་མ། པདྨ་སྐྱབས། འོ་ལེ་མ་བཅས་ཀྱི་འབྱུང་འགྱུར་གྱི་སྐུ་ལུས་ལ་ཚེ་རིང་ནད་མེད་ཡོང་བ་དང་། ཅི་བསམ་དོན་འགྲུབ་ཡོང་བར་སྨོན། །

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1