གཙོ་ངོས།>> གསར་འགྱུར།>>རྒྱལ་སྤྱི་གསར་འགྱུར།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། ༢༠༢༠ལོའི་ཟླ་བ་༠༤ཚེས་༡༠ཉིན།

ཨ་ཧྥེ་རི་ཁར་གཏན་འཁེལ་བྱུང་བའི་ནད་དཔེ་ཆིག་ཁྲི་ཙམ་ཟིན་པ།

ཨ་ཧྥེ་རི་ཁར་རོགས་སྐྱོར་བྱེད་པའི་ཀྲུང་གོའི་དངོས་ཟོག་ཁག་གཅིག་འབྱོར་བ།
     ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཡ་ཝུན་ཏེ་ནས་ཟླ་4ཚེས་6ཉིན་གློག་འཕྲིན་འབྱོར་གསལ། ཚེས་6ཉིན་ཨ་ཧྥེ་རི་ཁར་རིམ་རྩིས་བྱས་ན་ཏོག་གསར་གློ་ཚད་ཀྱི་གཏན་འཁེལ་བྱུང་བའི་ནད་དཔེ་ཆིག་ཁྲི་ཙམ་ཟིན་ཡོད། ཀྲུང་གོས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་18ལ་རོགས་སྐྱོར་བྱེད་པའི་རིམས་འགོག་དངོས་ཟོག་ཀག་ནར་འབྱོར་ཡོད།
     ཨ་ཧྥེ་རི་ཁའི་ནད་ཡམས་ཚོད་འཛིན་ལྟེ་གནས་ཀྱི་གྲངས་གཞི་ལས་མངོན་གསལ། ཨ་ཧྥེ་རི་ཁ་ཤར་མའི་དུས་ཚོད་ཚེས་6ཉིན་གྱི་ཆུ་ཚོད་17(པེ་ཅིང་གི་དུས་ཚོད་ཚེས་6ཉིན་གྱི་ཆུ་ཚོད་22)བར་ཨ་ཧྥེ་རི་ཁར་རིམ་རྩིས་བྱས་ན་གཏན་འཁེལ་བྱུང་བའི་ནད་དཔེ་9457ཟིན་པ་དང་འདས་ཟིན་པའི་ཆུ་ཚོད་24ཡི་རིང་གཏན་འཁེལ་བྱུང་བའི་གསར་འཕར་ནད་དཔེ་721ཐོན་ཡོད། རིམ་རྩིས་བྱས་ན་གྲོངས་པའི་ནད་དཔེ་442ཐོན་པ་དང་འདས་ཟིན་པའི་ཆུ་ཚོད་24ཡི་རིང་གྲོངས་པའི་ནད་དཔེ་43གསར་འཕར་བྱུང་ཡོད།
     ཀྲུང་གོས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་18ལ་རོགས་སྐྱོར་བྱེད་པའི་རིམས་འགོག་དངོས་ཟོག་ཚེས་6ཉིན་ཀག་ནར་འབྱོར་ཡོད། ད་ཐེངས་ཀྱི་དངོས་ཟོག་ནང་དབུགས་འབྱིན་རྔུབ་འཕྲུལ་ཆས་དང་། N95ཁ་རས། འགོག་སྲུང་གྱོན་ཆས། ལག་ཤུབས་སོགས་སྨན་བཅོས་སྒྲིག་ཆས་དང་འགོག་སྲུང་ཡོ་ཆས་ཚུད་ཡོད། རོགས་སྐྱོར་ཐོབ་པའི་རྒྱལ་ཁབ་གྲས་སུ་ཀག་ན་དང་། ནི་ཀྲེ་རི་ཡ། སེ་ནེ་ཀལ། ཀ་པོན་སོགས་རྒྱལ་ཁབ་18ཚུད་ཡོད།
     ཀག་ནར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཝང་ཧྲི་ཐིང་གིས། དངོས་ཟོག་རྩིས་སྤྲོད་རྩིས་ལེན་གྱི་མཛད་སྒོའི་ཐོག་ཀག་ན་ནི་ཨ་ཧྥེ་རི་ཁ་ནུབ་མའི་ཁུལ་གྱི་མཁའ་ཐོག་སྐྱེལ་འདྲེན་གྱི་ལྟེ་གནས་རེད། ཀག་ན་སྲིད་གཞུང་གི་རྒྱབ་སྐྱོར་ཤུགས་ཆེན་འོག ཀྲུང་གོ་ཕྱོགས་ཀྱིས་འདི་ག་རོགས་སྐྱོབ་དངོས་ཟོག་བརྒྱུད་སྐྱེལ་ལྟེ་གནས་སུ་བརྩིས་ནས། འབྲེལ་ཡོད་སྒྲིག་གཞི་དང་མཉམ་ལས་བྱས་ཏེ་དངོས་ཟོག་དེ་དག་མགྱོགས་ནས་མྱུར་དུ་དམིགས་ས་གཞན་ལ་དབོར་རྒྱུ་རེད། ཀྲུང་གོ་དང་རྒྱལ་ཁབ་གཞན་གྱི་རོགས་སྐྱོར་འོག་ཨ་ཧྥེ་རི་ཁས་རིམས་ནད་ལས་རྣམ་པར་རྒྱལ་ཐུབ་ངེས་ཡིན་པའི་ཡིད་ཆེས་ཡོད་ཅེས་བརྗོད་པ་རེད།
     ཀག་ན་ཡི་ཕྱི་འབྲེལ་པུའུ་ཀྲང་པོ་ཆི་ཝེ་ཡིས་རོགས་སྐྱོར་ཐོབ་མཁན་རྒྱལ་ཁབ་18ཀྱི་ཚབ་ཞུས་ནས་ཤིས་ཚིག་སྒྲོན་སྐབས་ཨ་ཧྥེ་རི་ཁའི་རིམས་འགོག་ལས་དོན་ལ་ཀྲུང་གོ་ཕྱོགས་ཀྱིས་ལེགས་སྐྱེས་ཧུར་ཐག་ཕུལ་བར་གདེང་འཇོག་ཆེན་པོ་བྱས་པ་རེད། ཁོང་གིས་རིམས་ནད་ལ་ཁ་གཏད་གཅོག་སྐབས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་བྱས་ན་གཞི་ནས་མཐའ་མའི་རྒྱལ་ཁ་ཐོབ་སྲིད། ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་མིག་དཔེ་བཟང་པོ་བཏོན་ཡོད་ཅེས་བརྗོད་པ་རེད།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1