གཙོ་ངོས།>> རྩོམ་རིག>>ལྷུག་རྩོམ།

སྐལ་བཟང་ནོར་བུ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། ༢༠༢༠ལོའི་ཟླ་བ་༠༣ཚེས་༣༡ཉིན།

༄༅།།རི་སྐྱེས་མེ་ཏོག


     དགུན་གསུམ་གྱི་འཁྱག་རོམ་གཙང་བོའི་འགྲོས་དང་བསྡེབས་ནས་རྒྱང་རིང་དུ་བཞུར་དུས། དྲོད་ལམ་ལམ་གྱི་རླུང་བུ་དེ་ཙག་རླུང་དང་བུ་ཡུག་བརྟོལ་ནས་ས་གཞིའི་པང་བ་རུ་ལྡང་དུས། བདག་གི་ཐོས་འཛིན་གྱི་བུ་གར་ཁྱོད་ཀྱི་གོམ་སྒྲ་དེ་དལ་བ་དལ་བུར་རྒྱུ་ཡོང་བར་ཚོར། དེ་ནི་མི་སེམས་ལ་དཔྱིད་དཔལ་བཞད་པའི་སྙན་འཇེབས་ཀྱི་དབྱངས་རྟ་དང་། མ་བཅོས་ལྷུན་གྱིས་གྲུབ་པའི་རང་བྱུང་ཁམས་ཀྱི་གླུ་སྐད་དྭངས་མོ་དེ་ཡིན་པར་གོར་མ་ཆག  དུས་ཚིགས་ཀྱི་འཁོར་འགྲོས་བར་ནས་ངས་ནམ་ཡང་ཁྱོད་ཁོ་ནའི་ལང་ཚོ་དང་མཛེས་སྡུག་ལ་ངང་སྒུག་བྱས་མྱོང་། དེ་ནི་རྒྱང་རིང་གི་ཡུལ་གྲུ་ཞིག་ཏུ་དྲན་གདུང་གིས་རབ་ཏུ་མནར་བའི་སྐྱེ་བོ་སུ་ཞིག་གིས་རང་གི་མཛའ་མོའི་ལོག་ཕེབས་ལ་སྒུག་པ་དང་ཇི་འདྲའི་མཚུངས་པ་ལ་ཨང་། 
     ཆུ་མིག་གི་འགྲམ་དང་ན་སྤང་གི་མཚམས་སུ། རྫ་རི་དང་གངས་དཀར་གྱི་འདབས་སུ། ལྷོད་ཤིག་གེར་བྱིན་ཆགས་སེ་རྫ་ཆུ་དང་གངས་ཆབ་ཀྱིས་གསོས་པའི་ཚེ་སྲོག་རེ་རེ། ཉི་འོད་དང་ཟིལ་བ་ཡིས་བྲན་པའི་འདབ་ལོ་རེ་རེ། ས་སྒང་ཨ་མའི་དཔྲལ་བའི་མིག་དང་ཁོག་གི་སྙིང་ཡིན། ང་རང་མི་ཡུལ་དུ་སླེབས་པ་ནས་བཟུང་ཁྱོད་ཀྱི་འཇིག་རྟེན་ལས་ལམ་དུ་ཆས་པ་ཡིན། སྦྲ་གུར་དང་ནོར་ནག་གི་ལྷས་འདབས་སུ་ཁྱོད་ནི་འཛུམ་དམུལ་ལེར་འོད་ཀྲིག་གེར་ཇི་འདྲའི་སྙིང་དུ་སྡུག་པ་ཞིག ཁྱོད་ནི་ཆུང་དུས་ལུ་གུ་འཚོ་རོགས་དང་རྫི་གླུ་ལེན་རོགས། དགའ་སྐྱོ་དང་དྲན་གདུང་གི་སྙིང་གཏམ་གླན་རོགས་དེ་ཡིན་ཙ་ན།ས་གང་དུ་སོང་ཡང་གནས་གང་དུ་བསྡད་ཀྱང་ཁྱོད་ནི་ད་གཟོད་བདག་གི་སེམས་ཀྱི་ལོག་མལ་དེ་ཡིན་པ་རྟོགས་ཡོང་།
     ཨ་ཕས་བཤད་ན་ས་གཞི་ཐམས་ཅད་སྨན་གྱིས་གང་ཡོད་ཟེར། བདག་གི་ཨ་ཕས་ཆུང་དུས་སུ་གསོ་རིག་ཅུང་ཙམ་བསླབ་མྱོང་ཡོད་པས། ངེད་གཉིས་སྤང་ཐང་དང་རི་སྒང་དུ་སོང་ནས་མེ་ཏོག་འཐུ་དུས་ཁོང་གིས་མེ་ཏོག་རྐང་རེ་གཉིས་བཏུས་ཏེ་གོང་མ་ལྷ་ལ་མཆོད་པ་ཕུལ། དེ་ནས་ང་ལ་མེ་ཏོག་གི་མིང་བཤད་ནས་འདི་དག་ནི་ནད་ག་གེ་མོ་བཅོས་བྱེད་ཀྱི་སྨན་རེད་ཟེར།དེ་དུས་ངའི་སེམས་སུ་མིག་ལ་མཛེས་པའི་མེ་ཏོག་དེ་ཚོ་སྨན་རེད་ཟེར་དུས་བློ་ངོར་དེ་ཙམ་བབས་མ་བྱུང་། གང་ཡིན་ཞེ་ན་སྐབས་དེར་སྨན་ཟེར་དུས་ངའི་སྣང་བར་ཏིག་ཏ་ལྟ་བུའི་རོ་ཁ་བ་དེ་མ་གཏོགས་ཅི་ཡང་དྲན་རྒྱུ་མི་འདུག  ཡིན་ནའང་། ཕྱིས་སུ་ན་ཚོད་རིམ་གྱིས་སྨིན་པ་དང་ལྷན་དུ་རི་སྐྱེས་ཀྱི་ཚོགས་ལ་སྔར་བས་ངེས་ཤེས་གསར་པ་ཞིག་རྙེད་བྱུང་། 
     ཁྱོད་ཀྱི་གསེང་ནས་བདག་གིས་གཞི་ནས་ལྷིང་འཇགས་དང་བག་ཡངས་ཞེས་པའི་ཐ་སྙད་དེ་ལ་གོ་བ་ཟབ་མོ་ཞིག་ལོན་བྱུང་ལ། ལྷད་མེད་དང་དྭངས་གཙང་ཞེས་པའི་ཐ་སྙད་དེ་དག་ལའང་གོ་བ་ཟབ་མོ་ཞིག་ལོན་བྱུང་། ཁྲོམ་དུ་བཤམས་པའི་མེ་ཏོག་དག་ཇི་ལྟར་མཛེས་ཀྱང་། ཇི་ལྟར་ཞིམ་ཡང་ཁྱོད་ཀྱི་དོ་ཟླ་གཏན་ནས་མི་ཡོང་། རྒྱ་སེ་དང་ལུག་མིག་གི་མཚོན་དོན་ཇི་ལྟར་ཟབ་ཀྱང་ཁྱོད་ཀྱི་འགྲན་ཟླ་མི་ནུས། དེ་བས། ཁང་བརྩེགས་ཀྱི་བ་གམ་དགུང་དུ་ཟུག་པའི་གྲོང་ཁྱེར་གྱི་གྲུ་ཟུར་རེ་རེ་ནས། གློག་འོད་ཀྱི་གཙང་པོ་བྲེལ་བྲེལ་གྱིས་རྒྱུ་བའི་མཚན་གཞུང་རེ་རེ་ནས། གཡུ་ལོ་ལྡེམ་མེར་གཡོ་བའི་ཁྱོད་ཀྱི་ལང་ཚོ་དྲན་ཡོང་། ཚིགས་དྲུག་སྨྱུག་མ་འདྲ་བའི་ཁྱོད་ཀྱི་གཤིས་རྒྱུད་དྲན་ཡོང་། 
     རང་ཡུལ་དུ་ལོག་ནས་སྤང་གཞུང་དུ་གན་རྐྱལ་དུ་ལོག་ཏེ་ཁྱོད་ཀྱི་འདབ་ལོ་རེ་རེ་ལག་པས་རེག་དུས་ང་ལ་སྨྲ་མི་ཤེས་པའི་སྤྲོ་བ་ཞིག་ངང་གིས་སྟེར་ཡོང་། མིག་ལ་མཛེས་ཤིང་སྙིང་དུ་སྡུག་པའི་མེ་ཏོག་རེ་རེའི་སྟེང་ནས་ཕ་ལོའི་སྣང་བརྙན་དེ་དལ་གྱིས་མངོན་ཡོང་པ་འདྲ་ལ། མེ་ཏོག་ལྷ་ལ་ཕུལ་བའི་ངང་ཚུལ་དེའང་གསལ་གསལ་དག་དག་གིས་འདྲེན་བྱེད་བརྒྱུད་ནས་དྲན་པའི་སྒེའུ་ཁུང་དུ་ག་ལེར་འཛུལ་ཡོང་པ་འདྲ།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1