གཙོ་ངོས།>> ཞིབ་འཇུག>>ཀུན་འདུས།

རིག་ཞོལ་བུ་ཆུང་། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།བོད་ལྗོངས་ཞིབ་འཇུག སྤེལ་དུས། ༢༠༢༠ལོའི་ཟླ་བ་༠༤ཚེས་༢༠ཉིན།

༄༅།།གཙུག་ལག་རིག་གནས་མངོན་བརྗོད་གལ་ཆེ་ཚུལ་རགས་ཙམ་གླེང་བ།


རིག་ཞོལ་བུ་ཆུང་།
[ནང་དོན་གནད་བསྡུས།] དཔྱད་རྩོམ་འདིར་སློབ་གསོ་སློབ་ཁྲིད་དང་རྩོམ་རིག་གསར་རྩོམ་གྱི་མྱོང་བ་ལས་འཕྲོས་ཏེ་བོད་ལ་མངོན་བརྗོད་རིག་པ་དར་བའི་ལོ་རྒྱུས་ཀྱི་དོན་སྙིང་དང་། མངོན་བརྗོད་ཤེས་པའི་དགེ་མཚན་དང་མ་ཤེས་པའི་སྐྱོན་ཆ། མངོན་བརྗོད་ཕུན་སུམ་ཚོགས་པའི་རྒྱུ། མདོན་བརྗོད་བེད་སྤྱོད་གཏོང་སྐབས་ཡིད་གཟབ་བྱེད་དགོས་པའི་གནད། མངོན་བརྗོད་ནི་བློ་རིག་འབྱེད་པའི་ལྡེ་མིག་ལྟ་བུ་ཞིག་ཡིན་ཚུལ་བཅས་དོན་ཚན་ཆེ་བ་དྲུག་གི་ཐོག་ནས་མངོན་བརྗོད་ཀྱི་གལ་ཆེན་རང་བཞིན་གླེང་བརྗོད་བྱགྱིས་ཡོད།
[གནད་ཚིག] མངོན་བརྗོད། གལ་ཆེ།
[ཀྲུང་གོའི་དཔེ་དེབ་དབྱེ་རྟགས།]H214[ཡིག་ཆའི་མཚོན་རྟགས།]A[རྩོམ་ཡིག་ཨང་རྟགས།]1002-946X(2019)04-080-15
གླེང་གཞི།
        གངས་ཅན་བོད་ཀྱི་བཅུ་ཕྲག་རིག་པའི་གནས་རྣམས་ནི་ཕན་ཚུན་གཅིག་ལ་གཅིག་བརྟེན་དང་གཅིག་ཕན་གཅིག་གྲོགས་ཡིན་ཞིང་། རིག་པའི་གནས་དེ་དག་གི་གཞི་རྩར་གྱུར་པའི་མིང་ཚིག་ཡི་གེའི་སྦྱོར་བ་རྣམས་ལེགས་པར་བྱང་ཆུབ་པར་བ་རྒྱུ་གལ་ཆེ། ལྷག་པར་སྔོན་བྱོན་ལོ་པཎ་རྣམས་ཀྱི་བློ་རིག་གི་རྩལ་ལས་འཁྲུངས་ཤིང་བསྲེགས་བཅད་བརྡར་གསུམ་བྱས་པ་ལས་གྲུབ་པའི་མངོན་བརྗོད་ཀྱི་བསྟན་བཅོས་རྣམས་ལ་བློ་གསར་རྣམ་པས་སྦྱང་པ་མི་ཆུག་པ་ཞིག་བྱ་དགོས་རྒྱུ་ནི་དེ་བས་གལ་ཆེ།  དེ་ཡང་ཡིན་ཏེ། མངོན་བརྗོད་རིག་པ་འདི་བཞིན་བོད་ཀྱི་སྲོལ་རྒྱུན་སློབ་གསོའི་ཁྲོད་རིག་གནས་ཆུང་བ་ལྔའི་གྲས་ཤིག་ཡིན་པས། འདི་ལ་སློབ་གཉེར་ཟབ་མོ་བགྱིས་ཚེ། གངས་ཅན་བོད་ཀྱི་གཙུག་ལག་རིག་གནས་ཀྱི་སྲོག་ཤིང་ཏུ་འགྱུར་བའི་ནང་བསྟན་རིག་པའི་དགོངས་པ་སྤྱི་དང་། བྱེ་བྲག་ཐ་སྙད་མིང་ཚིག་ཕན་ཆད་གོ་བ་ཟབ་མོ་བསྐྱེད་ནས་རྒྱལ་བའི་བཀའ་དང་དགོངས་འགྲེལ་ཐོས་བསམ་གྱི་ཐད་དགོས་ངེས་ཀྱི་ཕན་པ་བསྐྲུན་ཐུབ་པ་དང་། བོད་ཀྱི་རིག་གནས་ཀྱི་སྤྱི་ཁོག་གྲུབ་ལུགས་དང་དམིགས་བསལ་ཁྱད་ཆོས་ཐད་གོ་བ་ཟབ་མོ་ལོན་ཐུབ་པ། བོད་མི་རིགས་ཀྱི་འཇིག་རྟེན་ལྟ་བ་དང་མི་ཚེའི་ལྟ་བ། མཛེས་དཔྱོད་རིན་ཐང་བཅས་ཀྱི་དབྱེ་ཞིབ་ཐད་སྔ་ན་མེད་པའི་བློ་བསྐྱེད་འཕེལ་ཐུབ་པ་དང་། གཏམ་རྒྱུད་སྣ་ཚོགས་ལ་བྱང་ཆུབ་པས་རིག་པ་རྒྱས་པ། ངག་སྒོ་ཡངས་པོར་ཕྱེ་བས་སྨྲ་བའི་སྤོབས་པ་རྒྱས་པ། བླང་དོར་གྱི་གནས་ལུགས་ཕྱིན་ཅི་མ་ལོག་པར་རྟོགས་ཤིང་། ཤེས་རིག་མཛོད་ཀྱི་སྒོ་འཕར་ཡངས་པོར་འབྱེད་ཐུབ་པ། སྔོན་བྱོན་མཁས་པའི་རིག་གནས་སྙིང་སྟོབས་དང་མི་ཚེའི་སྙིང་སྟོབས་ལ་སློབ་སྦྱོང་ཞུས་ཏེ་དཀའ་བའི་མདུན་བསུ་ཐུབ་པ་དང་། དཔའ་བའི་གདེང་རྙེད་ཐུབ་པ། བགྲོད་པའི་ལམ་འཚོལ་ཐུབ་པ། མ་རུང་ལོག་སྨྲའི་ཚང་ཚིང་བསྲེག་ཐུབ་པ་སོགས་ཀྱི་དགོས་པ་མང་དུ་མཐོང་བའི་ཕྱིར། འོན་ཀྱང་མིག་སྔར་རྩོམ་རིག་སྒྱུ་རྩལ་ལ་འཇུག་མཁན་གྱི་རྩོམ་པ་པོ་འགའ་ཤས་དང་སློབ་གྲྭ་ཁག་གི་བོད་ཡིག་ཆེད་ལས་སློབ་མ། དགེ་རྒན་ཁག་གཅིག འཛམ་གླིང་གྲགས་རྩོམ་བོད་བསྒྱུར་བྱེདམཁན་གྱི་ལོ་ཙཱ་བའི་ཁྲོད་དུ་མངོན་བརྗོད་རིག་པ་འདིའི་སྦྱོང་སྤྱོད་སྤེལ་གསུམ་གྱི་ཐད་གཙིགས་མཐོང་དེ་ཙམ་མི་བྱེད་པའམ། སྣང་ཆུང་རྒྱ་རིག་ཞོལ་བུ་ཆུང་ཡན་དུ་ཤོར་བའི་གནས་ཚུལ་བྱུང་དང་འབྱུང་མུས་ཡིན། དེས་ན་ཨ་ལག་ཤ་ངག་དབང་བསྟན་དར་ལྷ་རམས་པའི་《ཡི་གེའི་བཤད་པ་མཁས་པའི་རྣ་རྒྱན་》ལག “དེ་ཕྱིར་རིག་གནས་ཆུང་བ་དག །སྦྱང་རིན་མེད་ཅེས་མ་དོར་བར། །ཀུན་ལ་ཞིབ་ཏུ་སྦྱང་བྱས་ན། །ད་གཟོད་མཁས་པའི་གྲལ་འགོ་དབང་། །”①ཞེས་གསུངས་པ་ལྟར།  འདིར་ཁོ་བོས་རིག་གནས་འདིའི་གལ་ཆེའི་རིན་ཐང་ཅུང་ཟད་ཅིག་གླེང་བར་འདོད་པ་ལ། གཙོ་བོ་སྔོན་བྱོན་མཁས་གྲུབ་ལོ་པཎ་དང་དེང་དུས་མཁས་དབང་རྣམས་ཀྱི་གསུང་རྒྱུན་ལ་ཁུངས་གཏུགས་པ་དང་། སློབ་གསོ་སློབ་ཁྲིད་ཀྱི་ལག་ལེན་དངོས་ཀྱི་མྱོང་བ་དང་འབྲེལ་ཏེ་གླེང་བར་བྱའོ།
དང་པོ། བོད་ལ་མངོན་བརྗོད་རིག་པ་དར་བའི་ལོ་རྒྱུས་དོན་སྙིང་།
        མངོན་བརྗོད་ནི་བོད་ཀྱི་རིག་གནས་བཅུའི་ནང་གསེས་རིག་གནས་ཆུང་བ་ལྔའི་ཡ་གྱལ་ཞིག་ཡིན་ཞིང་། མཐར་གཏུགས་ནས་བརྗོད་ན། རིག་གནས་ཆེ་བ་ལྔ་ལས་སྒྲ་རིག་པའི་ཁོངས་སུ་འདུ་བར་མཁས་པ་ཕལ་ཆེ་བས་བཞེད་ཅིང་། བསེ་ཚང་བློ་བཟང་དཔལ་ལྡན་གྱི་《སྙན་ངག་ལ་འཇུག་པའི་སྒོ་》ཡི་ནང་། “བརྡ་སྤྲོད་པར་བྱེད་པའི་རྣམ་གཞག་སྟོན་པའི་བསྟན་བཅོས་དེ་དག་མིང་གི་རྣམ་གྲངས་དུ་མ་དང་ལྡན་པའི་ཆ་ནས་མངོན་བརྗོད་”ཅེས་གསུངས་པ་ལྟར་ཡིན། གཤམ་དུ་བོད་ལ་མངོན་བརྗོད་རིག་པ་ཇི་ལྟར་དར་ཚུལ་མདོ་ཙམ་ཞུས་ན་འདི་ལྟར།
        《སྙན་ངག་མེ་ལོང་མ་》བོད་བསྒྱུར་མ་མཛད་གོང་བོད་ལ་མངོན་བརྗོད་རིག་པའི་གཞུང་ལུགས་ཆ་ཚང་བ་ཞིག་མ་དར་ཡང་། མིང་གི་མངོན་བརྗོད་མེད་པ་མིན་ཏེ། མིང་གཅིག་དོན་མང་ལ་འཇུག་པ་དང་དོན་གཅིག་མིང་མང་ལ་འཇུག་པའི་བརྡ་རྙིང་དང་འགྱུར་ཞུས་ཀྱི་ཐ་སྙད་ལྟ་བུ་བོད་སྐད་ནང་ཡོངས་ཁྱབ་ཀྱིས་སྤྱོད་བཞིན་ཡོད་པ་དཔེར་ན། པཎ་ཆེན་ཤཱཀྱ་མཆོག་ལྡན་གྱི་《བརྡ་ཡི་བྱེ་བྲག་གསལ་བྱེད་བཞུགས་སོ་》ཞེས་པ་ལས། “མཆིག་དང་མཆིག་གུ་གཏུན་དང་ནི། །གཏུན་བུའི་མིང་དུ་ངེས་པར་བྱ། །”②ཞེས་གཏུན་བུའི་མིང་གི་རྣམ་གྲངས་གསུངས་པ་ལྟ་བུ་དང་། ཡང་དེ་ལས། “ཏེ་པོར་ཞེས་པ་ཤིན་ཏུའམ། །ལེགས་པར་ཞེས་པའི་སྐད་རྙིངས་པ། །”③ཞེས་ཏེ་པོར་ནི་བརྡ་རྙིང་པ་ཞིག་ཡིན་པ་དང་ཤིན་ཏུའམ་ལེགས་པོའི་དོན་ལ་འཇུག་ཚུལ་གསུངས་པ་དེ་ལ་ཨ་མེས་ཞབས་ཀུན་དགའ་བསོད་ནམས་ཀྱིས། “བཙད་པོ་ཁྲི་སྲོང་ལྡེའུ་བཙན་གྱི་དུས་དང་པོར་བྱས་པའི་འགྱུར་རྣམས་ནི་དང་པོའི་བཀས་བཅད་ཀྱིས་བསྒྱུར་བ་སྟེ་སངས་རྒྱས་ཕལ་པོ་ཆེ་དང་། ལུང་སྡེ་བཞི་དང་། མདོ་སྡེ་ཁ་ཅིག་དང་། ཤེར་ཕྱིན་གྱི་མདོ་ཁ་ཅིག་སྟེ། སྐད་གསར་བཅད་ཀྱིས་གཏན་ལ་མ་ཕབ་པ་རྣམས་སོ། །དེ་ལ་རྩེ་མོ་ལ་སྤྱི་བོ་དང་། ཤིན་ཏུའམ་རབ་ཏུ་ལ་ཏེ་པོར་དང་། དྲི་བསུང་ལ་དྲི་བསྩུང་དང་། བསངས་པ་བསྩངས་པ་”④ཞེས་ཏེ་པོར་དང་དྲི་བསུང་སོགས་ཀྱི་མིང་གི་རྣམ་གྲངས་གསུངས་པ་དང་། ལྷག་པར་དུ་བཙན་པོའི་རྒྱལ་རབས་སྐབས་སུ་སྐ་ཅོག་རྣམ་གཉིས་ཀྱིས་བརྩམས་པར་གྲགས་པའི་《བརྡའ་དག་གི་ལྡེ་མིག་》ཅེས་པར། “བསྟན་→སངས་རྒྱས་ཀྱི། བསྟན་→གནས། སྟོན་→སློབ་མ། སྟོན་→འདི་ཡིན་དང་”ཞེས་པ་དང་། “སྤོ་→མཐོ་བ། སྒང་→མཐོ་བ། མཐོན་པོ་→རྩེ་མོ། དབལ་→རྩེ་མོ་”⑤ཞེས་གསལ་བ་ལྟ་བུར་མཚོན་ན། མིང་བརྡའི་ངོ་བོའི་ཆ་ནས་བསྟན་ཞེས་པ་སངས་རྒྱས་དང་གནས་ལ་འཇུག་པ་དང་། སྟོན་ཞེས་པ་སློབ་མ་དང་འདི་ཡིན་ཞེས་བྱ་བ་སྟོན་པའི་མིང་ལ་འཇུག་པ་བཅས་མིང་གཅིག་དོན་མང་གི་རྣམ་པ་ལས་མ་འདས་ཤིང་། སྤོ་དང་སྒང་ཞེས་པའི་མིང་བརྡ་གཉིས་པོ་ནི་དོན་མཐོ་བར་མཉམ་པར་འཇུག་པ་དང་། མཐོན་པོ་དང་དབལ་ཞེས་པའི་མིང་བརྡ་གཉིས་པོས་རྩེ་མོ་བསྟན་པ་བཅས་དོན་གཅིག་མིང་མང་གི་རྣམ་གཞག་བསྟན་པ་ཡིན། དེ་བཞིན་《གངས་ཅན་གྱི་བརྡའ་གསར་རྙིང་ལས་བརྩམས་པའི་བརྡའ་ཡིག་བློ་གསལ་མགྲིན་རྒྱན་》ལས།“བསྟང་བ་ནི་མགོན་དང་གྲོགས་བྱས་པའི་མིང་སྟེ། མངོན་རྟོགས་རྒྱན་ལས། བསྟང་བས་ཡོངས་སུ་མ་བཟུང་དང་། ཞེས་པ་ལྟ་བུའོ། །བསྟང་བ་སྟོངས་དང་སྟོངས་གྲོགས་དང་སྟོངས་གདབ་པར་བྱའོ་ཞེས་ཕན་བཏགས་པའི་བརྡའ་རྙིང་ཡིན་ནོ་”⑥ཞེས་དང་། ཧོར་ཁང་བསོད་ནམས་དཔལ་འབར་གྱི་《མིང་གི་མངོན་བརྗོད་ཀྱི་དགོས་པ་དང་དེ་དག་ཇི་ལྟར་འཇུག་པའི་སྐོར་གླེང་བ》ཞེས་པར། “མིང་གཅིག་དོན་མང་ལ་འཇུག་པ་དཔེར་ན་ཞིང་ལྟ་བུ་ས་ཞིང་གི་ཞིང་དང་། ཞིང་ཁམས་ཀྱི་ཞིང་། དད་པའི་ཞིང་། ཚིག་ཕྲད་ཞིང་སོགས་”⑦ཞེས་གསུངས་པ་སོགས་ནི་གོང་གསལ་གྱི་མཚན་གཞི་དང་ཆ་འདྲ་བར་སྣང་ངོ་། དཔའ་རིས་སངས་རྒྱས་ཀྱིས། “ལེགས་སྦྱར་གྱི་མངོན་བརྗོད་བོད་ལ་མ་དྲངས་སྔོན་ང་ཚོ་བོད་ཀྱི་དམངས་བྱིངས་ཀྱི་ཕལ་སྐད་ནང་དུ་མངོན་བརྗོད་མང་པོ་མེད་མོད། འོན་ཀྱང་ཉུང་ཤས་ཡོདདེ། དཔེར་ན། སྔོན་ཆད་ཀྱི་འབྲོག་པ་གནའ་མི་དག་གིས་གླ་རྩི་ལ་རི་དྭགས་ལྟེ་བ་དང་རྟ་ལ་མགྱོགས་པ། སྤྱང་ཀི་ལ་གཡོ་སྲུང། ཝ་ལ་གཡོ་སྒྱུ་ཅན། ལུག་ལ་འབའ་འབའ། ར་མ་ལ་ཚེ། ཕག་ལ་ལོ་ལོ་ཅོ། རླུང་ལ་སྐྱི་བསེར། ནམ་མཁའ་ལ་སྔོ་བསངས་མ་ཟེར་བ་སོགས་ལྟ་བུ་ཡིན་” ⑧ཞེས་གསུངས་སོ།
        འཇམ་མགོན་ས་པཎ་གྱིས་འཕགས་ཡུལ་གྱི་པཎྜི་ཏ་འཆི་མེད་སེང་གེས་མཛད་པའི《མངོན་བརྗོད་འཆི་མེད་མཛོད་》ཀྱི་སྟོད་ཆ་བསྒྱུར་གནང་སྟེ་མངོན་བརྗོད་ཀྱི་བསྟན་བཅོས་《ཚིག་གཏེར་》བྱ་བའི་གཞུང་ལུགས་གངས་རིའི་ལྗོངས་སུ་བལྟར།ས་པ་ནས་བོད་དུ་རིག་གནས་འདིའི་ཤིང་རྟའི་སྲོལ་འབྱེད་པར་གྲགས། 《སྙན་ངག་མེ་ལོང་མ་》བོད་ལ་ཆ་ཚང་བར་བསྒྱུར་རྗེས་བརྗོད་བྱའི་དོན་དང་རྗོད་བྱེད་ཚིག་གི་ཉེར་མཁོ་ལ་དམིགས་ནག “མངོན་བརྗོད་འཆི་མེད་མཛོད་དེ་ཡར་ལུང་པ་གྲགས་པ་རྒྱལ་མཚན་གྱིས་བལ་ཡུལ་གྱི་ཡམ་བུའི་གྲོང་ཁྱེར་དུ་བོད་ཡིག་ཏུ་བསྒྱུར་ཅིང་། འགོས་ལོ་ཙཱ་བས་རྒྱ་དཔེ་དང་འགྱུར་ཡིག་རྙིང་པར་གཏུགས་ནས་དོན་ལ་ཅི་ནུས་ཀྱིས་དཔྱད་དེ་འགྱུར་བདེ་བར་མཛད་ནས་པར་དུ་བཏབ་པ་”⑨དང་། པཎྜི་ཏ་རབ་འབྱོར་ཟླ་བས་མཛད་པའི་《མངོན་བརྗོད་འཆི་མེད་མཛོད་ཀྱི་འགྲེལ་པ་འདོད་འཇོའི་བ་མོ་》ཡི་སྟོད་ཆ་དང་འཕགས་ཡུལ་གྱི་པཎྜི་ཏ་ཆེན་པོ་དཔལ་འཛིན་སྡེས་མཛད་པའི་《མངོན་བརྗོད་མུ་ཏིག་ཕྲེང་བ་》གཉིས་ནི་ཞ་ལུ་ལོ་ཆེན་གྱིས་བསྒྱུར་གནང་བ་དང་། ཕྱིས་སུ་《འཆི་མེད་མཛོད་》ཀྱི་རྩ་འགྲེལ་གཉིས་སླར་ཡང་མཁས་དབང་སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱིས་ཆ་ཚང་བར་བསྒྱུར་བ་ལ་གསར་འགྱུར་དུ་གྲགས་པ་སོགས་ནི་རྒྱ་གཞུང་དུ་གཏོགས། དེས་ན་ས་པཎ་གྱིས་《ཚིག་གཏེར》མཛད་པ་ནས་བཟུང་། བོད་ཀྱི་རིག་གནས་ལྡུམ་རར་མངོན་བརྗོད་ཀྱི་པད་དཀར་ཆུན་པོའི་རྩ་ལག་ཡོངས་སུ་གྲོལ་བས། རིག་པའི་རྣམ་གཞག་འདི་བཞིན་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་བྱུང་ཡོད། བོད་ཀྱི་མཁས་པ་ཚོས་འཆད་རྩོད་རྩོམ་གསུམ་གྱི་བྱ་གཞག་ཁྲོད་འགྲན་ཟླ་བྲལ་བའི་རྣམ་དཔྱོད་ལ་བརྟེན་ནས་བརྟན་གཡོའི་དངོས་པོའི་ངོ་བོ་དང་ཁྱད་ཆོས་སོགས་ལ་དཔྱད་ཞིབ་ཀྱིས་མངོན་བརྗོད་ཀྱི་ཐ་སྙད་དུ་མ་ཞིག་གསར་བཟོ་མཛད་ཡོད་པ་མ་ཟ། འབྲེལ་ཡོད་བོད་གཞུང་བསྟན་བཅོས་ཀྱང་མི་ཉུང་བ་ཞིག་མཛད་གནང་ཡོད། མིང་དུ་གྲགས་པ་ལ་མཁྱེན་བརྩེ་ལོ་ཙཱ་བའི་《མངོན་བརྗོད་སྡེ་ཚན་བདུན་པ་》དང་། རིན་སྤུངས་པ་ངག་དབང་འཇིགས་གྲགས་ཀྱི་《མངོན་བརྗོད་མཁས་པའི་རྣ་རྒྱན་》 ཞ་ལུ་ལོ་ཙཱ་བ་ཆོས་སྐྱོང་བཟང་པོའི་《མངོན་བརྗོད་ལེགས་བཤད་གསེར་གྱི་ལྡེ་མིག་》 ཁོང་གི་སློབ་མ་སྐྱོགས་སྟོན་རིན་ཆེན་བཀྲ་ཤིས་ཀྱི་《མངོན་བརྗོད་ཀྱི་བསྟན་བཅོས་》  སྣར་ཐང་ལོ་ཙཱ་བའི་《མངོན་བརྗོད་གསེར་ཕྲེང་རོལ་པ་》 དགེ་ཡོ་བ་ཚུལ་ཁྲིམས་སེང་གེའི་《མངོན་བརྗོད་མིང་གི་ཚོགས་གསལ་བར་བྱེད་པ་བློ་གསལ་རྣ་ཆ》 ངག་དབང་བསྟན་འཛིན་དབང་པོའི་《མངོན་བརྗོད་བྱསམ་འཕེལ་ནོར་བུ་》  དཔལ་ཁང་ལོ་ཙཱབའི་《མངོན་བརྗོད་པད་དཀར་ཕྲེང་བ་》 དངུལ་ཆུ་ཆོས་བཟང་གི《མངོན་བརྗོད་རྒྱ་མཚོའི་ཆུ་ཐིགས་》 རིག་འཛིན་བསྟན་སྲུང་གི《མངོན་བརྗོད་ལ་འཇུག་པའི་སྒོ་》 དེ་བཞིན་ཕྱིས་སུ་གཞིས་རྩེ་དགེ་འོས་སློབ་གྲྭའི་བོད་ཡིག་སློབ་དཔྱོད་ཁང་གིས་བསྒྲིགས་པའི་《མངོན་བརྗོད་ཀྱི་འགྲེལ་པ་བཏུས་བསྒྲིགས་ལེགས་བཤད་འདྲེན་པའི་དུང་སྒྲ་》  ཚེ་རིང་རྣམ་རྒྱལ་གྱི་《མངོན་བརྗོད་རྒྱ་མཚོའི་ཆུ་ཐིགས་ཀྱི་འགྲེལ་པ་བྱིས་པའི་འཇུག་ངོགས་》 དཔའ་རིས་སངས་རྒྱས་དང་ནོར་བུ་ཀུན་གྲུབ་ཀྱི་《མངོན་བརྗོད་ཁུངས་བཙུན་རྒྱ་མཚོ》སོགས་ཡོད་ཅིང་། བསྟན་བཅོས་དེ་རྣམས་ནི་གངས་ཅན་མཛེས་པའི་རྒྱན་དུ་འཁྲུངས་ཤིང་། བོད་ཀྱི་བཅུ་ཕྲག་རིག་གནས་ཀྱི་གཏེར་སྒོ་འབྱེད་པའི་ལྡེ་མིག་ལྟ་བུར་གྱུར་ཡོད། མངོན་བརྗོད་ཤེས་ན་མིང་གི་མཛོད་ལ་མངའ་དབང་བསྒྱུར་ཞིང་། འཆད་རྩོད་རྩོམ་པའི་བྱ་བར་དེ་ཉིད་ངེས་པར་མཁོ་བ་ཞིག་ཡིན་པ་ནི། འགྲན་ཟླ་བྲལ་བའི་སྙན་དངགས་པའི་ཁྱུ་མཆོག་རིན་སྤུངས་པ་ངག་དབང་འཇིགས་གྲགས་ཀྱི་《མངོན་བརྗོད་མཁས་པའི་རྣ་རྒྱན་》གྱི་མཇུག་བྱང་དུ། “མི་འཇིགས་སྤོབས་པ་རྒྱས་པའི་རང་བཞིན་འཛུམ། །ཟླ་བའི་འཇིག་རྟེན་མང་པོ་འཛག་བཞིན་དུ། །ལེགས་བཤད་གཏོང་ཕོད་ལྡན་པའི་མཆོད་སྦྱིན་ལས། །མཚུངས་མེད་མངོན་བརྗོད་གཙུག་ལག་འདི་བྱུང་ངོ། །”⑩ཞེས་བསྔགས་བརྗོད་གནང་བ་བཞིན་ནོ།
གཉིས་པ།  མངོན་བརྗོད་ཤེས་པའི་དགེ་མཚན།
        མངོན་བརྗོད་ཅེས་པ་ནི་འཇིག་རྟེན་གྱི་ཆོས་རྣམས་བལྟོས་བཅས་ཀྱིས་ཕན་ཚུན་འདྲ་བ་དང་། འབྲེལ་བ། རྒྱུ་འབྲས། རྟེན་དང་བརྟེན་པ། ལྡོག་པ་སོགས་གཏན་ཚིགས་སུ་བྱས་པའི་ཐ་སྙད་དམ་མིང་བཏགས་རིག་པ་ཞིག་ཡིན། བོད་ཀྱི་མཁས་པའི་ཞལ་རྒྱུན་དུ། “མངོན་བརྗོད་ཤེས་ན་མིང་ལ་མི་རྨོངས་”ཞེས་རླུང་ལྟར་གྲགས་པ་དོན་ལ་གནས་པ་ཡིན་ཏེ། བརྗོད་བྱའི་ནང་དོན་ཟབ་ཅིང་རྗོད་བྱེད་ཚིག་སྦྱོར་སྙན་ཞིང་ཡང་དག་པ་ཞིག་ཡོང་བ་ལ་བརྡ་སྤྲོད་པའི་གཞུང་ལུགས་སྤྱི་དང་། བྱེ་བྲག་མངོན་བརྗོད་ཀྱི་གཞུང་ལ་བསླབ་དགོས་པའི་གནས་ལུགས་བསྟན་པ་སྟེ། མིང་ལ་བརྟེན་ནས་བསྟན་བཅོས་རྣམས་བྱས་པའི་ཕྱིར། དེ་ཡང་སློབ་དཔོན་ཐོན་མིས།“བསླབ་པ་ཀུན་གྱི་གཞི་འཛིན་ཅིང་། །རིག་བྱེད་སྨྲ་བ་རྣམས་ཀྱི་རྒྱུ། །མིང་ཚིག་བརྗོད་པ་ཀུན་གྱི་གཞི། །ཡི་གེའི་སྦྱོར་བ་བཤད་པར་བྱ། །”ཞེས་བརྡ་སྤྲོད་པའི་རྣམ་གཞག་གི་བྱེ་བྲག་མིང་ཚིག་གི་སྦྱོར་བའི་ཚུལ་རྣམས་ལ་ཐོག་མར་མཁས་པར་སློབ་དགོས་ཚུལ་གསུངས་པ་དང་། དཔའ་རིས་སངས་རྒྱས་ཀྱིས།“མིང་ཕྱུག་པར་བྱེད་པའི་མངོན་བརྗོད་ནི། །དོན་མཚོན་པར་བྱེད་མཁས་པའི་ངག་རྩལ་ཏེ། །ཚིག་མཛེས་པར་སྤྲས་པའི་རྒྱན་ཆ་དང་། །བློ་རིག་པ་སྐྱེད་པའི་དཔལ་འབར་ཡིན། །”⑾ཞེས་གསུངས་པས། མངོན་བརྗོད་ལ་བྱང་ཆུབ་ན། ཐུན་མོང་དང་ཐུན་མོང་མ་ཡིན་པའི་བསྟན་བཅོས་རྩོམ་པ་ལ་དགེ་མཚན་ཤིན་ཏུ་ཆེ་ཞིང་། མངོན་བརྗོད་ནི་དོན་བཟང་ཚིག་སྙན་ཡོང་བར་མེད་དུ་མི་རུང་བའི་ཚིག་རྒྱན་ཞིག་དང་། བོད་ཀྱི་ཐུན་མོང་མ་ཡིན་པའི་རྩོམ་རིག་སྒྱུ་རྩལ་གྱི་ཁྱད་ཆོས་བླ་ན་འཕགས་པ་ཞིག་ཡིན་པ་ཤེས་ནུས། དེ་བཞིན་མངོན་བརྗོད་ལ་མཁས་ན། མིང་ཚིག་སྨྲ་བ་དང་། མིང་ཚིག་ལ་འཇུག་པ། དཔྱོད་པ་ལ་སོགས་པར་ཐོགས་པ་མེད་ཅིང་། རིག་གནས་ཀུན་ལ་བལྟ་བའི་མེ་ལོང་རྙེད་པ་དང་འདྲ་སྟེ། པཎ་ཆེན་ཤཱཀྱ་མཆོག་ལྡན་གྱིས།“དོན་དམ་དབྱིངས་ཀྱི་ཡི་གེ་བརྗོད་བྲལ་ཡང། །གཉིས་སྣང་འཁྲུལ་པའི་བློ་ལ་བརྗོད་འདས་སུ། །གང་ཤར་བརྗོད་པ་ཀུན་གྱི་གཞིར་གྱུར་པ། །མིང་ཚིག་ཡི་གེའི་ཚོགས་རྣམས་འདིར་བཤད་བ། །སྡེ་སྣོད་ཤེས་པའི་ལང་ཚོ་རྒྱས་གྱུར་ཀྱང་། །མིང་ཚིག་གཞུང་བརྒྱའི་སྐྱེ་མཆེད་མི་མཚར་ན། །དཔྱོད་ལྡན་མཛའ་བོའི་ཡིད་རབ་འདྲེན་མི་ནུས། །དེ་ཕྱིར་མཁས་པའི་སྐྱེ་མཆེད་འདི་མཚར་བྱ། །”⑿ཞེས་གསུངས་པ་བཞིན། བརྡ་སྤྲོད་པའི་མིང་བརྡ་ལ་མཁས་ན། ནང་པའི་ཆོས་གཞུང་སྡེ་སྣོད་ཀྱི་དགོངས་པ་ཐོས་པ་དང་བཀྲལ་བ་ལ་བདེ་བླག་ངང་འཇུག་རྒྱུར་ཕན་པ་ཆེ་ཞིང་། གཅིག་ཤོས་ནི་དེ་ལས་ལྡོག་པའོ། ཡང་《མངོན་བརྗོད་རྒྱ་མཚོའི་ཆུ་ཐིགས་》ལས། “འཁོར་འདས་བརྟན་གཡོའི་དངོས་པོ་རེ་རེར་ཡང་། །བརྡ་དང་ཐ་སྙད་མིང་ཚུལ་མཐའ་ཡས་ཕྱིར། །སར་གནས་དཔའ་བོ་ཁོ་ནའི་སྤྱོད་ཡུལ་ལས། །ཉམ་ཆུང་བྱིས་བློའི་གཞལ་བྱ་ག་ལ་ཡིན། །འོན་ཏེ་འབབ་ཆུའི་རྒྱུན་ལས་ཆུ་ཐིགས་ཙམ། །བཏུངས་ཀྱང་སྐྱེས་བུའི་སྐོམ་སྲེད་སེལ་བ་ལྟར། །མངོན་བརྗོད་རྒྱ་མཚོའི་དབུས་ནས་ཆུ་ཐིགས་ཙམ། ། ཐོས་བརྩོན་ཀུ་ཤའི་རྩེ་མོས་བླངས་ཏེ་བརྗོས། །”⒀ཅེས་གསུངས་པ་ལྟར། རང་ཅག་བོད་ཀྱི་སྐད་ལ་འཁོར་འདས་བརྟན་གཡོའི་དངོས་པོ་རེ་རེར་ཡང་མིང་གི་རྣམ་གྲངས་ཤིན་ཏུ་མང་ཞིང་། དེ་དག་གཅིག་ལས་གཅིག་མཚོན་སྟོབས་ཆེ་བ། སྡེབ་ལེགས་ཤིང་རང་དབང་ཆེ་བས། དེ་དག་ལ་མཁས་པར་གྱུར་ན། འཆད་རྩོད་རྩོམ་གསུམ་ལ་དབང་འབྱོར་བའི་མཐུན་རྐྱེན་བསྐྲུན་པ་དང་གཉིས་སུ་མེད་པ་དཔེར་ན། སྔོན་བྱོན་མཁས་པའི་བསྟན་བཅོས་གྲགས་ཆེ་བ་《དཔག་བསམ་འཁྲི་ཤིང་》དང་། 《ཀླུ་ཀུན་ཏུ་དགའ་བའི་ཟློས་གར་》《བྱང་ཆུབ་སེམས་དཔའ་རྟག་ངུའི་རྟོགས་བརྗོད་》《ས་པཎ་རྟོགས་བརྗོད་སྐལ་བཟང་ལེགས་ལམ་》《གཞོན་ནུ་ཟླ་མེད་ཀྱི་གཏམ་རྒྱུད་》《སྤྲིན་གྱི་ཕོ་ཉ་》《རཱ་མ་ཎའི་རྟོགས་བརྗོད་》《གཞོན་ནུ་དྲུག་གི་རྟོགས་བརྗོད་》ལ་སོགས་ནི་མངོན་བརྗོད་ཀྱིས་སྤྲས་པ་ཤ་སྟག་ཡིན་པ་ལས་རྟོགས་ཐུབ། ཁྱད་པར་མིང་གི་མངོན་བརྗོད་ནི་འདྲ་བ་དང་འབྲེལ་བ། རྒྱུ་མཚན་སོགས་ལ་བརྟེན་ནས་བཏགས་པ་ཞིག་ཡིན་པས། དེ་ཤེས་པས་རང་ཉིད་མིང་གི་སྦྱོར་ཚུལ་ལ་བྱང་ཆུབ་པར་གྱུར་ཅིང་། བྱ་དངོས་གསར་པར་མིང་འདོགས་རྒྱུར་མཁས་པ། འཆད་པའི་སྐབས་དཔེ་འཇོག་པར་མཁས་པས་ཕ་རོལ་པོར་གཞུང་དོན་བདེ་བླག་ངང་བརྒྱུད་སྤྲོད་བྱ་རྒྱུར་ཕན་པ་ཆེ་སྟེ། དཔེར་ན་《སྙིང་རྗེ་པད་མ་དཀར་པོ་》ལས། “ཀུན་དགའ་བོ། དེ་བཞིན་གཤེགས་པས་གསུངས་པའི་ཆོས་འདུལ་བ་འདི་རྣམ་པར་འཕེལ་བ་དང་། ཡོངས་སུ་མི་ཉམས་པ། ཀུན་ཏུ་སྲུང་ཞིང་སྦ་བ་དང་། ཆུད་མི་ཟོས་པར་བྱ་བའི་ཕྱིར། ཁྱོད་ལ་དཔེ་བསྟན་པར་བྱ་སྟེ། འདི་ལ་སྐྱེས་བུ་མཁས་པ་ཁ་ཅིག་དཔེས་སྨྲས་པས་དོན་ཤེས་པར་འགྱུར་རོ་”ཞེས་སྟོན་པ་རང་གི་ཞལ་ནས་གསུངས་པ་ལྟར་རོ།
        སྙན་ངག་དང་མངོན་བརྗོད་གཉིས་ནི་ཟླ་གྲོགས་སུ་གྱུར་བས། མངོན་བརྗོད་མེད་ན་སྙན་ངག་དེ་ཡང་ཚིག་སྐམ་དོན་སྐྱ་ལྟ་བུར་འགྱུར་ངེས་ཤིང། སྙན་ངག་དེ་ཡང་གྲོང་ཚིག་རྐྱང་པས་འདྲེས་ན་མཁས་པའི་མདུན་སར་བཞད་གད་ཀྱི་རྒྱུར་འགྱུར་ངེས། སྙན་ངག་ནི་བུད་མེད་མཛངས་མ་ཡོན་ཏན་དང་ལྡན་པ་ཞིག་ཡིན་ན། མངོན་བརྗོད་ནི་དེའི་མཚར་སྡུག་གི་སྐྱེ་མཆེད་ཉག་ཅིག་ཡིན། རྗེ་ཙོང་ཁ་པ་ཆེན་པོའི་《རིན་ཆེན་གསུམ་གྱི་གཏམ་གྱི་སྦྱོར་བ་》ལས། “རིགས་ལམ་རྣམ་པར་འབྱེད་པའི་རྣམ་དཔྱོད་དང་། །གཞུང་ལུགས་གདམས་པར་ཤར་བའི་ཉམས་ལེན་དང་། །ཚིག་སྦྱོར་ཚུལ་ལ་མཁས་པའི་ངག་གི་དཔལ། །ས་སྟེང་འདི་ན་རིན་ཆེན་རྣམ་གསུམ་སྣང་། །”ཞེས་སྙན་ངག་ནི་མཁས་པ་མཛེས་པར་བྱེད་པའི་རིན་ཆེན་རྣམ་གསུམ་གྱི་ཡ་གྱལ་དུ་གསུངས་ན། དེ་འདྲའི་སྙན་ངག་གིས་བརྗོད་བྱ་སྡེ་བཞིའི་དགོངས་དོན་ཟབ་ཅིང་རྒྱ་ཆེ་བ་བསྟན་པར་མིང་གི་མངོན་བརྗོད་ཀྱིས་མཛེས་པར་བརྒྱན་ཏེ་རམ་འདེགས་ཞུ་དགོས་པ་ནི་བསྙོན་མེད་རེད། དུང་དཀར་བློ་བཟང་འཕྲིན་ལས་མཆོག་གི《ཚིག་རྒྱན་རིག་པའི་སྒོ་འབྱེད་》ལས། “སྙན་ངག་གི་ལུས་ཞེས་པ་ནི། རང་གིས་གང་བརྗོད་བྱར་འདོད་པའི་ཁྱད་པར་དེ་དང་ལྡན་པའི་མིང་ཚིག་ཡི་གེ་ཚོགས་པའི་རང་བཞིན་ཅན་གྱི་ངག་གི་རྒྱུན་དེ་ལ་ཟེར་”⒁ཞེས་གསུངས་པ་ལྟར། མིང་ཚིག་ཡི་གེའི་སྦྱོར་ཚུལ་ཡང་དག་པར་བཀོལ་ཐུབ་པ་ཡིན་ན། དོན་རྒྱན་དང་། སྒྲ་རྒྱན། གབ་ཚིག་གི་རྒྱན་སོགས་ཀྱི་ངག་རྒྱུན་ཕུན་སུམ་ཚོགས་པར་འགྱུར་བར་དགེ་མཚན་ཐོན་ཐུབ་པ་ཡིན། ཡང་《མངོན་བརྗོད་ལ་འཇུག་པའི་སྒོ་》ལས། “གསར་སློབ་པ་རྣམས་ཀྱིས་ཀྱང་བརྗོད་བྱ་གང་ཞིག་སྙན་ངག་གི་རྒྱན་གྱིས་འཆིང་བར་བྱེད་དགོས་པ་བྱུང་ན། མངོན་བརྗོད་ཀྱི་མིང་ནི་མེད་དུ་མི་རུང་བ་ཞིག་ཡིན་ཏེ། རྗོད་བྱེད་ཀྱི་ཚིག་ཤིན་ཏུ་སྙན་མོ་དགོས་པ་དང་། ཐོས་མ་ཐག་ཏུ་སྤྲོ་བ་འཕེལ་བའི་ཚིག་གསོན་ཉམས་ལྡན་པ་ཞིག་དགོས། བརྗོད་བྱ་ཅུང་ཙམ་གབ་ནས་བརྗོད་དགོས་པ་སོགས་ལ་མངོན་བརྗོད་ཀྱི་མིང་གིས་ནུས་པ་ཆེས་ཆེར་འདོན་ཐུབ་”⒂ཅེས་པ་དང་། ཧོར་ཁང་བསོད་ནམས་དཔལ་འབར་གྱིས། “མཁས་པའི་བྱ་བ་སོས་ཀའི་དཔལ་འབར་ཚེ། །སྙན་དངགས་ཁུ་བྱུག་གླུ་དབྱངས་ལེན་པ་ལ། །ཉམས་འགྱུར་སྣ་ཚོགས་སྟོན་པའི་བྱེད་པོ་ནི། །མིང་གི་མངོན་པར་བརྗོད་ལས་གཞན་ཅི་ཞིག །”⒃ཅེས་གསུངས་པ་སོགས་ལས། བོད་ཀྱི་ཐུན་མོང་མ་ཡིན་པའི་སྙན་ངག་མཛེས་མི་མཛེས་ནི་མངོན་བརྗོད་ཀྱི་ཚིག་རྒྱན་བཟང་ངན་དང་འབྲེལ་བ་ངེས་ཅན་ཡོད་པ་ཤེས་ནུས། དེས་ན་མངོན་བརྗོད་ལ་དབང་འབྱོར་བས། བརྩམས་བའི་སྙན་ངག་དག་ཀྱང་སྙན་རོ་ཕུན་སུམ་ཚོགས་ཤིང་དོན་གཞན་འདྲེན་པའི་ནུས་པ་ལྡན་པ་དང་། ཚིགས་བཅད་སྐབས་སུ་སྒྲ་མང་ཉུང་ཇི་ཙམ་འཇུག་པར་གདམ་ང་བྱེད་ཐུབ་པ། ཟློས་སྐྱོན་སེལ་བར་རྣམ་གྲངས་བརྗེ་བའི་ནུས་པ་ཅི་རིགས་འཐོན་ཐུབ་པ་ཡིན། དེ་འདྲའི་རྩོམ་ཡིག་ཅིག་སྤེལ་ཐུབ་ན། མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་རྩོམ་གཤིས་ཀྱིས་ཕྱུག་ཐུབ་པ་ཡིན་ལ། ལྔ་པ་ཆེན་པོའི་“བཅད་ལྷུག་སྤེལ་མའི་ལང་ཚོ་དར་ལ་བབ། །སྡེ་བཞིའི་གཏམ་གྱི་སྲོག་ཅན་རིགས་ལྡན་མ། །སྒྲ་དོན་གབ་ཚིག་ནོར་བུའི་རྒྱན་གྱིས་སྤུད། །ཉམས་འགྱུར་སྙན་པའི་གླུ་དབྱངས་མགྲིན་པར་ལེན། །”⒄ཞེས་པའི་སྙན་ངག་གི་ཉམས་དང་ཁྱད་ཆོས་ཀྱང་ལྡན་པར་འགྱུར་སྲིད།
        མངོན་བརྗོད་ཀྱི་བརྡ་ལ་བྱང་ཆུབ་པས། ཐུན་མོང་དང་ཐུན་མོང་མ་ཡིན་པའི་བསྟན་བཅོས་ཁག་ལ་ཐོས་བསམ་གྱི་སྒོ་མོ་འབྱེད་པ་དང་འདྲ་སྟེ འདི་ལ་པཎ་ཆེན་ཤཱཀྱ་མཆོག་ལྡན་གྱིས།“འདི་ཙམ་ཁོ་ན་ཤེས་པ་ཡིས། །ལེགས་སྦྱར་སོ་བཞག་ཡིན་མིན་དང་། །བརྡའ་རྙིངས་པ་དང་བརྡའ་གསར་པའི། །བྱེ་བྲག་མང་ཞིག་ཤེས་གྱུར་ནས། །རྒྱལ་བའི་བཀའ་དང་རིག་པ་ཡི། །གནས་ལྔ་སྟོན་པའི་བསྟན་བཅོས་ཀྱི། །ཚིག་དོན་ངེས་པར་གོ་དཀའ་བ། །མང་ཞིག་ངང་གིས་གྲོལ་བར་འགྱུར། །”⒅ཞེས་པ་དང་། 《མངོན་བརྗོད་རྒྱ་མཚོའི་ཆུ་ཐིགས་》ལས།“དེ་ལས་འོངས་པའི་ལེགས་སྦྱང་མཐུ་དཔལ་གྱིས། །བརྟན་གཡོའི་མིང་དོན་ཀུན་ལ་མ་རྨོངས་པར། །མཁས་པའི་བགྱི་བ་གསུམ་གྱིས་རྒྱལ་བའི་བསྟན། །འཛིན་ལ་རྒྱལ་བ་ཉིད་དང་མཚུངས་པར་ཤོག །”ཅེས་སོགས་མངོན་བརྗོད་སྦྱོང་བའི་མཐར་ཐུག་གི་དམིགས་ཡུལ་གསལ་པོར་གསུངས་པ་ལྟར།“མངོན་བརྗོད་རིག་པ་ལེགས་པར་སྦྱངས་ན། ཤེས་བྱ་སྐྱེད་པ་དང་། དཔེ་རྙིང་ཀློག་བདེ་བ་དང་། རྩོམ་དུ་འཇུག་མཁས་པ་དང་། གང་མིང་གསར་དུ་འདོགས་ཤེས་པ་སོགས་བོགས་ཆེན་པོ་ཐོན་”⒆ཐུབ་པ་ནི་སྨྲོས་མེད་རེད།
 གསུམ་པ། མངོན་བརྗོད་མ་ཤེས་པའི་སྐྱོན།
        བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་རིག་ཚན་དགར་སྟངས་ནི། སྒྲ་རིག་པ་རྩ་བ་དང་། དེའི་ཡན་ལག་གཙོ་བོ་སྙན་ངག དེའི་ཡན་ལག་ཏུ་ཉེ་བར་མཁོ་བ་མངོན་བརྗོད་དང་སྡེབ་སྦྱོར་གཉིས་ཡིན་ཞིང་། དེ་རྣམས་ཀྱི་མཚན་གཞི་ལྟ་བུ་ནི་ཟློས་གར་ཡིན། སྙན་ངག་གམ་རྩོམ་པ་ལ་འཇུག་པར་གོང་གསལ་རིག་པའི་གནས་ལྔར་མཁས་དགོས་ཤིང་། དེ་དག་གི་ནང་ནས་མངོན་བརྗོད་ནི་ཚིག་དོན་གྱི་ཉམས་འདོན་བྱེད་ཀྱི་རྒྱན་དང་རིག་པའི་གནས་གཞན་ལ་འཇུག་པའི་ལྡེ་མིག་གམ་རྨང་གཞི་ལྟ་བུར་གྱུར་ཡོད། མཁས་དབང་དམུ་དགེ་བསམ་གཏན་གྱིས“སྒྲ། སྙན་ངག སྨན་རྩིས་སོགས་གཞུང་ཐམས་ཅད་ཀྱི་ནང་དུ་མངོན་བརྗོད་ཀྱིས་བཅིངས་པའི་མིང་དང་ཚིག་མང་པོ་ཡོད་པས་མ་ཤེས་ན་གཞུང་དེ་དག་ཤེས་པའི་གེགས་སུ་གྱུར། གཞན་ཡང་རང་གིས་སྙན་ངག་རྒྱན་དང་ལྡན་པའི་གཞུང་རྩོམ་པ་ལ་མངོན་བརྗོད་ནི་མེད་དུ་མི་རུང་བ་ཡིན་”ཞེས་གསུངས་པ་དང་།《སྙན་ངག་ལ་འཇུག་ཚུལ་ཚིག་རྒྱན་རིག་པའི་སྒོ་འབྱེད་》ནང་དུ་སྙན་ངག་ཕུན་སུམ་ཚོགས་པའི་རྒྱུ་གསུམ་གསུངས་པའི་ཁྲོད། མིང་གི་མངོན་བརྗོད་སོགས་ལ་མང་དུ་ཐོས་པ་གསོག་དགོས་རྒྱུ་ནི་རྩོམ་ལ་གོམས་པར་བྱེད་པའི་རྒྱུའམ་རྨང་གཞི་གསུམ་པ་ཡིན་པར་བསྟན་གནང་ཡོས དེས་ན་གཞུང་འདི་མ་སྦྱངས་ན། རྩོམ་པའི་རྩལ་རྒྱས་མི་ཐུབ་ཡིན། ཐོས་པའི་ནོར་གསོག་མི་ཐུབ་པ་ནི་དོན་དངོས་ཀྱི་ཉམས་མྱོང་ལས་ར་སྤྲོད་ཐུབ་པ་ཡིན། དེ་བཞིན་ཨ་ལག་ཤ་བསྟན་དར་ལྷ་རམས་པས། “ཇི་སྙེད་ཤེས་བྱ་ཚོགས་གསུམ་རྣམ་དག་གིས། །རབ་ཏུ་གསལ་བར་བྱེད་པ་མཚོན་སླད་དུ། །ནམ་མཁའི་ནོར་བུ་འོད་སྟོང་རབ་བཀྱེ་སྟེ། །གླིང་བཞིའི་མུན་པ་སེལ་བའི་སྣང་བ་འཛིན། །རིག་པའི་གནས་འདི་སྦྱང་རིན་མེད་ཅེས་དོར། །མཁས་པར་མ་དྲིས་ཐེ་ཚོམ་ཡོངས་མ་བསལ། །བསླབ་པར་འོས་པ་མ་སྦྱངས་སྐྱེས་བུ་འགའ། །བླུན་པོའི་གོ་ས་ཐོབ་འདི་སྐལ་བ་ཕྲ། །”⒇ཞེས་གསུངས་པ་ལྟར། ཚོགས་གསུམ་གྱི་རྣམ་གཞག་ལས་མིང་གི་མངོན་བརྗོད་མ་ཤེས་ན། བསྟན་བཅོས་ལ་འཇུག་ཚེ་ཐེ་ཚོམ་གྱི་དྲ་བ་གཅོད་མི་ཐུབ་པ་དང་། མིང་ཚིག་གི་འཁྲུལ་བ་སེལ་མི་ཐུབ་པ། རྩོམ་ཚེ་ཚིག་སྦྱོར་གྱི་རྒྱུ་ཆ་མ་འདང་བས་བརྩམས་ཆོས་དེ་ཡང་བླུན་པོའི་ཅལ་ཅོལ་ལས་མ་འདས་པ་ཤེས་ཐུབ། དཔེར་ན། འཕྲོག་བྱེད་ཅེས་པ་དབང་ཕྱུག་དང་ཁྱབ་འཇུག བརྒྱ་བྱིན། རི་དྭགས། ཉི་མ། ཙན་དན་དཀར་པོ རླུང་དང་རླུང་ལྷ། གཤིན་རྗེ། ཨ་ག་རུ། ལོ་མའི་འཁྲི་ཤིང། སེང་གེན་ལེ་ཤམ་དཀར་ཏེ་ཕོ་བ་རིས་དཀར། མི་དཔའ་བོ་བཅས་ལ་འཇུག་པས། སྐབས་སོ་སོར་གང་ལ་འཇུག་མིན་མ་ཤེས་ན་དོན་ལ་འཁྲུལ་བ་འབྱུང་བ་སྨོས་ཅི་དགོས། དཔལ་སྒང་ལོ་ཙཱ་བས་ཀྱང། “ཨེ་མ་ཤེས་བྱ་ཕ་མཐའ་ཡས། །དེ་དག་རེ་རེ་མིང་གི་ཡང་། །རྒྱུ་མཚན་ངེས་ཚིག་མ་ཤེས་ན། །བརྡ་དག་སྦྱོར་བ་ཇི་ལྟར་ཤེས། །”ཞེས་དངོས་པོའི་བཏགས་མིང་ངམ་རྗེས་གྲུབ་ཀྱི་མིང་ཐོགས་ཚུལ་གྱི་རྒྱུ་མཚན་ངེས་ཚིག་མ་ཤེས་ན། རྩོམ་པའམ་འཆད་པའི་སྐབས་བརྡ་དག་སྦྱོར་བ་ཡང་དག་པར་མ་ཤེས་པའམ་ལོག་པར་སྦྱོར་བ། དོན་ལ་མ་ངེས་པ། ཐ་ན་གཞན་གྱིས་ཐོས་ཚེ་བཞད་གད་ཀྱི་རྒྱུ་རུ་འགྲོ་བར་གསུངས་ཡོད། འོན་ཀྱང་དེང་སྐབས་བོད་ཀྱི་རིག་གཞུང་སློབ་ཁྲིད་ཀྱི་ཁྲོད་དུ་མངོན་བརྗོད་ལ་སྦྱང་རིན་མེད་པའི་ལྟ་ངན་ཞིག་རྒྱུན་འབྱམས་སུ་འགྲོ་བའམ། ཡང་ན་དེ་ཉིད་དོན་ཕྲན་ཚེགས་སུ་བརྩིས་ཏེ། རྩོམ་ཡིག་འབྲི་སྐབས་མངོན་བརྗོད་ཀྱི་ཚིག་ཉམས་འདོན་རྒྱུར་སྣང་ཆུང་བྱེད་པ་དང་། ཐ་ན་ཁ་ཅིག་གིས་མངོན་བརྗོད་བཀོལ་ན། སྙན་ངག་གོ་དཀའ་བའམ་ཚིག་རྒྱན་གྱི་རོལ་རྩེད་ཙམ་ལས་དོན་དངོས་ལ་ཕན་མི་ཐོགས་པར་འདོད། དེ་ནི་ཇི་སྐད་དུ། “རང་ལ་ནོར་བུ་ཡོད་བཞིན་དུ། །གཞན་གྱི་ནོར་ལ་འགྲམ་ཆུ་ལྡང་། །དྲེད་ཀྱིས་དངོས་པོ་བརྐུས་པ་བཞིན། །ཐ་མར་རང་ལག་སྟོང་བར་གྱུར། །”ཞེས་པ་ལས་མ་འདས། དེའི་ཕྱིར་《དག་ཡིག་གབ་པ་མངོན་ཕྱུང་》ལས། “མངོན་བརྗོད་ལེགས་པར་མ་ཤེས་ན། ངག་གི་སྒྱུ་རྩལ་གྱི་བརྩམས་ཆོས་རྣམས་ལ་བལྟས་ན། མངོན་བརྗོད་མང་བས་ཇི་བཞིན་གོ་དཀའ། དེ་ལུགས་ཀྱི་རྩོམ་ཞིག་བརྒྱབ་ན། ཐ་སྙད་ཀྱིས་དབུལ་བས། དོན་ཉམས་དང་ཚིག་ཉམས་འདོན་དཀའ། དེ་ཕྱིར་མངོན་བརྗོད་ཤེས་ན་མིང་ལ་མི་རྨོངས། ཞེས་གྲགས་པ་ནི། ཉམས་མྱོང་ལས་བྱུང་བའི་ལེགས་བཤད་ཅིག་ཡིན་ནོ་”﹙21﹚ཞེས་མངོན་བརྗོད་མ་ཤེས་ན་དུང་སེམས་མཚོན་པའི་རྩོམ་རིགས་ལ་ངག་གི་སྒྱུ་རྩལ་དང་དོན་གྱི་ཉམས་མི་ལྡན་ཞིང་། ཐ་སྙད་ལ་ཚད་བཀག་ཐེབས་ཏེ་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་རྩོམ་གཤིས་དང་སྒྱུ་རྩལ་གྱི་རོ་བཅུད་བརླག་ངེས་པར་གསུངས་པ་དང་། དུང་དཀར་བློ་བཟང་འཕྲིན་ལས་ཀྱིས། “སྙན་ངག་གི་ཚིག་རྒྱན་མེད་པའི་གྲོང་ཚིག་རྐྱང་པའི་བསྟན་བཅོས་པོ་ཏི་ལོངས་པ་བརྩམས་ཀྱང་མཁས་པ་ལྟ་ཅི། སེམས་ཡོད་སུ་ཡང་མགུ་བར་མི་བྱེད་ལ། འཇིག་རྟེན་འདིར་རྩེད་མོའི་ཕྱིར་གླུ་གཞས་ཤིག་བཏང་ན་ཡང་། སྙན་ངག་གི་ཉམས་ཡོད་པའི་ཚིག་རྒྱན་ལ་རྒྱ་ཆེའི་མང་ཚོགས་ཀྱིས་བསྟོད་བསྔགས་ཆེས་ཆེར་བྱེད་པ་མངོན་སུམ་དུ་གྲུབ་པས། སྙན་ངག་ཤེས་པ་དང་མ་ཤེས་པའི་དགེ་མཚན་དང་སྐྱོན་ནི་དེ་ལྟར་ཡིན་ནོ་” ﹙22﹚ཞེས་གསུངས་པ་སོགས། མཁས་པའི་གསུང་དེ་དག་ལས་སྙན་ངག་གི་ཚིག་རྒྱན་ཡང་མངོན་བརྗོད་ཀྱིས་བརྒྱན་པའི་ངག་གི་སྒྱུ་རྩལ་ཞིག་ཡིན་པ་རྟོགས་ཐུབ། དེས་ན་མངོན་བརྗོད་མ་ཤེས་པས། སྔོན་བྱོན་མཁས་པའི་གསུང་རྩོམ་ལ་གོ་བ་ཚུལ་བཞིན་ལེན་མི་ཐུབ་ཅིང་། ཕྱི་རྣམ་པའི་ཐ་སྙད་ཀྱི་སྟེང་ནས་ཀྱང་དཀའ་ངལ་རབ་དང་རིམ་པ་ཕྲད་ན། དོན་ཇི་བཞིན་རྟོགས་རྒྱུ་ནི་འཇའ་ཚོན་པང་གདན་དུ་རེ་བའི་ངང་ཚུལ་ལས་མ་འདས། དཔེར་ན་《ཚིག་རྒྱན་རིག་པའི་སྒོ་འབྱེད་》ལས། གབ་ཚིག་གི་རྒྱན་ལས་ཡོངས་སུ་འདྲེས་པའི་གབ་ཚིག་གི་དཔེར་བརྗོད་ལ། “སོ་མངས་ཤ་ཡི་རལ་པས་སྤྱི་བོ་དང་། །ལྐོག་མར་རབ་མཛེས་ཟུར་མེད་ལག་པའི་མིག །ནོར་བུའི་མགྲིན་པས་ཟུང་ལྡན་སྒྲ་དབྱངས་སྒྲོགས། །ཁྱིམ་གནས་བཟང་པོའི་ཡན་ལག་ཅན་དེ་གང། །”ཞེས་བྱུང་བའི་བརྗོད་བྱའི་དོན་ནི་ཁྱིམ་བ་དེ་ཕོའི་ཐོག་ཏུ་འབབ་ཀྱང་། །ཚིག་བགྲོས་ལ་མིང་གི་མངོན་བརྗོད་མང་པོ་བཀོལ་སྤྱོད་མཛད་ཡོད་པ་དང་། དེ་བཞིན་གཅིག་བསྒྲིབས་པའི་གབ་ཚིག་གི་དཔེར་བརྗོད་ལ།“ནགས་ན་རབ་དགའ་བག་ཕེབས་ས་འཛིན་གྱིས། །མཐོར་འདེགས་བྱུ་རུའི་ཁང་བཟང་མཛེས་པའི་སྤོར། །གསེར་མདངས་མངོན་པར་བཀྲ་བའི་རྒྱ་ཕིབས་ཀྱི། །འོད་སྣང་ཀུན་གསལ་ཡངས་པའི་མཁའ་ལ་འཕྲོ། །”ཞེས་བྱུང་བའི་གབ་བྱ་ཕོ་བྲང་པོ་ཏ་ལའི་ཁྱད་ཆོས་ཡིན་ཡང་། ངག་གི་ཕྲེང་བའི་སྐབས་ནགས་ན་རབ་དགའ་དང་ས་འཛིན། བྱུ་རུའི་ཁང་བཟང་ཞེས་པ་ལྟ་བུའི་མངོན་བརྗོད་བཀོལ་གནང་ཡོད་པས། མིང་གི་མངོན་བརྗོད་དེ་དག་མ་ཤེས་ན་གབ་དོན་ཚུལ་བཞིན་དུ་རྟོགས་མི་ཐུབ་པ་ལྟར་ཡིན། ཡང་དཔེར་ན། 《དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་》ལས། “མཁའ་མེའི་སྲད་བུར་བརྒྱུས་པའི་ཀ་ཕྲེང་ལ། །རྒྱ་མཚོ་དབྱངས་ཀྱིས་བརྒྱན་པའི་ཡི་གེའི་བརྡའི། །རིན་ཆེན་ཕྱང་འཕྲུལ་རིན་དུ་གསེར་ལྡན་ལྟོ། །ནོར་བུའི་ཟོང་གིས་བཀང་ཡང་ཁུགས་སམ་ཅི། །” ﹙23﹚ཞེས་བྱུང་བའི་མཁའ་ནི་ཀླད་ཀོར་དང་། མེ་ནི་གསུམ་གྱི་གྲངས་ཚབ་ཡིན་པས་ཀཱ་ལི་སུམ་ཅུའི་དོན་དང་། རྒྱ་མཚོ་ནི་གྲངས་ཀ་བཞིའི་ཚབ་ཡིན་པས་ཨཱ་ལི་བཞིའི་དོན་ཡིན་མོད། བློ་གསར་རྣམས་ཀྱིས་གྲངས་ཀྱི་མངོན་བརྗོད་མ་ཤེས་ན་རྩོམ་བཟང་འདི་འདྲ་བ་ལ་མྱོང་རོལ་ཇི་ལྟར་ཐུབ་སྟེ་མི་ཐུབ་པ་ལྟར་རོ། མདོར་ན། དོན་དེར་ཨ་ལགས་ཤ་ངག་དབང་བསྟན་དར་ལྷ་རམས་པས། “ཡི་གེ་དག་ཀྱང་སྙན་ངག་མི་ལྡན་ན། །བུད་མེད་མཛེས་མ་སྒྲེན་མོར་རྒྱུ་བ་བཞིན། །མངོན་བརྗོད་གསར་རྙིང་བརྡའ་ཡིས་མ་སྤུད་ན། །གྲོང་ཚིག་འདྲེས་པས་མཁས་པས་དོར་བར་འོས། །དེ་ཕྱིར་རིག་གནས་ཆུང་བ་དག །སྦྱང་རིན་མེད་ཅེས་མ་དོར་བར། །ཀུན་ལ་ཞིབ་ཏུ་སྦྱངས་བྱས་ན། །ད་གཟོད་མཁས་པའི་གྲལ་འགོ་དབང། །” ﹙24﹚ཞེས་བོད་ཀྱི་མངོན་བརྗོད་རིག་པ་དང་བོད་ཀྱི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་དབར་འབྲེལ་བ་ཟབ་མོ་ཡོད་ཚུལ་གསུངས་པ་ནི་དོན་ལ་གནས་པའི་གཏམ་དུ་འཁུམས།
བཞི་པ། མངོན་བརྗོད་ཕུན་སུམ་ཚོགས་པའི་རྒྱུ་བཤད་པ།   
        གཅིག མངོན་བརྗོད་རིག་པའི་གཞུང་ལུགས་ལ་སློབ་སྦྱོང་བྱེད་དགོས་པ།
        དེ་ཡང་《དག་ཡིག་གཅེས་བསྡུས་འཁྲུལ་སྤོང་ལེགས་པར་བཤད་པའི་སྐྱ་རེངས་གསར་པ་》ལས། “ཡི་གེའི་འཇུག་ཚུལ་ཕ་མཐའ་མི་མངོན་ཞིང་། །རིན་ཆེན་འབྱུང་གནས་སྲིད་ཞེང་བསམ་ལས་འདས། །ཆུ་སྲིན་གྲོང་གི་རྒྱ་ཁྱོན་ཇི་བཞིན་དུ། །གསར་རྙིང་བརྡའ་ཡི་འཇུག་ཚུལ་འབྱམས་ཀླས་སོ། །” ﹙25﹚ཞེས་དང་། 《དག་ཡིག་གབ་པ་མངོན་ཕྱུང་》ལག “སྐད་རིགས་ཕུན་སུམ་ཚོགས་པ་ཀུན་ལ་མངོན་བརྗོད་ཡོད་ཀྱང་། རྣམ་གྲངས་མང་ཉུང་དང་། མཚོན་སྟོབས་ཆེ་ཆུང་ལ་ཁྱད་པར་ཤིན་ཏུ་ཆེའོ། །བོད་སྐད་དུ་མངོན་བརྗོད་ཧ་ཅང་ཁྱབ་ཆེ། གྲངས་བགྲངས་ན་སྟོང་ཚོ་ལྔ་ལྷག་ཡོད། བརྗོད་བྱའི་ཆོས་ལ་རྣམ་གྲངས་དུ་མ་རེ་སྣང་” ﹙26﹚ཞེས་གསུངས་པ་ལྟར། རང་རེ་བོད་ལ་མཚོན་སྟོབས་ཆེ་བའི་མངོན་བརྗོད་ཀྱི་རྣམ་གྲངས་ཤིན་ཏུ་མང་པོ་ཡོད་ལ། དེའི་གྲུབ་ཚུལ་ཡང་སྣ་ཚོགས་ཤིག་ཡོད། སྤྱིར་ན་མངོན་བརྗོད་ཀྱི་གྲུབ་ཚུལ་ཐད་ནས་རྣམ་པ་བཅུ་གཉིས་སུ་ངེས་ཏེ།  “མིང་ཅན་གང་གི་གཏམ་རྒྱུད་བྱུང་རབས་དང་། །རྟེན་འབྲེལ་རང་བཞིན་ཁྱད་ཆོས་གཟུགས་དབྱིབས་དཔེ། །ཡོན་ཏན་ནུས་པ་བདག་དང་སྤྱོད་པ་དང་། །བྱེད་པ་ཡུལ་དུས་རྣམ་གྲངས་ལ་སོགས་པ། །གསལ་བར་བྱེད་ཆེད་མངོན་པར་བརྗོད་པ་ཡིན། །” ﹙27﹚ཞེས་དཔའ་རིས་སངས་རྒྱས་མཆོག་གིས་སྡོམ་ཚིག་བཀོད་གནང་བ་ལྟར་ཡིན། དེས་ན་མངོན་བརྗོད་ཤེས་དགོས་ན། ཐོག་མར་མངོན་བརྗོད་ཀྱི་མིང་གི་རྣམ་གྲངས་དང་གྲུབ་ཚུལ་ཉེ་བར་གསལ་བའི་གཞུང་ལུགས་ཁག་ལ་སློབ་སྦྱོང་བྱེད་དགོས་པ་ནི་ཤིན་ཏུ་ནས་གལ་ཆེ་སྟེ། གཞུང་ལུགས་དེ་དག་སྔོན་བྱོན་མཁས་པའི་མི་ཚེའི་ཐོས་བསམ་ལས་བསྐྱེད་པའི་བློ་གྲོས་ཀྱི་ཉིང་ཁུ་དང་ལེགས་བཤད་ཀྱི་ཉིང་བཅུད་ཤ་སྟག་ཡིན་པས། མིང་གི་གཏེར་མཛོད་ལྟ་བུར་གྱུར་ཡོད་པའི་ཕྱིར། གཞུང་ལུགས་ལ་ཐོས་བསམ་བསྐྱེད་པས། ད་གཟོད་མངོན་བརྗོད་རིག་པ་སྨྲ་བའི་རྨང་གཞི་དང་པོ་གཏིང་བ་ཡིན། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོའི་《ཐུན་མོང་རིག་གནས་ཀྱི་རྣམ་གཞག་》ལས།  “ཐོག་མའི་འདོད་རྒྱལ་རྗེས་གྲུབ་དོན་དང་ལྡན། །དངོས་མིང་དེ་བཞིན་བཏགས་མིང་འདྲ་འབྲེལ་གྱི། །རྒྱུ་མཚན་ལས་བྱུང་དེ་ཉིད་ལྡོག་པའི་མིང་། །འབྲེལ་ལ་རྒྱུ་མིང་འབྲས་དང་འབྲས་མིང་རྒྱུ། །ཚོགས་པ་ཡ་གྱལ་ལ་བཏགས་ལྡོག་པ་སོགས། །མིང་གཅིག་དོན་མང་དོན་གཅིག་མིང་མང་གིས། །མངོན་བརྗོད་ཁམས་དང་མིང་དོན་ཁོང་ཆུད་བྱ། །”ཞེས་གསུངས་པ་ལྟར། ཐོག་མར་གཞུང་ལུགས་ལ་ཐོས་རྒྱ་ཆེ་ཞིང་། དེ་དག་གི་ནང་དོན་ཡིད་ལ་འདྲིས་པར་བྱེད་པ་དང་། རྩོམ་པའི་སྐབས་ཚིག་སྦྱོར་ལ་གང་བདེར་འཇུག་ཚུལ་ཡིད་ལ་དྲན་པ་དང་། བསྟན་བཅོས་ཀློག་ཚེ་སྐབས་ཐོབ་དོན་གང་ལ་གོ་ཚུལ་ཅི་ནས་ཀྱང་ཤེས་པར་བྱེད་དགོས། དེ་ཡང་ཡིན་ཏེ། 《རྒྱན་གྱི་བསྟན་བཅོས་དབྱངས་ཅན་ངག་གི་རོལ་མཚོ》ལས། “བྱང་ཆུབ་སེམས་དཔའ་སེམས་ཅན་འདུན་པར་བྱ་བའི་ཕྱིར། གཞན་དག་ལ་སྙན་དངགས་པའི་བསྟན་བཅོས་དང་། མིང་གཅིག་ཉིད་དོན་དུ་མར་འཇུག་པ་དང་། དོན་གཅིག་ཉིད་ཀྱང་མིང་གི་རྣམ་གྲངས་དུ་མས་མངོན་པར་བརྗོད་པའི་བསྟན་བཅོས་དང་། ལྕི་བ་དང་ཡང་བའི་ཡི་གེ་བསྒྱུར་བ་དང་སྤེལ་བའི་སྒོ་ནས་ཚིགས་སུ་བཅད་པ་སྡེབ་པའི་བསྟན་བཅོས་དང་། མདོ་འཛིན་པ་དང་། བཞད་གད་དང་། སྐད་དུ་མ་གཞན་དུ་བསྒྱུར་བས་འགྲོ་བ་དགའ་བར་བྱེད་པ་བཟློས་གར་གྱི་བསྟན་བཅོས་དང་། གྲངས་ཀྱི་རིག་པས་གཞལ་ཏེ་ངོ་མཚར་བར་སྟོན་པ་རྩིས་ཀྱི་བསྟན་བཅོས་རྣམས་ཀྱང་བསླབ་པར་བྱ་སྟེ། བྱང་ཆུབ་སེམས་དཔའ་དེ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་འདོད་པའི་ཕྱིར་རོ་” ﹙28﹚ཞེས་གཞུང་དེ་དག་ལ་བསླབ་པས་བླ་ན་མེད་པའི་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་འདོད་པའི་རྒྱུ་རུ་གྱུར་ན། འཇིག་རྟེན་ཕལ་པའི་རིག་གནས་རྒྱུན་འཛིན་དང་དར་སྤེལ་བྱེད་པའི་ཐབས་ལམ་དུ་མི་འགྱུར་བ་ཅི་ལ་སྲིད།
        བློ་གསར་ལས་དང་པོ་བ་རྣམས་ལ་མཚོན་ན། ཉེ་བར་མཁོ་ཞིང་རྒྱས་བསྡུས་འཚམ་པའི་མངོན་བརྗོད་ཀྱི་གཞུང་མཆོག་ཏུ་གྱུར་པ་ནི་《མངོན་བརྗོད་རྒྱ་མཚོའི་ཆུ་ཐིགས་》དང་དེའི་འགྲེལ་པ་རྣམས་ཡིན་པར་འདོད་ཅིང་། གཞུང་དེ་རང་ལས་ཀྱང་། “དེ་ཕྱིར་ཧ་ཅང་རྒྱས་བསྡུས་མཐའ་སྤངས་ཤིང་། །བཀླག་པ་ཙམ་གྱིས་བདེ་བླག་དོན་རྟོགས་པའི། །སྔོན་མེད་བསྟན་བཅོས་རྒྱ་མཚོའི་ཆུ་ཐིགས་འདི། །བློ་གསལ་གཞོན་ནུ་དགའ་བའི་གཉེན་མཆོག་ཡིན། །”ཞེས་གསུངས་པ་ནི་དོན་ལ་གནས་པར་མཐོང་། དེ་མིན་ཨ་ལགས་ཤ་ངག་དབང་བསྟན་དར་ལྷ་རམས་པས། “མ་ཤིའི་ཚུན་ལ་ཐོས་པ་གཅེས། །མིང་གི་མཐའ་ལ་ཟད་པ་མེད། །ཐམས་ཅད་སུས་ཀྱང་བརྗོད་མི་ནུས། །མངོན་བརྗོད་སོགས་ཀྱི་མིང་སྣ་ཚོགས། །མཁས་པས་བཤད་པ་དག་ལ་ལྟོས། །” ﹙29﹚ཞེས་གསུངས་པ་ཡང་ལེགས་བཤད་དུ་འཛིན་འོས་སོ།
        གཉིས། མཁས་པའི་བརྩམས་ཆོས་ལ་ཐོས་པ་གསོག་དགོས།
        དེ་ཡང་《སྙན་ངག་མེ་ལོང་མ་》ལས། “རང་བཞིན་གྱིས་གྲུབ་སྤོབས་པ་དང་། །མང་དུ་ཐོས་པ་དྲི་མེད་དང་། །མངོན་པར་སྦྱོར་བ་མི་དམན་པ། །སྙན་ངག་ཕུན་སུམ་ཚོགས་པའི་རྒྱུ། །”ཞེས་སྐྱེས་སྟོབས་ཀྱི་ཤེས་རབ་དེ་ཙམ་མི་ཆེ་ནའང་ཐོས་པའི་བརྩོན་འགྲུས་ཀྱིས་བསྐྱངས་པའི་སྦྱང་སྟོབས་རིག་པར་བརྟེན་ན། ནམ་ཞིག་མིང་དོན་མཚུངས་པའི་སྙན་ངག་པ་ཞིག་ཏུ་འགྱུར་ཐུབ་པའི་གནས་ལུགས་བསྟན་པ་ལྟར། སྙན་ངག་རིག་པའི་ནང་གསེས་སུ་གཏོགས་པའི་མངོན་བརྗོད་ཀྱང་དེ་ལས་མ་འདས་ཏེ། གཞུང་ལུགས་ཙམ་མ་ཟད། སྔོན་བྱོན་མཁས་པའི་མངོན་བརྗོད་ཀྱིས་བརྒྱན་པའི་བརྩམས་ཆོས་རྣམས་ལ་རྟག་གུས་ཐོས་བསམ་དང་སྒྲོ་འདོགས་བཅད་དེ་མིང་བརྡ་དེ་དག་ལ་འབྲེལ་འདྲིས་ཤེས་རྟོགས་ཡོང་བ་བྱ་རྒྱུ་ནི་གལ་ཤིན་ཏུ་ཆེ་བའི་ཕྱིར། དེ་ནི་མངོན་བརྗོད་ཤེས་པའི་རྨང་གཞི་གཉིས་པ་ཡིན། དེ་ཡང་གཞུང་ལུགས་ལས་ཤེས་རྟོགས་བྱུང་བའི་མངོན་བརྗོད་རྣམས་མཁས་པའི་གསུང་རྩོམ་ནང་དུ་ཇི་ལྟར་བཀོལ་ཡོད་ཚུལ་དང་། ཡི་གེའི་འཇམ་རྩུབ་དང་ལྕི་ཡང་སྒྲིག་ལུགས། སྙན་ངག་མཛེས་པའི་རྒྱན་དུ་ཇི་ལྟར་འགྱུར་ཚུལ་སོགས་ལ་བརྟག་ཞིབ་ནན་པོ་བྱེད་དགོས་ལ། གསུང་རྩོམ་ནང་ཐོན་པའི་བརྡ་དང་ཐ་སྙད་མི་ཤེས་པ་རྣམས་ཟུར་དུ་ཕྱུངས་ཏེ། “མཁས་པ་རྩད་ཅིང་མ་དྲིས་པ། །དེ་ཡི་བར་དུ་གཏིང་མི་དཔོགས། །རྔ་ལ་དབྱུག་གུས་མ་བསྣུན་ན། །དེ་སྲིད་གཞན་དང་ཁྱད་ཅི་ཡོ། །” ﹙30﹚ཅེས་པའི་གསུང་བློར་ངེས་ཐོག གཞན་ལ་འདྲི་བའམ་དཔེ་རྙིང་མཇལ་ཀློག་གིས་རྩད་ཞིབ་ནན་ཏུར་བྱེད་དགོས། དེ་ལྟར་བྱས་པས། རིམ་བཞིན་ཆུ་ཐིགས་བསགས་པའི་རྒྱ་མཚོ་བཞིན་རང་ལ་མངོན་བརྗོད་ཀྱི་ཐ་སྙད་ཕུན་སུམ་ཚོགས་པོ་ཞིག་འབྱུང་ངེས།  “གང་ཞིག་ཐོས་པས་ཡིད་ནི་དད་གྱུར་ནས། །ལེགས་པར་དགའ་ལ་བརྟན་པ་ཉིད་དུ་འགྱུར། །ཤེས་རབ་སྐྱེ་ཞིང་གཏི་མུག་མེད་པར་འགྱུར། །......ཐོས་པ་གཏི་མུག་མུན་སེལ་སྒྲོན་མེ་ཡིན། །རྐུན་པོ་ལ་སོགས་མི་འཁྱེར་ནོར་གྱི་མཆོག །ཀུན་ཏུ་རྨོངས་པའི་དགྲ་འཇོམས་མཚོན་ཆ་ཡིན། །ཐབས་ཚུལ་མན་ངག་སྟོན་པས་གྲོགས་ཀྱི་མཆོག །” ﹙31﹚ཅེས་པའི་ལེགས་བཤད་སྐབས་འདིར་ཡིད་ལ་དྲན་ཞིང་སེམས་པར་བྱའོ། དེ་ཡང་དཔེ་མཚོན་ཙམ་དྲངས་ན། རྗེ་ཙོང་ཁ་པའི་《བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུ་བའི་རྟོགས་བརྗོད》ལས། “གདོང་བཞི་པའམ་མིག་སྟོང་ལྡན་པའམ། །དྲག་པོའམ་པད་མོའི་གཉེན་ནམ་མདའ་ལྔ་པ། །རྣམ་ཐོས་བུའམ་ཉི་མའམ་ཟླ་བ་འམ། །འཁོར་ལོས་བསྒྱུར་རམ་གང་ཞིག་ཐོབ་པར་འདོད། །” ﹙32﹚ཅེས་པ་དང་། རྗེ་དགེ་འདུན་རྒྱ་མཚོའི་《ཙོང་ཁ་པའི་ཡོན་ཏན་བསྔགས་པ་ལྷའི་རྔ་བོ་ཆེའི་སྒྲ་དབྱངས་》ལས། “བློ་བཟང་དྲི་མེད་འདྲེན་བྱེད་སྟོང་གིས་རྒྱ་ཆེན་ཤེས་བྱའི་གཟུགས་ཀུན་འཆི་མེད་སྒེག་མོའི་མེ་ལོང་བཞིན། །རྣམ་དཀར་གྲགས་པའི་རྔ་དབྱངས་འབུམ་ཕྲག་ཕྱོགས་ཀྱི་བུ་མོའི་མགྲིན་པར་རྣམ་གྲགས་དབྱར་དུས་དབྱར་སྐྱེས་རྔ་སྒྲ་བཞིན། །གྲོང་འཇོམས་དབང་པོ་མདའ་ལྔ་པ་དང་གཙུག་ན་ཟླ་བ་མགྲིན་སྔོན་ཅན་སོགས་རལ་པའི་ཐོད་ལ་གཙུག་རྒྱན་བཞིན། །ངལ་གསོ་ཉེར་མཛད་ཞབས་སེན་འཆར་ཀའི་འོད་ཕྲེང་དག་གིས་གཙུག་རྒྱན་རབ་མཛེས་བདག་བློ་པད་མོའི་དཔལ་གྱུར་ཅིག །”ཅེས་པ་ལ་སོགས་པའི་རྟོགས་བརྗོད་ཀྱི་ནང་དོན་ཇི་བཞིན་ཤེས་པར་ཐོག་མར་གདོང་བཞི་པ་དང་མིག་སྟོང་ཅན། གྲོང་འཇོམས་དཔའ་བོ། མདའ་ལྔ་པ། མགྲིན་སྔོན་ཅན་སོགས་མིང་གི་མངོན་བརྗོད་རྣམས་ཤེས་དགོས་པ་ཡིན། དེ་ལྟ་བུའི་མཁས་པའི་བསྟན་བཅོས་བཅད་ལྷུག་སྤེལ་མ་གང་རུང་ལ་ཐོས་བསམ་བགྱིས་ན། མངོན་བརྗོད་ཤེས་པ་ལ་ཐོགས་པ་མེད་པར་འགྱུར་རོ།
        གསུམ། རྩོམ་པའི་ལག་ལེན་ལ་འཇུག་དགོས།
        མངོན་བརྗོད་རིག་པ་འདི་བཞིན་བོད་ཀྱི་རིག་གནས་ཆུང་བ་ལྔའི་ཡ་གྱལ་དུ་བགྲངས་ཏེ་སྐབས་ཤིག་རིང་དར་ཞིང་རྒྱས་པར་བྱུང་བ་ནི་སྔོན་བྱོན་མཁས་དབང་རྣམས་ཀྱི་སྐུ་དྲིན་ལས་མ་འདས། འདིར་གནའ་བཟང་དེང་སྤྱོད་ལྟར། ང་ཚོ་ཕྱི་རབས་པས་ཀྱང་མི་རིགས་ཀྱི་རིག་གནས་ལ་ཤ་ཚའི་ལྷག་བསམ་སྙིང་ལ་བཅངས་ཐོག ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་བག་ཆགས་ཡོད་པ་དང་། དེ་ལ་ངེས་ཤེས་འདྲོངས་པ། ལག་ལེན་དུ་བསྟར་བ་སོགས་བགྱིས་དགོས། འགའ་ཞིག་གིས་བོད་ཀྱི་རིག་གནས་རྙིང་པ་དང་གསར་པ་ཞེས་ཕྱེ་ནས་དེ་གཉིས་མེ་ཆུ་ལྟར་འགལ་བར་བཟུང་སྟེ། སྙན་ངག་ལ་མངོན་བརྗོད་སྦྱར་ན། གོ་དཀའ་བ་དང་སྙིང་དོན་སླ་པར་བྱེད་པ་དང་། རྩོམ་རིག་གི་སྤྱི་ཚོགས་ནུས་པ་བརླག་པར་བྱེད་པ། ཁྱད་པར་རང་མོས་སྙན་ངག་གི་བཀག་རྒྱ་ཡིན་པར་འདོད་པ་སོགས། བློར་མི་ཤོང་བའི་ལྟ་ངན་ཞིག་རྒྱུན་འབྱམས་སུ་གནས་དང་གནས་མུས་ཡིན་ལ། མི་རིགས་གཞན་གྱི་གྲགས་རྩོམ་བོད་བསྒྱུར་བྱས་པ་འགའ་ཞིག་ཀྱང་གྲོང་ཚིག་ཕལ་སྐད་ཀྱིས་བསླད་དེ་མི་རིགས་རྩོམ་རིག་གི་རོ་བཅུད་བརླག་པའི་སྣང་ཚུལ་ཡིད་སྐྱོ་དགོས་པ་ཐོན་དང་འཐོན་བཞིན་ཡོད། དེས་ན་རྩོམ་རིག་བོད་བསྒྱུར་བྱེད་སྐབས་ཀྱང་མངོན་བརྗོད་བཀོལ་དགོས་པ་ནི་རྒྱའི་གྲགས་རྩོམ་《ཆུ་ངོགས་གཏམ་རྒྱུད་》བོད་འགྱུར་མར་བལྟས་པས་ཀྱང་ཤེས་ཡོང་། དེའི་ཕྱིར། བློ་གསར་ཚོས་ཁུངས་མེད་ཀྱི་གཏམ་འཆལ་དེ་འདྲར་གཟབ་སྟེ། ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་། དར་སྤེལ། གསར་གཏོད་བཅས་ཀྱི་འབྲེལ་བ་ལེགས་པར་སྐྱོང་ཐུབ་པ་བྱ་རྒྱུ་ནི་ཤིན་ཏུ་ནས་གལ་ཆེ། དོན་འདི་ལ་ཨ་ལགས་ཤ་ངག་དབང་བསྟན་དར་ལྷ་རམས་པས། “བློ་མིག་མི་ཤེས་རབ་རིབ་གྲིབ་མས་གཡོགས། །གཞན་གྱིས་ཟེར་སྒྲོས་རྫུ་བག་འཁར་བར་རྟེན། །ལོག་སྨྲའི་གཡང་ཁ་འགྲིམ་པའི་གྲོགས་པོ་དག །མིག་ཡངས་སྟོབ་བྱེད་གཏམ་བཟང་འདི་བསྟེན་རིགས། །” ﹙33﹚ཞེས་གསུངས་ལ། ཁྱད་པར་བསེ་ཚང་བློ་བཟང་དཔལ་ལྡན་གྱིས། “རིག་གནས་ཡོད་པའི་མི་རིགས་གང་ལའང་རང་རང་གི་བརྡ་སྤྲོད་ཐུན་མོང་མ་ཡིན་པ་དང་བསྟུན་པའི་སྙན་ངག་གི་ཚིག་གི་སྦྱོར་ལུགས་མི་གཅིག་པ་རེ་ཡོད། དེའང་ཚིག་དོན་གང་གི་ཆ་ནས་བརྗོད་ཚུལ་དང་། དཔེ་འགོད་ཚུལ། ཚིག་སྙན་ཞིང་མཛེས་པ་ཡོང་ཚུལ་སོགས་རང་རང་གི་སྐད་ཡིག་མི་འདྲ་བའི་སྟེང་ནས་ཚིག་གི་སྦྱོར་ཚུལ་མི་འདྲ་བ་སྣ་ཚོགས་འབྱུང་། དེའི་ཕྱིར་མི་རིགས་རང་རང་ལ་རང་གི་སྐད་ཡིག་དངོས་ཀྱི་སྟེང་གི་རང་གི་ཐུན་མོང་མ་ཡིན་པའི་ཚིག་སྦྱོར་གྱི་སྙན་ངག་དེ་རང་གི་རྣ་བར་སྙན་ལ། ཚིག་དོན་ཕན་ཚུན་འབྲེལ་ཆགས་པ་དང་ངོ་མཚར་བ་ཞིག་ཡིན་” ﹙34﹚ཞེས་གསུངས་པས། ང་ཚོས་བཅད་ལྷུག་སྤེལ་མ་གང་ལ་ཡང་མངོན་བརྗོད་བཀོལ་ཆོག་ཅིང་། རང་མོས་སྙན་ངག་ལ་ཡང་ཚིག་བགྲོས་དང་བསྟུན་ཏེ་མིང་གི་མངོན་བརྗོད་གང་འཚམ་ལེགས་པར་སྤྱོད་ཐུབ་ན། ཚིག་དོན་གང་གི་ཆ་ནས་ཀྱང་རྩོམ་གྱི་མཛེས་ཉམས་མངོན་པ་ལས་སྐྱོན་དུ་ཅི་ལ་འགྱུར། དེ་མིན་འཕྲིན་ཡིག་ཞིག་འབྲི་བའི་སྐབས་སུའང་ཡུལ་མཆོག་དམན་བར་གསུམ་ལ་བསྟུན་ཏེ་མངོན་བརྗོད་ཀྱིས་སྤུད་ཆོག་པ་སྟེ། མཁས་དབང་ཚེ་ཏན་ཞབས་དྲུང་མཆོག་གི་《འཕྲིན་ཡིག་སྤེལ་ཚུལ་ལྷག་བསམ་པད་མོ་འཛུམ་པའི་ཉིན་བྱེད་》ལས། “མ་མཐའ་འཕྲིན་ཡིག་རྨད་དུ་བྱུང་བ་ཞིག་སྐུར་ནའང་། ཡིག་གཟུགས་ལེགས་པོ་འབྱུང་ཕྱིར་གཟབ་གཤར་རྒྱུགས་བྲིས་ལ་མཁས་དགོས། མིང་བརྡ་ལེགས་པོ་འབྱུང་ཕྱིར་སུམ་རྟགས་དག་གསུམ་ལ་མཁས་དགོས། ཚིག་སྦྱོར་ལེགས་པོ་འབྱུང་ཕྱིར་སྙན་ངག་མངོན་བརྗོད་སྡེབ་སྦྱོར་ལ་མཁས་དགོས་ལ། དེ་ལྟ་བུའི་མཁས་ཁྱད་དང་ལྡན་ན་མཐོང་བ་ཙམ་དང་ཐོས་པ་ཙམ་གྱིས་ཀྱང་རིག་པའི་གནས་དེ་དང་དེའི་ཡོན་ཏན་གྱི་མངར་ཆ་མྱངས་ནས་ཡིད་རང་དབང་མེད་པར་འགུགས་པར་བྱེད་ལ། དེ་ལས་ལྡོག་སྟེ་སྲིན་བུའི་སུག་རྗེས་ས་ལ་ཕབ་པ་ལྟ་བུའི་ཡིག་གཟུགས་དང་། གཟན་པ་སྲ་བསྲེས་ཀྱི་བོང་ལྟོ་ལྟ་བུའི་བརྡ་དག་དང་། རྡོ་ཆག་དུམ་བུ་བཙན་བསྒྲིགས་ཀྱི་ཐེམ་པ་ལྟ་བུའི་ཚིག་སྦྱོར་ཅི་རིགས་ཀྱི་དྲི་ངན་ཞིག་བྲོ་བར་གྱུར་ཚེ་མཁས་པའི་ཡི་ག་གཏིང་ནས་ལོག་པར་འགྱུར་བས་ཚུལ་དེ་དག་ལ་སྒོ་ཀུན་ནས་གཟབ་པར་བྱའོ་” ﹙35﹚ཞེས་བསྟན་པ་ལས་གསལ་པོར་རྟོགས་ཐུབ་པ་ཡིན།
        གང་ལྟར། རྩོམ་པའི་ལག་ལེན་དངོས་ནང་ཞུགས་སྐབས། རྩོམ་ལུས་ཅི་འདྲ་ཞིག་ཡིན་རུང་རང་གིས་ཤེས་པའི་མངོན་བརྗོད་རྣམས་སྐབས་བསྟུན་གྱིས་བཀོལ་ཆོག་ཅིང་། དེ་ལྟར་བྱས་པས། རང་ཉིད་ཀྱི་རྩོམ་རྩལ་མཐོར་འདེགས་སུ་གཏོང་ཐུབ་པ་དང་། སྦྱངས་ཟིན་མངོན་བརྗོད་རྣམས་དྲན་ཤེས་བརྟན་པོས་སྐྱོང་ཐུབ་པ། ཞོར་དུ་སྔར་མ་ཚོར་བའི་ཐ་སྙད་གསར་པ་མང་དག་ཅིག་ཀྱང་ཤེས་རྟོགས་ཐུབ་པ་བཅས། དེ་ནི་མངོན་བརྗོད་ཤེས་པའི་རྨང་གཞི་གསུམ་པ་ཡིན།
ལྔ་པ། མངོན་བརྗོད་བེད་སྤྱོད་གཏོང་སྐབས་ཡིད་གཟབ་བྱ་དགོས་པའི་གནད་དོན།
        དེ་ཡང་《དག་ཡིག་གབ་པ་མངོན་ཕྱུང་》ལས། “དོན་གྱི་ངོ་བོ་ཙམ་སྟོན་པའི་ཤུལ་དུ་ཉམས་མཚོན་པར་ཚིག་རྒྱན་གྱི་ནུས་པ་དང་། རོ་བྲོ་བར་དོན་གཞན་འདྲེན་པའི་ནུས་པ་དང་། བརྗོད་བདེ་བར་སྒྲ་མང་ཉུང་དབང་འབྱོར་བའི་ནུས་པ་དང་། ཟློས་སྐྱོན་སེལ་བར་རྣམ་གྲངས་བརྗེ་བའི་ནུས་པ་ཅི་རིགས་འབྱུང་” ﹙36﹚ཞེས་མངོན་བརྗོད་ཀྱི་བྱེད་ནུས་གསལ་བར་བསྟན་པ་ལྟར། མངོན་བརྗོད་ཀྱི་བྱེད་ནུས་ཤེས་དགོས་པ་དང་། གཞན་ཡང་རྩོམ་པའི་སྐབས་སུ་སྒྲ་དྲག་ཞན་དང་འཇམ་རྩུབ། ལྕི་ཡང་སོགས་དོ་མཉམ་པར་ཡོང་ཆེད་མིང་གི་ཚོགས་པ་ལས་གང་ལ་གང་འོས་ཀྱི་བདམས་གསེས་ཤེས་པར་འབད་དགོས་ཏེ། དེས་བརྗོད་པའི་ཕྲེང་བ་འདོན་ཀློག་བདེ་བར་སྨན་ཞིང་། ལྷག་པར་སྒྲ་རྒྱན་གྱི་སྐབས་དེ་ནི་དེ་བས་དགོས་པ་ཆེ་བས་སོ། དེ་མིན་མངོན་བརྗོད་ལ་རྣམ་གྲངས་མང་ཞིང་གོ་རྒྱུ་མང་བ་དང་། དོན་གཅིག་མིང་གི་རྣམ་གྲངས་དང་མིང་གཅིག་དོན་གྱི་རྣམ་གྲངས་ཀྱི་ཁྱད་ཆོས་ལྡན་པས། རྩོམ་པའི་ལག་ལེན་ཁྲོད་དེ་དག་ཇི་བཞིན་འཇུག་པར་མ་མཁས་ན། ཚིག་སྐྱོན་དང་དོན་སྐྱོན་འབྱུང་སྲིད། འདི་ལ་ས་སྐྱ་པཎྜི་ཏས། “གོ་ཚད་རང་བཟོའི་ཡི་གེ་རྣམས། །ནམ་མཁར་ཆར་སྤྲིན་འདུས་པ་བཞིན། །སེར་བུ་བྱུང་ན་རང་སར་དྭངས། །དེས་ན་ལམ་དུ་འཇུག་པ་ལེགས། །” ﹙37﹚ཞེས་གསུངས་པ་ལྟར། མངོན་བརྗོད་གོ་ཚད་ཚིག་རྒྱན་དུ་ལྕགས་ལ་ཤིང་གི་ལྷན་པའི་དཔེ་ལྟར་འཇུག་ན། བརྗོད་བྱའི་དོན་གྱི་ངོ་བོ་འགྱུར་འགྲོ་བ་མ་ཟད། བསྟོད་དགོས་སར་སྨད་པ་དང་། སྨད་དགོས་སར་བསྟོད་པར་འགྱུར་འགྲོ་བས། དེར་ངེས་པར་གཟབ་སྟེ། སྐབས་བབ་ཀྱི་བརྗོད་བྱའི་དོན་དང་མངོན་བརྗོད་ཀྱི་གྲུབ་ཚུལ་བལྟོས་བཅས་ཀྱིས་འབྲེལ་བ་ཡོད་པ་ཞིག་འདེམས་ཐོག རྗོད་བྱེད་ཚིག་ལ་བལྟོས་ཏེ་ཚིག་སྙན་པོ་འོང་དགོས་ན་སྙན་པའི་མིང་དང་། བརྗིད་པ་དགོས་ན་བརྗིད་པའི་མིང་། དྲག་ཤུལ་གྱི་ཉམས་དགོས་ན་རྩུབ་པའི་མིང་སོགས་གང་ལ་གང་འཚམ་གྱིས་འཇུག་དགོས། དེ་ཡང་ཚིག་སྦྱོར་གྱི་དགོས་པ་དང་བསྟུན་ནས་མངོན་བརྗོད་རན་ཚོད་དང་ཡོངས་གྲགས་རྣམས་འཇུག་དགོས། དེ་ལྟར་བྱས་པས། ཚིག་གི་སྡེབ་ལེགས་ཤིང་དོན་གྱི་ཉམས་འཐོན་པ་ཡིན། དེ་ལས་ལྡོག་ན་སྐྱེ་བོ་ཕལ་པས་གོ་དཀའ་བར་འགྱུར།  དོན་འདི་ལ་ཨ་ལགས་ཤ་ངག་དབང་བསྟན་དར་ལྷ་རམས་པས་རྩོམ་པ་ལེགས་པའི་ཡོན་ཏན་གྱི་སྐོར་གསུང་སྐབས། “ཚིགས་བཅད་རྣམས་ནི་སྡེབ་ལེགས་ཤིང་སྙན་ངག་གིས་བཅིངས་པའམ་འབོལ་རྩོམ་གྱིས་གོ་བདེ་བ། མིང་རྣམས་ནི་མངོན་བརྗོད་ཀྱིས་བརྒྱན་པས་ངོ་མཚར་བ་”ཞེས་དང་། རྩོམ་པ་ཉེས་པའི་སྐྱོན་གྱི་སྐོར་གསུང་སྐབས།  “ཀུན་ལ་མ་གྲགས་པའི་མངོན་བརྗོད་དང་གབ་ཚིག་གི་རྒྱན་འབའ་ཞིག་གིས་བཅིངས་པ་” ﹙38﹚ཞེས་སོགས་གསུངས་པ་ནི་མཁས་པའི་ལེགས་བཤད་དུ་འཁུམས། དཔེར་ན། ནམ་མཁའ་གཡའ་དག་པ་ལ། སྤྲིན་ལམ་ངོས་སུ་རྟ་བདུན་དབང་པོ་གསལ་ཞེས་བརྗོད་ན། གནམ་དྭངས་བའི་ཁྱད་ཆོས་མཚོན་རྒྱུ་ལྟ་ཞོག ཚིག་སྔ་ཕྱི་འགལ་བའི་སྐྱོན་འབྱུང་བ་དང་། གནམ་འཐིབས་པ་ལ། ཀུན་གསལ་ངོས་སུ་ཆུ་འཛིན་ལང་ལིང་ལྡིང་ཞེས་བརྗོད་ན། དེ་བས་མི་འཚམ་པ། དེ་བཞིན་མཆོད་རྟེན་ཞིག་གི་བྱིན་རླབས་སྐོར་བརྗོད་སྐབས། བླ་མའི་ཀེང་རུས་དད་པའི་རྟེན་དུ་བཞུགས་ཞེས་གདུང་རུས་ལ་ཀེང་རུས་ཞེས་བྲིས་ན། ཚིག་མི་སྙན་པའི་སྐྱོན་འབྱུང་བ། རང་གི་མཛའ་མོའི་སྐོར་ལ། བགྲོད་བྱ་མ་ཁྱེད་སྙིང་གི་དབུས་ན་སྡུག་ཅེས་བརྗོད་ན། དྭངས་གཙང་གི་བརྩེ་དུང་མངོན་རྒྱུ་ལྟ་ཞོག མ་རབས་ཀྱི་སྐྱོན་དུ་འགྱུར་ཉེན་ཆེ་བ། མི་ཞིག་སྨྲ་བར་མཁས་པ་ལ། ལྕེ་གཉིས་ཁྱེད་ནི་གཏམ་ལ་མཁས་ཞེས་བརྗོད་ན། མི་དེར་བསྟོད་རྒྱུ་ལྟ་ཞོག གཡོ་ཁྲམ་ཅན་ཞིག་ཏུ་སྨད་པའི་ཉེན་ཁའང་ཡོད་པ། དེ་བཞིན་“བློ་གྲོས་སམ་ཤེས་རབ་ཀྱི་མིང་གི་རྣམ་གྲངས་སུ་ཉལ་སློང་ཞེས་བསྒྱུར་ཡོད་པ། ཉལ་སློང་འཇམ་པའི་དབྱངས་དང་གཉིས་སུ་མེད། ཅེས་བརྗོད་ན་ཚིག་དོན་གཉིས་ཀ་མི་ལེགས་ཤིང་གྲོང་ཚིག་ཏུ་འགྲོ་བ་” ﹙39﹚སོགས་ལྟ་བུ་ཤིན་ཏུ་མང་བ་ལས་རྟོགས་ཐུབ་པ་ཡིན།
དྲུག་པ། མངོན་བརྗོད་ནི་བློ་རིག་འབྱེད་པའི་ལྡེ་མིག་ལྟ་བུ་ཡིན་ཚུལ།
        མིང་གི་མངོན་བརྗོད་ནི་འཇིག་རྟེན་གྱི་ཆོས་ཐམས་ཅད་ཀྱི་ངོ་བོ་དང་ཁྱད་ཆོས།  གཟུགས་དབྱིབས། བྱེད་ནུས། འབྱུང་ཁུངས། རྒྱུ་འབྲས་སོགས་རྒྱུ་མཚན་དུ་བྱས་ནས་བྱུང་བ་ཞིག་ཡིན་པས། དེར་འཇིག་རྟེན་ཁམས་ཀྱི་ཆོས་ཉིད་དང་མཐུན་པའི་ཆ་མང་ཞིང་ཚན་རིག་གི་རང་བཞིན་ཆེར་ལྡན་ཡོད། དེ་ནི་བློ་གསར་ཚོས་འཚོ་བའི་བྱ་དངོས་ལ་རྟོག་ཞིབ་དང་ཤེས་རྟོགས་བྱེད་པའི་ལྡེ་མིག་ལྟ་བུར་གྱུར་ཡོད་པ་ནི་དཔེར་ན།“གཟའ་ཕུར་བུ་ལ་བུ་མང་ཅན་དང་། འོད་ཀྱི་མུ་ཁྱུད་ཅན་ཞེས་པ། དེང་གི་སྐར་མཁན་དག་གིས་མཐའ་དཔྱད་ནས་རྟོགས་པ་ལྟར། གཟའ་ཕུར་བུའི་མཐའ་འཁོར་ན་རྒྱུ་སྐར་ཆེ་ཆུང་བཅོ་ལྔ་ཨ་མའི་བུ་ཕྲུག་བཞིན་དུ་གནས་པའི་ཚུལ་དང་། གཟའ་འདིའི་ཁོར་ཡུག་ན། རྡོ་རུག་ནག་པོ་མང་དུ་འདུས་པ་རྩིག་པ་ལྟ་བུར་གྲུབ་པའི་སྟེང་དུ། ཕུར་བུའི་ཚ་ཟེར་ཕོག་པ་ཕྱིར་སྣང་བས། འོད་ཀྱི་མུ་ཁྱུད་ཅིག་ངང་གིས་བྱུང་བ་བསྟན་པ་” ﹙40﹚ལྟར་དང་། དེ་བཞིན་སྤྲིན་ལ་སྒྲ་ལྡན་ཞེས་པས་སྤྲིན་ཕན་ཚུན་འཐབ་པ་ལས་འབྲུག་སྒྲ་འབྱུང་བར་བསྟན་པ་དང་། དེ་ནི་ཚན་རིག་གིས་ཀྱང་བདེན་དཔང་བྱས་ཡོད། ཡང་འཇའ་ཚོན་ལ་རླུང་གི་རྒྱལ་མཚན་ཞེས་པས་རླུང་ཁམས་ཆེན་མོའི་ཆུ་རྡུལ་ལ་ཉི་འོད་ཕོག་པས། ཁ་དོག་མཛེས་པོ་རྒྱལ་མཚན་ལྟར་ཆགས་པའི་སྣང་ཚུལ་བསྟན་པ། སྦྲུལ་ལ་མིག་གིས་ཐོས་ཞེས་པས་རྣ་བ་མེད་ཀྱང་ཟུམ་པ་མེད་པའི་མིག་ཤེད་ཀྱིས་མཐའ་འཁོར་གྱི་སྲོག་ཆགས་ཆེ་མ་ཆུང་ཀུན་གྱི་འགུལ་བསྐྱོད་ཕྲ་ཞིང་ཞིབ་པ་མཐོང་བའི་དབང་པོའི་བྱེད་ནུས་བསྟན་པ། དེད་དཔོན་ལ་ཞོ་ཤ་རྣམ་བདུན་ཞེས་པས་གནའ་དུས་དེད་དཔོན་གྱི་གླ་ཕོགས་རིམ་པ་བདུན་པ་ཡིན་པའི་ལོ་རྒྱུས་ཀྱི་གནས་ཚུལ་བསྟན་པ། ཡམ་ཤིང་ལ་སྲེག་ཤིང་ཞེས་པས་ལྷ་ལ་མཆོད་པ་འབུལ་བའི་སྦྱིན་སྲེག་གི་ཤིང་དུ་བཀོལ་བའི་ཆོས་ལུགས་ཀྱི་ཆོ་ག་བསྟན་པ། གུ་གུལ་ལ་འདྲེ་འཇིགས་ཞེས་པས་གཉན་གཟེར་དང་རྨ་ནད་སོགས་འཇོམས་བྱེད་བསང་རྫས་སུ་རུང་བའི་གནའ་བོའི་གསོ་རིག་གི་ལག་ལེན་བསྟན་པ། སེང་ལྡེང་ལ་གླུ་ལེན་མ་ཞེས་པས་རོལ་ཆ་བཟོ་བའི་རྒྱུ་མཆོག་ཏུ་གྱུར་བའི་ཤིང་དུ་རུང་བའི་བཟོ་རིག་ཆུང་གྲས་བསྟན་པ། སྨྱུག་མ་ལ་སྲིན་ཅན་ཞེས་པས་དེའི་ཁོག་པའི་ནང་དུ་འབུ་སྲིན་མང་པོ་ཆགས་ཏེ་ཡུལ་ལུང་ཁག་གཅིག་ཏུ་སྲིན་བུ་དེ་དག་ཟས་མཆོག་ཏུ་གྱུར་བའི་ཡུལ་སྲོལ་བསྟན་པ། སྟག་པ་ལ་ཡི་གེའི་གཞི་ཅན་ཞེས་པས་སྦྱང་ཤིང་དང་ཤིང་ཕོར་བཟོ་རུང་ལ་ཤིང་རྐོས་ཀྱང་རྒྱག་ཆོག་པའི་ཤིང་རྒྱུ་ཡག་པོ་ཞིག་ཡིན་པ་བསྟན་པ། སྒོག་པ་ལ་ཀླ་ཀློའི་སྤོས་ཞེས་པས་དེ་ཟས་པའི་དྲི་མ་ཆོས་ཀྱི་མདུན་སར་ལྡང་བར་མི་རིགས་པའི་ཆོས་ལུགས་ཀྱི་འཛེམ་བ་བསྟན་པ། སྡིག་རྭ་ལ་མར་གྱིས་ཉམས་བྱེད་ཅེས་པས་དུ་བ་དང་ཞག་ཚི་སོང་ན་དེའི་ཚེ་སྲོག་ཉམས་པར་བྱེད་པས། སྡིག་རྭའི་གནོད་པ་འགོག་པའི་སྲོལ་རྒྱུན་གྱི་རྒྱུན་ཤེས་བསྟན་པ། རྐང་དམག་ལ་དཔུང་བུ་ཆུང་ཞེས་པས་རྟ་དང་། གླང་པོ། ཤིང་རྟ། རྐང་ཐང་དམག་བཅས་དཔུང་ཚོགས་ཡན་ལག་བཞིའི་ཐ་ཆུང་དུ་གྱུར་པས། གནའ་བོའི་དམག་དོན་གྱི་ཤེས་བྱ་བསྟན་པ་སོགས་ལས་ངེས་ཤེས་རྙེད་ཐུབ། གཞན་ཡང་མངོན་བརྗོད་ཤེས་ན་རིག་བྱེད་ཀྱི་གཏམ་རྒྱུད་མང་པོ་ཞིག་ལ་རྒྱུས་མངའ་ཐུབ་སྟེ། གནའ་བོའི་རྒྱ་གར་གྱི་ཆོས་ལུགས་རིག་གནས་ཀྱི་སྣང་ཚུལ་དུ་མ་ཞིག་རང་བཞིན་གྱིས་རྟོགས་ཐུབ་པའམ་གསེད་བཀྲོལ་ཐུབ་པ་ཡིན།
        མཇུག་བསྡུའི་གཏམ།
        《སྤྱོད་འཇུག་》ལས། “སྔོན་ཆད་མ་བྱུང་བ་ཡང་འདིར་བརྗོད་མེད། །སྡེབ་སྦྱོར་མཁས་པའང་བདག་ལ་ཡོད་མིན་ཀྱང་། །རང་གི་ཡིད་ལ་སྒོམ་ཕྱིར་ངས་འདི་བརྩམས། །”ཞེས་བྱུང་བ་ལྟར། བློ་དམན་བདག་འདྲ་བ་མངོན་བརྗོད་རིག་པར་བྱང་ཆུབ་པ་ཞིག་གཏན་ནས་མིན་ཡང། རིག་གནས་འདི་ཉིད་གལ་ཆེན་པོ་ཡིན་པའི་ངེས་ཤེས་གཏིང་ནས་འདྲོངས་པས། འདིར་དུས་རྒྱུན་མངོན་བརྗོད་རིག་པར་སྣང་ཆུང་བྱེད་མཁན་གྱི་སློབ་མ་དང་རྩོམ་པ་པོ། དགེ་རྒན་ཁག་གཅིག་ལ་ལྷག་བསམ་དག་པོས་རྩོམ་ཡིག་འདི་བྲིས་ཁུལ་ལགས། དེ་ཡང་བརྗོད་འདོད་ཀྱི་དོན་རྣམས་མཁས་པའི་གསུང་གི་ལེགས་བཤད་ལ་ཁུངས་གཏུགས་ཤིང་། ལོ་མང་གི་གསར་རྩོམ་དང་སློབ་ཁྲིད་ཀྱི་ཉམས་མྱོང་ལ་བརྟེན་ནས་མངོན་བརྗོད་ཀྱི་གལ་ཆེ་ཚུལ་སྐོར་ཅུང་ཟད་གླེང་ཁུལ་བྱས་མོད། ལུང་རིག་དཔྱད་དོན་དང་མི་མཐུན་པ་དང་མ་རྟོགས་ལོག་རྟོག་གི་ཆ་ངེས་པར་ཞུགས་སྲིད་པས། རྒྱ་ཆེའི་དཔྱོད་ལྡན་རྣམ་པས་ཐུགས་བརྩེའི་བཀའ་སློབ་ཡང་ཡང་ཡོད་པར་ཞུའོ། །
        མཆན་འགྲེལ་དང་ལུང་འདྲེན་དཔྱད་ཡིག
        ①  ངག་དབང་བསྟན་དར་གྱིས་བརྩམས། 《ཡི་གེའི་བཤད་པ་མཁས་པའི་ཁ་རྒྱན་》མི་རིགས་དཔེ་སྐྲུན་ཁང་གིས་སྤྱི་ལོ་༡༩༨༠ལོར་དཔར། ཤོག་གྲངས་༡༠ན་གསལ།
        ② ④⑿⒅﹙37﹚《དཔལ་ལྡན་ས་སྐྱ་པའི་གསུང་རབ་》པོད་གཉིས་པ་ལས་《སུམ་རྟགས་དང་དག་ཡིག་》 མི་རིགས་དཔེ་སྐྲུན་ཁང་།༢༠༡༣ལོའི་ཟླ་༣པའི་དཔར་ཐེངས་གསུམ་པ། ཤོག་གྲངས་༣༢༦   ༣༢༨  ༤༡༤  ༨༣   ༣༣༨  ༢༣༣བཅས་སུ་གསལ།
        ⑤ལུང་ཚིག་འདི་ནི་སངས་རྒྱས་ཚེ་རིང་གིས་བྲིས་པའི་དཔྱད་རྩོམ་《སྐ་ཅོག་རྣམ་གཉིས་ཀྱིས་བརྩམས་པར་གྲགས་པའི་<བརྡའ་དག་གི་ལྡེ་མིག་>ཅེས་པར་དཔྱད་པ་》ཞེས་པ་ལས་དྲངས་ཤིང་། ཁོང་གི་རྩོམ་ཡིག་ནང་དུ་ཡིག་ཆ་དེ་ནི་པོ་ཏ་ལ་ནས་ལག་སོན་བྱུང་ཞིང་། ངག་རྒྱུན་དུ་སྡེ་སྲིད་སངས་རྒྱས་མཚོས་བརྡ་སྤྲོད་སྐོར་གྱི་ཡིག་ཆ་ཁག་གཅིག་ཕྱོགས་བསྒྲིགས་གནང་བའི་གྲས་ཡིན་པར་བཤད་ཅེས་གསལ་ཁ་བྱས་འདུག དཔྱད་རྩོམ་དེ་ནི་《བོད་ལྗོངས་ཞིབ་འཇུག་》༢༠༡༧ལོའི་དུས་དེབ་བཞི་པར་གསལ།
        ⑥⒇﹙24﹚﹙25﹚﹙29﹚﹙33﹚﹙38﹚ཆ་རིས་སྐལ་བཟང་ཐོགས་མེད་ཀྱིས་ལེགས་སྒྲིག་བྱས། 《མཁས་པའི་དབང་པོ་ཨ་ལག་ཤ་བསྟན་དར་ལྷ་རམས་པའི་གསུང་འབུམ་བཞུགས་སོ་》སྨད་ཆ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༢༠༡༡ལོའི་ཟླ་༣པར་དཔར། ཤོག་གྲངས་༢༠༨   ༡༧༦   ༡༣༨   ༡༧༨  ༡༨༥   ༡༨༦   ༩༣བཅས་སུ་གསལ།
        ⑦⒃《ཧོར་ཁང་བསོད་ནམས་དཔལ་འབར་གྱི་གསུང་རྩོམ་ཕྱོགས་བསྒྲིགས་》ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ༡༩༩༩ལོའི་ཟླ་༩པར་དཔར་ཐེངས་དང་པོ་བརྒྱབ། ཤོག་གྲངས་༤༣༥   ༤༣༥བཅས་སུ་གསལ།
        ⑧《བོད་ལྗོངས་ཞིབ་འཇུག་》༢༠༡༨ལོའི་བོད་ཡིག་དུས་དེབ་གཉིས་པ། 《<མངོན་བརྗོད་ཁུངས་བཙུན་རྒྱ་མཚོ་གླེང་བ་>ཞེས་པ་དང་འབྲེལ་བའི་གཏམ་》ཞེས་པའི་ཤོག་གྲངས་༡༣༣ན་གསལ།
        ⑨⑩རིན་སྤུངས་ངག་དབང་འཇིགས་གྲགས་ཀྱིས་བརྩམས།《མངོན་བརྗོད་ཀྱི་བསྟན་བཅོས་མཁས་པའི་རྣ་རྒྱན་》མི་རིགས་དཔེ་སྐྲུན་ཁང་གི་སྤྱི་ལོ་༡༩༩༩ལོའི་ཟླ་༤པའི་དཔར་ཐེངས་གསུམ་པ། ཤོག་གྲངས་༡   ༡༩༧བཅས་སུ་གསལ།
        ⑾﹙40﹚དཔའ་རིས་སངས་རྒྱས་ཀྱིས་བརྩམས།《བརྡ་སྤྲོད་སྦྱོར་བ་རྣམ་བཞི་རབ་གསལ་》མི་རིགས་དཔེ་སྐྲུན་ཁང་། ༢༠༡༤ལོའི་ཟླ་༧པའི་དཔར་ཐེངས་གསུམ་པ། ཤོག་གྲངས་༢༣༧   ༢༢༩བཅས་སུ་གསལ།
        ⒀ཚེ་རིང་རྣམ་རྒྱལ་གྱིས་རྩོམ་སྒྲིག་བྱས།《མངོན་བརྗོད་རྒྱ་མཚོའི་ཆུ་ཐིགས་ཀྱི་འགྲེལ་པ་བྱིས་པའི་འཇུག་ངོགས་》སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༢ལོའི་ཟླ་དང་པོར་དཔར། ཤོག་གྲངས་༡༠ན་གསལ།
        ⒁﹙22﹚དུང་དཀར་བློ་བཟང་འཕྲིན་ལས། 《སྙན་ངག་ལ་འཇུག་ཚུལ་ཚིག་རྒྱན་རིག་པའི་སྒོ་འབྱེད་》མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༧ལོའི་ཟླ་༨པར་དཔར། ཤོག་གྲངས་༢༠   ༢༣བཅས་སུ་གསལ།
        ⒂རིག་འཛིན་བསྟན་སྲུང་། 《མངོན་བརྗོད་ལ་འཇུག་པའི་སྒོ་》མི་རིགས་དཔེ་སྐྲུན་ཁང་། ༢༠༠༨ལོའི་ཟླ་༣པར་དཔར། ཤོག་གྲངས་༧ན་གསལ།
        ⒄﹙34﹚﹙39﹚བསེ་ཚང་བློ་བཟང་དཔལ་ལྡན་གྱིས་བརྩམས། 《སྙན་ངག་ལ་འཇུག་པའི་སྒོ་》མི་རིགས་དཔེ་སྐྲུན་ཁང་། ༢༠༠༣ལོའི་ཟླ་༧པར་དཔར་ཐེངས་དང་པོ་བརྒྱབ། ཤོག་གྲངས༣༨   ༩༨   ༡༢བཅས་སུ་གསལ།
        ⒆དཔའ་རིས་སངས་རྒྱས་དང་ནོར་བུ་ཀུན་གྲུབ་ཀྱིས་བསྒྲིགས། 《མངོན་བརྗོད་ཁུངས་བཙུན་རྒྱ་མཚོ》ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༡༠ལོའི་ཟླ་༤པར་དཔར། ཤོག་གྲངས་༡ན་གསལ།
        ﹙21﹚﹙26﹚﹙27﹚﹙36﹚དཔའ་རིས་སངས་རྒྱས་ཀྱིས་བརྩམས། 《དག་ཡིག་གབ་པ་མངོན་ཕྱུང་》ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༡༧ལོའི་༦པར་དཔར། ཤོག་གྲངས་༣༦༠  ༣༥༩  ༣༦༡  ༣༥༨བཅས་སུ་གསལ།
        ﹙23﹚《མིག་དམར་ཚེ་རིང་གི་རྩོམ་ཡིག་ཐོར་བུ་ཕྱོགས་བསྒྲིགས་》དང་པོ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༥ལོའི་ཟླ་༡༢པར་དཔར། ཤོག་གྲངས་༢༠ན་གསལ།
        ﹙28﹚《རྒྱན་གྱི་བསྟན་བཅོས་དབྱངས་ཅན་ངག་གི་རོལ་མཚོ》བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༡༩༨༦ལོའི་ཟླ་༡༢པར་དཔར། ཤོག་གྲངས༡༤ན་གསལ།
        ﹙30﹚《ལེགས་པར་བཤད་པ་རིན་པོ་ཆེའི་གཏེར་དང་འགྲེལ་པ་བཞུགས་སོ་》བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༡༩༨༢ལོའི་ཟླ་༧པར་དཔར། ཤོག་གྲངས་༢ན་གསལ།
        ﹙31﹚རྗེ་ཙོང་ཁ་པས་མཛད། 《ལམ་རིམ་ཆེན་མོ་》སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་སྒྲིག་ཁང་ནས་བསྒྲིགས། གངས་ཅན་ཁྱད་ནོར་དཔེ་ཚོགས་༩༢ཀྱི་ཤོག་གྲངས་༢༥ན་གསལ།
        ﹙35﹚《གངས་ལྗོངས་མཁས་དབང་རིམ་བྱོན་གྱི་རྩོམ་ཡིག་གསེར་གྱི་སྦྲམ་བུ་》སྟོད་ཆ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༨ལོར་དཔར། ཤོག་གྲངས་༣༡༩ན་གསལ།
        ﹙35﹚《ཚེ་ཏན་ཞབས་དྲུང་རྗེ་བཙུན་རིགས་པའི་བློ་གྲོས་མཆོག་གི་གསུང་འབུམ་》གླེགས་བམ་བཞི་པ། མི་རིགས་དཔེ་སྐྲུན་ཁང་། ༢༠༠༧ལོའི་ཟླ་༤པར་དཔར། ཤོག་གྲངས་༤༣༧ན་གསལ།
39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1