གཙོ་ངོས།>> རྩོམ་རིག>>སྙན་རྩོམ།

གཡང་མོ་འཚོ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། ༢༠༢༠ལོའི་ཟླ་བ་༠༣ཚེས་༢༥ཉིན།

༄༅།།ངའི་གྲོགས་པོ།

 གཡང་མོ་འཚོ།



        ང་རང་ཤེས་རིག་གི་སློབ་གླིང་འདི་རུ་མ་ཞུགས་པར། མུན་ནག་གི་ལམ་ཕྲན་ཀྱག་ཀྱོག་དེ་རུ་མགོ་འཐོམ་པའི་སྐབས་དེར། ང་ལ་རྒྱུན་དུ་རེ་བ་ཉག་གཅིག་ཡོད་པ་ནི། ང་རང་ཡིག་རྨོངས་ཀྱི་དུས་རབས་འདི་ལས་ཐར་རྒྱུ་དེ་ཡིན།
        རྗེས་སུ། དྲིན་ཕ་མའི་བར་མེད་ཀྱི་བཀའ་དྲིན་འོག་ཏུ་བུ་མོ་ང་ལ་ཤེས་རིག་གི་འོ་མཚོའི་ཀློང་དུ་ཤེས་བྱའི་མེ་ཏོག་འཐུ་བའི་སྐལ་བ་ཡག་པོ་ལྡན་སོང་བས། དུས་དེ་ནས་བཟུང་ངས་སློབ་སྦྱོང་ལ་འབད་པ་བྱས་ཏེ་འཚོ་བ་གསར་པ་ཞིག་ལ་རེ་སྙེག་བྱས་པ་དང་། སྐབས་དེར། ང་ལ་ཆ་རྒྱུས་ཡོད་པའི་གྲོགས་པོ་གཅིག་ཀྱང་མེད་དེ། དུས་རྒྱུན་གྲོགས་མེད་ཁེར་རྐྱང་དུ་ལུས་པ་ཡིན། འོན་ཀྱང་། ལོ་རིམ་གསུམ་པའི་སྐབས་སུ། ངས་ཀྱང་རང་ཉིད་ལ་བློས་ཐུབ་ཀྱི་གྲོགས་པོ་ཞིག་རྙེད་བྱུང་།
        གྲོགས་པོ་དེས་ངའི་མུན་ནག་དང་འཇིགས་སྐྲག་གིས་ཁེངས་པའི་ཁང་མིག་དེར་སྒྲོན་མེ་སྦར་ཏེ་ང་ལ་དཀར་གསལ་དང་འོད་སྣང་བསྐྲུན། གྲོགས་པོ་དེས་ང་རང་དཀའ་ཁག་དང་སྡུག་བསྔལ་གྱི་དབང་སྒྱུར་ལས་སྤྲོ་སྐྱིད་དང་དགོད་སྒྲས་ཁྱབ་པའི་དག་ཞིང་ཞིག་ཏུ་ཁྲིད། གྲོགས་པོ་དེས་ང་ལ་སྙིང་སྟོབས་དང་བློ་གྲོས་བསྩལ་ཏེ་མདུན་ཕྱོགས་སུ་མཆོང་སྐྱོད་བྱས། གྲོགས་པོ་དེས་ང་རང་དུས་རབས་ཉེར་གཅིག་པའི་ལམ་ལ་ཁྲིད། གྲོགས་པོ་དེས་ང་རང་སྒྱིད་ལུག་གི་མི་དེ་ལས་བརྩོན་འགྲུས་དང་ཕུགས་འདུན་ཡོད་པའི་སློབ་བུ་ཡ་རབས་ཤིག་ཏུ་བསྒྱུར། གྲོགས་པོ་དེས་ང་ལ་མཐོང་མ་མྱོང་བའི་དངོས་པོ་མང་པོ་མཐོང་དུ་བཅུག་པ་དང་ཐོས་མ་མྱོང་བའི་དོན་དག་མང་པོའང་ཐོས་སུ་བཅུག འོ་ན། གྲོགས་པོ་དེ་ནི་སུ་རེད་ཅེ་ན། དེ་ནི་ང་ཚོ་དུས་རབས་ཉེར་གཅིག་པའི་མི་རྣམས་ལ་ཆེས་མེད་དུ་མི་རུང་བ་དང་། སྔོན་བྱོན་མཁས་པའི་རྔུལ་ཁྲག་གིས་གྲུབ་པའི་དཔེ་དེབ་མ་རེད་དམ།
        དཔེ་དེབ་ཅིག་གི་ཁ་ཕྱེས་པ་ན། སེམས་ཀྱི་སྒྲོན་མེ་གསལ་མེར་སྦར་བ་ཡིན་ལ། ཡང་དག་པའི་ལམ་བུ་སེམས་ལ་འཆར་བ་ཡིན། དཔེ་དེབ་དང་མཉམ་དུ་རོལ་བའི་སྐར་ཆ་རེ་རེ་ནི་མི་ཚེ་ཁྲོད་ཆེས་དཀོན་པའི་ལེགས་སྐྱེས་དེ་ཡིན། དཔེ་དེབ་ཀྱི་ཀློང་ནས་ཕྱིའི་འཇིག་རྟེན་གྱི་རྒྱ་ཁྱོན་གསལ་པོར་མཐོང་ཐུབ་ལ། དཔེ་དེབ་ཀྱི་ཀློང་ནས་ཤེས་རིག་གི་གཟི་འོད་འཕེལ་ཐུབ། དཔེ་དེབ་ཀྱི་ཀློང་ནས་འཚོ་བའི་རྣམ་པ་གསར་པ་ཞིག་རྙེད་ཐུབ་ལ། དཔེ་དེབ་ཀྱི་ཀློང་ནས་རང་ཉིད་ཀྱིས་འཚོལ་སྙེག་བྱེད་པའི་བདེ་སྐྱིད་དེ་རྙེད་ཐུབ། དཔེ་དེབ་ལས་ངས་རྒྱལ་ཁབ་ཕྱི་ནང་ཀུན་གྱི་མཁས་པ་མང་པོར་ཤེས་བྱ་བགྲོ་གླེང་བྱེད་ཐུབ་སོང་ལ། དཔེ་དེབ་ལས་ངས་རང་ཉིད་ལ་དགོས་པའི་འཇིག་རྟེན་དེ་རྙེད་བྱུང་། དཔེ་དེབ་ལས་ངས་སྙིང་རྗེ་ཟེར་བ་ཞིག་དང་དྲང་བདེན་ཟེར་བ་ཞིག་གི་རྩ་དོན་རྟོགས་སོང་། དཔེ་དེབ་ལས་ངས་མི་མང་པོ་ཞིག་གི་བླ་མེད་ཀྱི་གཤིས་རྒྱུད་དང་སྙིང་སྟོབས་ལ་སློབ་སྦྱོང་བྱེད་ཐུབ་སོང་།

        དཔེ་དེབ་ནི་ང་ལ་མེད་དུ་མི་རུང་བའི་གྲོགས་པོ་དེ་ཡིན་ཏེ། དཔེ་དེབ་ནི་ངའི་འཚོ་བའི་གྲུབ་ཆ་གལ་ཆེན་ཞིག་ཏུ་གྱུར་ཡོད། དཔེ་དེབ་དང་མཉམ་དུ་རོལ་བའི་སྐར་ཆ་རེ་རེ་ནི་ངའི་མི་ཚེ་ཁྲོད་ཆེས་རིན་ཐང་ལྡན་པའི་དུས་དེ་ཡིན། དཔེ་དེབ་ཀྱིས་ང་ལ་སྐྱོ་སྡུག་བསྐྱལ་མྱོང་ལ་དགའ་སྤྲོའང་བསྐྱལ་མྱོང་བས། ངས་དཔེ་དེབ་ལ་བཅངས་པའི་བརྩེ་བ་ནི་ནམ་ཡང་རྟག་བརྟན་འགྱུར་བ་མེད་པ་ཞིག་ཡིན། ང་ལ་དཔེ་དེབ་མེད་མི་རུང་། གལ་ཏེ། ང་ལ་དཔེ་དེབ་མེད་ཚེ། ངའི་མི་ཚེ་ལ་བདེ་སྐྱིད་ཀྱི་རྩ་བ་བརྟན་སའི་ཁ་ཕྱོགས་མེད། གལ་ཏེ། ང་ལ་དཔེ་དེབ་མེད་ཚེ། ངའི་མདུན་སྐྱོད་ཀྱི་བློ་སྤོབས་ཉམས་ངེས་ཤིང་བློ་གྲོས་ཀྱི་གཤོག་ཟུང་ཆད་འགྲོ། ཁྱེད་ནི་ངའི་མི་ཚེ་ཡི་ཕྱོགས་སྟོན་འཁོར་ལོ་ཡིན། ཁྱེད་ཀྱིས་ང་ལ་སྤོབས་པའི་ལ་རྒྱ་བསྩལ། ཁྱེད་ཀྱིས་ང་ལ་རིག་པའི་གཤོག་རྩལ་གནང་། ང་རང་སྙིང་ནས་ཁྱེད་ལ་དུངས་སོ། །

དབུལ་ཕོངས་སེལ་བའི་ཡིད་བཞིན་ནོར་བུ། །
འོད་སྣང་སྦྱིན་པའི་དྲི་ཟའི་བདག་པོ། །
རིག་པའི་དཔའ་བོའི་འབྱུང་རྩ་གནས་ས། །
ཡིག་རྨོངས་སེལ་བའི་མེ་དཔུང་ཆེན་པོ། །

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1