གཙོ་ངོས།>> གསར་འགྱུར།>>རྒྱལ་སྤྱི་གསར་འགྱུར།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། ༢༠༢༠ལོའི་ཟླ་བ་༠༤ཚེས་༠༡ཉིན།

ཡོ་རོབ་ཏུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་དང་ཁེ་སྐྱོང་ལས་ཤག་ཁག་གིས་ཕྱི་སྦྱོང་སློབ་མར་རིམས་ནད་འགོག་རྒོལ་ཐད་རོགས་རམ་ཧུར་ཐག་བྱས་པ།


     ཟླ་3པའི་ཟླ་སྟོད་དུ་ཧྥ་རན་སེའི་ཕ་རི་སིའི་སློབ་ཆེན་ཞིག་ཏུ་ཡོད་པའི་ཀྲུང་གོའི་ཕྱི་སྦྱོང་སློབ་མ་ཨའོ་ཞའོ་ལ་ཚ་བ་རྒྱས་པ་དང་གཟུགས་པོར་ཤུགས་མེད་པའི་ནད་རྟགས་ཐོན་པས་དངངས་སྐྲག་སྐྱེས། ཡིན་ནའང་ཧྥ་རན་སེའི་མྱུར་སྐྱོབ་ཁ་པར་15ག་ཚོད་བརྒྱབ་ཀྱང་འགྲོ་ཡི་མེད། ཉེན་ཁའི་སྐབས་སུ་ཁོ་མོ་ཧྥ་རན་སེ་ཡོངས་ཀྱི་སློབ་གྲྭ་བའི་མཉམ་འབྲེལ་ལྷན་ཚོགས་ཀྱིས་བཙུགས་པའི“སྨན་བཅོས་བློ་འདྲིའི་སྐད་འཕྲིན་ཚོགས་པའི”ནང་བཅུག་སྟེ་ཕྱི་ཁོངས་ཀྲུང་གོ་བ་ཡིན་པའི་སྨན་པའི་མཛུབ་ཁྲིད་འོག་སྨན་ཟས་ནས་ཉིན་ཁ་ཤས་ཕྱིན་རྗེས་དྲག་སྐྱེད་བྱུང་བ་རེད།
     “རང་ཉིད་ལ་ཏོག་གསར་གློ་ཚད་ཕོག་པའི་སེམས་ཁྲལ་ཆེན་པོ་བྱུང་། སྟབས་ལེགས་པ་ཞིག་ལ་སྨན་བཅོས་ཚོགས་པ་དེའི་ནང་རྒྱལ་ནང་དང་རྒྱལ་ཕྱིའི་སྨན་པ་དང་རིགས་གཅིག་མཁས་ཅན་ཡོད་པ་དང་། ཁོང་ཚོས་སྐད་ཆ་མང་པོ་དྲིས་པར་ངས་ལན་བརྒྱབ་རྗེས་ངར་ཏོག་གསར་གློ་ཚད་ཕོག་མེད་པའི་ངོས་འཛིན་བྱས་ཤིང་། ཚ་བ་གཅོག་པའི་སྨན་བཟས་ནས་ལྟ་ཞིབ་བྱེད་དགོས་པའི་བསམ་འཆར་བཏོན་བྱུང་བས། བསམ་ཡུལ་ལས་འདས་པ་ཞིག་ལ་ངའི་ནད་གཞི་དངོས་གནས་དྲག་སྐྱེད་བྱུང”ཞེས་ཨའོ་ཞའོ་ཡིས་བརྗོད།
     ཟླ་3པ་ནས་བཟུང་། ཧྥ་རན་སེར་ཐོན་པའི་ཏོག་གསར་གློ་ཚད་ཉིན་བཞིན་ཛ་དྲག་ཏུ་ཕྱིན་པ་དང་། ཟླ་3ཚེས་17ཉིན་གྱི་ཉིན་གུང་ནས་བཟུང་ཧྥ་རན་སེས“ཕྱིར་འགྲོ་མི་ཆོག་པའི་བཀའ་རྒྱ”ལག་བསྟར་བྱེད་འགོ་ཚུགས་པ་རེད། ཧྥ་རན་སེར་ཡོད་པའི་ཕྱི་སྦྱོང་སློབ་མའི་དགོས་མཁོར་གཞིགས་ཏེ་ཧྥ་རན་སེ་ཡོངས་ཀྱི་སློབ་གྲྭ་བའི་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཧྥ་རན་སེར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གི་སློབ་གསོ་ཁྲུའུ་ཡི་མཛུབ་སྟོན་འོག“སྨན་བཅོས་བློ་འདྲིའི་ཚོགས་པ”བཙུགས་པ་དང་། ཧྥ་རན་སེའི་ཕྱི་ཁོངས་ཀྲུང་གོ་བ་ཡིན་པའི་སྨན་པ་དང་། ཧྥ་རན་སེར་སྤེལ་རེས་བྱེད་པར་ཡོང་བའི་ཀྲུང་གོའི་སྨན་པ། དེ་བཞིན་རྒྱལ་ནང་གི་སྨན་པ་བཅས་གདན་ཞུ་བྱས་ཏེ་སློབ་མ་ཚོར་ནད་བརྟག་དང་སྨན་གཏོང་སྟངས་ཐད་རོགས་རམ་བྱས་པ་རེད།
     “ཚོགས་པའི་ནང་གི་སྨན་པས་འགན་ཡག་པོ་ཁུར་ནས་སློབ་མ་ཚོའི་དྲི་བར་ངང་རྒྱུད་རིང་པོས་ལན་རྒྱག་གི་འདུག”ཅེས་ཧྥ་རན་སེའི་སློབ་ཆེན་ཨང་བདུན་པའི་སློབ་མ་ཞུའེ་ཆེ་གེ་མོས་བརྗོད། ཁོ་མོ་ཟླ་3ཚེས་14ནས་24ཉིན་བར་བསྟུད་མར་ཚ་བ་རྒྱས་པ་དང་། ཚོགས་པ་དེའི་ནང་ཞུགས་ནས་བརྙན་ལམ་བརྒྱུད་ནད་བརྟག་བྱས་པས་ཆེད་ལས་ཅན་གྱི་རོགས་སྐྱོར་ཐོབ་པ་རེད། ཁོ་མོས“ཚོགས་པ་དེ་ཧྥ་རན་སེར་ཡོད་པའི་ཕྱི་སྦྱོང་སློབ་མའི་རྒྱབ་རྟེན་དུ་གྱུར་ཡོད། འདྲི་རྩད་བྱེད་མཁན་སློབ་མ་མང་པོ་ཞིག་ཏོག་གསར་གློ་ཚད་ཕོག་པ་མ་ཡིན་པར་ཆམ་པ་བརྒྱབ་ནས་ཚ་བ་རྒྱས་པ་ཙམ་ཡིན་པ་རེད། འོན་ཀྱང་རིམས་ནད་ཐོག་ཚབས་ཆེ་བའི་གནས་ཚུལ་འོག་ཚང་མ་དངངས་སྐྲག་སྐྱེ་ཡི་འདུག་པས། སྨན་པ་ཚོའི་ནད་བརྟག་དང་གྲོས་འགོ་ལས་ང་ཚོར་སེམས་གསོ་ཆེན་པོ་ཐེབས་བྱུང”ཞེས་བརྗོད།
     ཧྥ་རན་སེར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཁང་གིས་སྔ་རྗེས་སུ་བདེ་འཇགས་ཀྱི་དྲན་སྐུལ་ཐེངས་མང་སྤེལ་ཏེ་འཕྲལ་སྡོམ་ལས་རེས་ལས་དོན་ཡག་པོ་བསྒྲུབས་ནས་ཕྱི་སྦྱོང་སློབ་མ་དང་ཁྱིམ་བདག་ལ་ཉིན་མཚན་དབྱེར་མེད་ཀྱི་ཁ་པར་གྱི་འདྲི་རྩད་ཞབས་ཞུ་མཁོ་འདོན་བྱས་ཤིང་། སློབ་གྲྭ་བའི་མཉམ་འབྲེལ་ལྷན་ཚོགས་སོགས་རྩ་འཛུགས་བརྒྱུད་ནས་ཕྱི་སྦྱོང་སློབ་མའི་གནས་ཚུལ་དུས་ཐོག་ཏུ་རྒྱུས་ལོན་བྱས་ཏེ་ཐབས་ལམ་སྣ་ཚོགས་བརྒྱུད་འགོག་སྲུང་མཁོ་ཆས་ཉོས་ནས་ཕྱིར་སྡོད་སྤུན་ཟླ་དང་ཕྱི་སྦྱོང་སློབ་མར་སྤྲད་པ་རེད།
     བསྡོམས་རྩིས་བྱས་པར་གཞིགས་ན། མིག་སྔར་ཡོ་རོབ་ཏུ་ཏོག་གསར་གློ་ཚད་ཕོག་པ་གཏན་འཁེལ་བྱུང་བའི་ནད་དཔེ་རིམ་རྩིས་བྱས་ན་ཁྲི་40ཙམ་ཟིན་ཡོད། ཧྥ་རན་སེ་ཕུད། ཡོ་རོབ་ཀྱི་རྒྱལ་ཁབ་ཁག་ཏུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་དང་ཁེ་སྐྱོང་ལས་ཤག་གིས་ཀྱང་རང་ནུས་གང་ཡོད་ཀྱིས་འགོག་སྲུང་དངོས་ཟོག་མཐུན་སྦྱོར་དང་བློ་འདྲིའི་ཞབས་ཞུར་ཤུགས་སྣོན་བརྒྱབ་སྟེ་ཕྱི་སྦྱོང་སློབ་མར་དཀའ་ངལ་སེལ་རོགས་བྱས་པ་རེད།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1