གཙོ་ངོས།>> རྩོམ་རིག>>ལྷུག་རྩོམ།

ཛམྦྷ་རྡོ་རྗེས། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། ༢༠༢༠ལོའི་ཟླ་བ་༠༤ཚེས་༠༨ཉིན།

༄༅།། སེམས་ཀྱི་སྐར་མ་འོད་ཆེན།


ཛམྦྷ་རྡོ་རྗེས།
     སྐར་མ་འོད་ཆེན་ལགས། ཁྱེད་ཀྱི་ལྷག་བསམ་དུང་ལས་དཀར་ཞིང་མཛད་འཕྲིན་རི་རྒྱལ་ལྷུན་པོ་ལས་བརྗིད་པས། ཁྱེད་ནི་ནམ་ཡང་སློབ་བུ་ངའི་སེམས་ཀྱི་ང་རྒྱལ་དང་གཟི་བརྗིད་ལགས། ལྷག་པར་ཁྱེད་ཉིད་ཀྱིས་ཉིན་རེ་རེར་ང་རང་སེམས་ནས་བརྗེད་མ་མྱོང་བས། ང་ཚོ་སྡོད་སའི་ཡུལ་གྲུ་ཀུན་ཏུ་འོད་སྣང་གིས་ཁྱབ་ཅིང་སྤྲོ་སྣང་གིས་ཕྱུག་པ་དང་རེ་བས་ཁེངས་ཡོད།
     སྐར་མ་འོད་ཆེན་ལགས།   ཁྱེད་ཀྱི་གཤིས་རྒྱུད་ནི་ཕྱི་གསལ་ནང་གསལ་གྱི་ཤོག་ལྷེ་དཀར་པོ་ཞིག་སྟེ། ནག་ནོག་གི་དྲི་མས་བྲལ་ཞིང་སླུ་བྲིད་དང་གཡོ་སྒྱུ་དེ་བས་ཀྱང་ག་ལ་ཡོད་དེ་ཡོད་ཀྱང་མི་སྲིད། ཁྱེད་རང་ནི་ངའི་ཚེ་འདི་ཕྱི་གཉིས་ཀྱི་ལམ་སྟོན་གྱི་མུན་པ་སེལ་བའི་སྒྲོན་མེ་ཞིག། དེ་བས་ཁྱེད་ཀྱི་སྤྱོད་བཟང་གི་སྦྲང་ཆར་བསིལ་མས་ང་ཚོར་དངོས་གྲུབ་བསྩལ།
     སྐར་མ་འོད་ཆེན་ལགས།  ཁྱེད་ཀྱི་ཤེས་རིག་གི་མཁྱེན་རྒྱ་ནི་ནམ་མཁའ་ལས་ཡངས་ཤིང་ཆུ་གཏེར་ལས་གཏིང་ཟབ་ལ། ཁྱེད་ཀྱི་རྣམ་དཔྱོད་ཀྱི་བློ་རིག་ནི་གློག་ལྟར་མྱུར་ལ། འཆད་རྩོད་རྩོམ་གསུམ་གྱི་ཡོན་ཏན་ཡང་ཕུན་སུམ་ཚོགས་ཤིང་ཐོགས་པ་མེད་པས། ང་རང་གཏན་དུ་ཁྱེད་ཀྱི་ཕང་བ་ནས་འཚོ་འདོད་ཀྱི་འདུན་པ་རླབས་ལྟར་འཕྱོ། 
     ཀྱེ་ཀྱེ། གཞན་ཕན་གྱི་ལྷག་བསམ་མཁའ་རུ་འཕྱོ་ཞིང་མཚན་སྙན་གྱི་བ་དན་ཕྱོགས་བཅུར་ཁྱབ་ལ། བྱམས་སེམས་ཀྱི་ལག་ཟུང་རིང་དུ་བརྐྱངས་ཏེ་སྙིང་རྗེ་ཡི་འོད་སྣང་ཉེ་རིང་མེད་པར་ཕྱོགས་ཀུན་ཏུ་འཕྲོ་བའི་སྐར་མ་འོད་ཆེན་ལགས།
     རིགས་ཀྱི་བུ་འདི་དག་ལ་རྨོངས་སེལ་གྱི་དགའ་སྣང་རེ་སྟེར་རྒྱུ་དང་མ་འོངས་འབྱུང་འགྱུར་གྱི་ལས་དབང་བསམ་ནས། དཀའ་སྡུག་དང་སྐུ་ངལ་སྤུ་ཙམ་ལ་མི་འཛེམ་པར་རང་རྒྱུད་ཀྱི་ཤེས་ཡོན་ཡོད་ཚད་བུམ་པ་གང་བྱོའི་ཚུལ་དུ་ང་ཚོར་གནང་། དེ་བས་ཁྱེད་ནི་ནམ་ཡང་ང་ཚོའི་དྲིན་ཆེན་གྱི་ཕ་མ་དང་གཉིས་སུ་མ་མཆིས།
     ཁྱེད་ནི་མིའི་རིགས་ཀྱི་ཤེས་རིག་གི་བླ་སྲོག་སྐྲུན་མཁན་ཏེ། ཁྱེད་ཀྱི་ཐབས་ཤེས་གཉིས་ལྡན་དང་དྲག་འཇམ་གཉིས་འཛོམས་ཀྱི་མཛུབ་ཁྲིད་དེ་ཡོད་པས་ན། ང་ཚོ་ད་གཟོད་ལས་འབྲས་ཚུལ་ལ་མི་རྨོངས་པ་དང་གནས་ལུགས་དོན་ལ་མི་རྨོངས་པར་གྱུར་ཏེ་སྣ་མང་རྙོག་འཛིང་ཁྲོད་དུ་བློ་གཟུ་བོར་གནས་ཐུབ་ཡོད་ལ། ཁྱེད་རང་ཡོད་པས་ན་ང་ཚོའི་རྒྱབ་ཕྱོགས་སུ་ད་གཟོད་རྒྱལ་ཁའི་དགོད་སྒྲས་ཁེངས་ཤིང་མདུན་ཕྱོགས་སུ་རེ་བའི་འོད་སྣང་གིས་ཁྱབ་ཡོད། དེའི་ཕྱིར་ང་ཚོས་ཅིས་ཀྱང་ཁྱེད་ལ་བཀའ་དྲིན་ཞུ་འོས་ཤིང་ལག་ཟུང་ཐལ་མོ་སྙིང་ཁར་སྦྱར་ནས་སྐུ་དྲིན་ཡང་ཡང་ཞུའོ།།

(རྩོམ་འདི་ནི་ཕྲན་གྱི་སློབ་གཉེར་གྱི་ལམ་བུའི་ནང་བཀའ་དྲིན་གཞལ་ཐབས་བྲལ་བའི་དགེ་བའི་བཤེས་གཉེན་དམ་པ་རྣམས་ལ་མཚོན་བྱེད་དུ་ཕུལ་བ་དགེའོ།།) 

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1