གཙོ་ངོས།>> ཞིབ་འཇུག>>ཀུན་འདུས།

བྱམས་པ་ཚེ་རིང་། རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོའི་བོད་རིག་པ། སྤེལ་དུས། ༢༠༢༠ལོའི་ཟླ་བ་༠༣ཚེས་༢༦ཉིན།

༄༅།། 《ཞང་ཞུང་ཤེས་རིག་ཞིབ་འཇུག》ཅེས་པའི་རིག་གཞུང་རིན་ཐང་དང་ཁྱད་ཆོས་སྐོར་ལ་དཔྱད་པ།


བྱམས་པ་ཚེ་རིང་།

  [ནང་དོན་གནད་བསྡུས།] ཉེ་ཆར་རྒྱ་ཡིག་གི་ལམ་ནས་གསར་དུ་པར་སྐྲུན་བྱས་པའི་《ཞང་ཞུང་ཤེས་རིག་ཞིབ་འཇུག》ཅེས་པའི་དེབ་འདི་ནི་ཞང་ཞུང་དང་། རྒྱལ་རོང་། སན་ཞིན་ཏོས། ཅིན་ཧྲ་གནའ་ཤུལ་སོགས་ཀྱི་འབྲེལ་བར་དཔྱད་པའི་བདག་ཉིད་ཅན་ཞིག་རེད། ཁོ་བོས་རྩོམ་འདིར་བོན་གྱི་ཤེས་རིག་ལ་ཞིབ་འཇུག་བྱེད་པར་མེད་དུ་མི་རུང་བའི་རྨང་གཞིའི་འཇུག་སྒོ་ལྟ་བུ་སྟེ། བོན་གྱི་གོ་དོན་དང་འཇུག་ཡུལ། བོན་དང་གཡུང་དྲུང་བོན་གཉིས་ཀྱི་ཁྱད་པར། སྒྲ་དོན་སོགས་ལ་བརྟེན་ནས་གཡུང་དྲུང་བོན་གྱི་བཀའ་དང་བཀའ་བརྟེན་གྱི་གཞུང་ཚན་དབྱེ་ལུགས་སོགས་གླེང་སློང་གི་ཚུལ་དུ་ངོ་སྤྲོད་བྱས་ཡོད་པ་དང་། རྨང་གཞིའི་ཤེས་བྱ་སྤྱི་བམ་པ་དེ་ལ་བརྟེན་ནས་《ཞང་ཞུང་ཤེས་རིག་ཞིབ་འཇུག》 ཅེས་པར་གནད་ཐིངས་གཟིགས་ཞིབ་བགྱིས་པའི་ཀློག་འགྲེལ་དང་བློ་བསྐྱེད། ཐུན་མོང་མ་ཡིན་པའི་རིག་གཞུང་ཞིབ་འཇུག་གི་ཁྱད་ཆོས་དང་རིན་ཐང་བཅས་ལ་དམིགས་གསལ་དཔྱད་འཇོག་བྱས་ན། 《ཞང་ཞུང་ཤེས་རིག་ཞིབ་འཇུག》 ཅེས་པའི་དེབ་འདི་ནི་བོན་གྱི་ཤེས་རིག་ལ་ཞིབ་འཇུག་བྱེད་པའི་ལྡེ་མིག་ལྟ་བུ་དང་། བོད་སྤྱིའི་རིག་གཞུང་དཔྱད་ཞིབ་ཀྱི་ཡིག་ཆའི་མཛོད་དུ་གྲུབ་ཡོད་པའི་ཁར། རང་རེའི་བོད་ཀྱི་སྔ་རབས་ཤེས་རིག་གི་སྐོར་ལ་ཞིབ་འཇུག་བྱེད་པའི་རྒྱུ་ཆ་གལ་ཆེན་ཞིག་ཏུ་གྱུར་ཡོད་ཚུལ་ལུང་རིགས་དཔེ་གསུམ་གྱི་ལམ་ནས་དཔྱད་བརྗོད་སྤེལ་ཡོད་དོ།།
  [བརྡ་ཆད་གཙོ་བོ།] ཞང་ཞུང་། བོན། རྒྱལ་རོང་། སན་ཞིན་ཏོས། ཅིན་ཧྲ་གནའ་ཤུལ།
  [ཀྲུང་གོའི་དཔེ་དེབ་དབྱེ་རྟགས།] K281+G236
  [ཡིག་ཚང་མཚན་བྱང་།] A
  [རྩོམ་གྱི་གོ་རིམ་ཨང་སྒྲིག] 1002-9060-2019-03-0318-10

གླེང་སློང་བའི་གཏམ།
  དེང་རབས་བོན་གྱི་ཞིབ་འཇུག་པ། ལྷོ་ནུབ་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ། འབུམ་རམས་པའི་མཛུབ་སྟོན་སློབ་དཔོན། ཤར་བ་ཐོགས་མེད་ལགས་ཀྱི་བརྩམས་ཆོས་གསར་པ《ཞང་ཞུང་ཤེས་རིག་ཞིབ་འཇུག》ཅེས་པའི་དེབ་འདི་ཉིད་ཉེ་ཆར་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་འགྲེམ་སྤེལ་བྱས་ཏེ། རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་གི་ལོ་རྒྱུས་སྟེང་ཆེས་ཐོག་མར་ཞང་ཞུང་ཤེས་རིག་ཞིབ་འཇུག་ཅེས་མིང་བཏགས་ཡོད་པའི་བརྩམས་ཆོས་ཐོག་མ་རུ་ཆགས་ཡོད། དེབ་འདིའི་ནང་དུ་འཁོད་པའི་དཀར་ཆག་གི་ནང་དོན་ལྟར་བྱས་ན། ཞང་ཞུང་གི་ས་ཁོངས་ངོས་འཛིན་དང་། ཞང་ཞུང་རྒྱལ་རབས་ཀྱི་ལོ་རྒྱུས་བརྒྱུད་རིམ། ཞང་ཞུང་དང་ཐུ་བྷོད་བར་གྱི་རིག་གནས་མཉམ་འདྲེས། བོན་གྱི་སྤྱི་ཁོག་དང་ཆོ་ག བོད་མི་དང་བོན་ཆོས། གནའ་བོའི་བོན་གྱི་དགོན་སྡེ། ཞང་ཞུང་། རྒྱལ་རོང་། སན་ཞིན་ཏོས་གནའ་ཤུལ།1 ཅིན་ཧྲ་གནའ་ཤུལ།2བོད་དང་རྒྱ་གར་གྱི་རིག་གནས་མཐོང་སྣང་ལས་གངས་ཏི་སེའི་དད་མོས་དང་དེའི་ཁྱད་ཆོས། བོན་ཆོས་དང་འཇང་གི་སྟོན་པའི་རིག་གནས་སོགས་ལེའུ་བཅུ་རུ་བགར་ཡོད། ཤར་བ་ཐོགས་མེད་ལགས་ཀྱིས་རྒྱལ་སྤྱིའི་ཐོག་སྐད་གྲགས་ཆེ་བའི་དུས་དེབ་《འཛམ་གླིང་ཆོས་ལུགས་ཞིབ་འཇུག་》 སྟེང་སྤེལ་བའི་《བོན་ཆོས་ནི་བོད་བརྒྱུད་ནང་བསྟན་གྱི་མཚོན་བྱེད་གཙོ་བོ་ཡིན》ཞེས་པ་དང་། 《བོན་གྱི་ཐེག་པ་རིམ་དགུ་དང་སྒོ་བཞི་མཛོད་ལྔ》 《གསང་སྔགས་རྫོགས་པ་ཆེན་པོའི་སྐོར་གྱི་ཡིག་ཆ་རིག་པའི་ཁུ་བྱུག་གི་པར་གཞི་མི་འདྲ་བ་གཉིས་ཀྱི་ཞིབ་འཇུག》སོགས་དཔྱད་རྩོམ་ལྔ་བཅུ་ལྷག་དང་། 《བོད་ཀྱི་བོན་ཆོས་ཞིབ་འཇུག་》 དང་《བོད་ཀྱི་རིག་གནས་སྤྱི་བཤད་རྩམ་ཟན་སྤྱི་ནོར་》སོགས་རྒྱ་བོད་ཡིག་རིགས་གཉིས་ཀྱིས་བྲིས་པའི་དཔྱད་རྩོམ་དང་དཔེ་ཆ་མང་པོ་བོད་ཀྱི་རིག་གཞུང་ཞིབ་འཇུག་གི་ཁྱབ་ཁོངས་སུ་བཀྲམས་ཏེ། བོན་གྱི་ཤེས་རིག་གི་འཚོལ་ཞིབ་ཐད་ལ་ཞིབ་འཇུག་གི་སྟོང་ཆ་བསྐངས་ཡོད།

  སྤྱིར་བཏང་བོན་གྱི་ཤེས་རིག་ལ་ཞིབ་འཇུག་བྱེད་དགོས་ཚེ། མ་མཐའ་ཡང་བོན་གྱི་གཞུང་ལུགས་ཀྱི་ངོས་འཛིན་རགས་རམ་ཞིག་དང་། འཇུག་སྒོ་ལྟ་བུའི་རྨང་གཞི་ཞིག་དགོས། དེ་ལ་བོན་གྱི་བསྟན་འབྱུང་ཁག་ཏུ། བོན་བསྟན་ཤེས་རིག་གི་སྐབས་སུ་ཞེས་པའི་ཚིག་འབྱུང་བ་དང་། ཤེས་རིག་དེ་ཡང་དཔལ་ཡོན་ལྡན་པའི་ཁྱོན་ཡོངས་ཀྱི་ཤེས་བྱ་རིག་པའི་གནས་གང་མང་ཞིག་ལ་འཇུག་དགོས་པ་ནི་ཟུར་དུ་རྟོགས་ཡོང་བ་རེད། བོན་ཞེས་པའི་ཚིག་ངོས་ནས་སྒྲ་ཡི་འཇུག་ཚུལ་དང་། དོན་གྱི་འཇུག་ཚུལ་སོགས་རྒྱུན་པར་ང་ཚོས་ཆོས་ཀྱི་འཇུག་ཡུལ་བཤད་པ་ནང་བཞིན་མང་དུ་མི་འགྱུར་ནའང་ཉུང་དུ་མེད། 《དར་རྒྱས་གསལ་སྒྲོན་》 ལས་བོན་ནི་དོན་བདུན་ལ་འཇུག་ཚུལ་ཀྱང་བསྟན་པ་ནི། བོན་དང་ཤེས་བྱ་དང་། ལམ་དང་། འཁོར་འདས་དང་། ཡིད་ཀྱི་ཡུལ་དང་། བསོད་ནམས་དང་། དོན་དང་གསུང་རབ་བོ།།3 ཞེས་དང་། 《གངས་ཏི་སེའི་བོན་གཞུང་རིག་མཛོད་》 ཀྱི་ནང་དུ་བོན་ལ། དབལ་བོན། ཁྲིན་བོན། འོ་བོན། དམུ་བོན་སོགས་རིགས་མི་འདྲ་བ་སུམ་ཅུ་ཡང་མཆིས།4 ཤར་རྫ་བཀྲ་ཤིས་རྒྱལ་མཚན་གྱིས། བོན་ཉིད་སྐྱེ་བ་མེད་པའི་དབྱིངས་ལས་མི་གཡོ་བའི་གཡུང་དང་། ཀུན་རྫོབ་ཏུ་བོན་ཅན་འགག་པ་མེད་པ་སྒྲ་ཚིག་ཡི་གེའི་རྣམ་པར་ཤར་བས་དྲུང་དང་། དེའང་གྱེར་གྱི་སྒྲ་ལས་དྲངས་ན་མངོན་མཐོ་དང་ངེས་ལེགས་ཀྱི་གོ་འཕང་འཇུག་པའི་རྩ་བའི་ས་བོན་ལྟ་བུ་ཡིན་པས་བོན་དང་། སེམས་ཅན་རྣམས་ལ་གནས་སྐབས་དང་མཐར་མཐུག་གི་ཕན་འབྲས་སྒྲུབ་པའི་ཐབས་བླ་ན་མེད་པས་མཆོག་དང་། སངས་རྒྱས་ཀྱི་ཡོན་ཏན་བསམ་གྱིས་མི་ཁྱབ་པའི་བདག་ཉིད་དམ་འབྱུང་གནས་ཡིན་པས་རིན་པོ་ཆེ་5ཞེས་གཡུང་དྲུང་བོན་ལ་མཚན་ཉིད་བཞག་ཡོད་པ་རེད། ངོ་བོའི་སྟེང་ནས། གཡུང་དྲུང་བོན་ནི་རང་གིས་སྤྱད་ཅིང་ཉམས་སུ་བླངས་པ་ལ་བརྟེན་ནས་སྒྲིབ་པ་ཟད་པའི་ཐབས་སུ་གྱུར་བའི་རྣམ་དཀར་གྱི་ཡོན་ཏན་དང་། དབྱེ་བའི་སྒོ་ནས་བརྗོད་བྱ་དོན་གྱིས་བསྡུས་པའི་གཡུང་དྲུང་གི་བོན་དང་། རྗོད་བྱེད་ཚིག་གིས་བསྡུས་པའི་གཡུང་དྲུང་གི་བོན་གཉིས་6ཡོད་པ་ལས། བརྗོད་བྱ་དོན་གྱི་ངོས་ནས་ཀུན་རྫོབ་བདེན་པ་དང་དོན་དམ་བདེན་པའི་བོན་ཀུན་འཇོག་པ་དང་། དེ་ཡང་ཀུན་རྫོབ་བདེན་པར་རྟོགས་པའི་ངོ་བོར་གྱུར་བ་དང་། དོན་དམ་བདེན་པར་རྟོགས་གེའི་ངོ་བོར་མ་གྱུར་བ་ཞིག་ལ་གོ་དགོས་པ་རེད། རྗོད་བྱེད་ཚིག་གིས་བསྡུས་པའི་གཡུང་དྲུང་གི་བོན་ནི་བཀའ་དང་བཀའ་བརྟེན་དུ་ཕྱེས་པ་ཡིན་ཞིང་། བཀའ་ནི་དྲི་མེད་རྩ་བའི་མདོ་ལས། བདག་གི་བཀའ་ལ་རྣམ་པ་གསུམ།། ཞལ་ནས་གསུངས་དང་རྗེས་སུ་གནང་།། བྱིན་གྱིས་རླབས་དང་རྣམ་པ་གསུམ།།7ཞེས་གསུངས་པ་དང་། བཀའ་ལ་དབྱེ་ན། མདོ་འབུམ་རྒྱུད་མཛོད་དང་ཕྱི་ནང་གསང་གསུམ། སྒོ་བཞི་མཛོད་ལྔ་དང་ཐེག་པ་རིམ་དགུ་སོགས་སུ་བགར་ཞིང་། སྟོན་པ་གཤེན་རབ་ཀྱིས་བཀའ་འཁོར་རིམ་པ་གསུམ་བསྐོར་བའི་ཐོག་མ་ནི་བོན་ཐེག་པ་རིམ་དགུ་ཡིན་པ་དང་། ཐེག་པ་རིམ་དགུ་ཡང་ད་ལྟར་བྱང་གཏེར་ལུགས་དང་དབུས་གཏེར་ལུགས། ལྷོ་གཏེར་ལུགས་ཞེས་རིགས་ཆེན་པོ་གསུམ་དུ་བགར་བཞིན་ཡོད།8 བར་བ་སྒོ་བཞི་མཛོད་ལྔ། མཐའ་མ་ཕྱི་ནང་གསང་གསུམ་མོ།། བཀའ་བརྟེན་ནི་སྟོན་པའི་བཀའ་ལ་བརྟེན་ནས་བརྩམས་པའི་བོན་གྱི་མཁས་གྲུབ་དག་གི་གསུང་རྩོམ་རྣམས་སོ།། དེ་ལྟར་རྩ་བའི་རྨང་གཞིའི་ཤེས་བྱར་བརྟེན་ནས་ད་ལྟ་ཀུན་གྱིས་ཤེས་གསལ་དང་ངོས་ཟིན་གསལ་བོ་བྱུང་ཡོད་པ་ནི། དཔེར་ན། བོན་ཞེས་པ་ནི་གདོད་མའི་བོད་ཀྱི་རིག་གནས་རྣམ་པ་ཞིག་དང་མངོན་ཚུལ་ཞིག་ཡིན་ཞིང་། གཡུང་དྲུང་བོན་ཞེས་པ་ནི་སྟོན་པ་གཤེན་རབ་མི་བོ་འཇིག་རྟེན་ཁམས་སུ་བྱོན་ནས་གདོད་མའི་བོན་གྱི་གཞུང་ལུགས་དང་ལག་ལེན་གྱི་གནད་རྣམས་སྙིགས་དོར་བཅུད་ལེན་གྱི་ཚུལ་གྱིས་ལེགས་བསྒྲིགས་བྱས་པའི་ནང་བའི་བསྟན་པ་ཞིག་ཏུ་གཟུར་གནས་དཔྱོད་ལྡན་པ་ཡོངས་ཀྱིས་ཁས་འཆེས་བཞེས་ཡོད་པ་ནི་ད་ལྟའི་ཆར་ཞང་ཞུང་བོན་གྱི་ཤེས་རིག་ཞིབ་འཇུག་གི་གནས་བབ་ཡིན་ཞིང་། གནས་སྟངས་འདི་ལ་འཕོ་འགྱུར་བྱུང་དང་འབྱུང་བཞིན་པའི་དོན་དངོས་ཐོག་ཤར་བ་ཐོགས་མེད་ལགས་ཀྱིས་《ཞང་ཞུང་ཤེས་རིག་ཞིབ་འཇུག》ཏུ་བོན་ལུགས་ཁོ་ནའི་དབང་དུ་མ་སོང་བར་དེང་རབས་ལོ་རྒྱུས་དངོས་གཙོ་སྨྲ་བ་དང་མིའི་རིགས་རིག་པའི་ཐབས་ལམ་ཐོག་ནས་ད་སྔ་ལག་སོན་ཆུད་པའི་བོད་ཀྱི་འབྲེལ་ཡོད་ཡིག་ཆ་མང་པོ་གསེད་བཀྲོལ་བྱས་ཡོད་ཅིང་། ཕན་ཚུན་གོང་འོག་མ་འཁྲུགས་པའི་སྒོ་ནས་ཞིབ་བསྡུར་དང་དཔྱད་འཇོག་བྱས་ཡོད་སྟབས་དེང་རབས་བོན་གྱི་ཤེས་རིག་ལ་ཞིབ་འཇུག་བྱེད་པའི་འཇུག་སྒོ་ལྟ་བུར་གྱུར་ཡོད་སྙམ་མོ།།


དང་པོ། བོན་གྱི་ཤེས་རིག་ལ་ཞིབ་འཇུག་བྱེད་པའི་ལྡེ་མིག་ལྟ་བུ་ཡིན་པའི་ཚུལ་བསྟན་པ།
  དེབ་འདི་ནི་བོན་གྱི་ཤེས་རིག་ལ་ཞིབ་འཇུག་བྱེད་པའི་ལྡེ་མིག་ལྟ་བུ་ཅིའི་ཕྱིར་ཡིན་དགོས་པའི་གནས་ལུགས་གླེང་བར་བྱ་སྟེ། ཐོག་མར་བོན་གྱི་ཤེས་རིག་འདི་ཉིད་དར་བའི་ཡུལ་གྱི་སྟེང་ནས་བཤད་ན། ཞང་ཞུང་ཞེས་པའི་ཡུལ་ཁམས་ཤིག་ལ་ངོས་འཛིན་པ་དང་། ཞང་ཞུང་དེ་ཡང་སྟོན་པ་གཤེན་རབ་མི་བོ་སྐུ་འཁྲུངས་སའི་གནས་སུ་ངོས་འཛིན་པ་ལྟར། ཞང་ཞུང་དང་གདོད་མའི་བོན། བོན་དང་གཡུང་དྲུང་བོན་བཅས་ཀྱི་འབྲེལ་བ་ཡང་ཞང་ཞུང་གི་ཡུལ་གྱི་སྟེང་ནས་ངོས་འཛིན་བྱས་ཆོག་པ་རེད། བོན་གྱི་བསྟན་འབྱུང་ཁག་དང་སྲོལ་རྒྱུན་མཁས་པ་སྔ་མའི་རྒྱལ་རབས་ཆོས་འབྱུང་ཁག་ཏུ་ཞང་ཞུང་གི་སྐོར་ལ་བཞེད་ཚུལ་དང་ལྟ་ཚུལ་མི་མཐུན་པ་གང་མང་བྱུང་ཡོད་པ་དང་། དེ་དང་འབྲེལ་བའི་དཔྱད་རྩོམ་ཡང་མང་པོ་ཡོད་མྱོང་། ཡིན་ཡང་མདོར་དྲིལ་ན། ཞང་ཞུང་ཞེས་པར་སྒོ་ཕུག་བར་གསུམ་གྱི་དབྱེ་བ་ཕྱེད་དུ་ཡོད་ཅིང་། སྒོ་བའི་སྒོ་བར་ཡང་བྱེ་བྲག་སྒོ་ཕུག་བར་གསུམ་དུ་བགར་ཡོད་པ་ལྟ་བུ་དང་། ཞང་ཞུང་སྟོད་སྨད་གཉིས་ཞེས་སྐབས་དེར་བོད་དང་བོད་ཆེན་པོ་ཟེར་བ་དང་གོ་མཚུངས་སུ་འདོད།9 ཡིན་ཡང་སྐབས་དེའི་ཞང་ཞུང་གི་མངའ་ཁོངས་སུ་མི་གཏོགས་པའི་བོད་ཀྱི་རྒྱལ་ཕྲན་ཀྱང་ཇི་སྙེད་ཅིག་མཆིས་པ་དཔོན་སློབ་ཀུན་བཟང་བློ་གྲོས་ཀྱིས་གསུངས་ཡོད་པས་ཞིབ་ཏུ་གཟིགས་གལ་ཆེ་སྙམ། ཁ་ཤས་ཀྱིས་ཞང་ཞུང་ཞེས་པ་ནི་སྟོད་མངའ་རིས་ཀྱི་ཡུལ་ཁོ་ནར་ངོས་འཛིན་པའང་ཡོད། གཞན་ཡང་རྒྱའི་ཡིག་ཚང་ཁག་ཏུ་ཞང་ཞུང་ལ་ཞང་ཞུང་ཆེ་བ་(大羊同)དང་ཞང་ཞུང་ཆུང་བ་(小羊同)ཞེས་པའི་ངོས་འཛིན་ཡང་ཆགས་ཡོད་10སྟབས། གསལ་ཐག་ཆོད་པའི་ངོས་འཛིན་ཟབ་མོ་ཞིག་བྱུང་མ་མྱོང་བ་རེད། ལོ་ཁ་ཤས་ཀྱི་སྔོན་དུ་བོན་གྱི་ཞིབ་འཇུག་པ་ཆེན་མོ་སྐུ་ཞབས་ཚེ་རིང་ཐར་ལགས་ནས་ཞང་ཞུང་གི་ས་ཁྱོན་སྐོར་ལ་ཞིབ་འཇུག་བྱས་ཡོད་ཅིང་། ས་རྒྱ་ཆེ་བའི་དབང་དུ་བཏང་ན་ཞང་ཞུང་ཆེ་བར་དེང་གི་འབྲི་ཆུའི་ཚུན་ཆད་ཙམ་ལ་ངོས་འཛིན་གནང་ཡོད།11 དོན་དམ་དུ་ཞང་ཞུང་ཞེས་པའི་ཡུལ་ནི་གང་ཞིག་ལ་ངོས་འཛིན་དགོས་སམ་ཞེ་ན། དེབ་འདིར་རྩོམ་པ་པོས་ཞང་ཞུང་དང་ཞང་ཞུང་འོལ་མོ་ལུང་རིང་གཉིས་སོ་སོར་བགར་ཏེ། ཞང་ཞུང་ནི་དངོས་ཡོད་ཀྱི་ཡུལ་ཁྱད་པར་བ་ཞིག་དང་། ཞང་ཞུང་འོལ་མོ་ལུང་རིང་ནི་དག་ཞིང་གི་གནས་ཁྱད་པར་བ་ཞིག་ཏུ་ངོས་འཛིན་པ་གཉིས་ལས། དངོས་ཡོད་ཞང་ཞུང་ནི་བྱ་རྒྱལ་ཁྱུང་ཆེན་ལ་དད་མོས་བྱེད་པའི་ས་ཆ་ཞིག་ཡིན་པར་ལུང་རིགས་གཉིས་ཀྱིས་བསྒྲུབས་ཡོད་པ་དང་། མི་རྣམས་ཀྱིས་སྨོན་པའི་ཡུལ་དུ་གྱུར་བའི་ཞང་ཞུང་འོལ་མོ་ལུང་རིང་དང་། བྱང་ཕྱོགས་ཤམ་བྷ་ལ། ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས། སེམས་ཀྱི་ཉི་ཟླ་སོགས་ཀྱང་མིང་གི་རྣམ་གྲངས་ཙམ་དུ་ཟད་པ་ལས། དོན་ལ་དངོས་ཡོད་ཀྱི་གནས་ཤིག་མིན་པར་དག་ཞིང་གི་ཡུལ་ཞིག་ཏུ་དགོངས་ཡོད་པ་རེད།12 གོང་སྨོས་བཞིན་ཞང་ཞུང་སྒོ་ཕུག་བར་གསུམ་གྱི་བཤད་སྟངས་དེར་ཡང་། 《སྐྱབས་སྟོན་ཁྲོ་འགྲེལ་》 དང་《ཚངས་དབྱངས་ཡིད་འཕྲོག》 《འཛམ་གླིང་རྒྱས་བཤད་》སོགས་གཞི་བྱས་ཏེ་དེང་སྐབས་ཀྱི་མདོ་དབུས་མཐོ་སྒང་ལྟེ་བར་འཛིན་དགོས་པའི་གནས་ལུགས་ཀྱང་བསྟན་ཡོད། ཞར་ལ་ཟིང་ཆུའི་སྟོད་རྒྱུད་དུ་གནས་པའི་བོད་པའི་ཡུལ་སྲོལ་གོམས་གཤིས་དང་རིག་གནས་སྣང་ཚུལ་ཁྲོད་ནས་ཀྱང་ཞང་ཞུང་གི་རྗེས་ཤུལ་འཚོལ་ཞིབ་བགྱིས་ཡོད་སྟབས། ཞང་ཞུང་ཆེ་བའི་མངའ་ཁོངས་ངོས་འཛིན་བྱེད་པར་བྱེད་ནུས་གལ་ཆེན་ཐོན་ཡོད་པར་འདོད།
  གཞན་ཡང་། ཞང་ཞུང་གི་རྒྱལ་རབས་དང་ཐུ་བྷོད་རིག་གནས་མཉམ་འདྲེས་ཀྱི་ངོར་གུ་གེ་པཎྚྀ་ཏའི་《ཉི་མའི་རིགས་ཀྱི་རྒྱལ་རབས་》དང་《རྒྱལ་རབས་ཟླ་རིགས་མ་》ལྟ་བུའི་དཔེ་ཁུངས་སྔ་ཤོས་ལ་བསྟུན་ནས་རྒྱལ་ཕྲན་སིལ་མ་བཅུ་གཉིས་མ་བྱུང་བའི་ཡར་སྔོན་གྱི་ཞང་ཞུང་བྱ་རུ་ཅན་གྱི་རྒྱལ་རབས་བཅོ་བརྒྱད་སྐོར་དང་། 《བཤད་མཛོད་ཡིད་བཞིན་ནོར་བུ་》ལ་ཁུངས་ཐུབ་བྱས་པའི་ཞང་བོད་རིགས་རུས་སྐོར་སོགས་ཀྱང་མཐའ་དཔྱོད་གནང་ཡོད་སྟབས། སྒོ་ཀུན་ནས་བལྟས་ཀྱང་ཞང་ཞུང་ཤེས་རིག་ལ་འཇུག་པའི་ལྡེ་མིག་ལྟ་བུར་གྱུར་ཡོད་པ་རེད། རྒྱུ་མཚན་ནི་མི་རིགས་ཤིག་ལ་ཚང་དགོས་པ་ནི་སྐད་ཡིག་དང་ས་ཁོངས། ཡུལ་སྲོལ་གོམས་གཤིས། རིག་གནས་བཅས་ཁྱད་ཆོས་བཞི་ལྡན་ཡིན་དགོས་པ་སི་ཏ་ལེན་གྱིས་གསུང་བ་ལགས་ན། དེབ་འདིར་ཡང་ཞང་ཞུང་གི་ས་ཁོངས་དང་ཡུལ་སྲོལ་གོམས་གཤིས། སྐད་ཡིག་དང་རིག་གནས་བཅས་ཁྱད་ཆོས་བཞི་ལྡན་གྱི་ཐོག་ནས་ཞིབ་འཇུག་བགྱིས་ཡོད་པས་སོ།།

གཉིས་པ། བོད་སྤྱིའི་རིག་གཞུང་དཔྱད་ཞིབ་ཀྱི་ཡིག་ཆའི་མཛོད་དུ་གྲུབ་པའི་ཚུལ་བསྟན་པ།
  ལོ་རྒྱུས་ཐོག་བོད་ཀྱི་མི་རྣམས་ནི་ཤེས་རིག་ལ་བརྩི་མཐོང་ཆེ་ནའང་ཆོས་ལུགས་གྲུབ་མཐའི་འཐེན་འཁྱེར་དང་ཕྱོགས་ཁག་མི་འདྲ་བའི་སྟོབས་ཤུགས་བསྐྱེད་རེས་ལས་བསམ་བློའི་འདུ་ཤེས་ཐོག་གཅིག་གྱུར་གྱི་ལྟ་བ་དང་ཐུན་མོང་གཅེས་འཛིན་གྱི་འདུ་ཤེས་བྱུང་མེད་པ་དང་། དུས་རིམ་རིང་མོའི་ནང་གི་ཛ་དྲག་གི་འཐབ་རྩོད་ལས་བོད་ཀྱི་ཤེས་རིག་འདི་ཉིད་རྒྱ་ཇེ་ཆེ་དང་གཏིང་ཇེ་ཟབ་ཀྱི་རྣམ་པར་གྱུར་ཡོད་པས་ན། གཞན་ལ་ངོ་གནོང་མི་དགོས་པའི་ནོར་བུ་རྩ་ཆེན་ཞིག་ཏུ་གྱུར་ཡོད། ཛ་དྲག་གི་གནས་སྟངས་དེའི་ཁྲོད་བོད་མི་ཚོས་རང་གི་ལོ་རྒྱུས་ཤོད་པའི་ཚེ་ན་རང་ལུགས་གཅེས་འཛིན་དང་། གཞན་ལུགས་མ་ཤེས་པའམ་ཤེས་བཞིན་མ་སྨོས་པ་སོགས་རྐྱེན་གང་མང་གིས་ཁྱོན་ཡོངས་ལ་ཕྱོགས་ཤིང་མ་འདུས་པ་མེད་པའི་དེང་རབས་བོད་རིག་པའི་ཞིབ་འཇུག་ཁྱབ་ཁོངས་ནང་། རྒྱལ་རབས་ལོ་རྒྱུས་དང་། ལོ་རྒྱུས་དོན་ཆེན། ས་ཁོངས་ངོས་འཛིན། རིག་གནས་ཕན་ཚུན་བར་གྱི་འབྲེལ་བ་དང་བྱུང་ཁུངས་འཚོལ་ཞིབ་ཀྱི་སྐོར་སོགས་ཕྱོགས་གང་ཐད་ལ་རྩོད་རྙོག་གི་རུ་ཏྲ་བསླངས་ཡོད།
  དེས་ན་དེབ་འདིར་རྩོམ་པ་པོས་བློ་གཟུ་བོར་གནས་ཤིང་ཕྱོགས་ལྷུང་གི་དབང་དུ་མ་སོང་བ། གུ་དོག་གི་སྒྲོག་ཏུ་མ་ཚུད་པ། ཁོག་རྒྱ་ཡངས་པ། མཐོང་རྒྱ་ཆེ་བ་13བཅས་ཀྱི་སྒོ་ནས་དཔྱད་པ་མཐར་ཆགས་སུ་སོང་ཡོད་པ་ནི། དཔེར་ན། ཞང་ཞུང་བྱ་རུ་ཅན་དང་ཐུ་བྷོད་བར་གྱི་འབྲེལ་བ་རྗེ་ཐོག་མ་གཉའ་ཁྲི་བཙན་པོའི་སྐབས་སུ་ཕུ་འདེད་བྱེད་སྐབས། རྒྱལ་རབས་ལོ་རྒྱུས་ཁག་ཏུ་འབྱུང་བ་བཞིན་གཉའ་ཁྲི་བཙན་པོ་ནི་ཆུང་ངུའི་དུས་སུ་ཕྱག་སོར་དྲ་བས་འབྲེལ་བ་ཞེས་སོགས་ཆ་བྱད་ཞིབ་འབྲིའི་ཚན་པ་ཞིག་ཡོད་པ་དེར། མི་ཡི་ལུས་ལ་བྱ་ཡི་ཚུགས་ཀར་བཞེངས་ཡོད་པའི་ཡིག་རྒྱུན་ལ་གོང་སྨོས་བཞིན་ཞང་ཞུང་ཡུལ་ནི་ཁྱུང་ལ་དད་མོས་བྱེད་པའི་ཡུལ་ཞིག་ཡིན་པར་ངོས་འཛིན་14པའི་ཆ་ནས་གཉའ་ཁྲི་བཙན་པོའི་ཕ་ཡུལ་ཞང་ཞུང་གི་ཡུལ་ཡིན་པར་ཆ་བྱད་ཞིབ་འབྲིའི་ཐོག་བདེན་དཔང་བྱས་ཡོད་པ་ལྟ་བུ་ཡང་ཡིད་ཆེས་མེད་པ་ཞིག་གཏན་ནས་མིན་ཏེ། བོན་གྱི་གཞུང་ལུགས་རྣམས་སུ་དཔེར་ན། དབལ་གསས་ཀྱི་སྲུང་མ་དབལ་མོ་ཉེར་བདུན་ལྟ་བུ་མི་དང་སྲོག་ཆགས་འདྲེས་པའི་གཟུགས་ཅན་གྱི་ལྷ་ལ་མི་ལུས་རྟ་མགོ་ཅན་དང་། མི་ལུས་སྦྲུལ་མགོ་ཅན། མི་ལུས་སེང་གེའི་མགོ་ཅན། མི་ལུས་འབྲུག་མགོ་ཅན་དང་ཆུ་སྲིན་མགོ་ཅན་སོགས་རིམ་གྱིས་དར།15 ཞེས་ཀྱང་འཁོད་འདུག་པར་བལྟས་ན་རིགས་པའི་འགྲོ་སྟངས་ཅུང་ཙམ་ཧ་གོ་ངེས། གཞན་ཡང་ཞང་ཞུང་རྒྱལ་རབས་མཐའ་མར་བཙན་པོའི་རྒྱལ་རབས་ཀྱི་མངའ་འོག་ཏུ་ཚུད་པའི་ལོ་རྒྱུས་ནང་། རིག་གནས་དང་ཡུལ་སྲོལ་གོམས་གཤིས། སྐད་བརྡ་དང་ཡི་གེ་སོགས་གཞན་འགྱུར་བྱས་ཀྱང་། རྩ་བ་ཉིད་ནས་ཉམས་པ་མ་ཡིན་པར། བཙན་པོའི་མཚན་དོན་ཐོག་ནས་ཀྱང་ཞང་སྐད་དང་བོད་སྐད་བར་གྱི་འབྲེལ་བ་རྙེད་ཡོད་པ་ལྟར་ཞང་ཞུང་ཐུ་བྷོད་བཙན་པོའི་མངའ་ཞབས་སུ་བསྡུས་པའི་དཀའ་ཁག་གི་བརྒྱུད་རིམ་གསལ་སྟོན་བྱས་ཡོད་པ་ནི། སེ་སྣོལ་ནམ་ལྡེ་ཞེས་པའི་སེ་ནི་ཞང་སྐད་དུ་ལྷ་ཡི་དོན་ཡིན་པ་དང་། སེ་དང་འབྲེལ་བའི་རིགས་རུས་དང་གདུང་རྒྱུད། ཐ་ན་གནས་རི་སོགས་ཀྱང་ཕྱོགས་གང་སར་མཐོང་བ་དང་། ལྡེ་ནི་རྒྱལ་དང་འཕྲུལ་ནམ་ནི་གཞུང་བཙན། གནམ་རི་ནི་གནམ་དམག་དང་སློན་བཙན་ནི་རླུང་རྒྱལ། གུང་སྲོང་གུང་བཙན་གྱི་གུང་ནི་དགུང་གི་བརྡ་རྙིང་ཡིན་ལ་ཞང་སྐད་དབྱིངས་ཀྱི་དོན་ཡིན་པས་བོད་སྐད་ལ་དགུང་གི་རྒྱལ་བོ་ཞེས་པའི་དོན་ཡིན་པ་སོགས་བཙན་པོའི་མཚན་ལ་ཞང་སྐད་ཀྱི་ཐོག་ནས་བོད་སྐད་དུ་འགྲེལ་བ་བཏབ་ཡོད་པ་ལྟ་བུ་ནི་བོད་སྤྱིའི་རྒྱལ་རབས་ལོ་རྒྱུས་ཀྱི་ཁུངས་ལ་འཁྲུལ་སེལ་བྱེད་པར་དཔྱད་གཞིའི་ཡིག་ཆ་རྩ་ཆེན་ཞིག་ཏུ་གྱུར་ཡོད་སྟབས། རྩོམ་པ་པོས་ཀྱང་། བོད་ཀྱི་རིག་གནས་སྤྱི་ལ་དཔྱད་ཞིབ་མཛད་དགོས་ན་ངེས་པར་ཏུ་བོད་སྐད་དང་། ཞང་སྐད། ལེགས་སྦྱར་སྐད། རྒྱ་སྐད་སོགས་མཐོང་ལམ་མི་འདྲ་བའི་ངོས་ནས་དཔྱད་པ་གཏོང་ཐུབ་ཚེ་གནའ་བོའི་ཞང་ཞུང་དང་ཐུ་བྷོད་བར་གྱི་དོན་དངོས་འབྲེལ་བ་དང་། ལོ་རྒྱུས་ཀྱི་གནད་དོན་མང་པོ་གསལ་འགྲེལ་བྱེད་ཐུབ་པའི་ལྟ་ཚུལ་བཏོན་16ཡོད།
  འདིར་བོད་སྤྱིའི་རིག་གཞུང་ཞིབ་འཇུག་ལ་མེད་དུ་མི་རུང་བའི་ཡིག་ཆའི་མཛོད་ལྟར་གྲུབ་པ་ཟེར་དགོས་པའི་རྒྱུ་མཚན་གཞན་ཞིག་ནི། རྩོམ་པ་པོས་རྒྱ་བོད་དབྱིན་གསུམ་གྱི་ལམ་ནས་དཔྱད་གཞིར་བཟུང་བའི་ཡིག་ཆ་མི་འདྲ་བ་བརྒྱ་དང་བདུན་ཅུ་ལྷག་ཡོད་དེ། བརྩམས་ཆོས་དེ་དག་ཀྱང་རྒྱལ་ཕྱི་ནང་གི་སྔ་ཕྱིའི་མཁས་པ་དག་གི་ཕུལ་བྱུང་བརྩམས་ཆོས་གྲགས་ཅན་དག་གཞིར་བཟུང་ཡོད་པ་མ་ཟད། ནང་དོན་གྱི་ཐད་ནས་ད་ལྟ་ཀུན་གྱིས་ལག་སོན་བྱུང་དཀའ་བའི་ཡིག་ཆའི་རིགས་ཀྱང་མང་པོ་ཞིག་ལུངས་དུ་དྲངས་ཡོད། ལྷག་པར་ཏུ་རྩོམ་པ་པོས་བོན་གྱི་བཀའ་དང་བཀའ་བརྟེན་གྱི་གཞུང་ཚན་ཁག་ལས་ཞང་ཞུང་ཤེས་རིག་གི་ཞིབ་འཇུག་ལ་མེད་དུ་མི་རུང་བའི་མདོ་སྔགས་རྫོགས་གསུམ་གྱི་འབྲེལ་ཡོད་བོན་སྐོར་རྣམས་བརྗོད་བྱ་དང་མཐུན་པར་ལུངས་དྲངས་ཡོད་པ་ནི། དཔེར་ན། ཁྲིན་ཏུའུ་ཅིན་ཧྲ་གནའ་ཤུལ་ནས་ཐོན་པའི་གསེར་གྱི་ཞལ་འབག་དང་བོད་ལྗོངས་མངའ་རིས་གུར་གྱམ་དགོན་པ་ནས་ཐོན་པའི་གསེར་གྱི་ཞལ་འབག་སྐོར་གླེང་དུས། མུ་ཆོའི་ཁྲོམ་འདུར་ཆེན་མོ་ལས་ཚེ་འདས་ཀྱི་བླ་འཁོར་ཆ་བདུན་ཞེས་པའི་གཞུང་ལ་དཔྱད་བཞིར་བཟུང་སྟེ། དུ་ཏྲི་སིའི་སྒྲུབ་གཞུང་དུ་འཁོད་པའི་གསེར་ཞལ་ཟེར་པོ་སྐུ་ཡི་རྟེན།། མཚན་བྱང་སྐྱ་བོ་གསུང་གི་རྟེན།། ན་བཟའ་དྲི་མ་ལུས་ཀྱི་རྟེན།། སྨྱུག་རྒོད་ཚིགས་གསུམ་སྲོག་གི་རྟེན།། གསལ་བའི་མེ་ལོང་ཡིད་ཀྱི་རྟེན།། རྟེན་ལྔ་རྟེན་ལ་རྟེན་ཆོས་ལ།།17 ཞེས་སོགས་དྲངས་ཏེ་ཞལ་འབག་སྐོར་གསལ་བཀྲོལ་བྱས་ཡོད་པ་ལྟ་བུ་དང་། སན་ཞིན་ཏོས་གནའ་ཤུལ་ནས་ཐོན་པའི་ཟངས་དང་ལི་ཆས་ཀྱིས་བཟོས་པའི་སྡོང་བོའི་དབྱིབས་ཅན་སྟེང་དུ་བྱ་ཞིག་ཡོད་པ་དེ་ཡང་བོན་གྱི་ལོ་རྒྱུས་ཁྲོད་སྐད་གྲགས་ཆེ་བའི་རྫོགས་ཆེན་གྱི་གཞུང་རིག་པའི་ཁུ་བྱུག་དང་སྲིད་པའི་མཛོད་ཕུག་སོགས་ལ་སྦྲེལ་ནས་བོད་ཀྱི་རིག་གནས་དང་འབྲེལ་བའི་ཚུལ་བརྗོད་པའི་ལོ་རྒྱུས་སྔ་འདེད་ཀྱི་ཚུལ་དེར་ཡང་རྒྱུ་མཚན་མེད་པ་མིན་ཏེ། གཤེན་ཆེན་ཀླུ་དགས་གཏེར་ནས་བཏོན་པའི་རིག་པའི་ཁུ་བྱུག་གི་གཞུང་དངོས་ནའང་། ཡབ་འཕྲུལ་གཤེན་སྣང་ལྡན་ཉིད་གཡུ་བྱ་ཁུ་བྱུག་ཏུ་སྤྲུལ་ནས་ཤིང་ཤོལ་མོ་སྡོང་གཅིག་གི་ཁར་བབས་ཏེ་གསུང་ལྷང་ལྷང་ཐེངས་གསུམ་སྦྲགས་པའི་མོད་ལ་བཟང་བཟའ་རིང་བཙུན་ཉིད་ཡིད་སེམས་རབ་ཏུ་སྤྲོ་སྟེ།18ཞེས་པར་ཡང་མཐུན་པས། ཟངས་ལིས་བཟོས་པའི་སྡོང་པོ་དེ་ནི་ཤིང་ཤོལ་མོ་སྡོང་གཅིག་ཅེས་པ་ཨེ་ཡིན་ནམ་སྙམ་ཞིང་། གལ་ཏེ་ཡིན་པར་གྱུར་ན་གནའ་ཤུལ་དེ་ནས་ཐོན་པའི་སྡོང་བོ་དེ་ཡང་བོན་གྱི་རྫོགས་པ་ཆེན་པོའི་གཞུང་ལ་འབྲེལ་བ་ངེས་ཅན་ཞིག་ཡོད་པར་འདོད། དེ་དང་དེ་ལྟ་བུ་སུས་ཀྱང་དོ་སྣང་མ་མཛད་པའི་གནད་གང་མང་ཞིག་གི་ཐོག་ནས་དེབ་འདི་ནི་བོད་ཀྱི་རིག་གཞུང་སྤྱི་ལ་འཇུག་པའི་ལྡེ་མིག་ལྟ་བུ་དང་དཔྱད་གཞིའི་ཡིག་ཆའི་མཛོད་ལྟ་བུར་གྲུབ་པར་འདོད་པ་ཡིན་ནོ།།

གསུམ་པ། ཞིབ་འཇུག་ཆེད་དེབ་འདིའི་རིན་ཐང་དང་དགེ་མཚན་བསྟན་པ།

  ཞང་ཞུང་དུས་སྐབས་ཀྱི་རིག་གནས་རྒྱ་ཆེ་ཞིང་གཏིང་ཟབ་པ་སྟེ། གུར་གྱམ་དགོན་པ་ནས་རྙེད་པའི་དྲན་པའི་རྡོ་སྐུ་དང་། ཟངས་དང་ལི་ཆས་ཀྱིས་བཟོས་པའི་གཡག་གཟུགས། གསར་དུ་རྙེད་པའི་གསེར་གྱི་ཞལ་འབག་སོགས་དངོས་ཐོག་གི་བདེན་དཔང་རྙེད་པ་དང་། དེ་ཡང་ཅིན་ཧྲ་གནའ་ཤུལ་ནས་ཀྱང་གསེར་གྱི་ཞལ་འབག་དང་ལི་ཆས། གྲི་འདོགས་སིལ་གསུམ་སོགས་རྩ་ཆེའི་གནའ་བོའི་དུས་ཀྱི་ཡོ་ཆས་རྙེད་པར་གཞིགས་ན། སྡེ་རོང་ཚེ་རིང་དོན་གྲུབ་ལགས་ནས་ཀྱང་བོད་དང་འབྲེལ་བར་སྨོས་ཏེ་སྐབས་དེའི་བོད་ཀྱི་བཟོ་རིག་ལག་རྩལ་ལ་གདེང་འཇོག་ལེགས་པོ་བྱས་ཡོད་19པ་དང་། ཤར་བ་ཐོགས་མེད་ལགས་ནས་ཀྱང་འདིའི་སྐོར་ཞིབ་ཅིང་རྒྱས་པའི་སྒོ་ནས་འགྲེལ་བརྗོད་ཟབ་མོ་བྱས་པ་སོགས་སྔར་ན་མེད་པའི་ཞིབ་འཇུག་གི་རྒྱུ་ཆ་མང་པོ་མཁོ་འདོན་གནང་ཡོད་སྟབས་དགེ་མཚན་ཆེ་ཞིང་རིན་ཐང་ལྡན་ནོ།།
  《ཞང་ཞུང་ཤེས་རིག་ཞིབ་འཇུག》ཅེས་པའི་དེབ་འདི་ནི་ནང་དོན་གྱི་ཆ་ནས་བོད་ཙམ་མ་ཟད། རྒྱ་རིགས་ཀྱི་རིག་གནས་དང་། འཇང་རིགས་སྟོན་པའི་རིག་གནས། རྒྱ་གར་གྱི་རིག་གནས། གདོད་མའི་བོན་གྱི་རིག་གནས། སྟོན་པ་གཤེན་རབ་ཀྱིས་གསར་དུ་བཏོད་པའི་གཡུང་དྲུང་བོན་གྱི་རིག་གནས། ཞང་ཞུང་གི་ཤེས་རིག་སོགས་ཕྱོགས་གང་སར་འབྲེལ་བ་གནང་ཡོད་པ་དང་། ལྷག་པར་ཏུ་རྒྱལ་རོང་དང་སན་ཞིན་ཏོས་གནའ་ཤུལ། ཅིན་ཧྲ་གནའ་ཤུལ་སོགས་ལ་དེབ་བཅུག་རི་མོ་སྦྱར་ཏེ་ཞིབ་འཇུག་གཏིང་ཟབ་གནང་སྟབས། ཁྱད་ཆོས་དང་དགེ་མཚན་གཙོ་བོ་ཡང་དེའི་སྟེང་མངོན་ཡོད་པ་རེད། སན་ཞིན་ཏོས་གནའ་ཤུལ་དང་ཅིན་ཧྲ་གནའ་ཤུལ་སོགས་སུ་གསང་སྔགས་ཀྱི་ལུགས་སུ་བཞེངས་པའི་ཟུང་མི་ཁ་སྦྱོར་གྱི་རྣམ་པ་ཅན་གྱི་ཟངས་མི་དང་། 《བཤད་མཛོད་ཡིད་བཞིན་ནོར་བུར་》མུ་ལེ་གྲུབ་ཤིང་སྡོང་ངམ་མུ་ལེ་དྲུམ་ཤིང་ཞེས་སུ་འབོད་པ། རྫོགས་པ་ཆེན་པོ་གསངས་སྔགས་ཕ་རྒྱུད་སྐོར་འཆད་སྐབས་ཤིང་ཤོལ་མོ་སྡོང་གཅིག་ཏུ་འབོད་པ་གོང་ནས་སྨོས་ཟིན་པ་ལྟར། ད་ལྟའི་སྐབས་སུ་རྒྱ་ཡིག་གིས་ཆིན་ཐོང་ཧྲིན་ཧྲུའུ་(青铜神树)ཞེས་སུ་འབོད་པའི་སྡོང་བོ་སྟེང་དུ་བྱ་དགུ་ཡོད་པ་ཅན་དེ་དང་། ཟངས་ཀྱི་མི་ལ་གཅན་གཟན་གྱི་དབུ་ཅན། ཁྱུང་གི་གཟུགས་དབྱིབས་གསལ་བའི་ཟངས་ཆས། ཅིན་ཧྲ་གནའ་ཤུལ་ནས་ཐོན་པའི་གཡུ་ཆས་ཀྱི་སྐོར། རྡོ་ཆས་ཀྱི་སྐོར། བ་སོའི་སྐོར། གསེར་ཆས་ཀྱི་སྐོར། ཟངས་ཆས་ཀྱི་སྐོར། བཀྲག་རྩིའི་རིགས། རུས་སྒྲོམ། རྫ་ཆས་ཀྱི་སྐོར་སོགས་དངོས་རིགས་མི་གཅིག་པ་ལྔ་སྟོང་ལྷག་ཐོན་པའི་ནང་ནས། གང་ནུས་ཅི་ལྕོགས་ཀྱིས་བོད་ཀྱི་རིག་གནས་དང་འབྲེལ་བ་ཡོད་པའི་སྐོར་རྣམས་ལ་གསལ་ཁ་བཏོན་ནས་འགྲེལ་བརྗོད་གནང་ཡོད་པ་དང་། ལྷག་པར་ཏུ་རྒྱལ་རོང་ས་ཁུལ་དུ་དར་ཁྱབ་ཆེ་བའི་ཞང་ཞུང་བོན་གྱི་ཤུལ་དངོས་དག་དང་བསྡུར་བ་བྱས་ཏེ་ཕན་ཚུན་གཅིག་ལ་གཅིག་བརྟེན་གྱི་འབྲེལ་བ་གྲུབ་ཡོད་པའི་སྐོར་གསེད་བཀྲོལ་བྱས་ཡོད། ཤིང་ཤོལ་མོ་སྡོང་གཅིག་གི་སྟེང་དུ་ཅིའི་ཕྱིར་བྱ་དགུ་ཡོད་དམ། དེས་ན་བོན་གྱི་ཐེག་པ་རིམ་དགུ་དང་འབྲེལ་བ་ཡོད་དམ། ཅིན་ཧྲ་གནའ་ཤུལ་སྟེང་མཐོང་བའི་ཉི་མའི་ལྷ་བྱ་སྟེ་རྒྱ་སྐད་དུ་(太阳神鸟)ཟེར་བའི་སྟེང་གི་བྱ་རྣམས་ཀྱི་འཁོར་ཕྱོགས་དེ་ས་གོ་ལའི་འཁོར་ཕྱོགས་དང་ཅིའི་ཕྱིར་མཐུན་པ་ཡིན་ནམ། ཉི་མའི་ལྷ་བྱ་ཞེས་པའི་ཉི་མའི་ནང་དུ་བྱ་བཞི་འཕུར་དགོས་པའི་རྒྱུ་མཚན་ཅི་ཡིན་ནམ། ཞེས་སོགས་དྲི་བ་དྲིས་ཚེ་སུས་ཀྱང་འགྲེལ་བརྗོད་ཟབ་མོ་གནང་མི་ནུས་པ་རེད།
  དེས་ན་ཤར་བ་ཐོགས་མེད་ལགས་ཀྱིས་བོན་གྱི་རྫོགས་པ་ཆེན་པོའི་གཞུང་ལུགས་ལས་ཧ་ཅང་གལ་གནད་དུ་མཐོང་བ་གསང་སྔགས་ཕ་རྒྱུད་རིག་པ་ཁུ་བྱུག་གི་གཞུང་ལ་ཁུངས་བཅོལ་ནས་ཞིབ་འཇུག་གནང་ཡོད་དེ། ཞང་ཞུང་གི་ཡུལ་ནི་སྔོན་གྱི་ཚེ་ན་བྱ་རྒྱལ་ཁྱུང་ལ་དད་མོས་བྱེད་པའི་ཡུལ་ཞིག་ཡིན་པའི་ལྟ་ཚུལ་སོགས་རྟེན་གཞིར་བྱས་ཏེ། ཁྱུང་གི་རིག་གནས་ལ་འབྲེལ་བ་དམ་ཟབ་ལྡན་ཡོད་པའི་ངེས་ཤེས་རྙེད་ཡོད་པ་རེད། གཞན་ཡང་། རྩོམ་པ་པོས་གསེར་ཆས་སྤྱད་དེ་བཟོས་པའི་ཉི་མའི་ལྷ་བྱའི་རི་མོ་དེ་ཡང་དོན་དུ་ཉི་མ་དང་འབྲེལ་བ་མེད་པར། 《རྒྱལ་ཁྱུང་སྲིད་པའི་རྒྱལ་རབས་》དང་《སྲིད་པའི་མཛོད་ཕུགས་ཀྱི་གཞུང་》 ལས་རབ་བྱེད་དང་པོ་དང་གཉིས་པར་སྦྲེལ་ནས། མུ་མེད་ནམ་མཁའ་སྟོང་བ་ལས་སྣང་འགྱུར་སྣོད་ཀྱི་ལས་གྲུབ་པའི་འཇིག་རྟེན་ཆགས་ཚུལ་གྱི་ལྟ་བ་དང་། མདོ་གཡུང་དྲུང་ཀློང་རྒྱས་ལས། དང་པོ་ཡེ་མེད་སྟོང་པ་ལ། སྲིད་ནི་ཡེ་ཡོད་ཅུང་ལ་སྲིད། ཆགས་ནི་ཕྲ་རབས་རྡུལ་ལ་ཆགས། ཞེས་དང་། མཛོད་ལས། དེ་ཡང་ཕྲ་བའི་ཕྲ་རབ་རྡུལ། རླུང་གི་ལས་ལས་བྱུང་བ་ཡིན།20 ཞེས་སོགས་གསེར་རྒྱུའི་བཟོས་པའི་ཉི་མའི་ལྷ་བྱའི་སྟེང་གི་འབྱུང་བའི་ས་བོན་སྐོར་གྱི་ཟབ་མོའི་ལྟ་བར་བརྟེན་ཡོད། 《གངས་ཏི་སེའི་བོན་གཞུང་རིག་མཛོད་》དེབ་བཅུ་གཉིས་པར། ཤིང་སྣང་སྲིད་ཀྱི་རྩེ་ལ་བྱ་རྒྱལ་ཁྱུང་ཆེན་གནས་ཤིང་འཕྱོ་བ་ལ་སོགས། དེ་བཞིན་དུ་རང་རང་གི་ལས་དབང་གིས་མཐོ་རིས་དང་ངན་སོང་གི་གནས་ན་སེམས་ཅན་བསམ་གྱིས་མི་ཁྱབ་པ་ཡོད་ཅིང་སྲིད་དོ།།21 ཞེས་འཁོད་པ་ལྟར། རྩོམ་པ་པོས་ཀྱང་ཡེ་སྲིད་ཤིང་ངམ། སྲིད་པའི་སྡོང་རྒན་ཡིན་མིན་སྐོར་ལ་དོགས་དཔྱོད་གནང་ཡོད་པས་དཔྱད་གཞིར་འཁུམས། ཁོ་བོས་ནི་སྲིད་པའི་སྡོང་རྒན་གྱི་རིག་གནས་འདི་བོད་ཀྱི་རིག་གཞུང་ལས་མངོན་པ་མཛོད་དང་སྲིད་པའི་མཛོད་ཕུགས་སོགས་སུ་མངོན་པའི་རིའི་རྒྱལ་བོ་རི་རབ་ཀྱི་ཆགས་ལུགས་དང་། སྲིད་པའི་ཁམས་ཀྱི་འཇིག་རྟེན་གྲོལ་ལུགས་ལ་འབྲེལ་བ་འདུག་པར་སེམས། རྒྱུ་མཚན་གོང་ནས་སྨོས་པ་བཞིན། སྟོན་པ་འཕྲུལ་གཤེན་སྣང་ལྡན་སུམ་ཅུ་རྩ་གསུམ་གྱི་ཡུལ་ནས་གཡུ་བྱ་ཁུ་བྱུག་ཏུ་སྤྲུལ་ནས་མི་ཡུལ་དུ་སླེབས་པ་དང་། ཤིང་ཤོལ་མོ་སྡོང་གཅིག་གི་སྟེང་ནས་གསང་སྔགས་ཀྱི་བོན་བསྟན་པའི་ལོ་རྒྱུས་དུམ་བུ་ཞིག་ཡོད་པ་དེ་ནི། མིའི་རིགས་རིག་པའི་མཐོང་ལམ་སྤྱད་དེ་དཔྱད་ན། གདོད་མའི་རིག་གནས་ཁྲོད་ཀྱི་ལྷ་ཡི་ཡུལ་ལམ། སུམ་ཅུ་རྩ་གསུམ་གྱི་གནས་ནི་རི་མཐོ་ས་གཙང་གི་ཡུལ་དུ་མཆིས་པ། ཁ་བ་གངས་ཅན་ལྗོངས་སམ། རི་བོ་གངས་དཀར་ཏི་སེའི་མཐའ་འཁོར་ཨེ་ཡིན་ནམ་སྙམ། རྒྱུ་མཚན་ཉེ་རབས་ལོ་རྒྱུས་བརྗོད་པའི་སྐབས་སུ་བོད་ནས་མི་རྣམས་རྒྱ་གར་སོགས་ལྷོ་ཕྱོགས་སུ་སླེབས་ན་ཁྱེད་ནི་ལྷ་ཡུལ་ནས་འོང་ངམ། ཞེས་སོགས་དྲི་སྲོལ་ཡོད་པ་མཁན་པོ་ཚེ་རིང་ནོར་བུ་དང་རྒྱ་གར་སྨན་རི་ནས་ཐོན་པའི་འགོ་བ་དགེ་བཤེས་བསྟན་འཛིན་འབྲུག་གྲགས་སོགས་ཀྱིས་རྒྱུན་པར་གླེང་། དེ་བས་ངེད་ཀྱི་བསམ་པར། ད་ལྟ་ལྷོ་ཕྱོགས་ཁྲིན་ཏུ་དང་། ཐག་ཉེ་བའི་ཀོང་ཡོན་ཕྱོགས་ཀྱི་སན་ཞིན་ཏོས་ནས་ཐོན་པའི་སྡོང་བོ་དེའི་སྟེང་བྱ་མང་པོ་ཞིག་བབས་ཡོད་པར་དཔག་ན། སྟོན་པ་འཕྲུལ་གཤེན་སྣང་ལྡན་ལྷོ་ཕྱོགས་སུ་རྫོགས་ཆེན་གསུང་དུ་ཕེབས་པའི་རྗེས་ཤུལ་དུ་བཞེངས་པའི་རྟེན་མིན་ནམ་སྙམ། རྗེས་སུ་ལོ་མང་པོ་འགོར་བའི་རྗེས་སུ་རང་རང་ལྷོ་བྱང་གང་དུ་གནས་པ་དེ་དག་གི་འཇིག་རྟེན་ཆགས་ལུགས་དང་སྲིད་པའི་གྲོལ་ལུགས་སུ་སོང་བར་འདོད། དེ་ལས་གཞན། ཟངས་མིའི་དབུ་སྟེང་དུ་བྱ་སྒྲོའི་ཚུགས་ཀ་ཡོད་པ་དང་། ད་ལྟ་བོད་ཀྱི་ལུང་པར་ཞྭ་མོའི་སྟེང་དུ་བྱ་སྒྲོ་འཛུགས་པ།22 མི་རིགས་གཞན་དག་ལའང་སྣང་ཚུལ་དེ་མཆིས་པ་སོགས་ཞང་ཞུང་བྱ་རུ་ཅན་གྱི་སྐབས་སུ་ཁུངས་འདེད་བྱས་ཏེ། བོན་ལུགས་ཐོབ་དང་གོ་སའི་མཚོན་དོན་ལས་བརྒལ་ཏེ་ཁྱུང་གི་མཚན་རྟགས་སུ་མངོན་པའི་བར་དུ་གཏུགས་ཡོད་པའང་ལི་ཆས་ཀྱིས་བཟོས་པའི་མི་གཟུགས་མགོ་བོའི་ཞྭ་མོའི་དབྱིབས་དང་རྣམ་པ་སོགས་བོན་གྱི་ཞྭ་མོའི་ཁྱད་ཆོས་འབུར་དུ་ཐོན་པར་བསྙད་པ་སོགས་གཞན་དང་མི་མཚུངས་པའི་ཁྱད་ཆོས་དང་དགེ་མཚན་གསོན་པོ་ཞིག་ཏུ་འདུག་པ་རེད།
  རྩོམ་པ་པོ་ཁོང་ལོ་དུ་མར་ན་ཞིས་མི་རིགས་ཀྱི་སྟོན་པའི་རིག་གནས་དང་འབྲེལ་བ་ཡོད་པའི་ཆོས་ལུགས་དང་དམངས་སྲོལ་གྱི་བྱེད་སྒོ། རིག་གཞུང་བགྲོ་གླེང་ཚོགས་འདུ་སོགས་གང་མང་ལ་ཞུགས་ཏེ་ཉམས་མྱོང་བརྗེ་རེས་དང་ལེགས་ཐོན་བསྡུ་ལེན་གྱིས་སྟོན་པའི་རིག་གནས་དང་བོན་གྱི་རིག་གནས་བར་གྱི་འབྲེལ་བར་ཡང་ཞིབ་འཇུག་ཟབ་མོ་གནང་ཡོད་པ་ལས། དེབ་འདིར་ས་བཅད་བཅུ་བའི་སྐབས་སུ་དཔྱད་རྩོམ་ཧྲིལ་བོ་ཞིག་གི་ནང་དོན་འཁོད་ཡོད་པ་སྟེ། ན་ཞིས་སྟོན་པའི་ཡི་གེ་དང་བོད་ཡིག་སྦྲགས་མའི་ཡིག་ཆ། བོད་སྐད་ཀྱི་ཁྱད་ཆོས་སོར་བཞག་ཡོད་པའི་སྟོན་པའི་རིག་གནས་ཁྲོད་ཀྱི་ཆོས་ལུགས་འདོན་ཆོག་གྱེར་སྟངས། བོད་ཀྱི་གནའ་བོའི་ཡིག་རྙིང་ཁྲོད་དུ་མངོན་པའི་ན་ཞིས་མི་རིགས་སམ་འཇང་རིགས་ཀྱི་སྟོན་པའི་རིག་གནས་སྐོར་གྱི་བརྗེད་ཐོ་སོགས་གཤིབ་བསྡུར་དང་འགྲེལ་བརྗོད་གནང་ཡོད་ལ། ལྷག་པར་ཏུ་འཇང་གི་སྟོན་པའི་རིག་གནས་ཁྲོད་མངོན་པའི་སྲིད་པའི་རྒྱུ་བོན་སྐོར་ལས་ཅང་སེང་སྟག་འདུས་དང་། དགྲ་བླ་ཝེར་མའི་རིག་གནས་སོགས་བོན་གྱི་རིག་གནས་དང་མཐུན་པའི་སྒོ་ནས་ཞིབ་འཇུག་ཟབ་མོ་བྱས་ཡོད་དེ། ཝེར་མ་ལ་ཡིག་མ་ཞེས་འབོད་པ་མ་གཏོགས་ནང་དོན་གྱི་ཆ་ནས་ད་ལྟ་བོན་གྱི་གཞུང་ལུགས་སུ་ཡོད་པ་དང་གཅིག་མཚུངས་སུ་སྣང་། ལྷག་པར་ཏུ་ཀི་ཙི་པེའམ། ཀི་ཚི་རྡོ་རིང་གི་ངོས་སུ་ཡོད་པའི་དགྲ་བླ་བཅུ་གསུམ་གྱི་འདྲ་གཟུགས་དང་བོད་ཡིག་གི་ནང་དོན་ཐད་ནས་རྒན་པ་སངས་ལགས་དང་དངོས་བཅར་བཀའ་འདྲིའི་ཐོག་རྡོ་རིང་དེའི་ནང་དོན་སྐོར་ལ་བསམ་ཚུལ་བརྗེ་རེས་དང་མཛུབ་སྟོན་གནང་བའི་གོ་སྐབས་ཐོབ་སྟེ་ཡུན་ནན་ལིས་ཅང་གི་ཡུལ་དུ་དགྲ་བླ་ཝེར་མའི་རིག་གནས་འདི་དར་ནས་མ་མཐའ་ཡང་ལོ་ངོ་བདུན་བརྒྱ་དང་ང་ལྔ་སོང་ཡོད་པའི་23དཔྱད་འབྲས་ཐོབ་ཡོད་པ་སོགས་ལ་གཞིགས་ན། དེབ་འདི་ནི་ཞང་ཞུང་བོན་གྱི་ཤེས་རིག་ལ་ཞིབ་འཇུག་བྱེད་པའི་ལྡེ་མིག་ལྟ་བུ་དང་། བོད་སྤྱིའི་རིག་གཞུང་ལ་ཞིབ་འཇུག་བྱེད་པར་མེད་དུ་མི་རུང་བའི་ཡིག་ཆ་རྩ་ཆེན་ཞིག་ཏུ་གྱུར་ཡོད་པ་ངང་ངམ་ཤུགས་ཀྱིས་རྟོགས་ཡོང་ངོ་།།

བཞི་པ། དེབ་འདིའི་ཀློག་འགྲེལ་དང་བློ་བསྐྱེད་མདོར་དྲིལ་བ།
  དེབ་ཧྲིལ་བོའི་ས་བཅད་ཀྱི་རིམ་པ་དང་ཐད་ཀའི་ནང་དོན་རྣམས་གོང་གསལ་ལྟར་ཡིན་པས་ཞིབ་ཏུ་དཔེ་ཆའི་ནང་གཟིགས་གལ་ཆེ་སྙམ། འདིར་ཀློག་འགྲེལ་དང་བློ་བསྐྱེད་ཀྱི་ཚུལ་དུ་ཅུང་ཙམ་སྨོས་ན། ས་བཅད་གཉིས་པའི་དོན་ཚན་ལྔ་པར། ཞང་ཞུང་རྒྱལ་རབས་དེ་མཚོ་བོད་མཐོ་སྒང་དུ་རིམ་གྱིས་ཉམས་ཏེ་བོད་ཀྱི་ཤར་ལྷོའི་རྒྱུད་དུ་རྒྱུན་སྐྱོང་བྱས་པའི་ཚུལ་རྣམས་ལ་ཞིབ་འཇུག་དང་གསལ་བཤད་གནང་འདུག་སྟེ། ཞང་ཞུང་ཆེ་བའི་དབང་དུ་བཏང་ན་དེང་སྐབས་ཀྱི་རྒྱལ་རོང་ས་ཁུལ་དང་ཟུང་ཆུའི་རྒྱུད། ཐ་ན་ཁྲིན་ཏུའུ་བདེ་ཁམས་ཀྱི་ཀོང་ཧན་(广汉)དུ་ཡོད་པའི་སན་ཞིན་ཏོས་དང་ཅིན་ཧྲ་གནའ་ཤུལ་སོགས་ནས་ཀྱང་གནའ་བོའི་ཞང་ཞུང་གི་རྗེས་ཤུལ་འཚོལ་ཐུབ་པའི་ངེས་རྙེད་བྱུང་སྟེ། ས་བཅད་བདུན་པ་དང་བརྒྱད་པའི་སྐབས་སུ་རེ་རེ་བཞིན་གསལ་བཀྲོལ་བྱས་ཡོད་པ་རེད། དེ་དག་ཀྱང་རྒྱུ་མཚན་གཅིག་ཀྱང་བཤད་དུ་མེད་པ་མ་ཡིན་པར། ལོ་རྒྱུས་ཀྱི་ཡིག་ཚང་དང་། རྒྱལ་རོང་སྐད་དུ་ཡོད་པའི་ཞང་ཞུང་སྐད་ཀྱི་སོར་བཞག་གི་ཆ། ཞང་ཞུང་རྒྱལ་རབས་བཅོ་བརྒྱད་དང་། རྒྱལ་རོང་རྒྱལ་ཁག་བཅོ་བརྒྱད། ཉེ་དེང་གི་གནའ་རྫས་རིག་པའི་རྟོག་ཞིབ་དང་གསར་རྙེད་ཀྱི་འགྲེལ་བཤད་སོགས་ལ་བརྟེན་ཡོད་པ་རེད། དཔེར་ན། རྒྱལ་རོང་སྐད་དུ་ཞང་སྐད་སོར་བཞག་བྱས་ཡོད་པ་ནི། ཕ་ཡུལ་གྱི་ཡུལ་ལ་ཁྱུང་ཟེར་བ་དང་། བྱིས་པ་ཆུང་ངུའི་མིང་ལ་པི་ཙ་ཟེར་བ། (པི་ཙ་ལ་མཚོ་སྔོན་ཞོང་ཧྭ་དང་གཅན་ཚའི་ཡུལ་དུ་བུ་ཙ་ཞེས་ཀྱང་འབྱུང་) གཅིག་གི་གྲངས་ཚིག་ལ་ཏེ་24ཟེར་བ་ལྟ་བུ་མང་ངོ་།། དེ་ཡང་《དབུ་ནག་མིའི་འདྲ་ཆགས་》དང་། 《སྲིད་པའི་མཛོད་ཕུགས》 《རླངས་ཀྱི་པོ་ཏི་བསེ་རུ》 ཨ་ལགས་དམུ་དགེའི་《ལོ་རྒྱུས་ཀུན་དགའི་མེ་ལོང》 མཁར་རྨེའུ་བསམ་གཏན་ལགས་ཀྱི་《བོན་གྱི་ལོ་རྒྱུས་དང་འབྲེལ་བའི་ཁྱིམ་རྒྱུད་མི་སྣ་འགའ་ཞིག་གི་སྐོར་རོབ་ཙམ་གླེང་བ》 《རྔ་ཁུལ་གྱི་གནས་ཡིག》 《རྔ་བ་ཁུལ་གྱི་ལོ་རྒྱུས་ཕྱོགས་བསྒྲིགས་》སོགས་དཔྱད་གཞིར་བཅོལ་ནས་རྒྱལ་རོང་ས་ཁུལ་གྱི་རིགས་རུས་སྐོར་ཀྱང་ཕུ་འདེད་བྱས་ཏེ། སྒ་འབྲི་སྦྲ་ལྡོང་ལས་སྦྲ་ཡི་སྐོར་དང་། ཕྱ་དམུ་གཙུག་གསུམ་ལས་དམུ་ཡི་སྐོར་ལ་ཁུངས་འདེད་བྱས་ཡོད་པ་ལྟ་བུ་རེད། གཞན་ཡང་ས་བཅད་བརྒྱད་པའི་སྐབས་ཀྱི་ཞང་ཞུང་དང་རྒྱལ་རོང་། ཅིན་ཧྲ་གནའ་ཤུལ་བཅས་བཤད་པའི་སྐབས་སུ། གསེར་གྱི་ཞལ་འབག་དང་ལངས་གཟུགས་ཅན་གྱི་ཟངས་མི་མགོ་ན་རལ་བའི་ཚུགས་ཀར་ཡོད་པ་དག་ལ་སྒྱུ་རྩལ་གྱི་ངོས་དང་ལོ་རྒྱུས་ཡིག་ཚང་གི་ངོས་ནས་གསེད་བཀྲོལ་བྱེད་དུས་གཤིན་པོའི་བླ་འཁོར་ཆ་བདུན་དང་། གཟེར་མིག་ནས་ལུང་དྲངས་པའི་གཤེན་རབ་སྐུ་བལྟམས་པའི་ཆ་བྱད་ཞིབ་འབྲིའི་25ཚན་པ་དང་སྦྱར་ཡོད་པ་སོགས་གལ་ཆེན་དུ་མཐོང་ནས། ང་རང་མི་སྒེར་ངོས་ནས་ཀྱང་དེ་ལ་དོ་སྣང་གི་འདུན་པ་བྱུང་སྟེ་དངོས་སུ་ཅིན་ཧྲའི་གནའ་ཤུལ་བཤམ་སྟོན་ཁང་དུ་བསྐྱོད་པ་ན། མཐོང་མ་མྱོང་བའི་རིག་གནས་ཀྱི་སྣང་ཚུལ་མང་པོ་ཞིག་མིག་གིས་རག་པ་ཡིན། དེ་ཡང་གནའ་ཤུལ་བཤམ་སྟོན་ཁང་གི་རྩིགས་ངོས་སུ་ཅིན་ཧྲའི་རིག་གནས་འདི་གནའ་བོའི་དུས་སུ་ཇི་ལྟར་མཚར་སྡུག་འབར་བ་དང་། གང་ནས་བྱུང་བ། གང་ལ་ཕྱོགས་པ་ཡིན་ནམ། ཞེས་དྲི་བ་ཆེན་པོ་ཞིག་དྲིས་འདུག་པར། རང་རྒྱལ་གྱི་གྲངས་ཉུང་མི་རིགས་ཁག་གིས་སོ་སོའི་རིག་གནས་དང་འཚམས་པའི་འགྲེལ་བརྗོད་གང་མང་གནང་ཡོད་པ་དང་། བོད་ནས་སྡེ་རོང་ཚེ་རིང་དོན་གྲུབ་ལགས་ཀྱིས་བོད་ཀྱི་ཤེས་རིག་ལ་འབྲེལ་བའི་ཚུལ་གྱི་དེབ་ཅིག་བྲིས་གནང་མཛད་པ་དང་། སླར་ཡང་། ཤར་བ་ཐོགས་མེད་ལགས་ནས་སན་ཞིས་ཏོས་དང་ཅིན་ཧྲའི་གནའ་ཤུལ་འདི་བོད་དང་འབྲེལ་ཞིང་ལྷག་པར་ཏུ་ཞང་ཞུང་རིག་གནས་ལ་འབྲེལ་བ་ཡོད་པའི་ཚུལ་དག་རི་མོ་དང་། གཞུང་ལུགས་གཤིབ་བསྡུར་གྱིས་དེབ་འདིར་བསྒྲུབས་ཡོད་པ་རེད། གཞན་ཡང་ཅིན་ཧྲའི་གནའ་ཤུལ་སྐབས་ཀྱི་ལངས་གཟུགས་མིའི་ཆ་བྱད་ཞིབ་འབྲིའི་ཚན་པ་ནི་སྡེ་རོང་གིས་ཆེད་རྩོམ་དེའི་ཤོག་ངོས་བརྒྱ་དང་ང་བརྒྱད་ནས་བརྒྱ་དང་དྲུག་ཅུའི་མཚམས་སུ། བོན་གྱི་གསང་སྔགས་ཆོས་པའི་དབུ་ཞྭ་དང་ཡོངས་གྲགས་སུ་པད་ཞུ་རུ་འབོད་པ་དེར་འབྲེལ་ཆགས་སུ་བྱས་ཏེ་བསྒྲུབས་ཡོད་པ་རེད། སྤྱིར་བཏང་པད་ཞུ་ནི་བོན་གྱི་འདུལ་ཆས་ན་བཟའ་གོས་དྲུག་གི་ཡ་གྱལ་ཡིན་ཞིང་། ཀླད་དུ་སུལ་བུ་ཉེར་ལྔ་ལྡན་ཞིང་། གཙུག་ཏུ་ཚང་བུག་དོད་པ། ཕྱི་རིམ་པད་འདབས་བཞིའམ་དྲུག་དང་བརྒྱད་གང་རུང་གིས་བསྐོར་བ་ཞིག་དགོས། དེ་ལ་འདུལ་བ་ལས། པད་ཞུ་སུལ་བུ་རྩ་ལྔ་ནི།། རིགས་ལྔ་སྐུ་ཡི་ལྷ་དང་སྦྱར།། ཕྱོགས་བཞི་དག་ཏུ་པད་འདབ་བཞི།། ནོན་པད་བཞི་ཡིས་མཚམས་བཞིར་མནན།། པད་མ་སྤུངས་པ་ལྟ་བུར་བྱ།།26ཞེས་གསུངས་ཡོད་པ་ལྟར། ཤར་བ་ཐོགས་མེད་ལགས་ནས་ཀྱང་། འབྲུག་ཆུ་ས་ཁུལ་གྱི་གྲོང་སྔགས་དང་། དུས་རབས་བཅུ་གཅིག་པའི་སྐབས་ཀྱི་ཡིག་ཆ་ལས་རྙེད་པའི་སྟོན་པ་གཤེན་རབ་ཀྱི་འདྲ་སྐུའི་གཙུག་ཏུ་མནབས་པའི་དབུ་ཞྭ་སོགས་བསྡུར་ཏེ།27 སན་ཞིན་ཏོས་ནས་ཐོན་པའི་དབུ་ཕྱོགས་གཅན་གཟན་གྱི་དབྱིབས་དང་ཚུགས་ཀ་མིའི་བཟོ་ལྟར་ཆགས་པ་དེ་ལ་འབྲེལ་ཆགས་སུ་བྱས་ཤིང་། ཁྱུང་གི་དབྱིབས་རྣམ་གྱི་འཕེལ་རིམ་ཁྲོད་མངོན་པའི་སྣང་ཚུལ་དག་ཡིན་པ་གསལ་བཤད་གནང་ཡོད་པ་ནི། བྱ་ལུས་མི་ཡི་དབང་ཅན་ལྷ་སྲས་བཞི། ཞེས་དང་། བྱ་རི་རྩེ་ལ་བྱ་ཁྱུང་གི་སྐུ་མི་རུ་སྤྲུལ་བ། མྱིའི་མྱིག་བྱ་མྱིག་དང་མཚུངས་པ་འོག་ནས་འགེབས། མིའི་མགོ་ལ་བོང་བུའི་རྣ་བ་ཅན། ཁྱུང་གཤོག་ལྡིང་བ། ཞྭ་དཀར་ཁྱུང་ལྡིང་མ། ཞེས་པ་ལྟ་བུ་བརྡ་ཆད་རྙིང་བ་དག་གི་བྱུང་ཁུངས་སྟོན་པའི་དེབ། 《ཁྱུང་ཕོ་རྒྱལ་རྒྱུད་ཤེལ་དཀར་མེ་ལོང་》དང་། 《བཤད་མཛོད་ཡིད་བཞིན་ནོར་བུ》 《རབ་གསལ་གསེར་གྱི་སྙེ་མ》 《ཞྭ་བཤད་པི་ཝང་དྲུག་འགྱུར་》སོགས་ཁུངས་ཐུབ་ཡིག་ཆ་མང་པོར་བརྟེན་ནས་ཞང་ཞུང་བོན་གྱི་རིག་གནས་ལ་འབྲེལ་བ་ཤ་སྟག་ལྡན་པ་ར་སྤྲོད་བྱས་ཡོད།
  དེའི་སྟབས་ཀྱིས་དེབ་འདི་ནི་ཞིབ་འཇུག་གི་ཆེད་དེབ་གཞན་དག་དང་མི་མཚུངས་པར་བསམ་བཞིན་ཞིབ་ཀློག་ཐེངས་མང་པོ་བྱས་མཐར། བློ་བསྐྱེད་ཀྱང་སྣ་ཚོགས་འབྱུང་སྲིད་པ་རེད། དང་པོ་ཞང་ཞུང་གི་ས་ཁོངས་ངོས་འཛིན་གྱི་ཐད་ནས་བཤད་ན། ཞང་ཞུང་ཞེས་པར་གོ་བ་སྣ་ཚོགས་ཤིག་ལེན་སྟངས་ཡོད་པ་དང་། གོ་བ་ལེན་སྟངས་དེ་དག་ཀྱང་ཡིག་ཚང་གི་བཞེད་དགོངས་ལྟར་བྲིས་ན། ཞང་ཞུང་ནི་ཁྱུང་ལུང་ཞེས་པའི་ཡུལ་གྱི་དོན་ལ་གོ་བ་དང་། ཞང་ཞུང་ནི་སྟོན་པ་གཤེན་རབ་སྐུ་འཁྲུངས་སའི་གནས་སུ་ངོས་འཛིན་པ། ཞང་ཞུང་ནི་ཡུལ་མངའ་རིས་ཀྱི་ཡུལ་ཆ་ཤས་སུ་ངོས་འཛིན་པ། ཞང་ཞུང་ལ་ཡང་སྟོད་སྨད་བར་གསུམ་དང་སྒོ་ཕུག་བར་གསུམ་སོགས་ཀྱི་ཐ་སྙད་འཇོག་ཏུ་ཡོད་པས་ཡུལ་རྒྱ་ཆེ་བ་རྒྱ་མཚོ་ལྟ་བུར་འདོད་པ་སོགས་མང་བ་དང་། བོན་གྱི་ཞིབ་འཇུག་པ་སློབ་དཔོན་ཚེ་རིང་ཐར་གྱིས། གནའ་བོའི་ཞང་ཞུང་དང་བོད་གཉིས་ནི་རྒྱལ་ཁབ་མི་གཅིག་པ་གཉིས་ཡིན་པར། ཐོག་མའི་དུས་ཀྱི་བོད་ནི་ཡུལ་ཡར་ལུང་གི་ས་ཁོ་ནར་ངོས་འཛིན་པ་ལས། ཞང་ཞུང་གི་ཡུལ་དུ་ངོས་འཛིན་པའི་དེང་གི་མངའ་རིས་དང་རྒྱང་ཐག་རིང་དུ་གྱེས་ཡོད་པ་སྟེ། ཡར་ལུང་གི་བོད་ནི་རྒྱལ་བོ་གཉའ་ཁྲིའི་དུས་ནས་མགོ་ཚུགས་པ་དང་། ཞང་ཞུང་གི་རྒྱལ་རབས་ནི་གཉའ་ཁྲིའི་སྔོན་ནས་བཟུང་སྟེ་གནས་ཡོད་པའི་ལྟ་ཚུལ་བཏོན་པ་28སོགས་ལ་གཞིགས་ན། ས་ཁོངས་ཁོ་ནའི་ངོས་ཐད་ནས་ཀྱང་ང་ཚོས་མུ་མཐུད་དུ་ཟབ་ཅིང་བརླིང་བའི་ཞིབ་འཇུག་བྱེད་དགོས་སྙམ་པའི་འདུན་པ་བྱུང་། ས་བཅད་གསུམ་པ་ཞང་ཞུང་དང་ཐུ་བྷོད་བར་གྱི་མཉམ་འདྲེས་འབྲེལ་བ་བརྗོད་པའི་སྐབས་སུ། རྩོམ་པ་པོས་ད་ལྟའི་བོད་ཀྱི་རིག་གནས་ནི་ཞང་ཞུང་ཤེས་རིག་དང་ཐུ་བྷོད་ཤེས་རིག་གཉིས་ཟུང་དུ་སྦྲེལ་བའི་རྨང་གཞིའི་སྟེང་། མཐའ་བཞིའི་མི་རིགས་ཁག་གི་རིག་གནས་བསྡུ་ལེན་བྱས་ཏེ་གྲུབ་པའི་སྣ་འདུས་རང་བཞིན་གྱི་གཅིག་གྱུར་གྱི་ཕུང་བོ་ཞིག་ཡིན།29 ཞེས་པའི་ལྟ་ཚུལ་བཏོན། ལྟ་ཚུལ་འདིས་ང་ཚོ་བོད་ཀྱི་རིག་གནས་དང་ཆོས་ལུགས་ལོ་རྒྱུས་ལ་ཞིབ་འཇུག་བྱེད་པའི་མི་སྣ་དག་ལ་བློ་སྒོ་ཞིག་ཕྱེས་ཡོད་དེ། བོད་ཀྱི་རིག་གནས་ལ་ཞིབ་འཇུག་བྱེད་དགོས་ན་བོན་གྱི་བསྟན་འབྱུང་ཁག་དང་། བན་གྱི་ཆོས་འབྱུང་། ཕྱི་ཕྱོགས་མི་རིགས་ཀྱིས་བོད་རང་ལ་གདེང་འཇོག་བྱས་པའི་ཡིག་ཆ་རྣམས། གཞན་ཡང་ཚན་རིག་གི་ལག་རྩལ་དང་དེང་རབས་མིའི་རིགས་རིག་པ་ལས་གནའ་ཤུལ་སྔོག་འདོན་དང་རྟོག་དཔྱོད་ཀྱི་ཐབས་ལས་བདེན་དཔང་བྱེད་བཞིན་པའི་གནད་རྣམས་ངེས་པར་མཁྱེན་དགོས་པར་འདོད། དེ་ལྟར་ན་བོན་གྱི་བསྟན་འབྱུང་ཁག་ཏུ་འབྱུང་བའི་སྲོང་བཙན་ཡར་སྔོན་བོད་ན་ཡི་གེ་ཡོད་པར་འདོད་པའི་དགོངས་ཚུལ་རྣམས་ལ་ཡང་ཐུགས་བསམ་བཞེས་དགོས་སྟབས། རྩོམ་པ་པོས་ཀྱང་དེའི་ཐད་ནས་ཞང་ཞུང་རྒྱལ་བོ་ལིག་མི་རྐྱའི་ཐམ་གའི་སྟེང་གི་ཡི་གེ་དང་གུ་གུའི་ལྡེབ་རིས་ངོས་ཀྱི་ཡིག་རྟགས་སོགས་དངོས་བརྟག་ལ་བརྟེན་ནས་ཡི་གེ་ཡོད་པར་བསྒྲུབས་པ་དཔེར་ན། སྲོང་བཙན་སྒམ་པོའི་ཡར་སྔོན་ལ་བོད་དུ་ཡི་གེ་མེད་པ་དང་། རྗེས་སུ་ཞང་བོད་གཅིག་གྱུར་གྱི་གོ་རིམ་ཁྲོད་བོད་ཀྱིས་ཞང་སྐད་ཀྱི་སྨར་ཡིག་བེད་སྤྱོད་གནང་བར་འདོད།30 དེའི་སྟབས་ཀྱིས་ཞིབ་ཏུ་སྨོས་ན། སྐབས་དེ་དུས་ཀྱི་བོད་དེ་ཡར་ལུང་དང་བོད་ཀ་གཡག་དྲུག་གི་མཚོན་པའི་ས་ཁུལ་དུ་ཡི་གེ་མེད་པ་མ་གཏོགས། ད་ལྟའི་སྣང་ངོའི་བོད་ཆེན་པོ་འདི་ལ་ཡི་གེ་ཡོད་དགོས་པར་འདོད་པ་རེད། བྱས་ཙང་། ཏུན་ཧོང་གཏེར་ཡིག་ཏུ་འབྱུང་བའི་བོད་རང་ལ་སྔ་ན་ཡི་གེ་མེད་དེ་རྒྱལ་བོ་འདིའི་རིང་ལ་བྱུང་ཞེས་པ་ཡང་བོད་ཡར་ལུང་ཁོ་ནར་གོ་དགོས་སྙམ། དེ་ལ་དུས་རབས་བཅུ་གཅིག་པའི་ཡར་སྔོན་གྱི་བོན་པོའི་ཡིག་རྙིང་ཁྲོད་ཀྱི་ཞང་བོད་ཤན་སྦྱར་གྱི་རིས་31སུ་ཕབ་ཡོད་པའི་ནང་དོན་ཞིག་ཀྱང་དྲངས་ཡོད་པ་རེད། བློ་བསྐྱེད་གཞན་ཞིག་ནི། ད་ལྟ་ཞང་ཞུང་ཤེས་རིག་ལ་ཞིབ་འཇུག་བྱེད་དགོས་ན། ལྷོ་ཕྱོགས་ཀྱི་རྒྱལ་རོང་གཙོར་བྱས་པའི་ཡུན་ནན་གྱི་འཇང་གི་སྟོན་པའི་རིག་གནས་དང་།(东巴文化)གཡག་རྔ་ས་ཁུལ་གྱི་རི་བོ་གངས་དཀར་རྒྱུད་ཀྱི་མི་ཉག་བོད་པའི་ཆོས་ལུགས་སྣང་ཚུལ། (木雅藏族)ཀན་སུའུ་དང་སི་ཁྲོན་གཉིས་ཀྱི་འདྲེས་མཚམས་སུ་ཡོད་པའི་བོད་དམག་གི་སྡེའི་ཆོས་ལུགས་ཆོ་ག (白马藏族) ལེའང་ཧྲན་ས་ཁུལ་དུ་ཡོད་པའི་དབྱི་རིགས་ཀྱི་པིས་མོ་རིག་གནས་(比摩文化)དང་ཆཱང་རིགས་ཀྱི་སྲིད་པའི་རིག་གནས་(释比文化)སོགས་ཀྱང་འདོར་བ་མེད་པར་ལྟོས་འཇོག་དོ་སྣང་ཡོད་དགོས་སྙམ་མོ།།

  དཔྱད་མཆན།
  1三星堆古遗址位于四川省广汉市西北的鸭子河南岸,分布面积12平方千米,距今已有5000至3000年历史,是迄今在西南地区发现的范围最大、延续时间最长、文化内涵最丰富的古城、古国、古蜀文化遗址。
  2成都金沙遗址博物馆位于四川省成都市区西北部的青羊区金沙遗址路2号,是展示商周时期四川地区古蜀文化的专题类博物馆。
  3 སྤ་སྟོན་བསྟན་རྒྱལ་བཟང་པོ། 《བསྟན་པའི་རྣམ་བཤད་དར་རྒྱས་གསལ་བའི་སྒྲོན་མེ》སྣང་མཐའ་བསྟན་འཛིན་ཉི་མས་བསྒྲིགས་པའི་《ཞང་བོད་ལོ་རྒྱུས་ཕྱོགས་བསྒྲིགས》[G] སྨད་ཆ། ཤོག་ངོས་68པ་རུ་གསལ།
  4才让太 主编:《岗底斯山雍仲本教文献丛书》[G](藏文,共计25卷)民族出版社出版,2010年版, 第1卷第22页第9行
  5 ཤར་རྫ་བཀྲ་ཤིས་རྒྱལ་མཚན་གྱི་གསུང་འབུམ། དེབ་བདུན་པ། 《སྡེ་སྣོད་མཛོད》[M] སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2011ལོའི་ཟླ་7པའི་པར་གཞི་དང་པོ། ཤོག་ངོས་326པ།
  6 ཡོངས་འཛིན་བསྟན་འཛིན་རྣམ་དག 《གྲུབ་མཐའི་རྣམ་གཞག་བཤད་པ》 [J] སྣང་མཐའ་བསྟན་འཛིན་ཉི་མ་སོགས་ཀྱིས་བསྒྲིགས་པའི་《ཞང་བོད་ཤེས་རིག》དུས་དེབ། 2006ལོའི་སྤྱིའི་དེབ་གྲངས་དང་པོ། ཤོག་ངོས་31པ་རུ་གསལ།
  7 བོན་གྱི་བཀའ་འགྱུར། པོད་25པ། 《དྲི་མེད་རྩ་བའི་མདོ》 [G] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2015ལོའི་པར་གཞི་དང་པོ།
  8 同美 著《象雄文明研究》[M] 四川民族出版社 2018年10月第1版P91页
  9 ཀུན་བཟང་བློ་གྲོས་ཀྱིས་བརྩམས།《ཞང་བོད་ཀྱི་བསྟན་འབྱུང་ལོ་རྒྱུས་ལྷ་རྒྱུད་རིན་ཆེན་ཕྲེང་བ་མ་བཅོས་གསེར་གྱི་ཡང་ཞུན》 [M] མི་རིགས་དཔེ་སྐྲུན་ཁང་། 2013ལོའི་ཟླ་6པའི་པར་གཞི་དང་པོ། ཤོག་ངོས་50པ།
  10才让太 顿珠拉杰 著《苯教史纲要》 [M] P7页 中国藏学出版社 2012年11月第1版
  11 ཚེ་རིང་ཐར། 《རྒྱལ་ཕྱི་ནང་གི་ཞང་ཞུང་ཞིབ་འཇུག་གནས་སྟངས》[OL] 陀乐信众 ཞེས་པའི་སྐད་འཕྲིན་སྤྱི་སྟེགས། 2016ལོའི་ཟླ་9པའི་ཚེས་27ཉིན། མཚོ་སྔོན་པཎ་ཆེན་ཞིབ་འཇུག་གླིང་ནས་འཆད་ཁྲིད་གནང་བའི་སྒྲ་རུ་གསལ།
  12 同美 著《象雄文明研究》[M] 四川民族出版社 2018年10月第1版P10页
  13 བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ། 《ལོ་རྒྱུས་ཉེར་མཁོ་བསྟན་རྩིས་རིས་མེད་དཔྱད་པ་དང་བཅས་པ་ཡིད་ཀྱི་མུན་སེལ་སྒྲོན་མེ་བློ་གསར་དགའ་བའི་མཛེས་རྒྱན》 [M] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2009 ལོའི་པར་གཞི་དང་པོ། ཤོག་ངོས་268པ་རུ་གསལ།
  14 同美 著《象雄文明研究》[M] 四川民族出版社 2018年10月第1版P22页
  15 མཁན་པོ་ཚེ་རིང་ནོར་བུས་བརྩམས། 《བོན་ལུགས་རྫོགས་ཆེན་དང་འབྲེལ་བའི་བོན་གྱི་ལོ་རྒྱུས་རིག་གཞུང་ཞིབ་འཇུག》 [M] སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2018 ལོའི་12པའི་པར་གཞི་དང་པོ། ཤོག་ངོས་2པ་རུ་གསལ།
  16 同美 著《象雄文明研究》[M] 四川民族出版社 2018年10月第1版P28 页
  17 同美 著《象雄文明研究》[M] 四川民族出版社 2018年10月第1版P223页
  18 མཁན་པོ་ཚེ་རིང་ནོར་བུས་བརྩམས། 《བོན་ལུགས་རྫོགས་ཆེན་དང་འབྲེལ་བའི་བོན་གྱི་ལོ་རྒྱུས་རིག་གཞུང་ཞིབ་འཇུག》 [M] སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2018 ལོའི་12པའི་པར་གཞི་དང་པོ། ཤོག་ངོས་284པ་རུ་གསལ།
  19 得荣 ·泽仁邓珠 编著 《揭谜古蜀人的渊源》[M] P199页 四川出版集团 2010年5月第1版
  20 ཀུན་བཟང་བློ་གྲོས་ཀྱིས་བརྩམས།《ཞང་བོད་ཀྱི་བསྟན་འབྱུང་ལོ་རྒྱུས་ལྷ་རྒྱུད་རིན་ཆེན་ཕྲེང་བ་མ་བཅོས་གསེར་གྱི་ཡང་ཞུན》[M] མི་རིགས་དཔེ་སྐྲུན་ཁང་། 2013ལོའི་ཟླ་6པའི་པར་གཞི་དང་པོ། ཤོག་ངོས་4པ།
  21 才让太 主编:《岗底斯山雍仲本教文献丛书》[G](藏文,共计25卷)第12卷第386页第17行,民族出版社出版,2010年版
  22同美 著《象雄文明研究》[M] 四川民族出版社 2018年10月第1版P200--201页
  23同美 著《象雄文明研究》[M] 四川民族出版社 2018年10月第1版P264页
  24同美 著《象雄文明研究》[M] 四川民族出版社 2018年10月第1版P43 页
  25同美 著《象雄文明研究》[M] 四川民族出版社 2018年10月第1版P223页
  26《བོད་ཞྭ་བརྒྱ་ཡི་ངོ་སྤྲོད།》 ཕ་ཡུལ་ཕྱོགས་བསྒྲིགས་དེབ་ཕྲེང་། [OL] P57 微信公众:文学讲坛网 2019年1月27日
  27 同美 著《象雄文明研究》[M] 四川民族出版社 2018年10月第1版P204页 28【声动高原】 微信公众 [OL] 才让太 寻找藏文化之“根” 2015年12月26日29同美 著《象雄文明研究》[M] 四川民族出版社 2018年10月第1版P54页
  30同美 著《象雄文明研究》[M] 四川民族出版社 2018年10月第1版P61页
  31 同美 著《象雄文明研究》[M] 四川民族出版社 2018年10月第1版P65页

  བྱམས་པ་ཚེ་རིང་། མཚོ་སྔོན་རེབ་གོང་གི་མི། ད་ལྟ་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་མི་རིགས་ཞིབ་འཇུག་གླིང་གི་2018ལོའི་བོད་རིག་པའི་ཆེད་ལས་ཀྱི་འབུམ་རམས་པ། ཞིབ་འཇུག་གི་ཁ་ཕྱོགས་གཙོ་བོ་ནི་བོད་ཀྱི་ཆོས་ལུགས་དང་བོད་ཀྱི་ཡིག་རྙིང་།

                                     2019ལོའི་དེབ་གསུམ་པའི《ཀྲུང་གོའི་བོད་རིག་པ》དུས་དེབ་སྟེང་བཀོད་པ་ལས་དྲངས།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1