གཙོ་ངོས།>> གསར་འགྱུར།>>རྒྱལ་སྤྱི་གསར་འགྱུར།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། ༢༠༢༠ལོའི་ཟླ་བ་༠༤ཚེས་༡༦ཉིན།

ཕྱི་འབྲེལ་པུས་ཨུ་རུ་སུས་ཨ་རི་དང་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ལ་འཛིན་པའི་ལངས་ཕྱོགས་ལ་ཀྲུང་གོ་ཕྱོགས་ཀྱིས་བསྔགས་བརྗོད་བྱ་རྒྱུ་བསྟན་པ།

        ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་13ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར་ཨུ་རུ་སུའི་ཕྱི་འབྲེལ་པུས་སྤེལ་བའི་ཨ་རི་དང་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་དང་འབྲེལ་བའི་རྣམ་འགྱུར་ཐད་ཀྱི་གཏམ་བཤད་ལ་དམིགས་ཏེ། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཀྲའོ་ལི་ཅན་གྱིས་ཚེས་13ཉིན་གྱི་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག ཀྲུང་གོ་ཕྱོགས་ཀྱིས་ཨུ་རུ་སུ་ཕྱོགས་ཀྱི་ལངས་ཕྱོགས་ནི་དོན་དངོས་དང་མཐུན་ལ་དྲང་པོ་དྲང་གཞག་ཡིན་པའི་ངོས་འཛིན་བྱས་པ་མ་ཟད། བསྔགས་བརྗོད་ཀྱང་བྱ་རྒྱུ་ཡིན། ཨུ་རུ་སུ་ཕྱོགས་ཚུད་པའི་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་གོ་ལ་ཧྲིལ་པོའི་རིམས་འགོག་མཉམ་ལས་ཁྲོད་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་འགོ་ཁྲིད་ཀྱི་ནུས་པ་མུ་མཐུད་འདོན་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད།
        གནས་ཚུལ་སྤེལ་བར་གཞིགས་ན། ཚེས་12ཉིན་ཨུ་རུ་སུའི་ཕྱི་འབྲེལ་པུས་གདོང་དེབ་དྲ་ཚིགས་ཐོག རྒྱལ་ཁབ་འགའ་ཞིག་གིས་རང་རྒྱལ་ཁབ་ཀྱི་རིམས་ནད་ཐོན་ཚུལ་ཚབས་ཆེ་རུ་སོང་བའི་འགན་འཁྲི་དེ་རྒྱལ་ཁབ་གཞན་ལ་དཀྲི་བའི་བྱེད་སྟངས་དེ་ནི་མི་རྣམས་སེམས་ཁྲལ་བྱེད་དགོས་པ་ཞིག་ཡོད། ཉེ་དུས་ཨ་རིའི་འགོ་ཁྲིད་རིམ་གྲས་ཚུད་པས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ལ་འུར་ཤོབ་ཆེན་པོས་སྐྱོན་བརྗོད་བྱས་ཡོད། ཨ་རི་ཕྱོགས་ཀྱི་འབྲེལ་ཡོད་ལངས་ཕྱོགས་ནི་དགེ་མཚན་ལྡན་པ་ཞིག་མིན་ལ་དགོས་མཁོ་དང་འཚམ་པ་ཞིག་ཀྱང་མིན་པས་ཕན་འབྲས་ཐོན་མི་སྲིད། ད་རེས་ཀྱི་རིམས་ནད་ཐོན་པའི་དུས་མཚམས་ཁག་ཏུ་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་རང་གི་འགན་དབང་ཁྱབ་ཁོངས་ནང་ཚོགས་མིའི་རྒྱལ་ཁབ་ཀྱི་མཛུབ་ཁྲིད་བྱེད་ཕྱོགས་དང་ད་ཡོད་ཀྱི་ཚན་རིག་དང་མཐུན་པའི་གྲངས་གཞིར་ནན་པོར་གཞིགས་ཏེ་བྱ་སྤྱོད་སྤེལ་ཡོད་ཅེས་བཤད་ཡོད།
        ཀྲའོ་ལི་ཅན་གྱིས་ཀྲུང་གོ་ཕྱོགས་ཀྱིས་ཏོག་གསར་གློ་ཚད་རིམས་ནད་ལས་མིའི་རིགས་ལ་འཇིགས་སྣང་ཚབས་ཆེན་བཟོས་ཡོད། དུས་འདིར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཆགས་པར་བྱས་ཏེ། མཐུན་སྒྲིལ་མཉམ་ལས་བྱས་ནས་ཐུན་མོང་ཐོག་ཁ་གཏད་བཅག་ཚེ་གཞི་ནས་རྒྱལ་ཁ་ཐོབ་རྒྱུ་ཡིན་ཞེས་ཐེངས་མང་བཤད་ཡོད། “རྒྱལ་ཁབ་ཁག་གིས་འདུ་ཤེས་འཛིན་སྟངས་འདྲ་མིན་གྱི་ཆ་ལས་བརྒལ་ཏེ། དོན་མེད་སྐྱོན་འཛུགས་དང་བྱེད་མི་དགོས་པའི་དོགས་པ་རྣམས་ཕར་འཇོག་དགོས་པ་དང་ལྷག་པར་དུ་རིམས་འགོག་མཉམ་ལས་ཆབ་སྲིད་ཅན་དུ་སྒྱུར་བ་དང་། ཁ་གཡར་ནས་འགན་དཀྲི་བ། རང་ཉེས་གཞན་ལ་གཡོགས་པ་སོགས་འགོག་ཐབས་བྱེད་དགོས”ཞེས་བརྗོད་པ་རེད།
        ཁོང་གིས་རིམས་ནད་ཐོན་ཚུན། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་དོན་དངོས་དང་མཐུན་པ་དང་། ཚན་རིག་དང་མཐུན་པ། དྲང་གཞག་བཅས་ཀྱི་ལངས་ཕྱོགས་མཐའ་འཁྱོངས་ཀྱིས་རང་གི་འགན་འཁྲི་ཧུར་ཐག་བསྒྲུབས་ནས་རྒྱལ་ཁབ་ཁག་གིས་རིམས་ནད་ལ་ཁ་གཏད་གཅོག་པར་རོགས་འདེགས་དང་རྒྱལ་སྤྱིའི་རིམས་འགོག་མཉམ་ལས་ལ་སྐུལ་འདེད་གཏོང་ཆེད་ནུས་པ་གལ་ཆེན་བཏོན་ཡོད། ཉེ་ཆར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་དང་། རྒྱལ་ཁབ་མང་པོའི་འགོ་ཁྲིད་པ་དང་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འགན་འཁུར་བ་མང་པོས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན་ལུགས་བསྟན་ཡོད། ཉིན་ཤས་གོང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ཐོག་གྲོས་མོལ་བྱས་པ་བརྒྱུད་གྲོས་འཆམ་བྱུང་སྟེ། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་ནུས་པ་ཁས་བླངས་ཡོད། ཡུན་རིང་མ་སོང་གོང་འཚོགས་པའི་རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་པའི་དམིགས་བསལ་དབུ་ཚོགས་ཐོག་གསལ་བསྒྲགས་ཤིག་སྤེལ་བའི་ནང་དུའང་། རྒྱལ་སྤྱིའི་རིམས་འགོག་བྱ་སྤྱོད་ལ་མཐུན་སྦྱོར་བྱེད་པའི་ཐད་ཀྱི་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་འགན་འཁྲི་སྔར་བས་ཆེ་རུ་གཏོང་བར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་ལ་ཁས་ལེན་ཡང་བྱ་རྒྱུ་ཡིན་ཞེས་ནན་བཤད་བྱས་པ་ལས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཡོངས་ཁྱབ་ཀྱི་ལངས་ཕྱོགས་མཚོན་གྱི་ཡོད་ཅེས་བརྗོད་པ་རེད།
        “མིག་སྔར་རིམས་ནད་གོ་ལ་ཧྲིལ་པོར་མཆེད་བཞིན་ཡོད། དེས་ན་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་སྟོབས་ཤུགས་གཅིག་སྒྲིལ་དང་མཐུན་སྒྲིལ་མཉམ་ལས་བྱས་ཏེ། མིའི་རིགས་ཀྱི་ཐུན་མོང་གི་དགྲ་བོ་ཏོག་གསར་ནད་དུག་ལས་རྣམ་པར་རྒྱལ་བ་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཨུ་རུ་སུ་ཚུད་པའི་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་གོ་ལ་ཧྲིལ་པོའི་རིམས་འགོག་མཉམ་ལས་ཁྲོད་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་འགོ་ཁྲིད་ཀྱི་ནུས་པ་མུ་མཐུད་འདོན་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན”ཞེས་ཀྲའོ་ལི་ཅན་གྱིས་བརྗོད་པ་རེད།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1