གཙོ་ངོས།>> ཞིབ་འཇུག>>སྐད་ཡིག

བུམ་པ་རྒྱལ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། བོད་ལྗོངས་སློབ་གྲྭ་ཆེན་མོའི་རིག་དེབ། སྤེལ་དུས། ༢༠༢༠ལོའི་ཟླ་བ་༠༤ཚེས་༡༥ཉིན།

༄༅།།དུས་རབས་བཅོ་བརྒྱད་པའི་བོད་ཀྱི་བརྡ་སྤྲོད་རིག་པའི་ཁྱད་ཆོས་དང་དེས་ཕྱིས་བོད་ཀྱི་བརྡ་སྤྲོད་རིག་པར་ཐེབས་པའི་ཤུགས་རྐྱེན་སྐོར་རོབ་ཙམ་གླེང་བ།


བུམ་པ་རྒྱལ།
        གནད་བསྡུས། རྩོམ་འདིར་དུས་རབས་བཅོ་བརྒྱད་པའི་བོད་ཀྱི་བརྡ་སྤྲོད་རིག་པའི་གནས་བབ་ལ་ཕྱོགས་བསྡོམས་བྱས་པ་དང་། སྒོས་སུ་པྲ་ཏི་དང་སི་ཏུ་རྣམ་གཉིས་ཀྱིས་མཛད་པའི་བརྡ་སྤྲོད་གཞུང་ལུགས་གཙོར་བཟུང་གིས་དབྱེ་ཞིབ་དང་ཆབས་ཅིག གནད་དོན་བྱེ་བྲག་པ་དག་ལ་དོགས་གཅོད་བྱས་ཡོད་པ་མ་ཟད། སྐབས་དེའི་བརྡ་སྤྲོད་ཞིབ་འཇུག་གི་ཐོལ་བརྒལ་དང་ཁྱད་ཆོས་གླེང་ཁར། དེས་ཕྱིས་ཀྱི་བོད་ཀྱི་བརྡ་སྤྲོད་རིག་པ་དར་འཕེལ་དང་ཞིབ་འཇུག་བྱ་གཞག་ལ་ཐེབས་པའི་ཤུགས་རྐྱེན་ཡང་གླེང་འདུག
  གནད་ཚིག དུས་རབས་བཅོ་བརྒྱད་པ། བོད་ཀྱི་བརྡ་སྤྲོད་རིག་པ། ཁྱད་ཆོས།
  [ཀྲུང་གོའི་དཔེ་དེབ་དབྱེ་རྟགས།]   H214 [ཡིག་ཚང་མཚོན་བྱང་།]  A [རྩོམ་གྱི་གོ་རིམ་ཨང་སྒྲིག]1005-5746(2019)03-121-16
  བོད་ཀྱི་བརྡ་སྤྲོད་རིག་པའི་བྱུང་འཕེལ་ལོ་རྒྱུས་ལ་གཞིགས་ན། ལོ་ངོ་སྟོང་ཕྲག་ཁ་ཤས་ཀྱི་སྔོན་ལ་《བོན་གྱི་བརྡ་སྤྲོད་ཉི་ཤུ་བདུན་པ》ཞེས་པ་དར་མྱོང་བའི་བཤད་རྒྱུན་ཡོད་ཀྱང་། ཡིད་རྟོན་འཕེར་བའི་སྒྲུབ་བྱེད་ཅིག་ད་ཕན་རྙེད་མེད་པས། བོད་ཀྱི་བརྡ་ཡང་དག་པར་སྦྱོར་བའི་བརྡ་སྤྲོད་གཞུང་ལུགས་ཀུན་གྱི་ཕྱི་མོ་ལ་སུམ་ཅུ་པ་དང་རྟགས་ཀྱི་འཇུག་པའི་གཞུང་འདི་གཉིས་བགྲངས་དགོས་པ་ལས་འོས་མེད། སློབ་དཔོན་ཐོན་མིས་མཛད་པར་གྲགས་པའི་བསྟན་བཅོས་འདི་གཉིས་ལ་དང་ཐོག་ནས་རྩ་བ་བསྡུས་མ་ཞིག་ལས་འགྲེལ་པ་ཞིབ་རྒྱས་ཤིག་མཐོང་དུ་མེད་གཤིས། རྩ་བའི་གནད་དོན་བྱེ་བྲག་པ་རེ་ལ་བློ་ཞིབ་མོས་གནད་དུ་བསྣུན་ནས་འབྲུ་འགྲེལ་དང་དོན་འགྲེལ། ཚིག་འགྲེལ་སོགས་འགྲེལ་པ་རྒྱ་ཆེར་བརྩམས་ཏེ་འགྲེལ་བྱེད་མཛད་པ་ནི་ཕྱིས་ཀྱི་མཁས་པ་རྣམས་ཀྱིས་མཛད་པར་བགྲངས་དགོས་པ་བསྙོན་དུ་མེད། འགྲེལ་མཛད་མཁས་པ་དེ་རྣམས་ལས་བརྡ་སྤྲོད་ཀྱི་གཞུང་དོན་ཟབ་མོ་ལ་ལུང་དང་རིགས་པ་སྦྱར་ནས་མཐའ་དཔྱོད་བྱས་ཤིང་། བོད་ཀྱི་བརྡ་སྤྲོད་རིག་པའི་བྱུང་འཕེལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་ཆ་ལ་ནུས་པ་བླ་ལྷག་འདོན་མཁན་འགའ་ཤས་མཆིས་ཏེ། དུས་རབས་བཅུ་གསུམ་པའི་ནང་དུ་དབུས་པ་བློ་གསལ་བྱང་ཆུབ་ཡེ་ཤེས་ཀྱིས་སུམ་ཅུ་པ་དང་རྟགས་ཀྱི་འཇུག་པའི་འགྲེལ་པ་ཞེས་སུམ་རྟགས་གཉིས་མ་འདྲེས་པར་སོ་སོར་ཕྱེས་ནས་སུམ་རྟགས་རྩ་གཞུང་གཉིས་པོ་ཐད་ཀར་བཀྲལ་བ་དང་། དུས་རབས་བཅུ་བདུན་པའི་ནང་དུ་རྣམ་གླིང་པཎ་ཆེན་དཀོན་མཆོག་ཆོས་གྲགས་ཀྱིས་སྔར་འགྲེལ་ཁག་གི་འགྲེལ་པའི་ཁུངས་གསལ་པོར་བསྟན་ནས་འགྲེལ་མཛད་པ་སྔ་མ་རྣམས་ཀྱི་ལྟ་བ་ལ་སུན་འབྱིན་དང་དགག་སྒྲུབ་མཛད་དེ་དེང་གི་རིག་གཞུང་ཉམས་ཞིབ་ཀྱི་འགྲོས་དང་མཐུན་པའི་བགྱི་བ་མང་དུ་བྱས་པར་བརྟེན། བོད་ཀྱི་བརྡ་སྤྲོད་གཞུང་ལུགས་དགག་སྒྲུབ་ཀྱི་ལམ་ནས་འཕེལ་རྒྱས་སུ་འགྲོ་བར་ཕན་པ་ཆེ་ཆེར་བྱུང་ཞིང་། དེ་ནས་བཟུང་སྟེ་སུམ་རྟགས་རྩ་གཞུང་གཉིས་ལ་འགྲེལ་པ་ཞིབ་རྒྱས་འབྲི་བའི་འགོ་ཚུགས་ཡོད། དུས་རབས་བཅོ་བརྒྱད་པར་པྲ་ཏི་རིན་ཆེན་དོན་གྲུབ་དང་ཀརྨ་སི་ཏུ་བསྟན་པའི་ཉིན་བྱེད་རྣམ་གཉིས་ཀྱིས“སྔར་འགྲེལ་ཁག་གི་བཞེད་པ་མི་མཐུན་པ་དག་ལ་དཔྱད་གླེང་ཞིབ་བསྡུར་གྱིས་གོ་རིམ་མཐར་ཆགས་སུ་སུམ་རྟགས་རྩ་བའི་དགོངས་པ་དངོས་ལ་རེག་ཅི་ཐུབ་ཀྱིས། རྩ་བའི་ཚིག་གི་འབྲུ་གནོན་སྟངས་དང་། དེའི་དོན་གྱི་གནད་འབྱིན་སྟངས། གཞུང་གི་ཁོག་འབུབས་སྟངས་བཅས་ལ་སྐབས་དོན་ཕན་ཚུན་མ་འདྲེས་པར་གསལ་བར་བྱས་ཏེ།”[1]སུམ་རྟགས་ཀྱི་གཞུང་དོན་རྒྱས་པར་བཀྲལ་བ་དང་། ཁྱད་པར་དུ་སི་ཏུས་“སུམ་རྟགས་སུ་མ་གསལ་བ་《སྨྲ་སྒོ་མཚོན་ཆར》བཀོད་པའི་བརྡ་སྤྲོད་ཀྱི་རྣམ་གཞག་རྣམས་ལ་མཐའ་ཆོད་པའི་དཔྱད་པ་མཛད་དེ་གཅིག་ཏུ་མི་འཐད་པའམ་ཡང་ན་དོགས་པའི་གཞིར་གྱུར་པ་རྣམས་ལ་དགག་གཞག་རྒྱས་པར་མཛད་ཐོག བོད་ཀྱི་བརྡ་སྤྲོད་ཀྱི་གཞུང་སུམ་རྟགས་དང་《སྨྲ་སྒོ་མཚོན་ཆ》གསུམ་ཀ་ཟུང་དུ་འབྲེལ་བའི་གནའ་སྲོལ་གྱི་བརྡ་སྤྲོད་ཀྱི་རིགས་ལམ་དཔྱིས་ཕྱིན་པ་རྒྱས་པར་གཏན་ལ་ཕབ”[2]པ་དང་། གཞན་ཡི་གེའི་འབྱུང་གནས་དང་འབྱིན་ཐབས། བཀླག་ཐབས་ཀྱི་སྐོར་ལ་ཉམས་ཞིབ་གནད་དུ་འཕིགས་པ་བྱས་ཤིང་། རྗེས་འཇུག་གི་རྟགས་ཀྱི་དབྱེ་ཚུལ་སོགས་ལ་རང་ལུགས་གསར་དུ་བཏོན་པ་ནས། བོད་ཀྱི་བརྡ་སྤྲོད་རིག་པའི་དཀའ་གནད་མང་པོ་ཞིག་གསལ་བཀྲོལ་བྱེད་ཐུབ་པ་བྱུང་སྟེ། བརྡ་སྤྲོད་ཞིབ་རྒྱས་གཉིས་ལྡན་ཅན་དང་འཆད་ཉན་ཆེས་ཆེར་རྒྱས་པར་དགེ་མཚན་མི་དམན་པ་ལྡན་པར་བྱས། ཕྱི་ནང་གི་བོད་ཀྱི་བརྡ་སྤྲོད་སྨྲ་བར་ཁས་འཆེས་པ་རྣམས་ཀྱིས་སི་ཏུ་དང་པྲ་ཏི་གཉིས་བྱོན་མྱོང་པའི་དུས་རབས་བཅོ་བརྒྱད་པ་ནི་བོད་ཀྱི་བརྡ་སྤྲོད་རིག་པའི་གཞུང་ལུགས་ཚད་ལྡན་ཅན་དུ་འགྱུར་བའི་དཀྱོགས་མཚམས་ཤིག་ཏུ་ངོས་འཛིན་བཞིན་ཡོད་པ་ལ། དུས་རབས་འདིའི་བོད་ཀྱི་བརྡ་སྤྲོད་རིག་པའི་སྤྱིའི་གནས་བབ་དང་ཁྱད་ཆོས། ཤུགས་རྐྱེན་སོགས་ལ་དཔྱད་འཇོག་གི་རིན་ཐང་ཆེ་བར་བསམས་ནས་འདིར་དེའི་སྐོར་མདོར་ཙམ་བརྗོད་པར་བྱ་སྟེ།
  དང་པོ།  དུས་རབས་བཅོ་བརྒྱད་པའི་བོད་ཀྱི་བརྡ་སྤྲོད་རིག་པའི་གནས་བབ།
  དུས་རབས་བཅོ་བརྒྱད་པར་པྲ་ཏི་དང་སི་ཏུ་རྣམ་གཉིས་གཙོས་པའི་རིག་པའི་གནས་ཀུན་ལ་གཞན་དྲིང་མི་འཇོག་པའི་མཁས་པ་ཨ་ལག་ཤ་ངག་དབང་བསྟན་དར་དང་ལྕང་སྐྱ་རོལ་པའི་རྡོ་རྗེ་སོགས་བྱུང་སྟེ། བརྡ་སྤྲོད་བསྟན་བཅོས་དུ་མ་མཛད་པས། “སུམ་རྟགས་གཉིས་ནི་བོད་ཀྱི་གཞུང་ཀུན་ལས་ཆེས་མང་བའི་བསྟན་བཅོས་དག་ཏུ་གྱུར་ཏོ། །”[3]ཡིན་ནའང་། བོད་ཀྱི་བརྡ་སྤྲོད་ཉམས་ཞིབ་པ་ཕལ་མོ་ཆེས་དུས་རབས་འདིའི་བརྡ་སྤྲོད་རིག་པ་འཆད་སྐབས། པྲ་ཏི་དང་སི་ཏུ་རྣམ་གཉིས་ཀྱི་མཛད་པ་བརྗོད་པར་རིངས་ནས། འགྲེལ་མཛད་པ་གཞན་རྣམས་ཀྱི་བསྟན་བཅོས་ཀྱི་ཁྱད་ཆོས་སོགས་གླེང་བ་བཏང་སྙོམས་སུ་བཞག་ཡོད་པ་ལྟ་བུར་སྣང་བ་ལ། ད་ཐེངས་བདག་གིས་དུས་རབས་འདིའི་བརྡ་སྤྲོད་བསྟན་བཅོས་རྣམས་ལ་ཡོངས་ཁྱབ་ཀྱིས་འཇུག་སྟེ། དེ་དག་གི་ཁྱད་ཆོས་སོགས་སྤྱི་བསྡོམས་བྱ་རྩིས་ཡིན་མོད་ཀྱི། རྒྱུ་ཆ་འཚོལ་སྡུད་བྱེད་དཀའ་བ་དང་ཡིག་ཚོགས་ལ་འཇིགས་པ་སོགས་ཀྱི་དབང་གིས། 《སུམ་ཅུ་པའི་མཐའ་དཔྱོད་ཆེན་མོ་རྒྱལ་བ་དགྱེས་པའི་མཆོད་སྤྲིན》[4]ཞེས་པའི་སུམ་རྟགས་གཉིས་ཀྱི་འགྲེལ་པ་གསར་རྙིང་གང་རྙེད་ཀྱི་མཚན་ཐོ་རུ་བཀོད་པའི་དུས་རབས་འདིའི་བསྟན་བཅོས་འབའ་ཞིག་གུང་བསྒྲིགས་ཏེ། དེ་ལས་བསྟན་བཅོས་ཁ་ཤས་ཤིག་ཁོལ་དུ་བཏོན་ནས་ཁྱད་ཆོས་སོགས་སྤྱི་བསྡོམས་རགས་ཙམ་བྱ་སྟེ།
  གོང་སྨྲས་ཀྱི་མཚན་ཐོ་དེ་ལྟར་ན་དུས་སྐབས་འདིར་བརྡ་སྤྲོད་ཀྱི་བསྟན་བཅོས་བཅུ་ཙམ་བྱུང་ཡོད་དེ། པྲ་ཏི་རིན་ཆེན་དོན་གྲུབ་ཀྱི་《སུམ་ཅུ་པའི་རྣམ་བཤད་ཀུན་བཟང་དགོངས་རྒྱན》དང་། ཀརྨ་སི་ཏུ་བསྟན་པའི་ཉིན་བྱེད་ཀྱི་《སུམ་རྟགས་འགྲེལ་ཆེན་མཁས་པའི་མགུལ་རྒྱན་མུ་ཏིག་ཕྲེང་མཛེས》ལྕང་སྐྱ་རོལ་པའི་རྡོ་རྗེའི་《སུམ་རྟགས་འགྲེལ་པ་བློ་ལྡན་དགའ་སྐྱེད》ཨ་ལག་ཤ་ངག་དབང་བསྟན་དར་གྱི་《སུམ་རྟགས་འགྲེལ་པ་སྐལ་ལྡན་ཡིད་ཀྱི་པདྨོ་འབྱེད་པའི་སྣང་མཛོད》དང་། 《ཡི་གེའི་བཤད་པ་མཁས་པའི་ཁ་རྒྱན》རྡོ་རིང་པཎྜི་ཏ་བསྟན་འཛིན་དཔལ་འབྱོར་གྱི་《སུམ་རྟགས་འགྲེལ་པ་ཨུཧྥལའི་རྣ་རྒྱན》རིག་འཛིན་ཀུན་གྲོལ་གྲགས་པའི་《སུམ་རྟགས་འགྲེལ་པ་ཀུན་སྣང་སྒྲོན་མེ》རྔ་རྒོད་ནམ་མཁའ་སེང་གེ་ཡི་《སུམ་རྟགས་འགྲེལ་པ་ཉུང་གསལ་བློ་ལྡན་དགའ་སྐྱེད》ཨ་ཀྱུ་བསྟན་པའི་རྒྱལ་མཚན་གྱི་《སུམ་རྟགས་འགྲེལ་པ་བློ་གྲོས་པདྨོ་འབྱེད་པའི་སྣང་བ》ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱི་《སུམ་རྟགས་འགྲེལ་པ་ཚིག་དོན་གསལ་བྱེད》བཅས་སོ། །
  དེ་ལས་པྲ་ཏི་དང་སི་ཏུ་གཉིས་ཀྱི་བརྡ་སྤྲོད་ཀྱི་ཁྱད་ཆོས་སོགས་འོག་གི་ས་བཅད་དུ་ཅུང་རྒྱས་པར་བརྫོད་རྩིས་ཡིན་པས། འདིར་དེའི་སྐོར་སྤྲོ་བར་མི་བྱ་སྟེ། ལྕང་སྐྱ་རོལ་པའི་རྡོ་རྗེས་མཛད་པའི་《སུམ་རྟགས་འགྲེལ་པ་བློ་ལྡན་དགའ་སྐྱེད》[5]ཅེས་པ་ལྟ་བུ་ལ་མཚོན་ན་སུམ་རྟགས་གཉིས་ཀྱི་ཚིག་འགྲེལ་ཁོ་ན་ཙམ་མ་ཡིན་པར། དེ་རུ་བོད་ཀྱི་བརྡ་སྤྲོད་གཞུང་གི་བརྗོད་བྱའི་དོན་རྣམས་འདྲིལ་བར་བྱས་ཡོད་པ་སྟེ། སུམ་ཅུ་པའི་སྐབས་སུ་ཐོག་མར་བོད་ཀྱི་ཡི་གེའི་རྣམ་གཞག་བཤད་ཅིང་། བར་དུ་རྣམ་དབྱེ་བརྒྱད་ལ་དཔེར་བརྗོད་དང་བཅས་བཀོད་ནས་གསལ་བཤད་བྱས་ཡོད། ཐ་མར་སྔོན་རྗེས་མིང་གསུམ་དང་། རྣམ་དབྱེ་སོ་སོའི་དབྱེ་བ་ཤེས་ན་ཡི་གེའི་སྦྱོར་བ་ལ་མཁས་པ་དང་། འབྲི་ཀློག་ལ་ཐོགས་པ་མེད་པར་འགྱུར་ངེས་པ་བསྟན་ཡོད། རྟགས་ཀྱི་འཇུག་པའི་རྣམ་གཞག་འཆད་སྐབས་སུ། མིང་གཞིའི་ཡི་གེའི་སྤྱིའི་རྟགས་ཀྱི་འཇུག་པ་དང་། སྔོན་འཇུག་དང་རྗེས་འཇུག་གི་རྟགས་ཀྱི་འཇུག་ཚུལ་སོགས་སྙིང་པོ་མདོར་བསྡུས་ཀྱི་སྒོ་ནས་བརྗོད་ཡོད་པ་གོ་སླ་ཞིང་བབ་ཆགས་པ་ཞིག་སྟེ། སི་ཏུ་སོགས་རང་ལུགས་འདོན་པར་མཁས་པའི་འགྲེལ་མཛད་པ་རྣམས་ཀྱི་འགྲེལ་པ་དང་བསྡུར་ན། ཚིག་ཉུང་ལ་དོན་དྲིལ་བའི་ཁྱད་ཆོས་ལྡན་ནོ། །འགྲེལ་པ་འདིའི་མཇུག་ཏུ“ཞྭ་ལུ་ལོ་ཆེན་གྱི་འགྲེལ་པ་ཇི་ལྟ་བུ་བཞིན་བཏུས་ཏེ་བྲིས་པའོ། །”[6]ཞེས་བཀོད་པ་འདི་ལས་སྐབས་དེར་སི་ཏུ་དང་པྲ་ཏི་གཉིས་ཀྱི་ལུགས་དར་ཆེ་ནའང་། ཞ་ལུ་ལོ་ཆེན་སོགས་སྔར་འགྲེལ་མཁས་པ་རྣམས་ཀྱི་རྗེས་སུ་འཇུག་མཁན་དག་གིས་སྔར་འགྲེལ་ཁག་གི་རྒྱུད་པ་ཟམ་མ་ཆད་པར་བསྐྱངས་ཏེ། སྐབས་དེའི་བརྡ་སྤྲོད་རིག་པ་གྲ་རྒྱས་ཕུན་ཚོགས་སུ་གཏོང་བཞིན་པ་མངོན་པར་མཚོན་ཡོད།
  གཞན་ཨ་ལག་ཤ་ངག་དབང་བསྟན་དར་གྱིས་མཛད་པའི་《སུམ་རྟགས་འགྲེལ་པ་སྐལ་ལྡན་ཡིད་ཀྱི་པད་མ་འབྱེད་པའི་སྣང་མཛོད》[7]རུ་སུམ་རྟགས་གཉིས་ཀྱི་དོན་གོ་སླ་བར་བསྡུས་ཤིང་དཀའ་བའི་གནད་རྣམས་ལ་ཞིབ་མོའི་ལུགས་ཀྱིས་དོགས་པ་བསླངས་ཡོད་དེ། དཔེར་ན། “ཚིགས་བཅད་སུམ་ཅུ་ཉིད་ཀྱིས་རྫོགས་པས་གྲངས་ངེས་པའི་སྒོ་ནས་བཏགས་པའི་ཕྱིར་རོ། །”[8]ཞེས་པའི་སི་ཏུའི་སུམ་ཅུ་པའི་མཚན་དོན་འགོད་སྟངས་འདིར་མ་འཐད་པའི་ཚུལ་ལ། ཚིགས་བཅད་སུམ་ཅུ་ལ་རྐང་པ་གཅིག་གིས་མི་འདང་བས་ད་དུང་དཔྱད་པར་བྱ་བའི་གཞིའོ་ཞེས་པ་ལྟ་བུའོ། ། ཁོང་གིས་འདི་ལྟར་མཁས་པ་རྣམས་ཀྱི་བཞེད་པ་མི་མཐུན་པ་རྣམས་ལ་མཐའ་དཔྱད་གནང་སྟེ་རང་ལུགས་མང་དུ་བཀོད་ཡོད་པས། ཕྱིས་ཀྱི་བརྡ་སྤྲོད་སྨྲ་བ་རྣམས་ཀྱིས་ཁུངས་སུ་བརྟེན་པའི་བསྟན་བཅོས་གལ་ཆེན་ཞིག་ཏུ་གྱུར་ཡོད།
  ཡང་རྡོ་རིང་པཎྜི་ཏ་བསྟན་འཛིན་དཔལ་འབྱོར་གྱི་《སུམ་རྟགས་འགྲེལ་པ་ཨུཏྤལའི་རྣ་རྒྱན》རུ། སྔར་གྱི་མཁས་པ་དག་གི་བཞེད་པ་ལ་དོགས་དཔྱོད་བྱས་ཏེ་རང་ལུགས་བཏོན་ཡོད་པ་སྟེ། ཡི་གེ་ཨ་ལི་ཀཱ་ལི་གཉིས། །ཞེས་པ་ནས། ཀུན་གྱིས་དེ་ལྟར་རྟོགས་གྱུར་ཅིག །ཅེས་པ་ཡན་ལ་ཚིག་རྐང་བཞི་རེར་ཤོ་ལོ་ཀ་རེའི་དབང་དུ་བྱས་པའི་ཤོ་ལོ་ཀ་སུམ་ཅུ་ཐམ་པ་ཡོད་པས་སུམ་ཅུ་པ་ཞེས་མཚན་བཏགས་པར་འདོད་དེ། སུམ་རྟགས་གཉིས་ཀྱི་མཚན་དོན་འཇོག་སྟངས་སོགས་ཕྱོགས་གང་ནས་བལྟས་ཀྱང་ཁོང་ནི་སི་ཏུའི་རྗེས་སུ་འབྲངས་མཁན་གཤའ་མ་ཞིག་ཡིན་ལ། རྗེས་བྱོན་འགྲེལ་མཛད་པ་རྣམས་ཀྱི་བསྟན་བཅོས་ཁག་ཏུ་ཁོང་གི་བཞེད་པ་དག་ལུང་འདྲེན་བྱས་པ་མང་དུ་མཐོང་ཐུབ།
  རིག་འཛིན་ཀུན་གྲོལ་གྲགས་པས་མཛད་པའི་《སུམ་རྟགས་འགྲེལ་པ་ཀུན་སྣང་གསལ་བའི་སྒྲོན་མེ》[9]ཞེས་པ་ནི། སུམ་རྟགས་གཉིས་ཀྱི་འགྲེལ་པ་ཁོ་ན་ཙམ་མ་ཡིན་ཏེ། དེ་རུ་སུམ་ཅུ་པ་དང་རྟགས་ཀྱི་འཇུག་པ། སྔགས་ཀློག་ཐབས་བཅས་ས་བཅད་ཆེན་མོ་གསུམ་དུ་ཕྱེས་ཤིང་། སུམ་ཅུ་པ་དང་རྟགས་ཀྱི་འཇུག་པའི་ས་བཅད་དུ། “རྣམ་གླིང་པཎ་ཆེན་སོགས་ཀྱི་འགྲེལ་ཚུལ་ཐ་དད་པ་མང་པོ་ལུང་དུ་དྲངས་བ་དང་། པྲ་ཏིའི་སུམ་རྟགས་ཀྱི་བཤད་ཚུལ་འགའ་རེ་མཐུན་ཕྱོགས་སུ་བཀོད་པར་མ་ཟད། སུམ་ཅུ་པའི་དབུར་འགྱུར་ཕྱག་གི་ཚུལ་བཀོད་པའི་དགོས་པ་འཆད་སྐབས། “དེ་ལ་ཁོ་ན་རེ།”ཞེས་སི་ཏུའི་གསུང་ཚུལ་རྣམ་གྲངས་སུ་བཀོད་ཡོད་ལ། ཡང་སླར་བསྡུའི་སྐབས་སུ་ཞ་ལུ་ལོ་ཆེན་གྱིས་“བྱའོ་སྙམ་ནས་ཡོད་དོ། །”ཞེས་པ་སླར་བསྡུ་ཙམ་པོ་བར་འདོད་པ་མི་འཐད་པར་ཇི་ལྟར་བཀག་པའི་ཚུལ་ཡང་པྲ་ཏིའི་གསུང་གི་ཚིག་རིས་ཇི་བཞིན་བཤུས་ཏེ་བཀོད”[10]ཡོད་པར་བལྟས་ན། རྩོམ་མཁན་ཁོང་ཉིད་ནི་མཁས་པ་སྔ་མ་དག་གི་གསུང་གི་ལེགས་ཆ་བསྡུས་ནས་སུམ་རྟགས་ཀྱི་གཞུང་དོན་ལ་དཔྱོད་པར་མཁས་པ་ཞིག་ཡིན་པ་གསལ་པོར་རྟོགས་ནུས་སོ། །
  《སུམ་རྟགས་འགྲེལ་པ་བློ་ལྡན་དགལསྐྱེད》[11]ནི་རྔ་རྒོད་ནམ་མཁའ་སེང་གེས་མཛད་པ་ཡིན་ལ། སུམ་ཅུ་པ་དང་རྟགས་ཀྱི་འཇུག་པ་གཉིས་ཀའི་ཚིག་དོན་འགྲེལ་པར་བྱས་ཤིང་། སུམ་ཅུ་པ་ལ་མཚན་གྱི་དོན་དང་གཞུང་གི་དོན། མཇུག་གི་དོན་བཅས་ས་བཅད་གསུམ་དུ་ཕྱེས་ཤིང་། རྟགས་ཀྱི་འཇུག་པ་བཤད་པ་ལ། ཀླད་ཀྱི་དོན། གཞུང་གི་དོན། མཇུག་གི་དོན་བཅས་གསུམ་དུ་བགོས་ཡོད་པས། ས་བཅད་བགོ་སྟངས་སོགས་ཕྱོགས་གང་ཅིའི་ཐད་ནས་བལྟས་ཀྱང་པྲ་ཏིའི་སུམ་རྟགས་ཀྱི་རྗེས་སུ་འབྲངས་མཁན་ཞིག་ཡིན་པ་དཔོག་ཐུབ།《སུམ་རྟགས་འགྲེལ་པ་ཚིག་དོན་གསལ་བྱེད》[12]ནི་ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱིས་མཛད་ཅིང་། ཚིག་དོན་གཉིས་ཆ་ནས་སུམ་རྟགས་གཉིས་ཀྱི་དགོངས་དོན་གསལ་བར་བྱས་ཤིང་། ལྷག་པར་དུ་རྟགས་འཇུག་ལ་རྣམ་གླིང་དང་ཞ་ལུ་སོགས་ཀྱི་ལྟ་ཚུལ་ལུང་དུ་དྲངས་ཏེ་གནད་དོན་ཁག་ཅིག་ལ་མཐའ་དཔྱོད་བྱས་ཡོད་ཀྱང་། རང་ལུགས་འཐད་ལྡན་དུ་བཏོན་ནས་བརྡ་སྤྲོད་ཀྱི་འཕེལ་རྒྱས་ལ་བྱས་རྗེས་བཞག་པའི་རིགས་སུ་ནི་མི་གཏོགས་སོ། །
  མདོར་ན་དུས་རབས་འདིར་སྔར་འགྲེལ་ཁག་གི་བཞེད་པ་ཁུངས་སུ་བརྟེན་པའི་འགྲེལ་པ་སྣ་ཚོགས་བྱུང་ཡོད་པ་སྟེ། ས་བཅད་བགོ་སྟངས་ཀྱི་ཆ་ནས་པྲ་ཏི་དང་སི་ཏུ་སོགས་ཀྱི་རྗེས་སུ་འབྲངས་ནས་ས་བཅད་བགོ་བ་དང་། དེ་དག་དང་ཅུང་མི་མཐུན་པའི་ས་བཅད་དབྱེ་སྟངས་ཀྱང་མང་དུ་ཡོད་ལ། ནང་དོན་གྱི་ཆ་ནས་སུམ་རྟགས་མ་ཡིན་པའི་བསྟན་བཅོས་ཏེ་སྔགས་ཀློག་ཐབས་སོགས་ལ་ཡང་ཉམས་ཞིབ་མཛད་ཡོད། འགྲེལ་པ་བྱེད་སྟངས་སྤྱིའི་ཆ་ནས་ཁ་གསལ་ཞིང་གོ་བདེ་ལ། བབ་ཆགས་ཤིང་དོན་དྲིལ་བའི་ཁྱད་ཆོས་ཀྱིས་མངོན་པར་ཕྱུག་ཡོད་པའོ། །
  གཉིས་པ། བྱེ་བྲག་ཏུ་པྲ་ཏི་དང་སི་ཏུ་རྣམ་གཉིས་ཀྱི་བརྡ་སྤྲོད་ཀྱི་ཁྱད་ཆོས།
  གོང་དུ་དུས་རབས་འདིར་བྱུང་བའི་བརྡ་སྤྲོད་བསྟན་བཅོས་ཁག་གི་འགྲེལ་བརྫོད་ལས་ཤེས་གསལ་ལྟར། དུས་རབས་བཅོ་བརྒྱད་པར་བརྡ་སྤྲོད་ཀྱི་འགྲེལ་མཛད་པ་མང་དུ་བྱུང་སྟེ། སུམ་རྟགས་རྩ་གཞུང་གཉིས་ལ་ཁ་གསལ་གོ་བདེ་ཡི་སྒོ་ནས་འགྲེལ་པ་མཛད་ཡོད་པ་མངོན་གསལ་ཡིན་མོད་ཀྱང་། བརྡ་སྤྲོད་ཀྱི་དཀའ་གནས་ཁག་དཀྲོལ་བར་རང་ལུགས་འགོད་མཁན་ལ་པྲ་ཏི་དང་སི་ཏུ་རྣམ་གཉིས་ཀྱི་མཛད་པ་ལས་ཆེ་བ་ཞིག་མེད་པས། དུས་རབས་བཅོ་བརྒྱད་པའི་བརྡ་སྤྲོད་ཀྱི་ཁྱད་ཆོས་བརྗོད་སྐབས། སི་ཏུ་དང་པྲ་ཏི་རྣམ་གཉིས་ཀྱིས་བརྡ་སྤྲོད་ལ་བཏོན་པའི་དགོངས་པ་ཁྱད་པར་བ་རྣམས་ཁོལ་དུ་བྱུང་སྟེ་བཤད་པ་ལས་འོས་མེད། དེས་ན་ཐོག་མར་པྲ་ཏིའི་《སུམ་ཅུ་པའི་འགྲེལ་པ་ཀུན་བཟང་དགོངས་རྒྱན》དང་། 《རྟགས་འཇུག་བཤད་སྦྱར་ཚིགས་བཅད་མ》ཞེས་པའི་བསྟན་བཅོས་འདི་གཉིས་ལ་ཁྱད་ཆོས་འགའ་མཆིས་སྙམ་སྟེ།
  གཅིག སུམ་རྟགས་གཞུང་ལྟར་དབྱངས་གསལ་གྱི་རྣམ་གྲངས་བཀོད་པ།
  སྔར་གྱི་མཁས་པ་སོ་སོས་བོད་ཡིག་གི་གསལ་བྱེད་ཨ་ཡིག་གི་སྒྲ་འདོན་སྟངས་ལ་ལྟ་སྟངས་མི་མཐུན་པའི་དབང་གིས། དབྱངས་གསལ་གཉིས་ཀྱི་རྣམ་གྲངས་འགོད་སྟངས་ཀྱང་མི་འདྲ་པ་བྱུང་ཡོད་པ་སྟེ། 《ཡི་གེའི་བཀླག་ཐབས་བྱིས་པ་བདེ་བླག་ཏུ་འཇུག་པ》ལས། “ཨ་ནི་རང་ཉིད་བརྫོད་རུང་སྟེ། །སེང་གེ་ལྟ་བུའི་ཨ་ཞེས་བྱ། །ཨི་ཨུ་ཨེ་ཨོ་ཡན་ལག་ཕྱིར། །ཡན་ལག་གི་ནི་ཨ་ཞེས་བྱ། །སེང་གེ་འདྲ་དང་བརྒྱ་བྱིན་མིག།གླང་སྣ་འོད་མ་བསྒྲེང་འདྲ་དང་། །ཐང་གུག་དཔེ་ལྔས་བསྟན་པས་ན། །སྟོང་ཆེན་ཡི་གེ་ལྔ་ཞེས་གསུངས། །”[13]ཞེས་དང་། ས་པཎ་ཀུན་དགལརྒྱལ་མཚན་གྱི་《ཡི་གེའི་བཤད་པ་མཁས་པའི་ཁ་རྒྱན》དུ། “དེ་ལ་དང་པོར་དབྱངས་རྣམས་ནི་ལྔའོ། །ཨ་ཡིག་བོར་བ་རྣམས་ནི་འདིར་ཡན་ལག་གོ །”[14]ཞེས་པ་དང་། ཡང་《དག་ཡིག་ངག་སྒྲོན》དུ། “དབྱངས་ལྔ་ཡ་ར་ལ་ཝའི་འདོགས།”[15]ཞེས་དབྱངས་ལྔ་རུ་འདོད་ལ། 《སྨྲ་སྒོ་མཚོན་ཆའི》རྗེས་འབྲངས་པ་རྣམས་ཀྱིས་དབྱངས་བདུན་དུ་འདོད་ཅིང་། ཞ་ལུ་ལོ་ཆེན་སོགས་ཀྱིས་སུམ་རྟགས་མ་ཡིན་པའི་བསྟན་བཅོས་འདི་དག་གི་ལྟ་ཚུལ་བཀག་སྟེ་དབྱངས་བཞི་རུ་འདོད། རྣམ་གླིང་པཎ་ཆེན་གྱིས་གོང་སྨྲས་ཀྱི་སུམ་རྟགས་མ་ཡིན་པའི་བསྟན་བཅོས་འདི་དག་གི་རྗེས་སུ་འབྲངས་ཏེ་དབྱངས་ལྔ་རུ་འདོད་པ་ལ། པྲ་ཏིས་ཞ་ལུ་ལོ་ཆེན་སོགས་ཀྱི་དགོངས་པའི་རྒྱུན་བསྐྱངས་ཤིང་། རྣམ་གླིང་པཎ་ཆེན་སྔ་རྒོལ་གྱི་གཙོར་བསླངས་ནས་སྔར་འགྲེལ་རྣམས་ཀྱི་ཨ་ཡིག་དབྱངས་སུ་འགྲོ་ཚུལ་གྱི་ལྟ་དགོངས་དེར་ཞིབ་མོ་རྣམ་འཐག་གིས་དགག་སྒྲུབ་མཛད་ཡོད་ལ། “བོད་ཀྱི་དབྱངས་ལ་ཨ་ཡིག་མེད་པས། ཨ་ཕྲེང་གི་དོན་དངོས་སུ་མེད་ཀྱང་། རྒྱ་གར་གྱི་དབྱངས་ལ་ཨ་ཡིག་ལ་སོགས་པའི་ཕྲེང་བ་དངོས་སུ་ཡོད་པས་དེ་ལ་ཨ་ཕྲེང་ཞེས་”[16]འདོགས་དགོས་པའི་རྒྱུ་མཚན་དྲངས་ནས་ཨ་ཡིག་གསལ་བྱེད་ཀྱི་གྲས་སུ་འཇོག་པ་ནི་བོད་ཡིག་གི་རྣམ་གཞག་ཡིན་པ་དང་། ལེགས་སྦྱར་གྱི་སྒྲ་རིག་པའི་གཞུང་ཡོད་ཚད་དུ་ཨ་ཡིག་དབྱངས་ཀྱི་གྲས་སུ་བཞག་ཡོད་པ་ལས་གསལ་བྱེད་ཀྱི་གྲས་སུ་མི་འཇོག་པ་གསལ་ཁ་བཏོད་ཡོད། སྤྱིར་བོད་ཡིག་ལ་དབྱངས་ལྔ་དང་གསལ་བྱེད་ཉེར་དགུར་འདོད་མཁན་རྣམས་ནི་སུམ་རྟགས་རྩ་བའི་དགོངས་པ་དང་མི་མཐུན་ལ། “ལེགས་སྦྱར་གྱི་སྒྲ་གཞུང་དང་བོད་ཀྱི་བརྡ་སྤྲོད་ཀྱི་གཞུང་གཉིས་ཁྱད་མ་ཕྱེད་པའི་དགོངས་པ་”[17]ཡིན་སྙམ། པྲ་ཏིས་སྔར་གྱི་སུམ་རྟགས་མ་ཡིན་པའི་བསྟན་བཅོས་ཁག་གི་དགོངས་པའི་རྗེས་སུ་འབྲངས་ཅི་ཐུབ་མི་བྱེད་པར། བོད་ཀྱི་བརྡ་སྤྲོད་ཀྱི་ཆོས་ཉིད་དག་ལ་བློ་ཞིབ་མོས་མཐའ་དཔྱོད་གནང་ནས།“ཨ་ལི་གསལ་བྱེད་ཨི་སོགས་བཞི། །”ཞེས་པའི་སུམ་ཅུ་པའི་རྩ་བའི་དགོངས་པ་ལྟར་དུ་དབྱངས་གསལ་གྱི་རྣམ་གྲངས་བཀོད་ཡོད་པའོ། །
  གཉིས། རྣམ་དབྱེ་སོ་སོའི་དབྱེ་བ་གསལ་པོར་བསྟན་པ།
  བོད་ཀྱི་རྣམ་དབྱེའི་རིགས་དབྱེ་སྟངས་དང་དེ་དག་གི་འཇུག་ཚུལ་སོགས་བརྗོད་པ་ནི་དཀའ་བའི་གནད་ཅིག་ཡིན་ལ། འདིའི་སྐོར་ལ་པྲ་ཏིའི་སྔོན་གྱི་འགྲེལ་བྱེད་ཁག་ཏུ་གསལ་ཁ་ཆེན་པོ་བཏོད་མེད་པ་འདྲ། པྲ་ཏིས་སུམ་རྟགས་ཀྱི་འགྲེལ་པར་རྣམ་དབྱེ་སོ་སོའི་དབྱེ་བ་གསལ་པོར་ཕྱེས་ཏེ་དེ་དག་གི་བསྟན་དོན་རྫོགས་པར་བཀྲལ་ཡོད། ལྷག་པར་དུ་རྣམ་དབྱེ་གཉིས་པ་དང་བཞི་པ་གཉིས་ཀྱི་དབྱེ་བ་ཞིབ་ཕྲ་སོ་སོར་ཕྱེས་ཤིང་། དཔེར་བརྗོད་དང་བཅས་པ་བཀོད་ནས་དཀའ་བའི་གནད་རྣམས་ལ་དོགས་གཅོད་བྱས་ཡོད་པ་དཔེར་ན། རྣམ་གླིང་པཎ་ཆེན་གྱིས་“རྣམ་དབྱེ་གཉིས་པ་དང་བཞི་པ་མ་ཕྱེད་པར། དབང་བསྐུར་དུ་གསོལ་ཞེས་པ་གཉིས་པའི་དཔེར་བརྗོད་དུ་བཀོད་པ་མ་འཐད་པར། དེ་དབང་བསྐུར་བའི་ཆེད་དུ་གསོལ་བ་འདེབས་པ་ཡིན་པས་བཞི་པ་ཡིན་”[18]དགོས་པ་བསྟན་ཞིང་། གཞན་སྔར་འགྲེལ་ཁག་ཏུ་རྣམ་དབྱེའི་གཞན་དག་གི་ངོས་འཛིན་བྱེད་སྟངས་ནོར་འཁྲུལ་ཅན་མང་པོ་བྱུང་ཡོད་པ་རྣམས་ལ་ཡོ་བསྲང་བྱས་ཏེ། བོད་སྐད་ཀྱི་གཤིས་ལུགས་སོགས་ལ་བརྟགས་ནས་བོད་ལ་རྣམ་དབྱེའི་ཅི་ཙམ་ཕྱེ་དགོས་མིན་སྐོར་བཤད་ཡོད། སྤྱིར་བོད་ལ་རྣམ་དབྱེ་བརྒྱད་དུ་ཕྱེ་བའི་བརྟེན་ཁུངས་དེ་གང་ཡིན་པ་ལ། “བོད་བྱིངས་ཀྱི་ཁ་སྐད་ལ་བརྟེན་ནས་བཟོས་པ”[19]ཡིན་པ་བཤད་མོད། སུམ་རྟགས་ཀྱི་བརྟེན་ཁུངས་ནི་ལེགས་སྦྱར་གྱི་བརྡ་སྤྲོད་པའི་གཞུང་ཡིན་པ་སྔར་གྱི་མཁས་པ་ཕལ་མོ་ཆེ་ཁ་མཐུན་པས། བོད་ཀྱི་རྣམ་དབྱེ་སྦྱོར་སྟངས་སོགས་ལའང་ལེགས་སྦྱར་བརྡ་སྤྲོད་ཀྱི་ཤན་ཞུགས་ཡོད་སྲིད་པ་བསྙོན་དུ་མེད། པྲ་ཏིས་ལེགས་སྦྱར་བརྡ་སྤྲོད་དང་སུམ་རྟགས་མ་ཡིན་པའི་བརྡ་སྤྲོད་བསྟན་བཅོས་ཁག་ལ་བསྟུན་ཅི་ཐུབ་བྱེད་པའི་རིགས་ལ་དགག་བཞག་བྱེད་པ་དང་། སུམ་རྟགས་གཉིས་ཀྱི་རྩ་བའི་གཞུང་ལ་དཔྱད་ཞིབ་ནན་ཏན་བྱས་ནས་བོད་ཀྱི་རྣམ་དབྱེ་སོ་སོའི་དབྱེ་བ་གསལ་པོར་བཀྲལ་ཡོད།
  གསུམ། ཆོས་གཞུང་ཁུངས་སུ་བྱས་ནས་འགྲེལ་བྱེད་མཛད་པ།
  པྲ་ཏིའི་སུམ་རྟགས་གཉིས་ལས་སུམ་ཅུ་པ་ཁྱད་དུ་འཕགས་པ་འདི་ནི་ཀུན་ལ་ཡོངས་སུ་གྲགས་པའི་གཏམ་ཡིན་ཏེ། ཕྱིས་ཀྱི་མཁས་པ་རྣམས་དང་དགོན་སྡེ་གྲྭ་ས་ཁག་ཏུ་སུམ་ཅུ་པའི་སྐབས་སུ་པྲ་ཏི་ཁུངས་སུ་བརྟེན་པ་དང་། རྟགས་འཇུག་གི་སྐབས་སུ་སི་ཏུའི་བཞེད་པ་འཐད་ལྡན་དུ་འདོད་མཁན་ཤིན་ཏུ་མང་། འདིའི་རྒྱུ་མཚན་གཙོ་བོ་གཅིག་ནི་པྲ་ཏིའི་སུམ་ཅུ་པའི་འགྲེལ་པ་རུ་བརྡ་སྤྲོད་ཀྱི་གནད་དོན་ཁག་ལ་ཞིབ་ཕྲའི་སྒོ་ནས་དོགས་གཅོད་བྱས་ཡོད་པ་དེ་ཡིན་དགོས་ལ། རྒྱུ་མཚན་གཞན་ཞིག་ནི་མཁས་པ་གང་དེས་སུམ་ཅུ་པའི་གཞུང་དོན་རྒྱས་པར་འགྲེལ་སྐབས། ཆོས་གཞུང་ཆེན་པོའི་བཤད་པ་དག་ཁུངས་སུ་བྱས་ནས་འགྲེལ་བྱེད་བྱས་པ་དང་། དེའི་བརྗོད་བྱ་དང་འབྲེལ་ཆེ་བའི་དཔེར་བརྗོད་མང་དུ་བཀོད་པ་དེར་རག་ལས་སྙམ། དཔེར་ན། རྗེ་ཙོང་ཁ་པ་བློ་བཟང་གྲགས་པའི་“ལ་ནི་ཤིང་གི་ཆེད་དུ་ཆུ་འདྲེན་པ་ལ་ཤིང་ལ་ཆུ་འདྲེན་པ་ལྟར། ཤེར་ཕྱིན་གྱི་ཕྱིར་དུ་ཕྱག་འཚལ་བ་དེ་ལ་ཕྱག་འཚལ་ཞེས་དགོས་ཆེད་ཀྱི་བཞི་པའོ། །”[20]ཞེས་པའི་གཞུང་ཆེན་པོའི་བཤད་པ་དང་མཐུན་པར་རྣམ་དབྱེ་བཞི་པར་བཀྲལ་བ་དང་། ལ་དོན་གྱི་འཇུག་ཡུལ་སོགས་འཆད་སྐབས་སུའང་གཞུང་གི་ཚིག་དོན་དང་འབྲེལ་བའི་དཔེར་བརྗོད་བཀོད་དེ། ཆོས་ལུགས་རིག་པ་དང་སྦྱར་ནས་བརྡ་སྤྲོད་ལ་འགྲེལ་བྱེད་པའི་བཟོ་ལྟ་ཞིག་མངོན་ཡོད། འོན་ཀྱང་། པྲ་ཏི་ནི་གྲུབ་མཐའི་འཐེན་འཁྱེར་དང་དབུ་ཚད་སོགས་གཞུང་གཞན་གྱི་བཤད་ཡམ་དུ་འབྱམས་ཏེ། “ཆོས་ཀྱི་གཞུང་ལུགས་མང་པོ་ཞིག་མི་འབྲེལ་བཞིན་དུ་བརྡ་སྤྲོད་ལ་སྦྱར་ཏེ་གང་དཔྱད་བྱའི་དོན་དེ་ཉིད་རྟོགས་དཀའ་བ་དང་། ཁ་ཚོན་གཅོད་མི་རུང་བ། མཐའ་མེད་པ། གྲངས་མེད་པ། གཏན་ཁེལ་མེད་པ་སོགས་བཤད་དེ་གཞན་རྣམས་མགོ་བོ་རྨོངས་སུ་འཇུག”[21]པའི་རིགས་སུ་མི་གཏོགས་པར། བརྡ་སྤྲོད་ཀྱི་གཏན་ཚིགས་ལ་ནམ་ཡང་བརྩི་འཇོག་བྱས་ནས་འགྲེལ་བྱེད་བྱེད་མཁན་ཞིག་གོ  །པྲ་ཏིས་བརྡ་སྤྲོད་དང་ཆོས་ལུགས་གཉིས་མཉམ་དུ་སྦྱར་ནས་འགྲེལ་བྱེད་བྱེད་སྟངས་འདི་ལ་ཁྱད་ཆོས་ཤིག་མངའ་སྟེ། དེ་ནི་བརྡ་སྤྲོད་རིག་པའི་རྣམ་གཞག་ལ་ཉམས་ཞིབ་བྱེད་སྟངས་ཀྱི་ཆ་ན་མེད་པར། རིག་གནས་གཉིས་མཉམ་དུ་སྦྱར་ནས་རྒྱུད་སྤེལ་བྱེད་པ་དེའི་སྟེང་དུ་མངོན་ཡོད་སྙམ།
  བཞི། སུམ་རྟགས་གཉིས་གཞི་གཅིག་ཏུ་སྦྱར་ནས་དཔྱད་པ་བཏང་བ།
  པྲ་ཏིས་རྟགས་འཇུག་གི་སྐབས་སུ། བོད་ཀྱི་སྐད་ཡིག་འཕེལ་རྒྱས་འགྲོ་བའི་གནས་བབ་དང་ཁྱད་ཆོས་ལ་གཞིགས་ནས། གནའ་བོའི་བོད་སྐད་ཀྱི་སྒྲ་གདངས་མ་ཉམས་པའི་གནས་དག་སྟེ། མདོ་སྨད་དཔའ་རིས་དང་ཀན་སུའུ་བསང་ཆུ། དབུས་འགྱུར་ལྷ་ས་བཅས་ལ་ཡུལ་སྐད་རྟོག་དཔྱོད་དུ་བསྐྱོད་ནས་སྒྲའི་དྲག་ཞན་དང་རྐྱེན་གྱི་བྱེད་རྩོལ་བཅས་ལ་ཞིབ་ཏུ་བརྟགས་ནས་སུམ་རྟགས་གཉིས་ཀྱི་དཀའ་གནད་མང་པོ་དཀྲོལ་བ་ལས། རྗེས་འཇུག་བཅུ་པོ་སྒྲ་དྲག་ཞན་བར་མ་གསུམ་དུ་དབྱེ་སྟེ། ད་བ་ས་གསུམ་རྗེས་འཇུག་གི་ཕོ་དང་། །ག་ད་ན་མ་ར་ལ་དྲུག་མོ། །འ་རྗེས་འཇུག་གི་མ་ནིང་དུ་བྱས་ཏེ་རྗེས་འཇུག་ལ་རྟགས་དབྱེ་ཡོད་ལ། རྗེས་འཇུག་གི་རྟགས་ཀྱི་དབྱེ་བ་ངོས་འཛིན་སྟངས་འདི་ནི་སུམ་ཅུ་པའི་རྩ་བར། “དང་པོ་གཉིས་ལ་དང་པོ་མཐུན། །གསུམ་ལྔ་བཅུ་ལ་ཀྱ་དང་སྦྱར། །བདུན་པ་ཉིད་ལ་བདུན་པ་སྟེ། །ལྷག་མ་རྣམས་ལ་གྱ་སྦྱར་བ། །”[22]ཞེས་པའི་འབྲེལ་སྒྲའི་ཐོབ་ཐང་སྟོན་པའི་གཞུང་ཚིག་འདི་རྒྱབ་རྟེན་དུ་བྱས་ནས་རྗེས་འཇུག་གི་རྟགས་ཀྱི་དབྱེ་བ་ཕྱེ་ཡོད་པར་འདོད་དེ། ཅིའི་ཕྱིར་ཟེར་ན། རྗེས་འཇུག་ཡི་གེའི་བཅུའི་དང་པོ་ག་དང་གཉིས་པ་ང་གཉིས་འབྲེལ་སྒྲའི་གི་དང་མཐུན་ཞིང་ལྷག་མ་ན་མ་ར་ལ་བཞི་པོ་འབྲེལ་སྒྲའི་གྱི་དང་མཐུན་པས། རྗེས་འཇུག་ག་ང་ན་མ་ར་ལ་རྣམས་གི་དང་གྱི་གཉིས་ཀྱི་མིང་གཞིའི་མོ་ཡིག་དང་རྟགས་མཚུངས་ལ། དེ་བཞིན་དུ་རྗེས་འཇུག་ཡི་གེ་བཅུའི་གསུམ་པ་ད་དང་ལྔ་པ་བ། བཅུ་པ་ས་གསུམ་ཡང་འབྲེལ་སྒྲའི་ཀྱི་དང་མིང་གཞིའི་རྟགས་མཚུངས་པས། ད་བ་ས་གསུམ་རྗེས་འཇུག་གི་ཕོ་དང་ག་ང་ན་མ་ར་ལ་དྲུག་རྗེས་འཇུག་གི་མོར་བཞག་པ་དང་། འ་ཡིག་ནི་རང་གི་འཇུག་ཡུལ་སྔོན་འཇུག་དང་མིང་གཞིའི་སྒྲ་གདངས་ལ་ལྟོས་ནས་སྐབས་སོ་སོར་འགྱུར་བ་མ་ནིང་དུ་བཞག་པར་འདོད། དེ་བས་པྲ་ཏིའི་རྗེས་འཇུག་གི་རྟགས་དབྱེ་སྟངས་འདི་སུམ་ཅུ་པའི་འབྲེལ་སྒྲའི་སྦྱོར་ཚུལ་ལྟར་ཡིན་པ་གསལ་པོར་རྟོགས་ཐུབ། འདི་ལྟར་སུམ་རྟགས་གཉིས་ཀྱི་གཞུང་ལུགས་དང་སྒྲ་གདངས་གཞི་གཅིག་ཏུ་སྦྱར་ནས་རྗེས་འཇུག་བཅུ་པོ་ཕོ་མོ་མ་ནིང་གསུམ་དུ་དབྱེ་པ་འདིས། སུམ་རྟགས་གཉིས་ནི་འབྲེལ་མེད་ཐ་དད་ཅིག་མིན་ལ། རྟགས་འཇུག་གི་བརྡ་སྤྲོད་ཀྱི་རྣམ་གཞག་རྣམས་ཤེས་པར་བྱ་བ་ལ་སུམ་ཅུ་པའི་ཕྲད་དང་རྣམ་དབྱེ་སོགས་ཀྱི་དོན་རེ་རེ་བཞིན་ཞིབ་ཅིང་ཕྲ་བ་རྟོགས་དགོས་པའི་གནད་ཀ་དེ་བསྟན་ཡོད།
  དེ་ཡང་ཀརྨ་སི་ཏུ་བསྟན་པའི་ཉིན་བྱེད་ཀྱིས“སྔར་གྱི་སུམ་རྟགས་འགྲེལ་འཕྲོ་རྙིང་པ་ལ་གཞིར་བཟུང་། རྒྱ་གར་གྱི་བརྡ་སྤྲོད་རིག་པའི་སྒྲ་གཞུང་ཀ་ཙན་དབྱངས་གསུམ་ལ་གཞུང་ལུགས་ཀྱི་ཁུངས་བཅོལ། བོད་སྟོད་སྨད་བར་གསུམ་གྱི་ཡུལ་སྐད་ལ་ཞིབ་འཇུག་གནང་ཞིང་། ཁྱད་པར་དུ་བོད་ཀྱི་ཡི་གེ་ཐོག་མར་གསར་གཏོད་གནང་སྐབས་ཐུན་མོང་མ་ཡིན་པའི་འཕུལ་རྟེན་དབྱངས་གསུམ་དང་། མགོ་འདོགས་བརྩེགས་གསུམ་གྱི་རྣམ་གཞག་འདི་དག་རྒྱལ་རོང་གི་ཡུལ་སྐད་ལ་བརྟེན་ནས་བཟོས་ཡོད་པ་ངེས་ཤེས་རྙེད”[23]པ་དང་། པྲ་ཏི་སོགས་སྔར་འགྲེལ་མཁས་པ་རྣམས་ཀྱི་མིང་གིས་དངོས་སུ་མ་བཟུང་ཡང་། བཞེད་ཚུལ་མི་མཐུན་པ་ཁག་ལ་དགག་སྒྲུབ་མཛད་ཡོད།
  དེས་ན་སི་ཏུའི་《སུམ་རྟགས་འགྲེལ་ཆེན་མཁས་པའི་མགུལ་རྒྱན་མུ་ཏིག་ཕྲེང་མཛེས》ལ་ཁྱད་ཆོས་གང་དག་ལྡན་མིན་སྐོར་འདིར་ཅུང་ཟད་དཔྱད་པར་བྱ་སྟེ།
  1.ཀྱེ་སོགས་རྣམ་དབྱེ་བརྒྱད་པ་ཡིན་མིན་སྐོར་ལ་དོགས་དཔྱོད་བྱས་པ།
  སྤྱིར་ཕྲད་དང་རྣམ་དབྱེ་ནི་སུམ་ཅུ་པའི་བསྟན་བ་གཙོ་བོ་ཡིན་ཡང་། སུམ་ཅུ་པའི་རྩ་བ་རུ་རྣམ་དབྱེ་སོ་སོ་གོ་རིམ་བཞིན་དུ་དངོས་སུ་བསྟན་མེད་ཅིང་། རྟགས་འཇུག་རྩ་བ་རུ། “ཆོས་དངོས་ལས་དང་བྱེད་པ་དང་། །སྦྱིན་དང་འབྱུང་ཁུངས་འབྲེལ་བ་དང་། །གནས་དང་བོད་པའི་སྒྲ་ཡང་དྲངས། །”[24]ཞེས་རྣམ་དབྱེ་བརྒྱད་པོ་གོ་རིམ་བཞིན་དུ་བསྟན་ཡོད་ཀྱང་། བོད་པའི་སྒྲ་ནི་རྣམ་དབྱེ་ཡིན་མིན་སྐོར་ལ་མཁས་པ་སོ་སོ་ཞལ་མི་མཐུན་སྟེ། ཞ་ལུ་ལོ་ཆེན་དང་པྲ་ཏི་སོགས་ཀྱིས་ཀྱེ་སོགས་ནི་རྣམ་དབྱེ་བརྒྱད་པར་འདོད་ལ། དེར་སི་ཏུས་“འགྲེལ་བྱེད་ཕལ་ཆེར་གྱིས། ཀྱེ།  ཞེས་པ་བོད་པའི་རྣམ་དབྱེར་འདོད་ཀྱང་མི་འཐད་དེ། རྣམ་དབྱེ་མིང་གི་ཐོག་མར་སྦྱར་བ་མེད་པ་དང་། བོད་པའི་རྣམ་དབྱེ་ལེགས་སྦྱར་གྱི་གཅིག་ཚིག་ལ་ཁྱད་པར་ཡོད་པ་ཙམ་མ་གཏོགས་ངོ་བོ་རྣམ་དབྱེ་དང་པོ་ལས་ལོགས་སུ་དབྱེར་མེད་ཅིང་། བོད་སྐད་ལ་དང་པོའི་གཅིག་ཚིག་གི་རྗེས་མི་གསལ་ཡང་གཉིས་ཚིག་དང་མང་ཚིག་གི་རྗེས་ཆ་མཐུན་ཡོད་པར་མ་ཟད། རྣམ་དབྱེ་ཞིག་ངེས་པར་འཇུག་དགོས་ཤིང་གཉིས་པ་སོགས་གཞན་མི་འཇུག་པའི་རྒྱུ་མཚན་ལས་དོན་ཐོབ་ཀྱིས་དེ་དང་མཚུངས་པར་མིང་མཐའ་རྣམ་དབྱེ་དང་པོ་ཉིད་དུ་ངེས་པ་ལ་སླར་རྣམ་དབྱེ་སྦྱིན་མི་དགོས་པའི་ཕྱིར་རོ། །དེས་ན་ཀྱེ་ཞེས་པ་རྣམ་དབྱེ་མ་ཡིན་པར་བོད་པ་གསལ་བྱེད་སྒྲ་ཡིན”[25]ཞེས་དགག་བཞག་མཛད་དེ། ཀྱེ་སོགས་ནི་བོད་པ་གསལ་བྱེད་ཀྱི་སྒྲ་ཙམ་ལས་རྣམ་དབྱེ་མ་ཡིན་པ་བསྟན་ཞིང་། དེའི་རྗེས་སུ་མཁས་པ་རྣམས་ཀྱིས་ཀྱེ་སོགས་ནི་རྣམ་དབྱེ་ཡིན་མིན་སྐོར་ལ་དོགས་སློང་མང་དུ་བྱས་ཡོད་པ་ལས། དོར་ཞི་གདོང་དྲུག་སྙེམས་བློས་སྐད་རིགས་གཞན་གྱི་ཤན་ཞུགས་དུ་མ་བཅུག་པར། བོད་སྐད་ལ་རང་ཆས་སུ་མངའ་བའི་ཁྱད་ཆོས་དག་གཞིར་བཟུང་སྟེ། “བོད་སྐད་ལ་རྣམ་དབྱེ་བརྒྱད་དུ་ཕྱེས་པ་དེ། རྒྱ་གར་གྱི་དཔེ་བླངས་པ་ཡིན་ཡང་། དཔེ་དེ་མི་འབྱོར་ས་མི་ཉུང་བ་ཞིག་ཡོད་པ་ནི། སྒྲ་ལ་གཟིགས་རྟོགས་གནང་བའི་མཁས་པ་སུས་ཀྱང་ཤེས། སྔོན་ཆད་ཀྱི་སུམ་རྟགས་འགྲེལ་པ་ཕལ་ཆེར་ཞིག་ཏུ་རྣམ་དབྱེ་བརྒྱད་ཅེས་གྲངས་ངེས་པ་མཛད་ཅིང་། དཔེར་བརྗོད་ཀྱང་མང་དུ་བཀོད་འདུག་མོད། ཞིབ་ཏུ་དཔྱད་ན། རྣམ་དབྱེ་དང་པོ་མིང་དང་བརྒྱད་པ་བོད་པ་ལ་རྣམ་དབྱེའི་ཐ་སྙད་འཇུག་དཀའ།”[26]ཞེས་སུམ་རྟགས་གཞུང་དང་ལེགས་སྦྱར་གྱི་བརྡ་སྤྲོད་སོགས་ལ་དོགས་དཔྱོད་ནན་མོ་བྱས་ནས་བོད་སྐད་ཀྱི་རྣམ་དབྱེ་ལ། ལ་དོན་གྱི་རྣམ་དབྱེ། འབྲེལ་སྒྲའི་རྣམ་དབྱེ། བྱེད་སྒྲའི་རྣམ་དབྱེ། ནས་ལས་ཀྱི་རྣམ་དབྱེ་སྟེ་བཞི་རུ་བགར་སྟེ། བོད་སྐད་ལ་མཚོན་ན་ཀྱེ་སོགས་ནི་རྣམ་དབྱེ་མ་ཡིན་པ་གསལ་པོར་བསྟན་ཡོད་དེ། གནད་དོན་འདི་འདྲ་ཞིག་འདོན་ཐུབ་པ་ཡང་སི་ཏུས་བོད་ཀྱི་རྣམ་དབྱེལིསྐོར་ལ་ཞིབ་འཇུག་གནད་དུ་འཕིགས་པ་བྱས་ནས་རྣམ་དབྱེ་སོ་སོའི་གོ་དོན་ལོག་འགྲེལ་བྱས་པ་དག་ལ་དོགས་དཔྱོད་བྱས་ཏེ་འགྲེལ་པ་བསྐྱར་དུ་མཛད་པའི་བཀའ་དྲིན་ཡིན་པ་གདོན་མི་ཟའོ། །
  2.ཨ་ཡིག་དབྱངས་སུ་འདོད་པར་དགག་པ།    
  སི་ཏུས་སྔར་འགྲེལ་ཁག་ཅིག་གིས་ཨ་ཡིག་དབྱངས་སུ་འདོད་ནས་དབྱངས་ལྔ་དང་གསལ་བྱེད་ཉེར་དགུར་བགྲངས་པ་དེ་ནི་སུམ་རྟགས་རྩ་བ་དང་འགལ་ཡོད་པར་སྨྲ་ལ། བོད་ལ་གསལ་བྱེད་སུམ་ཅུ་དང་དབྱངས་བཞི་རུ་དབྱེ་དགོས་པའི་རྒྱུ་མཚན་ནི། “ལེགས་པར་སྦྱར་བའི་སྐད་ལ་གསལ་བྱེད་སྲོག་ཅན་སྲོག་མེད་གཉིས་སུ་དབྱེ་བའི་སྲོག་དེ་ཡིན་ན་དབྱངས་ཡིན་པས་ཁྱབ་པའི་ཕྱིར་ཀ་ལྟ་བུ་སྲོག་མེད་རྐྱང་པ་བརྗོད་མི་གཏུབ་པ་ཡིན་ཞིང་། བོད་དུའང་། ལེགས་ཟེར་བ་ལྟ་བུ་ཝ་ཡིག་ཨེ་ཞུགས་ཀྱི་རྗེས་སུ་གྲ་སྲ་སྲོག་མེད་སྦྱར་བ་སོགས་འགའ་ཞིག་ལ་རིགས་འགྲེ་ནུས་ཀྱང་། མགོ་ཅན། འཕུལ་ཅན། འདོགས་ཅན་སོགས་ཀྱི་རྣམ་གཞག་མཛད་པས་མཐའ་གཅིག་ཏུ་སྲོག་ཅན་སྲོག་མེད་ཀྱི་དབྱེ་བ་དེ་བདེ་བའང་མ་ཡིན་ཞིང་འཇུག་པར་དཀའ་བ་དང་། དགོས་པ་ལྷག་པོར་མི་ཆེ་བས་དེ་ལྟའི་རྣམ་གཞག་མ་མཛད་དོ། །དེ་བས་ན་བརྗོད་དུ་མེད་པའི་སྲོག་མེད་རྐྱང་པ་འདིར་མི་འདོད་ཅིང་ཨ་ཡིག་དེ་ཀ་ལ་སོགས་པར་ཞུགས་པའི་ཐ་སྙད་བྱར་མེད་པས་དེས་དེ་དག་ལ་ཨཱ་ལིའི་བྱ་བ་གསལ་བར་བྱེད་མ་ནུས་པའི་ཕྱིར་ཀཱ་ལིའི་སྡེ་ཚན་དུ་འདྲེན་པར་མཛད་པ་ཡིན་ནོ། །”[27]ཞེས་བསྟན་ཡོད། སྤྱིར་ཨ་ཡིག་དབྱངས་སུ་འགྲོ་མིན་གྱི་གནད་དོན་འདི་ནི་བོད་ཀྱི་བརྡ་སྤྲོད་རིག་པའི་དཀའ་གནད་ཆེ་ཤོས་ཤིག་ཡིན་ཏེ། སྔ་རབས་ཀྱི་མཁས་པ་ས་པཎ་སོགས་ཀྱིས་དབྱངས་ལྔ་དང་གསལ་བྱེད་ཉེར་དགུར་འདོད་པ་ལ། དུས་རབས་བཅོ་བརྒྱད་པའི་ནང་དུ་སི་ཏུ་དང་པྲ་ཏི་གཉིས་ཀྱིས་གནད་དོན་འདི་ལ་བསྐྱར་ཞིབ་མཛད་ནས་སུམ་རྟགས་རྩ་བའི་དགོངས་པ་ལྟར་དབྱངས་བཞི་དང་གསལ་བྱེད་སུམ་ཅུར་གཏན་ལ་ཕབ་པ་ནས་བཟུང་སྟེ། ཕྱིས་ཀྱི་འགྲེལ་མཛད་པ་རྣམས་ཀྱི་ཁྲོད་དུ་དབྱངས་ལྔར་འདོད་མཁན་འགའ་ཤས་ཤིག་མཆིས་ནའང་། ཕལ་ཆེ་བས་པྲ་ཏི་དང་སི་ཏུ་རྣམ་གཉིས་ཀྱི་དགོངས་པ་ལྟར་སུམ་རྟགས་ལ་འགྲེལ་པ་མཛད་བཞིན་ཡོད་དོ། །
  3.སྒྲའི་སྐྱེ་གནས་སོགས་ལ་ཞིབ་ཏུ་གཞོལ་ནས་རྗེས་འཇུག་གི་རྟགས་དབྱེབ།   
  རྟགས་འཇུག་གི་རྩ་བ་རུ། “རྗེས་འཇུག་ཡི་གེ་བཅུ་པོ་ལ། །ཕོ་མོ་མ་ནིང་གསུམ་དུ་དབྱེ། །ཕོ་ལ་སྐྱེས་བུ་རབ་འབྲིང་གསུམ། །མོ་ལ་མོ་དང་ཤིན་ཏུ་མོ། །མ་ནིང་འགྱུར་དང་མཚན་གཉིས་དང་། །མཚན་མེད་དག་དང་གསུམ་དུ་འདོད། །”[28]ཅེས་རྗེས་འཇུག་བཅུ་པོ་ཕོ་མོ་མ་ནིང་གསུམ་དུ་དབྱེ་ཚུལ་བསྟན་ཡོད་པ་ཙམ་ལས། དེ་དག་ཕོ་མོ་མ་ནིང་གང་ལ་གཏོགས་མིན་སྐོར་གསལ་ཆ་མཛད་མེད། དེ་བས་རྗེས་འཇུག་གི་རྟགས་ཀྱི་དབྱེ་བའི་སྐབས་སུ་མཁས་པ་སོ་སོར་བཞེད་དགོངས་མི་འདྲ་པ་བྱུང་སྟེ་ཕན་ཚུན་ཁ་མ་མཐུན་ཞིང་། “འགའ་ཞིག་མིང་མཐའ་དང་རྣམ་དབྱེ་སོགས་འདྲེན་ཚུལ་གྱི་སྒོ་ནས་དང་། འགའ་ཞིག་སྔོན་འཇུག་བཞིན་དུ་འདས་དང་གཞན་སྒྲུབ་སོགས་ཀྱི་དོན་སྟོན་ཚུལ་གྱི་སྒོ་ནས་དང་། འགའ་ཞིག་སྒྲ་འཇུག་དྲག་ཞན་གྱི་སྒོ་ནས་ཀྱང་འབྱེད་པར་རློམ་ཞིང་དེར་ཡང་འབྱེད་ཚུལ་འདྲ་མིན་མང་དུ་བྱུང་ངོ་། །”[29]སི་ཏུས་སྒྲའི་སྐྱེ་གནས་དང་རྐྱེན་གྱི་བྱེད་རྩོལ་སོགས་ལ་ཞིབ་ཏུ་གཞོལ་ཏེ། “ལེགས་སྦྱར་གྱི་ཡེ་གེ་ལ་སྒྲའི་སྐྱེ་གནས་བརྒྱད་ཅེས་བགྲངས་པ་དེ་ཉིད་བོད་སྐད་ལ་སྐྱེ་གནས་མགྲིན་པ། རྐན། སོ མཆུ། ལྕེ། སྣ་བཅས་དྲུག་ལས་མེད་པ་གཏན་འབེབས་གནང་། རྗེས་འཇུག་གི་ཡེ་གེ་རྣམས་མིང་གཞིའི་ཡེ་གེ་དང་སྦྱར་ནས་ཀློག་པའི་ཚེ་སྒྲ་གདངས་ཀྱི་འགྱུར་ཚུལ་ཆོས་ཉིད་དང་མཐུན་པར་ངོས་འཛིན་གནང་སྟེ། ཕོ་མོ་མ་ནིང་སོགས་ཀྱི་དབྱེ་བ་གསར་དུ་ཕྱེས་ནས་ག་ད་བ་ས་བཞི་ཕོ། ང་མ་འ་གསུམ་མོ། ན་ར་ལ་གསུམ་མ་ནིང་བཅས་སྤྱིར་རྟགས་གསུམ་དུ་དབྱེ་བ་དང་། བྱེ་བྲག་ནང་གསེས་ཀྱི་དབྱེ་བའི་སྐབས་སུ་རྗེས་འཇུག་ག་ལ་ཡང་འཇུག་ས་ཞུགས་པ་སྐྱེས་བུ་རབ་དང་། བ་ལ་ཡང་འཇུག་ས་ཞུགས་པ་སྐྱེས་བུ་འབྲིང་། དེ་རྣམས་ཡང་འཇུག་མེད་པ་མིང་གཞི་རྣམས་ལ་འཇུག་པའི་ཚེ་སྐྱེས་བུ་ཐ་མ། རྗེས་འཇུག་མོ་ཡིག་ང་མ་གཉིས་ལ་ཡང་འཇུག་དང་བཅས་པ་མིང་གཞི་རྣམས་ལ་ཞུགས་པའི་ཚེ་མོ་ཙམ་དང་། ང་མ་གཉིས་དང་འ་ཡིག་མཐའ་ཅན་རྣམས་ཤིན་ཏུ་མོ། རྗེས་འཇུག་མ་ནིང་ན་ར་ལ་གསུམ་མིང་གཞི་ཕོ་ལ་ཡང་འཇུག་ཡོད་མེད་གང་ལྟར་ཞུགས་ཀྱང་སྒྲ་དྲག་པ་དང་། མིང་གཞི་མོ་ལ་ཡང་འཇུག་མེད་པར་ཞུགས་ན་སྒྲ་གདངས་ཞན་པར་འགྱུར་བས་དེ་ལ་འགྱུར་བ་མ་ནིང་། མིང་གཞི་མོ་ལ་ཡང་འཇུག་དང་བཅས་པ་ཞུགས་ན་དྲག་ཞན་གཉིས་ཀ་ཐོན་པས་མཚན་གཉིས་མ་ནིང་། མིང་གཞི་མ་ནིང་ལ་ཡང་འཇུག་ཡོད་མེད་གང་ལྟར་ཞུགས་ཀྱང་སྒྲ་གདངས་བར་མ་རུ་གནས་པ་མཚན་མེད་མ་ནིང་ཞེས་གཏན་ལ་ཕབ”[30]པ་འདི་ནི་དེང་རབས་ཀྱི་སྐད་བརྡ་རིག་པའི་སྒྲ་རྟགས་འགོད་སྟངས་ལྟར་བྱས་པའི་ད་ལྟའི་ལྷ་སའི་སྐད་ཀྱི་རྗེས་འཇུག་གི་ཕོ་མོ་མ་ནིང་གི་དབྱེ་སྟངས་དང་ཕལ་ཆེར་མཐུན་པས། “རྗེས་འཇུག་ག་ད་བ་ས་ཕོ་རྟགས་སུ། དབྱེ་བ་སི་ཏུའི་ཡང་དག་གདམས་པ་ཉིད།”[31]ཅེས་པ་ལྟར་སི་ཏུའི་རྗེས་འཇུག་གི་རྟགས་ཀྱི་དབྱེ་སྟངས་འདི་ཉིད་ཡང་དག་པ་ཡིན་པ་ར་སྤྲོད་བྱས་ཡོད།    
  4.དངོས་པོ་བདག་གཞན་གྱི་གོ་དོན་ལ་བསྐྱར་ཞིབ་མཛད་པ།    
  རྟགས་ཀྱི་འཇུག་པའི་གཞུང་སྦྱོང་བ་ནི་བྱ་བའི་ཚིག་གི་ཚོགས་ལ་མི་རྨོངས་པར་བྱེད་པའི་ཆེད་དེ། སྔོན་འཇུག་གི་ཡི་གེ་རྣམས་ཅིའི་ཕྱིར་འཇུག་པ་ནི་དེའི་དཀའ་གནད་ཡིན། ཅིའི་ཕྱིར་འཇུག་གི་དཀའ་བའི་གནད་འདིར། བལྟས་ན་ཚིག་ཉུང་མོད། བརྟགས་ན་རྒྱ་ཆེ་ཞིང་གཏིང་ཟབ་པས། གནའ་ནས་ད་བར་དུ་འགྲེལ་མཛད་མཁས་པ་རྣམས་ཀྱིས་དཀའ་ཚེགས་ཆེན་པོའི་སྒོ་ནས་འགྲེལ་པ་བྱས་ཡོད་ཀྱང་། ཞིབ་བཤད་མ་མཛད་པ་དང་དོན་ལ་མི་འབྱོར་བ་མང་པོའི་རྐྱེན་གྱིས། གནད་དོན་དག་ཐག་གིས་གཅོད་ཐུབ་མ་ཐུབ་པར་ལུས་ཡོད་པར་བཤད། སི་ཏུས་དཀའ་གནད་འདི་དག་ལ་བསྐྱར་ཞིབ་མཛད་ཅིང་། དེ་ལས་དངོས་པོ་བདག་གཞན་གཉིས་ཀྱི་མཚན་དོན་ལ་“ལས་གང་ཞིག་བྱེད་པ་པོ་གཞན་དང་དངོས་སུ་འབྲེལ་བའི་དབང་དུ་བྱས་ནས། བྱེད་པ་པོའི་དངོས་པོ་དེ་ཉིད་དང་དེའི་བྱེད་པ་དང་བཅས་པ་ལ་ནི་བདག་ཅེས་བྱ་ཞིང་། དེས་བསྒྲུབ་པར་བྱ་བའི་ཡུལ་གྱི་དངོས་པོ་བྱ་བ་དང་བཅས་པ་ལ་ནི་གཞན་”[32]ཞེས་གོ་བ་བསྐྱར་དུ་བླངས་ཤིང་། རྣམ་གསལ་གྱི་དཔེར་བརྗོད་དང་བཅས་བཀོད་པ་དང་། དུས་གསུམ་གྱི་དབྱེ་བས་མི་ཚད་དངོས་པོ་བདག་གཞན་གྱི་དབྱེ་བ་ཟུར་དུ་མཛད་དགོས་པའི་རྒྱུ་མཚན་སོགས་གནད་ཁ་ཤས་ཤིག་གསལ་ཁ་བཏོད་པས། བྱ་ཚིག་གི་ངོས་འཛིན་སྟངས་གསར་པ་རབ་དང་རིམ་པ་བྱུང་ནས་བོད་ཡིག་གི་བྱ་ཚིག་སྐོར་གྱི་དཀའ་གནད་མང་པོ་ཞིག་གསལ་བར་བྱས་པ་ནས་བཟུང་སྟེ། རྗེས་བྱོན་མཁས་པ་དག་གིས་སི་ཏུའི་དགོངས་པ་འདི་ཉིད་ཞིབ་རྒྱས་སུ་བཏང་ནས་སུམ་རྟགས་ཀྱི་གཞུང་ན་སྔར་མེད་པའི་བྱ་ཚིག་གི་རྣམ་གཞག་སྐོར་ལ་གསར་གཏོད་མང་པོ་མཛད་ཐུབ་ཡོད།    
  5.སྨྲ་སྒོ་མཚོན་ཆ་ཁུངས་སུ་བརྟེན་ནས་འགྲེལ་བྱེད་བྱས་པ།
  སྤྱིར་སྨྲ་སྒོ་མཚོན་ཆ་ཁུངས་སུ་བརྟེན་ནས་སུམ་རྟགས་ལ་འགྲེལ་བྱེད་མཛད་མཁན་ནི་སི་ཏུ་གཅིག་པུ་མིན་ཏེ། པྲ་ཏི་སོགས་སྔར་འགྲེལ་མཁས་པ་འགའ་རེས་ཀྱང་ཁུངས་སུ་བརྟེན་ཡོད། ཡིན་ནའང་ལུངས་འདྲེན་གྱི་ནང་དོན་སོགས་ཕྱོགས་གང་ཐད་ནས་བལྟས་ཀྱང་སི་ཏུ་ལྟ་བུའི་ཞིབ་ཆ་ཐོན་མེད་དེ། སི་ཏུས་སྨྲ་སྒོ་མཚོན་ཆའི་ལྟ་བ་དག་མཚམས་ལན་རེར་སྒྲུབ་བྱེད་དུ་བཀོད་ཅིང་། སྐབས་འགའ་རེར་དགག་བྱར་འཛིན་པ་སོགས་ཅི་རིགས་སྣང་ལ། དཔེར་ན། ལ་ན་དག་གི་འཇུག་ཚུལ་བརྗོད་སྐབས། “ལ་ན་དག་ནི་དོན་འདི་འདྲ་ལ་ནམ་ཡང་འཇུག་པ་མ་ཡིན་པས། སྨྲ་སྒོར་ལ་ན་དག་གི་འཇུག་པ་འཆད་པའི་སྐབས་སུ་འདིར་འཇུག་པ་མ་བཤད་པ་དང་། དུ་ལ་སོགས་པ་ལ་དང་མཐུན། །དེ་ཉིད་དག་ནི་ལྷག་མ་ཡིན། །ཞེས་འབྱུང་བ་ནི་ལེགས་པར་བཤད་པའོ། །”[33]ཞེས་སྨྲ་སྒོ་རང་གི་མཐུན་ཕྱོགས་སུ་བཀོད་པ་དང་། གཞན་སྨྲ་སྒོ་རུ་རྣམ་དབྱེ་གསུམ་པ་བྱེད་སྒྲའི་ཕྲད་“གིས་”ལ་སོགས་པ་མི་མཐུན་པའི་ཚིག་རྒྱན་ལ་འཇུག་པར་བཤད་པ་དེར་མ་འཐད་པའི་དཔེར་བརྗོད་དང་བཅས་པ་བཀོད་དེ་དགག་པའི་སྤྲོས་པ་བྱས་ཡོད། སི་ཏུས་འདི་ལྟར་སུམ་རྟགས་གཉིས་དང་སྨྲ་སྒོ་མཚོན་ཆ་གསུམ་ཀ་ཟུང་འབྲེལ་བྱས་ནས་བོད་ཀྱི་བརྡ་སྤྲོད་རིག་པའི་དཀའ་གནད་ཁག་ལ་དོགས་གཅོད་ནན་མོ་བྱས་པས། བརྡ་སྤྲོད་རིགས་ལམ་དཔྱིས་ཕྱིན་པ་རྒྱས་པར་གཏན་ལ་ཕབ་ཐུབ་པར་གྱུར་ཅིང་། བོད་ཀྱི་བརྡ་སྤྲོད་རིག་པ་གཅིག་གྱུར་ཅན་དང་འཐུས་ཚང་ཅན་དུ་འགྲོ་འགོ་བརྩམས་ཡོད་པར་སྙམ།
  གསུམ་པ།  སི་ཏུ་དང་པྲ་ཏི་གཉིས་ཀྱིས་ཕྱིས་ཀྱི་བརྡ་སྤྲོད་འཕེལ་བར་ཤུགས་རྐྱེན་ཐེབས་ཚུལ།
  དུས་རབས་བཅོ་བརྒྱད་པའི་ཡར་སྔོན་དུ་འགྲེལ་མཛད་མཁས་པ་མང་དུ་བྱོན་ཏེ། སུམ་རྟགས་རྩ་གཞུང་གཉིས་ལ་འགྲེལ་པ་གཏོས་ཆེ་བ་མཛད་ཡོད་ལ། དེ་ལས་ཞ་ལུ་ལོ་ཆེན་དང་རྣམ་གླིང་པཎ་ཆེན་རྣམ་གཉིས་ཀྱི་འགྲེལ་པ་ལ་ཀུན་གྱིས་གདེང་འཇོག་ཚད་མེད་ཐོབ་སྟེ། ཞ་ལུ་ལོ་ཆེན་དང་རྣམ་གླིང་པཎ་ཆེན་གྱི་ལུགས་ཞེས་གྲགས་པ་རབ་ཏུ་རྒྱས་སོ། །དེའི་རྗེས་སུ་པྲ་ཏི་དང་སི་ཏུ་རྣམ་གཉིས་ཀྱིས་ལེགས་སྦྱར་བརྡ་སྤྲོད་དང་བོད་ཀྱི་བརྡ་སྤྲོད་གཞུང་ལུགས་ལ་གཤིབ་བསྡུར་དང་། བོད་ཀྱི་ཡུལ་སྐད་དང་ཡིག་སྐད་ལ་ཉམས་ཞིབ་ནན་ཏན་གནང་ནས་འགྲེལ་པ་གནད་ཆེ་ཤོས་དེ་གཉིས་བརྩམས་ཏེ། ལེགས་སྦྱར་བརྡ་སྤྲོད་ཀྱི་རིག་ལམ་ལྟར་དུ་བོད་ཡིག་གི་དབྱངས་གསལ་གྱི་རྣམ་གྲངས་འགོད་པ་དང་། བོད་ཀྱི་རྣམ་དབྱེ་སོ་སོར་འགྲེལ་རྒྱག་པ་སོགས་སྔར་འགྲེལ་རྣམས་སུ་མ་དག་རྒྱུན་འབྱམས་སུ་སོང་བའི་གནད་དོན་ཁག་ཅིག་འཁྲུན་ཐག་བཅད་པས། བརྡ་སྤྲོད་ཀྱི་དཀའ་གནས་མང་པོ་ཞིག་སེལ་བར་བྱས་ཤིང་། བོད་ཀྱི་བརྡ་སྤྲོད་གཞུང་ལུགས་གཏན་ཆགས་ཅན་དུ་གཏོང་བར་མཛད་རྗེས་མི་དམན་པ་བཞག་སྟེ། “བརྡ་སྤྲོད་འཕེལ་བར་ཤུགས་རྐྱེན་ཐེབས་ཚུལ་ནི་ཞ་ལུ་ལོ་ཆེན་དང་རྣམ་གླིང་པཎ་ཆེན་གཉིས་ལས་བརྒལ་བར་གྱུར།” [34]གསུངས་པ་བཞིན་ནོ། །
  ཕྱིས་ཀྱི་འགྲེལ་མཛད་པ་རྣམས་ཀྱིས་པྲ་ཏི་དང་སི་ཏུ་རྣམ་གཉིས་ཀྱིས་གསར་དུ་བཟོས་པའི་བརྡ་སྤྲོད་ཀྱི་སྒྲོམ་གཞི་དེ་གཞིར་བཟུང་ཞིང་། བརྡ་སྤྲོད་ཀྱི་གནས་བྱེ་བྲག་པ་རེ་རེ་ལ་དཔྱད་པ་མཛད་ནས་བརྡ་སྤྲོད་ཟབ་གསལ་དག་གསུམ་དང་ཞིབ་རྒྱས་གཉིས་ལྡན་ཅན་དུ་གཏང་བར་མཛད་རྗེས་བཞག་ཡོད་པ་སྟེ། དེ་ལས་པྲ་ཏིའི་ལུགས་ཁུངས་སུ་བྱས་ནས་འགྲེལ་པ་རྩོམ་མཁན་དག་ལས་ཨ་ཀྱུ་ཡོངས་འཛིན་དབྱངས་ཅན་དགའ་བའི་བློ་གྲོས་ཀྱིས་《རྟགས་ཀྱི་འཇུག་པའི་དགོངས་འགྲེལ་རབ་གསལ་སྣང་བ》བརྩམས་ཏེ་པྲ་ཏིའི་རྟགས་འཇུག་ལ་འགྲེལ་པ་ཞིབ་རྒྱས་མཛད་ཅིང་། རྔ་རྒོད་ནམ་མཁའ་སེང་གེས་《སུམ་རྟགས་འགྲེལ་པ་ཉུང་གསལ་བློ་ལྡན་དགའ་སྐྱེད》ཅེས་པ་དང་། དེ་མིན་གསུང་རབ་རྒྱ་མཚོའི་ཚིགས་བཅད་དུ་བསྡེབས་པ་《སུམ་རྟགས་གཉིས་ཀྱི་ཚིག་དོན་མདོར་བསྡུས》ཞེས་པ་དང་། བརྡ་སྤྲོད་སྨྲ་བ་ལ་ཐོགས་པ་མེད་པའི་སྔ་རབས་ཀྱི་མཁས་དབང་དམུ་དགེ་བསམ་གཏན་རྒྱ་མཚོའི་《བོད་ཀྱི་ཡི་གེའི་སྤྱི་རྣམ་བློ་གསལ་འཇུག་ངོགས》སོགས་ཀྱིས་པྲ་ཏིའི་སུམ་རྟགས་ཕྱོགས་མཐུན་དུ་མཛད་དེ་བོད་ཀྱི་བརྡ་སྤྲོད་གཞུང་ལུགས་ཞིབ་རྒྱས་སུ་བཀྲལ་ཡོད།
  གཞན་སི་ཏུའི་བཞེད་པ་ཁུངས་སུ་མཛད་དེ་བརྡ་སྤྲོད་ལ་འགྲེལ་པ་རྩོམ་མཁན་ལས་ཚོགས་ཤུལ་བླ་མ་ནོར་བུ་བསྟན་འཛིན་གྱིས་ཡང་དག་རིགས་པས་མཐའ་དཔྱད་པའི་བརྡ་སྤྲོད་ཀྱི་བསྟན་བཅོས་ཇི་སྙིད་ཅིག་བརྩམས་ཤིང་། སི་ཏུའི་དགོངས་པ་ཞིབ་རྒྱས་སུ་བཏང་སྟེ་བྱ་བྱེད་ལས་གསུམ་དང་། བདག་གཞན་དུས་གསུམ་གྱི་རྣམ་གཞག་ལ་སྤྱི་དང་བྱེ་བྲག ཐོར་བུ་ཞེས་སུམ་རྟགས་ཀྱི་གཞུང་ན་སྔར་མེད་པའི་གསར་གཏོད་མཛད་པས། བོད་ཡིག་གི་བྱ་ཚིག་གི་དུས་གསུམ་སོགས་ངོས་འཛིན་བྱེད་པ་ལ་ཕན་ཐོགས་ཆེན་པོ་བྱུང་བ་དང་། དེ་ནས་དངུལ་ཆུ་ཡབ་སྲས་གཉིས་ཀྱིས་སུམ་རྟགས་ཀྱི་འགྲེལ་པ་གོ་བདེར་ཕབ་ཡོད་པ་སྟེ། སྔ་མས་སི་ཏུའི་སུམ་རྟགས་འགྲེལ་པ་ཁ་གསལ་གོ་བདེ་ཅན་དུ་བཏང་བ་《སི་ཏུའི་ཞལ་ལུང》ཞེས་པ་བརྩམས་ཤིང་། དེ་རུ་སི་ཏུའི་ས་བཅད་བགོ་སྟངས་སོགས་གཞིར་བཞག་བྱས་ཤིང་། སི་ཏུའི་འགྲེལ་སྟངས་འགའ་ཤས་ཤིག་ལ་དོགས་དཔྱོད་གནང་ཡོད་པ། “པུ་ལིངྒ་ཞེས་པ་ནི་པ་སྡེ་ནས་འབྱུང་བའི་བདག་སྒྲའི་ཕྲད་པ་པོ་བ་བོ་མ་མོ་སོགས་སུ་བཀྲལ་བ་དང་། མིང་གཞི་མ་ནིང་ཡང་འཇུག་ཡོད་པ་འགྱུར་བ་མ་ནིང་དང་། མིང་གཞི་མ་ནིང་ཡང་འཇུག་མེད་པ་ཁོ་ན་མཚན་མེད་མ་ནིང་དུ་བཞག་ཡོད་པ”[35]ལྟ་བུའོ། །ཕྱི་མས་སུམ་རྟགས་རྩ་གཞུང་གཉིས་ཀྱི་སྙིང་པོ་བསྡུས་ཏེ་ཚིག་བཅད་དུ་བསྡེབས་པ་《ལེགས་བཤད་ལྗོན་དབང》དང་། 《དཀའ་གནད་གསལ་བའི་མེ་ལོང》གཉིས་ཀ་བརྩམས་ཤིང་། དེ་གཉིས་ནི་སུམ་རྟགས་རྩ་བའི་འགྲེལ་པ་རྐྱང་རྐྱང་ཙམ་མ་ཡིན་ལ། རྩ་བ་ལས་དངོས་སུ་མ་བསྟན་པའི་བརྡ་སྤྲོད་ཀྱི་རྣམ་གཞག་རྣམས་ཕྱོགས་བསྡུས་བྱས་པ་ཞིག་ཡིན་པས། རྗེས་བྱོན་བོད་ཀྱི་འགྲེལ་མཛད་པ་རྣམས་ཀྱིས་འགྲེལ་པ་མང་དུ་བརྩམས་ཏེ་འཆད་ཉན་དར་སྤེལ་གཏོང་བཞིན་ཡོད།
  ཡང་སི་ཏུའི་སུམ་རྟགས་གཉིས་ཆ་ཁུངས་སུ་བརྟེན་པ་དང་། ཡང་ན་སུམ་ཅུ་པའི་སྐབས་སུ་པྲ་ཏི་དང་། རྟགས་འཇུག་གི་སྐབས་སུ་སི་ཏུའི་ལུགས་གཙོ་བོར་འཛིན་པ་ཅི་རིགས་ཀྱི་འགྲེལ་པ་ཤིན་ཏུ་མང་ཞིང་། དེ་ལས་ཚེ་ཏན་ཞབས་དྲུང་གིས་སུམ་ཅུ་པའི་སྐབས་སུ་པྲ་ཏིའི་ལུགས་ལྟར་འགྲེལ་བྱེད་བྱས་ཤིང་། སྔ་ཕྱིར་སི་ཏུའི་འགྲེལ་ཆེན་གྱི་ལྟ་བ་དག་ལ་དོགས་སློང་དང་དགག་སྒྲུབ་གནང་བ་དང་། རྟགས་འཇུག་གི་སྐབས་སུ་དམིགས་བསལ་སི་ཏུའི་རྟགས་འཇུག་ཁུངས་སུ་བྱས་ཡོད། དེ་མིན་པྲ་ཏི་དང་སི་ཏུའི་ལུགས་སོགས་གཅེས་བསྡུས་སུ་མཛད་པའི་སུམ་རྟགས་ཀྱི་འགྲེལ་པ་ཡང་མང་དུ་མཐོང་སྟེ། ཨ་ལག་ཤ་ངག་དབང་བསྟན་དར་གྱིས་མཛད་པའི་《སུམ་ཅུ་པ་དང་རྟགས་ཀྱི་འཇུག་པའི་དོན་གོ་སླ་བར་བསྡུས་པའི་བཤད་པ་སྐལ་ལྡན་ཡིད་ཀྱི་པདྨ་འབྱེད་པའི་སྣང་བའི་མཛོད》ཅེས་པ་དང་། གསེར་ཏོག་བློ་བཟང་ཚུལ་ཁྲིམས་རྒྱ་མཚོའི་《སུམ་རྟགས་ཀྱི་མཆན་འགྲེལ་མདོར་བསྡུས་ཏེ་བརྗོད་པ་ངོ་མཚར་འཕྲུལ་གྱི་ལྡེ་མིག》ལ་སོགས་སྔར་འགྲེལ་ཁག་གི་སྙིང་བཅུད་བསྡུས་ཤིང་། རྣམ་དཔྱོད་རིག་པས་ཡང་ཡང་བརྟགས་ནས་བརྩམས་པའི་འགྲེལ་པ་མང་པོ་ཡོད།
  མདོར་ན་པྲ་ཏི་དང་སི་ཏུ་རྣམ་གཉིས་ཀྱིས་བོད་ཀྱི་བརྡ་སྤྲོད་འཕེལ་རིམ་ལ་ཤུགས་རྐྱེན་ཆེན་པོ་བཞག་ཡོད་ལ། རྗེས་བྱོན་མཁས་པ་དག་གིས་དུས་རབས་འདིས་བརྡ་སྤྲོད་ཀྱི་སྒྲོམ་གཞི་ལ་གཞིར་བྱས་ཏེ། བརྡ་སྤྲོད་ཀྱི་གནས་བྱེ་བྲག་པ་རེ་རེ་ལ་ཉམས་ཞིབ་བྱས་ནས་བོད་ཀྱི་བརྡ་སྤྲོད་རིག་པ་ཞིབ་རྒྱས་སུ་བཏང་ཡོད།
  མཇུག་བསྡུ་བ།
  དུས་རབས་བཅོ་བརྒྱད་པའི་ནང་དུ་བོད་ལ་བརྡ་སྤྲོད་འགྲེལ་མཛད་མཁན་མང་དུ་བྱུང་ནས་བརྡ་སྤྲོད་རིག་པ་འཕེལ་བར་སྔར་མེད་མཛད་རྗེས་བཞག་ཡོད་པ་སྟེ། དེ་ལས་པྲ་ཏི་དང་སི་ཏུ་རྣམ་གཉིས་ཀྱིས་སྔ་འགྲེལ་ཁག་གི་དཔྱད་འབྲས་གཞིར་བྱས་ཤིང་། ལེགས་སྦྱར་བརྡ་སྤྲོད་དང་བོད་ཀྱི་བརྡ་སྤྲོད་རིག་པའི་གཞུང་ལ་གཤིབ་བསྡུར་དང་། བོད་ཀྱི་ཡུལ་སྐད་དང་ཡིག་སྐད་སོགས་ལ་དབྱེ་ཞིབ་ནན་ཏན་བྱས་ཏེ། སྔར་འགྲེལ་ཁག་ཏུ་གོ་བ་ལོག་འགྲེལ་བྱས་པའི་གནད་དོན་ཁག་ལ་དོགས་གཅོད་བྱས་པས། བོད་ཀྱི་བརྡ་སྤྲོད་རིག་པའི་གཞུང་ལུགས་གཏན་ཆགས་ཅན་དུ་འགྱུར་འགོ་བརྩམས་པ་དང་། སྐབས་དེ་ནས་བཟུང་སྟེ་བོད་ཀྱི་བརྡ་སྤྲོད་རིག་པ་ལ་ལེགས་སྦྱར་བརྡ་སྤྲོད་ཀྱི་ཤན་ཞུགས་ཚད་ཉུང་དུ་ཕྱིན་ནས་བོད་སྐད་རང་ཆས་སུ་མངའ་བའི་ཁྱད་ཆོས་དག་འབུར་དུ་ཐོན་པའི་བརྡ་སྤྲོད་མ་ལག་ཅིག་ཏུ་གྲུབ་ཡོད། གལ་སྲིད་པྲ་ཏི་དང་སི་ཏུ་སོགས་དུས་རབས་བཅོ་བརྒྱད་པའི་བརྡ་སྤྲོད་འགྲེལ་མཛད་པ་འདི་དག་གིས་སུམ་རྟགས་གཉིས་ཀྱི་རྩ་བའི་ཆིག་དོན་འགྲེལ་ཚུལ་དང་། རྣམ་དབྱེ་དང་ཚིག་ཕྲད་སོ་སོའི་དོན་གྱི་འཇུག་ཡུལ། བདག་གཞན་དུས་གསུམ་དང་བྱ་བྱེད་ལས་གསུམ་གྱི་རབ་དབྱེ་སོགས་ལ་བསྐྱར་ཞིབ་བྱས་ནས་སུམ་རྟགས་རྩ་བའི་དགོངས་པ་གསལ་བར་བཀྲལ་མེད་ཚེ། ཕྱིས་ཀྱི་བརྡ་སྤྲོད་མཁས་པ་རྣམས་ཀྱིས་མཛད་པ་དག་ཡོད་མི་སྲིད་ལ། བོད་ཀྱི་བརྡ་སྤྲོད་རིག་པའང་ད་ལྟ་ནང་བཞིན་ཞིབ་ཆ་ཅན་ཞིག་ཏུ་འགྱུར་མི་སྲིད་སྙམ། 
  མཆན་འགྲེལ།
  [1] ཤིས་ཚང་མཁྱེན་རབ་རྒྱ་མཚོ། བརྡ་སྤྲོད་དཔྱད་གླེང་ལེའུ་བརྒྱད་མ། [M] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2017ལོར། ཤ148
  [2] གླང་རི་ཐུབ་བསྟན་སྦྱིན་པ། བོད་སྐད་ཀྱི་བརྡ་སྤྲོད་གསར་བསྒྲིགས་སྨྲ་སྒོའི་ལྡེ་མིག [M] བོད་ཀྱི་གཙུག་ལག་ཞིབ་དཔྱོད་ཁང་། 2010། ཤ34
  [3] ལྕགས་ཐར་རྒྱལ། བོད་ཀྱི་བརྡ་སྤྲོད་སྤྱི་རྣམ་རིག་འཕྲུལ་སྣང་མཛོད། [M] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2000ལོར། ཤ9
  [4] སུམ་ཅུ་པའི་མཐའ་དཔྱོད་ཆེན་མོ་རྒྱལ་བ་དགྱེས་པའི་མཆོད་སྤྲིན། [M] ཀིརྟིའི་བྱེས་པ་གྲྭ་ཚང་ནས་འགྲེམས་སྤེལ་བྱས། 2009ལོར། ཤ692
  [5] བོད་ཀྱི་བརྡ་སྤྲོད་ཕྱོགས་བསྒྲིགས་བཞུགས་སོ། ། [G] པོད་ལྔ་པ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2014ལོར། ཤ1
  [6] གོང་གི་མཆན་དང་མཚུངས། ཤ12
  [7] གོང་གི་མཆན་དང་མཚུངས། ཤ222
  [8] ཀརྨ་སི་ཏུ། སུམ་རྟགས་འགྲེལ་ཆེན་མུ་ཏིག་ཕྲེང་མཛེས། [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2012ལོར། ཤ17
  [9] བོད་ཀྱི་བརྡ་སྤྲོད་ཕྱོགས་བསྒྲིགས་བཞུགས་སོ། ། [G] པོད་གསུམ་པ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2014ལོར། ཤ281
  [10] ཤིས་ཚང་མཁྱེན་རབ་རྒྱ་མཚོ། བརྡ་སྤྲོད་དཔྱད་གླེང་ལེའུ་བརྒྱད་མ། [M] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2017ལོར། ཤ144
  [11] བོད་ཀྱི་བརྡ་སྤྲོད་ཕྱོགས་བསྒྲིགས་བཞུགས་སོ། ། [G] པོད་གཉིས་པ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2014ལོར། ཤ189
  [12] གོང་གི་མཆན་དང་མཚུངས། ཤ235
  [13] ས་སྐྱ་བསོད་ནམས་རྩེ་མོ། ཡི་གེའི་བཀླག་ཐབས་བྱིས་པ་བདེ་བླག་ཏུ་འཇུག་པ། [M] དཔལ་ལྡན་ས་སྐྱ་པའི་གསུང་རབ། པོད་གཉིས་པ། མི་རིགས་དཔེ་སྐྲུན་ཁང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2008ལོར། ཤ153
  [14] ས་པཎ་ཀུན་དགའ་རྒྱལ་མཚན། ཡི་གེའི་བཤད་པ་མཁས་པའི་ཁ་རྒྱན། [M] ས་པཎ་གྱི་གསུང་འབུམ་པོད་གསུམ་པ།  བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 1992ལོར། ཤ633
  [15] དཔལ་སྒང་ཆོས་མཛད་ལོ་ཙཱ་བ། དག་ཡིག་ངག་སྒྲོན། [M] མི་རིགས་དཔེ་སྐྲུན་ཁང་།1998ལོར། ཤ2
  [16] པྲ་ཏི་རིན་ཆེན་དོན་གྲུབ། པྲ་ཏི་རིན་ཆེན་དོན་གྲུབ་ཀྱི་སུམ་རྟགས་དགོངས་འགྲེལ། [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2002ལོར། ཤ16
  [17] ཚེ་རིང་དོན་གྲུབ། བརྡ་སྤྲོད་རིག་པའི་རྣམ་བཤད་བློ་གསལ་འཇུག་པའི་བདེ་ལམ། [M] མི་རིགས་དཔེ་སྐྲུན་ཁང་། 2014ལོར། ཤ32
  [18] པྲ་ཏི་རིན་ཆེན་དོན་གྲུབ། པྲ་ཏི་རིན་ཆེན་དོན་གྲུབ་ཀྱི་སུམ་རྟགས་དགོངས་འགྲེལ། [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2002ལོར། ཤ33
  [19] ཚེ་ཏན་ཞབས་དྲུང་། ཐོན་མིའི་ཞལ་ལུང་། [M] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2013ལོར། ཤ116
  [20] རྗེ་ཙོང་ཁ་བ་བློ་བཟང་གྲགས་པ། ལེགས་བཤད་གསེར་གྱི་ཕྲེང་བ། [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2001ལོར།  ཤ18
  [21] མཁྱེན་རབ་འོད་གསལ། མཁྱེན་རབ་འོད་གསལ་གྱི་གསུང་རྩོམ་ཕྱོགས་བསྒྲིགས། [M] ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2015ལོར། ཤ259
  [22] པྲ་ཏི་རིན་ཆེན་དོན་གྲུབ། པྲ་ཏི་རིན་ཆེན་དོན་གྲུབ་ཀྱི་སུམ་རྟགས་དགོངས་འགྲེལ། [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2002ལོར། ཤ36
  [23] ཚེ་དབང་ལྷ་མོ་དང་ཐུབ་བསྟན་ཕུན་ཚོགས། སློབ་གྲྭ་ཆེན་མོའི་སུམ་རྟགས་སློབ་དེབ། [M] མི་རིགས་དཔེ་སྐྲུན་ཁང་། 2009ལོར། ཤ16
  [24] ཐོན་མི་སམ་ལྷོ་ཊ་དང་དངུལ་ཆུ་ཡབ་སྲས། སུམ་རྟགས་རྩ་འགྲེལ་སི་ཏུའི་ཞལ་ལུང་། [M] མི་རིགས་དཔེ་སྐྲུན་ཁང་། 2014ལོར། ཤ6
  [25] ཀརྨ་སི་ཏུ། སུམ་རྟགས་འགྲེལ་ཆེན་མུ་ཏིག་ཕྲེང་མཛེས། [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2012ལོར། ཤ93
  [26] དོར་ཞི་གདོང་དྲུག་སྙེམས་བློ། བརྡ་སྤྲོད་དོན་འགྲེལ་ཟབ་གནད་ཀུན་གསལ། [M] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2000ལོར། ཤ3
  [27] ཀརྨ་སི་ཏུ། སུམ་རྟགས་འགྲེལ་ཆེན་མུ་ཏིག་ཕྲེང་མཛེས། [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2012ལོར། ཤ36
  [28] ཐོན་མི་སམ་ལྟོ་ཊ་དང་དངུལ་ཆུ་ཡབ་སྲས། སུམ་རྟགས་རྩ་འགྲེལ་སི་ཏུའི་ཞལ་ལུང་། [M] མི་རིགས་དཔེ་སྐྲུན་ཁང་། ཤ5
  [29] ཀརྨ་སི་ཏུ། སུམ་རྟགས་འགྲེལ་ཆེན་མུ་ཏིག་ཕྲེང་མཛེས། [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2012ལོར། ཤ199
  [30] ཚེ་དབང་ལྷ་མོ། བོད་ཀྱི་བརྡ་སྤྲོད་རིག་པའི་རྣམ་བཤད། [M] ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། 1998ལོར། ཤ32
  [31] ཚེ་དབང་ལྷ་མོ། རྟགས་འཇུག་གཞུང་ལས་བསྟན་པའི་རྟགས་ཀྱི་དབྱེ་བ་དང་དབུས་གཙང་གཙོས་པའི་ཡུལ་སྐད་ཀྱི་སྒྲ་གདངས་བར་གྱི་འབྲེལ་བར་དཔྱད་པ། [J] མཚོ་སྔོན་སྤྱི་ཚོགས་ཚན་རིག2018ལོའིདེབ་དང་པོ། ཤ127
  [32] ཀརྨ་སི་ཏུ། སུམ་རྟགས་འགྲེལ་ཆེན་མུ་ཏིག་ཕྲེང་མཇེས། [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2012ལོར། ཤ155
  [33] ཀརྨ་སི་ཏུ། སུམ་རྟགས་འགྲེལ་ཆེན་མུ་ཏིག་ཕྲེང་མཛེས། [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2012ལོར། ཤ73
  [34] ཤིས་ཚང་མཁྱེན་རབ་རྒྱ་མཚོ། བརྡ་སྤྲོད་དཔྱད་གླེང་ལེའུ་བརྒྱད་མ། [M] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2017ལོར། ཤ152
  [35] ལྕགས་ཐར་རྒྱལ། བོད་ཀྱི་བརྡ་སྤྲོད་སྤྱི་རྣམ་རིག་འཕྲུལ་སྣང་མཛོད། [M] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2000ལོར། ཤ10
39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1