གཙོ་ངོས།>> སློབ་གསོ།>>སློབ་གསོའི་ཉམས་མྱོང་།

དཔལ་ལྡན་ཉི་མ། འདབ་པ་བློ་བཟང་ཆོས་འཕེལ། རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།བོད་ཀྱི་སློབ་གསོ། སྤེལ་དུས། ༢༠༢༠ལོའི་ཟླ་བ་༠༣ཚེས་༡༦ཉིན།

༄༅།། རིག་ཚན་ཞེས་པའི་གོ་དོན་དང་བོད་རིག་པའི་རིག་ཚན་འཛུགས་སྐྲུན་སྐོར་ལ་དཔྱད་པ།


དཔལ་ལྡན་ཉི་མ། * འདབ་པ་བློ་བཟང་ཆོས་འཕེལ། *
[གནད་བཏུས] སྤྱིར་ཚན་རིག་ཞིབ་འཇུག་ཅེས་པ་ནི་མིའི་རིགས་ཀྱིས་ཐུན་མོང་དུ་ཁས་བླངས་པའི་ཤེས་བྱ་མ་ལག་གི་ལུགས་དང་མཐུན་པའི་མཛུབ་སྟོན་ནམ་ཞིབ་འཇུག་ལ་ངོས་འཛིན་པར། ཞིབ་འཇུག་དེ་བྱ་དངོས་འཕེལ་རྒྱས་དང་འཁོར་སྐྱོད་ཀྱི་རྩ་བའི་ཆོས་ཉིད་དང་མཐུན་པ་ཞིག་ཡིན་གཤིས། བོད་རིག་པ་ཞེས་གཏན་ལ་ཕབ་ཟིན་པའི་ཞིབ་འཇུག་བྱ་ཡུལ་དུ་གྱུར་པའི་ཤེས་བྱའི་མ་ལག་དེ་ལའང་། དེ་ལུགས་སུ་ཚན་རིག་ཞིབ་འཇུག་ལ་ཚང་བའི་རྩ་བའི་ཆ་རྐྱེན་དེ་དག་ངེས་པར་དུ་ཚང་དགོས་མོད། འོན་ཀྱང་ཉེ་བའི་ལོ་འགའི་རིང་ལ་བོད་རིག་པ་ཞེས་པའི་གོ་དོན་ལ་གོ་བ་འདྲ་མིན་སྣ་ཚོགས་ཤིག་བྱུང་དང་འབྱུང་བཞིན་པ་སྟེ། རིག་གཞུང་དེའི་ངོ་བོ་རབ་རིབ་ཏུ་བཏང་ནས་རིག་ཚན་དེ་ཉིད་ཀྱི་གོ་དོན་ཡང་ཧ་ཅང་གུ་དོག་ཅན་དུ་བསྒྱུར་པས། འདིར་ཚན་རིག་ཅེས་པའི་ཚིག་གི་ངོ་བོར་མིང་ཚིག་དང་ལས་ཚིག རྒྱན་ཚིག་གསུམ་གྱིས་འགྲེལ་བཤད་བྱས་པ་ལྟར། རིག་ཚན་གྱི་རྩ་བའི་གོ་དོན་དང་བསྟུན་ནས་བོད་རིག་པར་གོ་བ་ལེན་ཚུལ་དང་། རིག་ཚན་དེ་ཉིད་ཇི་ལྟར་འཛུགས་སྐྲུན་བྱ་དགོས་པར་གླེང་མོལ་ཅུང་ཙམ་བྱས་ཡོད།

[གནད་ཚིག] ཚན་རིག རིག་ཚན། བོད་རིག་པ། འཛུགས་སྐྲུན།
        རྒྱལ་ནང་དུ་བོད་རིག་པའི་ཞིབ་འཇུག་ལས་དོན་ལ་མཐོང་ཆེན་ཐེབས་ཤིང་། སྒོས་སུ་བཅོས་སྒྱུར་སྒོ་འབྱེད་བྱས་པ་ནས་བཟུང་། བོད་རིག་པའི་ཞིབ་འཇུག་གི་དཔྱད་འབྲས་གཡུར་དུ་ཟ་བ་ཞིག་ལོན་ཡོད་པ་དང་། དེའི་སྐོར་གྱི་ཉམས་ཞིབ་པ་གང་མང་ཞིག་ལེགས་འགྲུབ་བྱུང་ཡོད་པས། རྒྱལ་སྤྱིའི་ཞིབ་འཇུག་པ་དག་གིས་ཀྱང་བོད་རིག་པའི་ཞིབ་འཇུག་ལས་དོན་ལ་དོ་སྣང་ཆེན་པོ་མཛད་འདུག་མོད། འོན་ཀྱང་བོད་རིག་པ་ཞེས་པའི་གོ་དོན་ལ་གོ་བ་འདྲ་མིན་སྣ་ཚོགས་བླངས་ཏེ། རིག་གཞུང་གི་ངོ་བོ་རབ་རིབ་ཏུ་བཏང་ནས་རིག་ཚན་དེ་ཉིད་ཀྱི་དོན་གྱི་སྙིང་པོའང་ཧ་ཅང་གུ་དོག་ཅན་དུ་བསྒྱུར་པས། དཔྱད་རྩོམ་འདིར་ཚན་རིག་ཅེས་པའི་ཚིག་གི་ངོ་བོར་མིང་ཚིག་དང་ལས་ཚིག རྒྱན་ཚིག་གསུམ་གྱིས་འགྲེལ་བཤད་བྱས་པ་ལྟར། རིག་ཚན་གྱི་རྩ་བའི་གོ་དོན་དང་བསྟུན་ནས་བོད་རིག་པར་གོ་བ་ལེན་ཚུལ་དང་། རིག་ཚན་དེ་ཉིད་ཇི་ལྟར་འཛུགས་སྐྲུན་བྱ་དགོས་པ་ལ་ཅུང་ཙམ་གླེང་མོལ་བྱ་བར་འདོད། 

དང་པོ། ཚན་རིག་གི་གོ་དོན་གླེང་བ།
        ཚན་རིག་ཅེས་པར་གོ་དོན་གསུམ་ཡོད་དེ། དང་པོ་ནི་མིང་ཚིག་སྟེ། ཚན་རིག་པ་ཀུན་གྱིས་ར་སྤྲད་ཅིང་ཚང་མས་ཁས་བླངས་ཟིན་པའི་ཐུན་མོང་གི་ཤེས་བྱ་མ་ལག་དེ་ལ་འཇུག གཉིས་པ་ནི་ལས་ཚིག་སྟེ། མི་རྣམས་ཀྱིས་གནད་དོན་ག་གེ་མོ་ཞིག་ལ་དམིགས་ནས་དུས་རྣམ་ཀུན་ཏུ་དངོས་ཡོད་དྲང་བདེན་གྱི་ཐབས་ཤེས་སྤྱད་དེ་སྤེལ་བའི་ཞིབ་འཇུག་བྱ་སྤྱོད་ཀུན་ལ་འཇུག གསུམ་པ་ནི་རྒྱན་ཚིག་སྟེ། མི་རྣམས་ཀྱི་ཞིབ་འཇུག་བྱ་སྤྱོད་དེ་ཆོས་ཉིད་དང་མཐུན་པའི་ངང་ཚུལ་ལ་འཇུག(ཞིབ་འཇུག་བྱ་སྤྱོད་དེ་ལས་དངོས་པོའི་བྱ་སྤྱོད་དང་སེམས་པའི་བྱ་སྤྱོད་གཉིས་ཀ་འདུས་ཡོད)གོང་གི་གོ་དོན་གསུམ་ལས་ཚན་རིག་མིང་ཚིག་ལ་འཇུག་སྐབས་ཀྱི་གོ་དོན་དེ་རང་རེའི་གླེང་མོལ་བྱེད་བཞིན་པའི་བོད་རིག་པ་དང་འབྲེལ་བ་དམ་པོར་ཆགས་ཡོད་པར་སྙམ།
        ཚན་རིག་དེ་མིང་ཚིག་ཅིག་ཡིན་པའི་དབང་དུ་བཏང་ན། ཐུན་མོང་གིས་ཁས་བླངས་ཟིན་པའི་ཤེས་བྱའི་མ་ལག་དེ་ལ་གོ་དགོས། མིའི་རིགས་ཀྱི་ཤེས་བྱ་ཡོད་དོ་ཅོག་ཚོགས་ཆེན་པོ་གསུམ་དུ་བཀར་ཆོག་ཅིང་། 
དེར་རིག་ཚན་གྱི་ཚོགས་ཀྱང་ཟེར་ཏེ། མི་ཆོས་ཚན་རིག་དང་སྤྱི་ཚོགས་ཚན་རིག རང་བྱུང་ཚན་རིག(དེར་རིགས་ལྔ་རུ་བགོས་ཆོག་པ་ཏེ། རང་བྱུང་ཚན་རིག་དང་ཞིང་ལས་ཚན་རིག སྨན་དང་སྨན་བཅོས་ཀྱི་ཚན་རིག བཟོ་སྐྲུན་ལག་རྩལ་གྱི་ཚན་རིག མི་ཆོས་དང་སྤྱི་ཚོགས་ཚན་རིག)བཅས་སོ། ། རིག་ཚན་གྱི་ཚོགས་གང་རུང་ཞིག་ཡིན་ཡང་རིག་ཚན་བྱེ་བྲག་པས་གྲུབ་ཅིང་། མི་ཆོས་རིག་ཚན་དེ་ཉིད་ཀྱང་གཙོ་བོ་མིའི་རིགས་ཀྱི་རིག་པའི་དཔལ་ཡོན་དང་འབྲེལ་བའི་རིག་ཚན་དག་གིས་གྲུབ་པས། དེའི་ནང་དུ་མཚན་ཉིད་རིག་པ་དང་ཆོས་ལུགས་རིག་པ། རྩོམ་རིག སྐད་བརྡ་རིག་པ། སྒྱུ་རྩལ་རིག་པ། ལོ་རྒྱུས་རིག་པ་བཅས་འདུས་ཤིང་། རིག་ཚན་འདི་དག་གིས་མཐོང་སྣེ་མི་འདྲ་བས་ཐད་ཀར་མིའི་རིགས་ཀྱི་རིག་པའི་དཔལ་ཡོན་གྱི་ཚད་གཞི་དང་མི་ཆོས། བརྩེ་སེམས་དང་ཀུན་སྤྱོད་ཀྱི་ཚད་གཞིར་ཤུགས་རྐྱེན་ཐེབས་ནུས་པས། རིག་ཚན་འདི་དག་ནི་མིའི་རིགས་ཀྱི་ཤེས་བྱའི་རྨང་གཞི་དང་། མི་ཚེ་དོན་ལྡན་གྱི་མི་ཞིག་ཇི་ལྟར་བྱེད་ཚུལ་གྱི་རིག་ཚན་ཤེས་བྱའི་མ་ལག་ཡིན་པར་མ་ཟད། མིའི་རིགས་ཀྱིས་ས་སྒང་འདི་རུ་ཕྱོགས་སོ་སོར་འཚོ་གཞེས་བྱས་ཏེ། རང་བྱུང་ཁམས་ཆེན་མོར་གོ་བ་ལེན་ཚུལ་དང་། རང་བྱུང་ཁམས་དང་ཕན་ཚུན་འབྲེལ་འདྲིས་བརྗེ་རེས་ཁྲོད་དུ་རྒྱུན་ཆད་མེད་པར་གསོག་འཇོག་བྱས་པའི་ཚེ་སྲོག་དང་དུས་ཚོད། ཕྱོགས་གནས། མཛེས་པ་དང་བདེ་སྐྱིད་བཅས་ཀྱི་ཤེས་བྱའི་མཇུག་འབྲས་ལགས་སོ། ། སྤྱི་ཚོགས་ཚན་རིག་ནི་མིའི་རིགས་ཀྱི་སྤྱི་ཚོགས་ཀྱི་ཤེས་བྱའི་མ་ལག་ཅིག་ཡིན་ཏེ། དེའི་ནང་དུ་ནང་དོན་གཙོ་བོར་སྤྱི་ཚོགས་གྲུབ་ཚུལ་དང་སྤྱི་ཚོགས་ནུས་ཤུགས་གཉིས་འདུས་ཤིང་། མིའི་རིགས་ཀྱི་སྤྱི་ཚོགས་གྲུབ་ཚུལ་དང་འཁོར་སྐྱོད་བྱེད་ཚུལ་གྱི་ཆོས་ཉིད་དེ་གླེང་བ་ལགས། སྤྱི་ཚོགས་ཚན་རིག་གི་ཤེས་བྱའི་མ་ལག་ནང་དུ་སྤྱི་ཚོགས་རིག་པ་དང་ཆབ་སྲིད་རིག་པ། དཔལ་འབྱོར་རིག་པ། ཁྲིམས་ལུགས་རིག་པ། དོ་དམ་རིག་པ། ཚོང་ལས་རིག་པ་བཅས་ཁོངས་སུ་གཏོགས་ཤིང་། སྤྱི་ཚོགས་ཚན་རིག་ནང་ཁོངས་ཀྱི་རིག་ཚན་སོ་སོའི་ལོ་རྒྱུས་མི་འདྲ་བར། དུས་ཡུན་རིང་ཐུང་གང་རུང་ཞིག་གནས་ཀྱང་། མི་ཆོས་ཚན་རིག་དང་བལྟོས་འཇོག་ནས་བཤད་ན། མི་ཆོས་ཚན་རིག་ནི་སྤྱི་ཚོགས་ཚན་རིག་གི་རྨང་གདན་དུ་ཆགས་ཡོད། རང་བྱུང་ཚན་རིག་ནི་སྐྱེ་མེད་རང་བྱུང་ཁམས་དང་། མི་དང་བཅས་པའི་སྐྱེ་ལྡན་རང་བྱུང་ཁམས་ལ་ཞིབ་འཇུག་བྱེད་པའི་ཚན་རིག་སོ་སོའི་སྤྱི་མིང་ངམ་སྤྱི་ཙམ་པ་ལ་འཇུག དེ་ལས་དངོས་ཁམས་རིག་པ་དང་རྫས་འགྱུར་རིག་པ། ས་གཤིས་རིག་པ། སྐྱེ་དངོས་རིག་པ། ས་ཁམས་རིག་པ། ཞིང་ལས་རིག་པ་དང་བཟོ་ལས་རིག་པ་བཅས་གཏོགས་ཤིང་། རང་བྱུང་ཚན་རིག་གི་ཞིབ་འཇུག་བྱ་ཡུལ་ནི་རང་བྱུང་ཁམས་ཧྲིལ་པོ་སྟེ། རང་བྱུང་ཁམས་ཀྱི་དངོས་པོ་སོ་སོའི་རྣམ་གྲངས་དང་ངང་ཚུལ། ངོ་བོ། འགུལ་སྐྱོད་བྱེད་ཚུལ་དང་བཅས་སོ། ། དེ་ཉིད་ཀྱི་ལས་འགན་ནི་རང་བྱུང་ཁམས་ཀྱི་སྣང་ཚུལ་དང་སྣང་ཚུལ་དེ་དག་བྱུང་བའི་བརྒྱུད་རིམ་གྱི་ངོ་བོའམ་གནས་ལུགས་གསལ་པོ་སྟོན་ཏེ། སྣང་ཚུལ་དང་བརྒྱུད་རིམ་དེ་དག་གི་ཆོས་ཉིད་ལ་རྒྱུས་མངའ་བ་དང་འགྲེལ་བརྗོད་བྱེད་ཅིང་། འབྱུང་འགྱུར་གསར་བྱུང་གི་སྣང་ཚུལ་དང་བརྒྱུད་རིམ་སྣ་ཚོགས་སྔོན་དུ་དཔག་ནུས་པར། མིའི་ཚེ་སྲོག་ཉམས་ལེན་ཁྲོད་དུ་འཆར་གཞི་ལྡན་ལ་འོས་ཤིང་འཚམ་པོས་རང་བྱུང་ཁམས་ཀྱི་ཆོས་ཉིད་བཀོལ་སྤྱོད་བྱེད་པའི་ཐབས་མཆོག་གང་མང་ཞིག་གསར་གཏོད་བྱེད་པའི་བརྒྱུད་རིམ་དེའོ། ། 
        ཤེས་བྱའི་གྲུབ་ཚུལ་ལ་རིམ་པ་གསུམ་དུ་བཀར་ཆོག་སྟེ། རིམ་པ་དང་པོ་ནི་ཚེ་སྲོག་གི་གོ་རྟོགས་དང་བསམ་བློ་འདུ་ཤེས། མི་ཚེའི་དམིགས་འབེན་སྐོར་གྱི་ཤེས་བྱའི་མ་ལག་ཉིད་དོ། ། དེ་ནི་མི་ཆོས་ཚན་རིག་དང་ཤེས་བྱ་ཡོད་དོ་ཅོག་གི་རྨང་གཞི་དང་། མིའི་རིགས་བྱུང་ནས་ད་ལྟའི་བར་གྱི་མི་ཇི་ལྟར་བྱེད་པའི་དཔྱོད་ལྡན་གྱི་ཤེས་ཡོན། མི་ཚེའི་ལྟ་བ་དང་འཇིག་རྟེན་ལྟ་ཚུལ་སྐོར་གྱི་ཤེས་བྱའི་མ་ལག་གམ་གཏིང་ཕུགས་ཀྱི་རིམ་པ་སྟེ། དེ་ལ་ལམ(道)ཡང་ཟེར། རིམ་པ་གཉིས་པ་ནི་མིའི་རིན་ཐང་སྐོར་གྱི་ཤེས་བྱའི་མ་ལག་ལ་འཇུག རིམ་པ་འདི་ནི་རིམ་པ་དང་པོའི་ཤེས་བྱར་གཞིར་བརྟེན་ནས། ཕྱི་རོལ་ཡུལ་གྱི་དངོས་པོ་དང་རང་ཉིད་ཀྱི་བྱ་བ་སྤྱོད་པ་ལ་བརྡར་ཤ་གཅོད་པའི་ཤེས་བྱ་ཡིན་ཞིང་། རིམ་པ་འདིའི་ཤེས་བྱ་ནི་མི་ཆོས་ཚན་རིག་ལས་གྲུབ་པའི་ལྟ་བ་དང་འདུ་ཤེས། ཉེར་སྤྱོད་རང་བཞིན་ཅན་གྱི་ཚན་རིག་ཤེས་བྱ་སོགས་ཕན་ཚུན་སྣོལ་སྡེབ་བྱས་པའི་མཇུག་འབྲས་ཡིན་ཏེ། དེ་ལ་ཐབས(法)ཀྱི་རིམ་པ་ཡང་ཟེར། རིམ་པ་གསུམ་པ་ནི་དངོས་ཡོད་ལག་ལེན་སྐོར་གྱི་ཤེས་བྱ་ཡིན་ཞིང་། ཤེས་བྱ་འདི་རིགས་ནི་བསམ་བློ་འདུ་ཤེས་ལས་ཐོན་པའི་རིན་ཐང་རྨང་གཞིའི་ཐོག་ཏུ་གདམས་པའི་བྱ་བྱེད་བྱ་ཡུལ་ཕྱོགས་ཀྱི་འཁོར་སྐྱོད་ཀྱི་རྩ་བའི་ནུས་རྩལ་དང་བཀོལ་སྤྱོད་བརྒྱུད་རིམ་ཡིན་པས། དེ་ལ་རྩལ(术)ཡང་ཟེར། གལ་སྲིད་ཤེས་བྱ་དེ་དག་ལ་བང་རིམ་ཞིག་ཕྱེ་ན། ཆེས་རྩ་བ་དང་ཆེས་སྤྱི་མཚན་ཅན་གྱི་རིག་ཚན་ཏེ། མཚན་ཉིད་རིག་པ་དང་མཛེས་དཔྱོད་རིག་པ། མི་ཆོས་རིག་པ་ནི་བང་རིམ་གྱི་རྩེ་མོར་གནས་ཡོད་ཅིང་། རིག་ཚན་འདི་དག་ནི་ཡུལ་དུས(时空)དང་ཁོར་ཡུག་གི་ཚོད་བཀག་མེད་པས། སྣང་ཚུལ་དང་ཉམས་མྱོང་སྣ་ཚོགས་ཀྱི་ཁྱབ་ཁོངས་སོ་སོར་སྤྱད་འཐུས་པའོ། ། རྩིས་རིག་ཀྱང་གལ་ཆེན་ཞིག་ཡིན་ཏེ། རྩིས་རིག་ནི་གཏན་ཚིགས་དང་བསམ་གཞིག་གི་ལམ་བུ་དང་བྱེད་ཐབས་ཡིན་ལ། ལོ་རྒྱུས་རིག་ཚན་ནི་མི་ཆོས་དོན་རྐྱེན་གྱི་ཐོ་བཀོད་དང་མངོན་ཚུལ་ཡིན་པ་དང་། མི་ཆོས་བསླབ་བྱ་དང་རིག་གནས་གྲུབ་སྟངས་ཀྱི་འབྱུང་གཞི་ཞིག་ཀྱང་ཡིན་པས། ལོ་རྒྱུས་རིག་ཚན་དེ་ཡང་བང་རིམ་གྱི་ཚད་མཐོན་པོར་བཞག་ཡོད་མོད། འོན་ཀྱང་། གལ་སྲིད་ལོ་རྒྱུས་ཀྱིས་ཚེ་སྲོག་གི་བསླབ་བྱ་དེ་ཉིད་སྟོན་མ་ནུས་པར་ངོ་བསྟོད་ཙམ་གྱི་ཚུལ་དུ་གནས་ཡོད་ན། ལོ་རྒྱུས་ཀྱི་དོན་གྱི་སྙིང་པོ་རྩ་བ་ནས་ཤོར་སོང་བའོ། ། ཤེས་བྱའི་རིམ་པའི་ཆེས་དམའ་རིམ་དུ་གནས་ཡོད་པ་ནི་རང་བྱུང་དང་དངོས་ལུགས་ཚན་རིག་བཅས་ཡིན་ཞིང་། དེ་དག་གིས་བྱེ་བྲག་དངོས་པོ་སོ་སོའི་བར་གྱི་རྒྱུ་འབྲས་འབྲེལ་བ་དེ་ཐག་གཅོད་བྱེད་པ་སྟེ། བསམ་བློ་འདུ་ཤེས་དང་རིན་ཐང་འཁོར་ཕྱོགས་ཀྱི་མཛུབ་སྟོན་འོག་གི་བྱ་སྤྱོད་ཉམས་མྱོང་དེའོ། ། དེ་མིན་པར་མི་ཆོས་ཚན་རིག་ཏུ་གཏོགས་པའི་སྐད་བརྡ་རིག་པ་ཡང་རིག་ཚན་གལ་ཆེན་ཞིག་ཡིན་པར་འདོད། སྐད་བརྡ་ནི་མིའི་འཚོ་བའི་ཁྲོད་དུ་དགོས་ངེས་ཀྱི་བརྗེ་རེས་ལག་ཆ་ཡིན་པར་མ་ཟད། མིའི་བསམ་བློ་གཞི་གྲུབ་པའི་མགོ་ཁུངས་དང་བསམ་གཞིག་གི་རྩ་བའི་བརྒྱུད་ལམ་ཞིག་གོ །
        མིའི་རིགས་ཀྱི་ཤེས་བྱ་གྲུབ་སྟངས་ཀྱི་རིམ་པ་གསུམ་དེ་རི་མོའི་ལམ་ནས་མཚོན་ན། ནང་ནས་ཕྱིའི་རིམ་པ་ནི་རྨང་གཞིའི་གཞུང་ལུགས་དང་བཀོལ་སྤྱོད་གཞུང་ལུགས། གསར་འབྱེད་གཞུང་ལུགས་དང་བཅས་གསུམ་སྟེ། མི་གང་རུང་ཞིག་གི་བསམ་བློ་དེའང་མིའི་རིགས་ཀྱི་ཤེས་བྱའི་རིམ་པ་གསུམ་གྱི་སྒྲིག་གཞི་དང་གཅིག་མཐུན་དུ་གནས་ཡོད། ལམ(道)ནི་ཅི་ཡིན་པའི་ཤེས་བྱ་སྟེ། ཚེ་སྲོག་ལྟ་ཚུལ་དང་འཇིག་རྟེན་ལྟ་ཚུལ་ནས་མགོ་བཟུང་ཞིང་། དེ་ལས་བརྩེ་བ་དང་རིན་ཐང་སོགས་རྗེས་སུ་གྲུབ། ཐབས(法)ནི་ལམ་གྱི་རྨང་གཞིའི་ཐོག་ནས་རྗེས་སུ་གྲུབ་པའི་ཚེ་སྲོག་ལྟ་ཚུལ་དང་འཇིག་རྟེན་ལྟ་ཚུལ་ལྟར་དུ་མི་རྣམས་ཀྱིས་ཁྱབ་ཁོངས་མི་འདྲ་བའི་ཤེས་བྱ་སྣ་ཚོགས་སྦྱང་རྒྱུའི་གདམ་ག་གནང་བ་དང་།
དེ་ལས་དམིགས་བསལ་གྱི་ཕྱོགས་སྟོན་རང་བཞིན་ལྡན་པའི་བརྡར་གཅོད་ཀྱི་ནུས་པ་ལྡན་པ་ཞིག་ལའོ། ། རྩལ(术)ནི་ཤེས་བྱའི་རིམ་པ་གོང་མ་གཉིས་ལས་ཐོན་པའི་དངོས་ཡོད་སྤྱི་ཚོགས་ལག་ལེན་ཁྲོད་ཀྱི་གདམ་ག་དང་ལག་བསྟར་བྱེད་པ་དེ་ཉིད་དོ། །①
གཉིས་པ། རིག་ཚན་གྱི་གོ་དོན་གླེང་བ།
    དོན་དམ་པར་རིག་ཚན་ནི་ཚན་རིག་ཚོགས་ཀྱི་རྩ་བ་སྟེ། ངེས་གཏན་གྱི་ཞིབ་འཇུག་བྱ་ཡུལ་ཞིག་ལ་གཞིར་བཟུང་ནས་གྲུབ་བའི་ཤེས་བྱའི་མ་ལག་ཅིག་དང་། དཔེར་ན། ཁྲིམས་ལུགས་རིག་པའི་རིག་ཚན་ནི་སྤྱི་ཚོགས་ཁྲོད་ཀྱི་ཁྲིམས་དེ་ཉིད་ཞིབ་འཇུག་བྱ་ཡུལ་དུ་བཟུང་ནས་གྲུབ་པའི་ཤེས་བྱའི་མ་ལག་ལ་ཟེར། ཆབ་སྲིད་རིག་པ་ཡང་རིག་ཚན་ཞིག་ཡིན་པའི་དབང་གིས་སྤྱི་ཚོགས་ཁྲོད་ཀྱི་ཆབ་སྲིད་འདི་ཉིད་ངེས་གཏན་གྱི་བྱ་དངོས་དེ་ཞིབ་འཇུག་བྱ་ཡུལ་དུ་གྱུར་ནས་གྲུབ་པའི་ཤེས་བྱའི་མ་ལག་གོ ། དེ་བཞིན་དུ་རང་བྱུང་ཚན་རིག་གི་ཚོགས་སུའང་རིག་ཚན་གང་མང་ཞིག་ནི་ཞིབ་འཇུག་བྱ་ཡུལ་དང་བསྟུན་ནས་རིག་ཚན་ཞིག་ཏུ་གྲུབ་པ་སྟེ། དཔེར་ན། དངོས་ལུགས་རིག་པ་ནི་དངོས་པོའི་འགུལ་སྐྱོད་ཀྱི་ཆེས་སྤྱིར་བཏང་གི་ཆོས་ཉིད་དང་དངོས་པོའི་གཞི་རྩའི་ཆགས་ཚུལ་ལ་ཞིབ་འཇུག་བྱེད་པའི་རིག་གཞུང་ཚན་ཁག་ཅིག་དང་། ཕྱི་རོལ་ཡུལ་གྱི་བྱ་དངོས་ཆགས་གནས་དང་དེའི་འགུལ་སྐྱོད་ཀྱི་ཆོས་ཉིད་སྐོར་གྱི་ཡོངས་ཁྱབ་རང་བཞིན་ལྡན་པའི་ཤེས་བྱའི་མ་ལག་ཅིག་ཡིན། རྫས་འགྱུར་རིག་པ་ནི་དངོས་པོའི་ཆ་རྡུལ་དང་མ་རྡུལ་བང་རིམ་གྱི་གྲུབ་ཚུལ་དང་ངོ་བོ། ཆོས་ཉིད་བཅས་དམིགས་སུ་འཛིན་པའི་རིག་ཚན་ཞིག་ཡིན། རིག་ཚན་དེ་དངོས་ལུགས་རིག་པ་དང་བསྡུར་ན། རྫས་འགྱུར་རིག་པས་དངོས་པོའི་ནང་ཁུལ་གྱི་གྲུབ་ཆ་དང་། གྲུབ་ཚུལ། ཆོས་ཉིད་བཅས་ལ་དེ་བས་མཐོང་ཆེན་བྱེད་ཀྱིན་ཡོད། རིག་ཚན་གང་རུང་ཞིག་གི་ཤེས་བྱ་སྒྲིག་གཞི་ཡང་རྩ་བའི་གོ་དོན་དང་། དོགས་གཞི། ཤེས་བྱའི་ཚན་པ་སོ་སོ་ལས་གྲུབ་པའོ། ། 
        རིག་ཚན་ཞིག་གནས་ཐུབ་པ་ནི་རིག་ཚན་རང་ངོས་ཀྱི་གྲུབ་འབྲས་མིན་པར། འབྲེལ་ཡོད་ཞིབ་འཇུག་མང་པོ་ཞིག་ལས་ཐོབ་པའི་ཞིབ་འཇུག་བྱ་ཡུལ་དང་འབྲེལ་བའི་ཤེས་བྱའི་གྲུབ་འབྲས་ཡིན་ཞིང་། མི་རྣམས་ཀྱིས་ཤེས་བྱ་ཡོད་ཚད་ངེས་གཏན་གྱི་ཞིབ་འཇུག་བྱ་ཡུལ་ལྟར་དུ་ལེགས་སྒྲིག་དང་གཅིག་སྡུད་བྱེད་པའི་དམིགས་ཡུལ་ཡང་ཤེས་བྱ་གསོག་ཉར་བྱེད་པའི་ཆེད་དུ་ཡིན་ཏེ། དུས་རབས་གཅིག་ཏུ་འཚོ་གཞེས་བྱེད་པའི་མི་རྣམས་དང་མཉམ་དུ་ལོངས་སྤྱོད་བྱེད་པ་དང་། མ་འོངས་པའི་མི་རྣམས་ཡར་ཐོན་ཡོང་བའི་རྨང་གཞིར་འགྱུར་བའི་ཆེད་དུ་ཡིན། དེ་ནི་སློབ་གསོའི་ནང་དོན་གྱི་རྩ་བའི་གཞི་འཛིན་ས་ཡང་ཡིན་པ་དང་། ཆབས་ཅིག་ཏུ་དཔེ་དེབ་རིགས་དབྱེ་དང་དཔེ་དེབ་བཞག་འཇོག་བཅས་ཀྱི་ཆེད་དུའང་དེ་ལྟར་བྱས་པ་ཡིན། རིག་ཚན་གང་རུང་ཞིག་གི་ཤེས་བྱ་ཚང་མ་ནི་རིག་ཚན་དེ་ག་ལས་ཐོན་པ་མ་ཡིན་ཏེ། དཔེར་ན། སློབ་གསོ་རིག་པའི་ཤེས་བྱའི་གྲུབ་ཚུལ་ནི་རིག་ཚན་གཞན་པ་གང་མང་ཞིག་གི་ཞིབ་འཇུག་དཔྱད་འབྲས་ཡིན་ཞིང་། སློབ་གསོ་ཞེས་པའི་དམིགས་བསལ་གྱི་ཞིབ་འཇུག་བྱ་ཡུལ་དེས་ཕྱོགས་བསྡུས་བྱས་པའི་རིག་པའི་གཞུང་ལུགས་ཀྱི་མ་ལག་ཅིག་ཡིན་ནོ། ། 
        ཤེས་བྱའི་གྲུབ་འབྲས་མང་པོ་ཞིག་ནི་ཚན་རིག་པ་རྣམས་ཀྱིས་རང་ཉིད་ཀྱི་དགའ་ཕྱོགས་ལྟར་དུ་གནད་དོན་འཚོལ་ཞིབ་བྱེད་སྐབས། སྟེས་དབང་དུ་ཐོབ་པ་ཞིག་ཡིན་པ་ལས་རིག་ཚན་ནང་ཁུལ་དུ་ཚོད་འཛིན་བྱས་ཡོད་པ་ཞིག་མིན། དཔེར་ན། Xའོད་ནི་འཇར་མན་གྱི་དངོས་ལུགས་རིག་པ་བW.Kལོན་ཆིན་གྱིས་སྤྱི་ལོ1895ལོར་མོ་སྣེ་འཕྲོ་ཐིག་ལ་ཞིབ་འཇུག་བྱེད་སྐབས་སྟེས་དབང་དུ་རྙེད་པ་ལགས། དེ་བཞིན་དུ་ཉིའུ་ཏུན(牛顿)གྱིས་དཀོན་མཆོག་འཚོལ་བའི་སྐབས་སུ་ཉིའུ་ཏུན་ངེས་སྲོལ་ཆེན་པོ་གསུམ་རྙེད་པ་ལྟ་བུའོ། ། ཁྱབ་ཁོངས་གང་ཞིག་ཏུ་གསར་རྙེད་བྱུང་བའི་ཤེས་བྱ་གང་ཡིན་རུང་ཡུལ་ངེས་ཅན་ཞིག་གི་ཤེས་བྱའི་མ་ལག་ནང་དུ་བཅུག་ནས་བཟུང་སྟེ། ཤེས་བྱའི་གནད་འདི་རིག་ཚན་ཤེས་བྱ་དེ་ཉིད་ཀྱི་ཆ་ཤས་སུ་འགྱུར་ངེས། རིག་ཚན་ཞིག་གི་ཤེས་བྱ་ཅི་ཙམ་མང་ན། དེ་བཞིན་དུ་རིག་ཚན་དེའང་ནར་སོན་འགྲོ་བ་དང་རིག་ཚན་ནང་ཁུལ་གྱི་ནུས་པ་ཡང་དེ་ཙམ་གྱིས་འཐུས་ཚང་དུ་ཡོང་ལ། ལྷག་པར་དུ་རིག་ཚན་དེ་ཉིད་ཀྱི་གནད་དོན་མང་པོར་ཞིབ་འཇུག་བྱེད་ཐུབ་ན། སྔར་ལས་ལྷག་པའི་ཤེས་བྱ་གང་མང་འཕོས་སྲིད་པ་ལགས།
        རེད་དེ། དངོས་ཡོད་འཚོ་བའི་ཁྲོད་དུ་རིག་ཚན་ཞེས་པའི་ཐ་སྙད་འདི་ཁྱབ་ཁོངས་ག་གེ་མོ་ཞིག་ལ་ཞིབ་འཇུག་བྱེད་པར་བཀོལ་བ་སྟེ། དཔེར་ན་རྒྱ་རིག་པ་དང་ནུབ་རིག་པ། སོག་རིག་པ། དབྱི་རིག་པ་སོགས་ལྟ་བུའི་རིག་ཚན་གྱི་གོ་དོན་ནི་དོན་དམ་པར་ཞིབ་འཇུག་བྱ་ཡུལ་དེ་སྡེ་ཚན་ལྟར་དུ་བགོས་པའི་ཤེས་བྱའི་མ་ལག་ཅིག་མིན་པར། ས་ཁོངས་སམ་རིག་གནས་ག་གེ་མོ་ཞིག་ཞིབ་འཇུག་བྱ་ཡུལ་དུ་བཟུང་བ་ལྟར་དུ། ས་ཁོངས་སམ་རིག་གནས་ཞིབ་འཇུག་བྱ་ཡུལ་དེའི་ཞིབ་འཇུག་ཁྱབ་ཁོངས་ལ་མིང་བཏགས་པ་ཡིན་ཡང་། དོན་དངོས་སུ་ས་ཁོངས་སམ་རིག་གནས་ག་གེ་མོ་ཞིག་ཞིབ་འཇུག་བྱ་ཡུལ་དུ་བཟུང་བ་ལྟར་མིང་བཏགས་པའི་རིག་ཚན་དེ་དག་ནི་དོན་དམ་གྱི་རིག་ཚན་དེ་ཉིད་མིན་པར། ས་ཁོངས་འདི་དང་རིག་གནས་ཁྱབ་ཁོངས་འདིའི་ཞིབ་འཇུག་ཡིན་ཞིང་། ཞིབ་འཇུག་འདིའི་རིགས་ཀྱི་ཤེས་བྱ་རིགས་དབྱེ་ནི་མིའི་རིགས་ཀྱི་ཤེས་བྱ་རིགས་དབྱེ་དང་མཐུན་པ་རེད། དེ་བཞིན་དུ་མི་ཆོས་ཚན་རིག་དང་། སྤྱི་ཚོགས་ཚན་རིག རང་བྱུང་ཚན་རིག་བཅས་ཁྱབ་ཁོངས་ཆེན་པོ་གསུམ་གྱི་ཤེས་བྱའི་མ་ལག་འདུས་ཡོད། དེ་ཡང་ཡིན་ཏེ་རིག་གནས་མི་འདྲ་བ་དང་། ས་ཁོངས་མི་འདྲ་བ་ཚང་མར་ས་ཁོངས་སམ་རིག་གནས་གཞན་དག་བར་དུ་དབྱེ་བ་འབྱེད་པའི་ཁྱད་ཆོས་ལྡན་ཞིང་། ཁྱད་ཆོས་དེ་ཉིད་ཀྱི་ཞིབ་འཇུག་ལ་རིག་ཚན་ག་གེ་མོ་ཞེས་ཀྱང་བརྗོད་ཆོག་མོད། འོན་ཀྱང་ཆེད་ལས་ཀྱི་རིག་ཚན་ཞིག་ནི་མ་ཡིན་ནོ། ། 
        གལ་སྲིད་ངེད་ཅག་གིས་རིག་གནས་ནི་མི་དང་རང་བྱུང་ཁམས་བར་ཕན་ཚུན་བརྗེ་རེས་བྱས་པའི་འབྲས་བུ་ཞིག་ཏུ་བརྩིས་ན། ས་ཁོངས་སམ་རིག་གནས་ཞིབ་འཇུག་བྱ་ཡུལ་དུ་བྱས་པའི་རིག་ཚན་ནང་དུ། ས་ཁོངས་དང་རིག་གནས་དེ་ཉིད་དང་འབྲེལ་བའི་མི་ཆོས་དང་སྤྱི་ཚོགས། རང་བྱུང་བཅས་ཁྱབ་ཁོངས་ཆེན་པོ་གསུམ་གྱི་ཞིབ་འཇུག་མཐའ་དག་དེའི་ཁོངས་སུ་གཏོགས་ཡོད་པར་ཤེས་དགོས་ཤིང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རིག་ཚན་དབུ་ཁྲིད་ཚོ་ཆུང་གིས་རིག་ཚན་ལ་རིགས་དབྱེ་བྱས་པ་ལྟར་ན། གཙོ་བོར་མཚན་ཉིད་རིག་པ་དང་། དཔལ་འབྱོར་རིག་པ། ཁྲིམས་ལུགས་རིག་པ། སློབ་གསོ་རིག་པ། རྩོམ་རིག ལོ་རྒྱུས་རིག་པ། རང་བྱུང་ཚན་རིག བཟོ་རིག ཞིང་ལས་རིག་པ། གསོ་རིག དམག་དོན་རིག་པ། དོ་དམ་རིག་པ། སྒྱུ་རྩལ་རིག་པ་བཅས་ཡོད་ལ། འདི་ལ་གཞི་འཛིན་པ་ལྟར་ན། ས་ཁོངས་སམ་རིག་གནས་ག་གེ་མོ་ཞིག་གི་མིང་དུ་འབོད་པའི་རིག་ཚན་ཚང་མར་གོང་གསལ་གྱི་རིག་ཚན་ཁག་གི་ཤེས་བྱའི་ཁྱབ་ཁོངས་དང་ཞིབ་འཇུག་བྱ་ཡུལ་བཅས་ཁྱབ་ཡོད།

གསུམ་པ། བོད་རིག་པའི་རིག་ཚན་གླེང་བ། 
        བོད་རིག་པ་ཞེས་པ་ནི་མདོ་དབུས་མཐོ་སྒང་དུ་འཚོ་གཞེས་བྱེད་པའི་བོད་མི་རིགས་དང་། དེའི་རིག་གནས་ཀྱི་ཞིབ་འཇུག་མཐའ་དག་ལ་ས་ཁོངས་དང་རིག་གནས་ལྟར་དུ་མིང་འབོད་པ་ཡིན་ཞིང་། སྤྱིར་རིག་ཚན་གྱི་གོ་དོན་མི་གསལ་བའི་རྐྱེན་གྱིས། མི་མང་པོ་ཞིག་གིས་བོད་རིག་པའི་ཁྱབ་ཁོངས་ཇེ་དོག་ཏུ་བཏང་སྟེ། བོད་རིག་པ་ནི་བོད་ཀྱི་རིག་གནས་ཁྲོད་ཀྱི་ལོ་རྒྱུས་དང་ཆོས་ལུགས། གསོ་རིག སྐད་རིགས། གཏན་ཚིགས་སོགས་ལ་ཞིབ་འཇུག་བྱས་པ་ཙམ་དུ་འདོད། ད་དུང་འགའ་ཞིག་གིས་བོད་རིག་པ་དེ་མི་རང་ཉིད་ཀྱིས་ཁོང་དུ་ཆུད་པའི་བོད་ཀྱི་རིག་གནས་ཀྱི་ཤེས་བྱ་ཏིལ་འབྲུ་ཙམ་དེ་ཡིན་པར་དགོངས་ཤིང་། ལྟ་ཚུལ་འདིའི་རིགས་རྒྱལ་ཁབ་དབུ་བརྙེས་ནས་ད་ལྟའི་བར་དུ་གནས་ཡོད་པ་དང་། དུས་ཡུན་རིང་པོ་ཞིག་ལ་རིག་ཚན་གུ་དོག་གི་འདུ་ཤེས་འདིས་བོད་རིག་པའི་རིག་ཚན་འཕེལ་རྒྱས་ལ་བཀག་སྡོམ་ཐེབས་ཡོད །
        ངེད་ཅག་གིས་འདིར་བོད་རིག་པའི་རིག་ཚན་ལ་གོ་བ་ལེན་ཚུལ་དང་འཛུགས་སྐྲུན་བྱ་རྒྱུའི་སྐོར་གྱི་བགྲོ་གླེང་བྱེད་པའི་སྐབས་སུ། ཚན་རིག་ཅེས་པའི་ཐ་སྙད་ཀྱི་མིང་ཚིག་དང་ལས་ཚིག རྒྱན་ཚིག་གསུམ་གྱི་གོ་དོན་དེ་ཉིད་བེད་སྤྱོད་གཏོང་དགོས་ཏེ། 
        དང་པོ། བོད་རིག་པ་དེ་མིང་ཚིག་གི་ངོས་ནས་བརྗོད་ན། མདོ་དབུས་མཐོ་སྒང་དུ་འཚོ་གཞེས་བྱེད་པའི་མི་དང་རང་བྱུང་ཁམས་ཀྱི་ཤེས་བྱའི་ཕྱོགས་སྡོམ་དང་། མ་འོངས་འབྱུང་འགྱུར་ལ་ཁ་གཏད་པའི་གསར་གཏོད་ཞིབ་འཇུག་སྐོར་ཡིན། ཚན་རིག་རིགས་འབྱེད་ཀྱི་རྩ་བའི་རིགས་པ་དང་བསྟུན་ན། མདོ་དབུས་མཐོ་སྒང་གི་མི་དང་རང་བྱུང་ཁམས་ཀྱི་ཤེས་བྱའི་རིགས་འབྱེད་ལའང་དེ་ག་བཞིན་དུ། མི་ཆོས་ཚན་རིག་དང་སྤྱི་ཚོགས་ཚན་རིག རང་བྱུང་ཚན་རིག་བཅས་རིགས་ཆེན་པོ་གསུམ་ཡོད་དགོས་ཤིང་། དེའི་གྲུབ་ཚུལ་ཡང་མི་ཆོས་ཚན་རིག་དེ་རྨང་གཞིའི་རིགས་པའི་གཞུང་ལུགས་སུ་འཛིན་པ་དང་། སྤྱི་ཚོགས་ཚན་རིག་དང་རང་བྱུང་ཚན་རིག་ནི་ཉེར་སྤྱོད་རིགས་པའི་གཞུང་ལུགས་སུ་འཛིན་པ། དེ་བཞིན་དུ་འབྱུང་འགྱུར་ལ་ཁ་ཕྱོགས་པའི་གསར་སྤེལ་གསར་གཏོད་ཀྱི་ཞིབ་འཇུག་བཅས་རིམ་པ་གསུམ་ལྡན་པ་ཡིན། དེར་བརྟེན། ཁོ་བོས་བོད་རིག་པའི་རིག་ཚན་རིགས་དབྱེ་དེ་ཡང་ངེས་པར་དུ་མིའི་རིགས་ཀྱི་རིག་ཚན་རིགས་དབྱེ་དང་གཅིག་མཐུན་ཡིན་དགོས་པ་དང་། བོད་ཀྱི་རིག་གནས་ཤེས་བྱའི་མ་ལག་དེའང་མིའི་རིགས་ཀྱི་ཤེས་བྱ་རིགས་དབྱེ་དང་འཚམ་པར་བྱས་ནས། ཤེས་བྱའི་རིགས་ཆེན་པོ་གསུམ་འབྱེད་དགོས་པར་འདོད་དེ། གཅིག་ནི་མིའི་དཔྱོད་ཤེས་དང་བསམ་བློའི་འདུ་ཤེས་སྐོར་གྱི་ཤེས་བྱའི་མ་ལག་སྟེ། མི་ཆོས་ཚན་རིག་གི་ཤེས་བྱ་ལས་མཚན་ཉིད་རིག་པ་དང་། ལོ་རྒྱུས་རིག་པ། སྐད་བརྡ་རིག་པ། སྒྱུ་རྩལ་རིག་པ། རྩོམ་རིག སློབ་གསོ་རིག་པ། གཏན་ཚིགས་རིག་པ་སོགས་འདུས་ཡོད། གཉིས་ནི་རིན་ཐང་བརྡར་ཤ་གཅོད་པའི་སྐོར་གྱི་ཤེས་བྱའི་མ་ལག་སྟེ། དཔེར་ན། གསོ་རིག་དང་སྤྱི་ཚོགས་རིག་པ། ཆོས་ལུགས་རིག་པ། ཁྲིམས་ལུགས་རིག་པ། ཆབ་སྲིད་རིག་པ། དཔལ་འབྱོར་རིག་པ། དོ་དམ་རིག་པ་ལྟ་བུའོ། ། གསུམ་ནི་ཕྱི་རོལ་ཡུལ་གྱི་རང་བྱུང་སྐོར་གྱི་ཤེས་བྱའི་མ་ལག་སྟེ། དངོས་ལུགས་རིག་པ་དང་། རྫས་འགྱུར་རིག་པ། སྐྱེ་དངོས་རིག་པ། ས་ཁམས་རིག་པ་བཅས་འདུས་ཡོད། གོང་གསལ་གྱི་རིག་ཚན་ཁག་ནི་ཤེས་བྱའི་རིགས་ཆེན་པོ་གསུམ་དེ་གཞི་རྩའི་ཚན་པར་འཛིན་བཞིན་ཡོད་མོད། དོན་དངོས་སུ་རིག་ཚན་དེ་དག་སྔར་བས་ཞིབ་ཆ་ཅན་དུ་འགྱུར་བ་སྟེ། དེ་བས་སློབ་གསོ་དང་སློབ་ཁྲིད་ཀྱི་བཀོལ་སྤྱོད་རང་བཞིན་ལྡན་པའི་རིག་ཚན་ཆུང་གྲས་སུ་དབྱེ་ཆོག ཡང་ན་ལས་ཀ་བྱེད་ཡུལ་དེའང་རིག་ཚན་གྱི་མིང་གི་རིག་ཚན་ཞིག་ཏུ་འཇོག་རུང་སྟེ། དཔེར་ན། རྩྭ་ཐང་རིག་པ་དང་ནགས་ཚལ་རིག་པ་ལྟ་བུའོ། ། 
        གཞན་ཡང་། གྲངས་རིག་གིས་བོད་རིག་པའི་ཁྲོད་དུ་དགོས་ངེས་ཀྱི་གོ་གནས་ཤིག་འཛིན་དགོས་པར་སྙམ། ང་ཚོས་ཤེས་གསལ་ལྟར་ན། གྲངས་རིག་ནི་བྱ་དངོས་གནས་པའི་ཚད་ཀྱི་ཤེས་རིག་ཅིག་ཡིན་པས། མི་རྣམས་ལ་བྱ་དངོས་གནས་སྟངས་དང་འཁོར་སྐྱོད་ཀྱི་ཆོས་ཉིད་དེར་གོ་བ་ལེན་དུ་བཅུག་པ་སྟེ། དོན་དངོས་སུ་གྲངས་རིག་ནི་བྱ་དངོས་ཆགས་གནས་དང་འཁོར་སྐྱོད་བྱེད་སྟངས་ལ་ངེས་པ་ལྡན་པའི་རིག་ཚན་ཞིག་ཡིན་པ་དང་། བྱ་དངོས་བར་གྱི་འབྲེལ་བའི་ཆོས་ཉིད་ལ་དབྱེ་ཞིབ་བྱེད་པའི་རིག་ཚན་ཞིག་ཀྱང་ཡིན་གཤིས། གྲངས་རིག་ནི་རང་བྱུང་ཚན་རིག་གི་སྐད་ཆ་རེད་ཅེས་ཀྱང་བཤད་ཆོག གྲངས་རིག་གི་ལག་ཆར་མ་བརྟེན་ན། རིག་ཚན་གཞན་དག་ལ་ཡར་རྒྱས་ཡོང་བ་ནི་ཤིན་ཏུ་ནས་ཀྱང་དཀའ་བའོ། ། 
        བོད་ཁུལ་གྱི་རང་བྱུང་ཆ་རྐྱེན་ཞན་པས། བོད་རིག་པའི་ཁྲོད་ཀྱི་གོང་གསལ་ཤེས་བྱ་དག་གིས་སྲོལ་རྒྱུན་ཤེས་བྱའི་མ་ལག་ཁྲོད་དུ་ཟིན་ཡོད་པའི་བསྡུར་ཚད་ཀྱི་གྲུབ་ཚུལ་དེའང་ས་ཁོངས་གཞན་དང་གཅིག་མཚུངས་མིན། དཔེར་ན། མཚན་ཉིད་རིག་པ་དང་གཏན་ཚིགས་རིག་པའི་ཤེས་བྱ་སྐོར་ནི་གཞན་ཉེར་སྤྱོད་རང་བཞིན་གྱི་ཤེས་བྱ་ལས་ཀྱང་གལ་དུ་འཛིན་པ་དང་། རང་བྱུང་ཚན་རིག་སྐོར་གྱི་ཤེས་བྱ་ལྟོས་བཅས་སུ་ཞན་པའོ། ། དེ་ལྟར་ཡིན་ནའང་། བོད་རིགས་མེས་པོ་རྣམས་ཀྱིས་ཤེས་བྱ་རིགས་འབྱེད་ཀྱི་གོ་བ་བླངས་ཚུལ་ལ་ཁས་མི་ལེན་པ་མ་ཡིན་ཏེ། དཔེར་ན། སྲོལ་རྒྱུན་རིག་གནས་ཁྲོད་ཀྱི་རིག་གནས་ཆེ་བ་ལྔ་དང་རིག་གནས་ཆུང་བ་ལྔའི་ཤེས་བྱ་ནི་མི་ཇི་ལྟར་བྱ་དགོས་པའི་ཤེས་བྱའོ། ། ལྷག་པར་དུ་བོད་ཀྱི་རིག་གནས་བཅུའི་གྲས་སུ་ནང་དོན་རིག་པ་དེ་དང་པོ་བཞག་ཡོད་པ་སྟེ། ནང་དོན་རིག་པའི་བཤད་བྱ་གཙོ་བོ་ནི་བསམ་པ་བཟང་པོ་དང་མི་བཟང་པོ་ཞིག་ཇི་ལྟར་བྱ་དགོས་ཚུལ་གསུངས་ཤིང་། མཐར་མི་དང་མི་མ་ཡིན་པའི་སེམས་ཅན་མཐའ་དག་ལ་ཕར་གནོད་འཚེ་མི་སྐྱེལ་བར་མ་ཟད། རང་ནུས་ཅི་ཡོད་ཀྱིས་ཕར་ཕན་གདགས་དགོས་ཞེས་བསྟན་པ་ལྟར་རེད། ནང་དོན་རིག་པ་དེ་གཞན་རིག་ཚན་ཀུན་གྱི་རྨང་རྡོ་ལྟ་བུ་ཡིན་ཏེ། ནང་དོན་རིག་པའམ་མི་ཆོས་སྐོར་གྱི་ཤེས་བྱ་དེ་ཉིད་རྨང་གཞིར་འཛིན་པར། བཀོལ་སྤྱོད་རང་བཞིན་གྱི་ཤེས་བྱ་དང་། མི་དང་རང་བྱུང་ཁམས་ཕན་ཚུན་བརྗེ་རེས་བྱེད་པའི་ཞིབ་ཕྲའི་བྱེད་སྒོའི་སྐོར་གྱི་ཤེས་བྱ་དེ་ངེས་པར་དུ་མི་ཆོས་རིག་གནས་ཤེས་བྱའི་རྨང་གཞིའི་ཐོག་བཞག་ན་མ་གཏོགས། རང་གི་མི་གཤིས་ཀྱི་སྟོབས་ཤུགས་དེ་དག་མངོན་མི་ནུས་པའོ། ། དེང་སྐབས་སྨྱན་སྦྱོར་ལག་རྩལ་འཕེལ་རྒྱས་ཀྱིས་འཛམ་གླིང་གཞི་གཅིག་ཅན་དུ་བསྒྱུར་བ་དང་། ས་གནས་ཁག་གི་མི་རྣམས་ཐུན་མོང་གི“གོ་ལའི་གྲོང་ཚོ”རུ་འཚོ་བ་རོལ་བཞིན་པས། གོ་ལའི་གྲོང་ཚོའི་གྲོང་མི་ཞིག་ལ་མཚོན་ན། གྲོང་ཚོ་ཡོངས་ཀྱི་སྤྱི་ཁྱབ་རང་བཞིན་དང་འཚམ་ཐུབ་ན། ད་གཟོད་རང་ཉིད་གནས་པར་ཁག་ཐེག་བྱེད་ཐུབ་པ་ཡིན། སྲོལ་རྒྱུན་ཁོ་ན་ལ་འཐམ་པའི་འདུ་ཤེས་དང་བྱེད་སྟངས་དེ་མཐར་མིའི་རིགས་ཀྱི་ལོ་རྒྱུས་འཕེལ་རིམ་དང་བསྟུན་ནས་རྗེས་སུ་ལུས་པར་ངེས།
        གཉིས་པ། བོད་རིག་པར་ཞིབ་འཇུག་བྱེད་དུས་མིའི་རིགས་ཀྱི་ཐུན་མོང་གི་ཚན་རིག་ཞིབ་འཇུག་བྱེད་ཐབས་དེ་སྤྱོད་དགོས། དོན་དུ་དེ་ནི་ཚན་རིག་གི་ལས་ཚིག་སྐབས་ཀྱི་གོ་དོན་ཡིན། གོང་དུ་བརྗོད་པའི་བོད་རིག་པའི་རིག་ཚན་གྱི་གོ་བ་ལོན་ཚུལ་ལྟར་ན། རྒྱལ་སྤྱི་དང་མཐུན་པའི་རིག་ཚན་གྲུབ་ཚུལ་འཛུགས་རྒྱུ་ནི་བོད་རིག་པའི་གཞི་རྩ་དང་ཁ་ཚ་དགོས་གཏུག་གི་ལས་འགན་ཞིག་ཏུ་གྱུར་ཅིང་། དེའི་ནང་དུ་ཞིབ་འཇུག་བྱེད་ཐབས་ནི་རིག་ཚན་ཆུ་ཚད་མཐོ་རུ་གཏོང་བའི་རྩ་བའི་ལྡེ་མིག་ལྟར་དུ་གྱུར་ཡོད། ཀུན་གྱིས་ཤེས་གསལ་ལྟར་དུ་ལས་ཚིག་གི་ངོས་སུ་ཚན་རིག་ཞིབ་འཇུག་ལ་རྩ་བའི་ཆ་རྐྱེན་གཉིས་ཡོད་དེ། གཅིག་ནི་ཞིབ་འཇུག་བྱ་ཡུལ་ཁ་གསལ་པོ་ཡིན་པ། གཉིས་ནི་ཚན་རིག་རང་བཞིན་གྱི་ཞིབ་འཇུག་བྱེད་ཐབས་ལྡན་པ། གང་ལྟར་ཞིབ་འཇུག་བྱ་ཡུལ་གཏན་དུ་ཁེལ་ཡོད་མེད་དང་། ཡང་ན་ཞིབ་འཇུག་བྱེད་ཐབས་ཀྱི་གདམ་གསེས་ལས། ཞིབ་འཇུག་བྱེད་མཁན་རང་ལ་རང་ཉིད་ཀྱི་བསམ་བློའི་ཚོད་འཛིན་ཕྲ་མོ་དེ་ལས་བརྒལ་ནུས་པའི་ཁོག་རྒྱ་དང་མཐོང་རྒྱ་ཞིག་ཡོད་དགོས་པ་ཤིན་ཏུ་ནས་ཀྱང་གལ་ཆེ། དེ་བས་ཞིབ་འཇུག་བྱེད་ཐབས་ནི་ཤེས་བྱའི་རང་བཞིན་ལྡན་མིན་འཇལ་བྱེད་ཀྱི་རྩ་བའི་ཚད་གཞི་ཞིག་ཡིན། བོད་རིག་པའི་སྲོལ་རྒྱུན་ཤེས་བྱའི་ཁྲོད་དུ་ལུགས་མཐུན་གྱི་བསམ་གཞིག་བྱེད་སྟངས་མང་པོ་འདུས་ཡོད་མོད། འོན་ཀྱང་མིའི་རིགས་ཀྱི་ཐུན་མོང་གི་ཤེས་བྱ་དང་བསྡུར་ན་ཧེ་བག་ཧ་ཅང་ཆེན་པོ་ཡོད་པར་འདོད། མཇུག་འབྲས་འདི་ལྟར་བྱུང་བའི་རྒྱུ་རྐྱེན་ནི་བོད་མི་རྣམས་ཀྱི་བློ་རིག་གི་གནད་དོན་མ་ཡིན་པར། རང་བྱུང་ཁམས་ཀྱི་ཆ་རྐྱེན་ཞན་པས། ས་ཁོངས་གཞན་དག་ལྟར་དུ་རང་བྱུང་ཚན་རིག་ལ་ཞིབ་འཇུག་བྱེད་པའི་གོ་སྐབས་དང་ཆ་རྐྱེན་ཉུང་བས་ཟད་པ་ལས། རང་ཉིད་ཤེས་རྟོགས་དང་བློ་སྦྱོང་ཐད་དུ་ཐུན་མིན་གྱི་ལྟ་ཚུལ་ཞིག་གྲུབ་འདུག མིའི་རིགས་དེ་འཚོ་གཞེས་བྱས་ནས་ད་ལྟའི་བར་དུ། ཚན་རིག་གི་ཞིབ་འཇུག་བྱེད་ཐབས་དེ་སྤྱིར་བཏང་གི་གཏན་ཚིགས་རྟགས་གྲུབ་ནས་དངོས་དཔང་དང་། དེ་ནས་དངོས་དཔང་ནས་མཐའ་དཔྱོད་དགག་གཞག་བསྐྱོན་པར་འཕར་བ་དང་། ད་ལྟར་མཐའ་དཔྱོད་དགག་གཞག་བྱེད་ཚུལ་དེ་ཡང་སྒྲིག་གཞི་རིང་ལུགས་ཀྱི་བྱེད་ཐབས་སུ་སླེབས་ཡོད་མོད། ཡིན་ན་ཡང་ཞིབ་འཇུག་བྱེད་ཐབས་ཡོད་དོ་ཅོག་དེ་མིའི་རིགས་ཀྱི་བསམ་གཞིག་གི་འབྲས་བུ་ཡིན་ཞིང་། གྲུབ་འབྲས་འདི་དག་ནི་རིག་ཚན་སོ་སོའི་ནང་དུ་མངོན་མེད་དུ་ཁྱབ་ཡོད་པས། ཞིབ་འཇུག་བྱེད་ཐབས་ནི་རིག་ཚན་སོ་སོའི་སློབ་སྦྱོང་དང་བརྒྱུད་ནས་ཐོབ་པ་ཡིན། རིག་ཚན་སོ་སོ་རང་གའི་ཞིབ་འཇུག་བྱ་ཡུལ་དང་བརྒྱུད་རིམ། ནང་གི་ཤེས་བྱའི་སྡེ་ཚན་མཐའ་དག་ཀྱང་དུས་རིམ་མི་འདྲ་བའི་ཤེས་བྱའི་ཁྲོད་དུ་འདུས་པའི་འཚོལ་ཞིབ་དང་དེའི་བྱེད་ཐབས་བཅས་ཀྱིས་གཞི་གྲུབ་པས། རིག་ཚན་སློབ་ཚན་སློབ་སྦྱོང་བྱེད་པའི་དམིགས་ཡུལ་ནི་རིག་ཚན་དེའི་ཐུན་མིན་གྱི་བསམ་གཞིག་བྱེད་སྟངས་དང་། བཀོལ་སྤྱོད་ནུས་རྩལ་ཁོང་དུ་ཆུད་པ་བྱ་རྒྱུ་དེ་ཡིན། སློབ་སྦྱོང་གི་དམིགས་ཡུལ་ནི་དྲིས་ལན་ལོན་རྒྱུ་དེ་མིན་པར་བསམ་གཞིག་བྱེད་སྟངས་དང་བྱ་སྤྱོད་ཀྱི་ཐབས་ཇུས་ཁོང་དུ་ཆུད་པ་དེ་ཡིན། 
        དེ་བཞིན་དུ་བོད་རིག་པའི་སྲོལ་རྒྱུན་རིག་ཚན་གྱིས་ཀྱང་མིའི་རིགས་ཀྱིས་མཉམ་སྤྱོད་བྱེད་བཞིན་པའི་ཞིབ་འཇུག་བྱེད་ཐབས་ལ་བརྟེན་ན། ད་གཟོད་སྔོན་ཆད་ཀྱི་ཞིབ་འཇུག་དཔྱད་འབྲས་དེ་དག་ལས་མཆོང་བརྒལ་བྱེད་ནུས་ཤིང་། བཙུགས་ཟིན་པའི་རིག་ཚན་དག་ལ་འགྲེལ་བཤད་གསར་པ་བྱས་ཏེ། འབྱུང་འགྱུར་ལ་ཁ་ཕྱོགས་པའི་བསམ་བློ་གཏོང་སྟངས་གསར་པ་ཞིག་གཏོད་སྲིད་པ་རེད། བྱ་དངོས་གང་ཞིག་ཡིན་ཡང་གནས་ཐུབ་པའི་གཞི་རྩ་ནི་རྙིང་ཚབ་གསར་བརྗེ་བྱེད་པ་དེ་ཡིན་པས། གལ་སྲིད་ཤེས་བྱ་གསར་པ་དང་ནང་དོན་གསར་པ། ཐབས་ཤེས་གསར་པ་བཅས་གཞུག་མེད་ན། སྲོལ་རྒྱུན་གྱི་ཤེས་བྱ་གང་ཞིག་ཅི་འདྲའི་གཟི་བརྗིད་ལྡན་རུང་མཐར་ལོ་རྒྱུས་ཀྱིས་འདོར་ངེས་པ་ཡིན།
        གསུམ་པ། བོད་རིག་པའི་འཛུགས་སྐྲུན་ལ་ངེས་པར་དུ་ཚན་རིག་དང་མཐུན་པའི་རིག་གཞུང་ཞིབ་འཇུག་གི་རྣམ་འགྱུར་ཞིག་དགོས་ཤིང་། འདི་གའི་ཚན་རིག་ཅེས་པ་ནི་རྒྱན་ཚིག་ཏུ་གྱུར་ཏེ། ཞིབ་འཇུག་ལས་དོན་གྱི་བདེན་པ་དང་དྲང་པོ་དྲང་བཞག་ཏུ་གཏན་ལ་འབེབས་པ་ལས། སྒེར་སེམས་ཁྱེར་བའི་ཞིབ་འཇུག་གང་ཞིག་ཡིན་རུང་དོན་དངོས་སུ་ཞིབ་འཇུག་དེ་དག་ནི་མིའི་རིགས་ཀྱི་མི་གཤིས་དམ་པ་ལ་འགན་མི་འཁུར་བའི་རྟགས་ཡིན་པར་མ་ཟད། ཚན་རིག་དང་ཡང་མཐུན་ཐབས་བྲལ་བ་རེད། ཚན་རིག་དང་མཐུན་པའི་རྣམ་འགྱུར་ཞེས་པ་དེས་ང་ཚོར་རིག་ཚན་གྱི་གོ་བ་ལེན་སྟངས་ཐད་ནས་ཕྱོགས་རེས་དང་རང་གི་ཚོར་སྣང་ངམ་བསམ་ཚུལ་ཙམ་གྱི་རྗེས་སུ་མི་འགྲོ་བའི་རེ་དགོས་ནན་མོ་བསྟན་ཡོད། མིའི་རིགས་ཀྱི་བྱ་གཞག་དེ་རང་ཉིད་ཀྱི་བྱ་གཞག་ལྟར་དུ་བཀུར་ནས། མིའི་རིགས་ཀྱིས་ཐུན་མོང་དུ་ཁས་ལེན་པའི་སྤྱི་ལུགས་དེ་ལས་དོན་གྱི་རྩ་དོན་དུ་འཛིན་པར་མ་ཟད། རིག་ཚན་འཛུགས་སྐྲུན་གྱི་རྩ་དོན་དང་སློབ་ཚན་གསར་སྤེལ་གྱི་རྩ་དོན་དུ་ཡང་འཛིན་པའོ། ། 
        སྤྱིར་ཚན་རིག་དང་མཐུན་པའི་རྣམ་འགྱུར་དེ་ཡང་དགེ་རྒན་སོ་སོའི་གཞི་རྩའི་བླང་བྱ་ཡིན་པར་སྨོས་ཅི་དགོས། རང་མཆོག་གཞན་དམན་དང་རང་ཉིད་རྩ་བར་འཛིན་པའི་སྤྱོད་ཚུལ་དེ་རིགས་ཀྱིས་སློབ་ཁྲིད་ལེགས་པོར་བྱེད་མི་ཐུབ་པས། ང་ཚོའི་སློབ་གསོ་ནི་འབྱུང་འགྱུར་ལ་ཁ་ཕྱོགས་པ་ལས་འདས་པའི་ལོ་རྒྱུས་ལ་ཕྱོགས་པར་མ་ཡིན་ཞིང་། གལ་སྲིད་དགེ་རྒན་ཞིག་གིས་དུས་དང་རྣམ་པ་ཀུན་ཏུ་འདས་ཟིན་པའི་ཤེས་བྱར་བརྟེན་ནས་རང་ཉིད་ཀྱི་གོ་གནས་དང་ཐོབ་ཐང་མཐོ་རུ་གཏོང་བ་ཁོ་ནར་དམིགས་ནས། ཞིབ་འཇུག་དང་དོགས་འདྲི་གང་ཡང་མ་བྱས་ན། སློབ་མར་འགན་མ་ཁུར་བ་མ་ཟད། མི་རིགས་དང་རྒྱལ་ཁབ་ལ་འགན་མ་ཁུར་བའི་རྟགས་ཡིན་ནོ། ། 
        ཚན་རིག་དང་མཐུན་པའི་རྣམ་འགྱུར་དེས་ང་ཚོར་རྒྱལ་སྤྱིའི་རིག་གཞུང་དང་སྦྲེལ་མཐུད་བྱ་དགོས་པའི་བླང་བྱ་བསྟན་པར་མ་ཟད། ང་ཚོར་སྔར་ཡོད་ཀྱི་སྲོལ་རྒྱུན་རིག་ཚན་དང་སློབ་ཚན་ལ་ཚན་རིག་གི་ངང་ནས་དབྱེ་ཞིབ་དང་། དེང་སྐབས་དང་མ་འོངས་པའི་སྤྱི་ཚོགས་ལ་དུས་དང་མཐུན་པའི་ཞིབ་འཇུག་བྱེད་པ་དང་། ང་ཚོའི་སློབ་མ་ལའང་ཚན་རིག་དང་མཐུན་པའི་ཞིབ་འཇུག་བྱ་དགོས་པའི་བླང་བྱ་འདོན་པའོ། ། 
        ང་ཚོའི་སློབ་ཐུན་རེ་རེའི་སྔོན་ལ་ནན་ཏན་གྱིས་སློབ་ཁྲིད་གྲ་སྒྲིག་བྱ་དགོས། སློབ་ཁྲིད་གྲ་སྒྲིག་ལ་ཕྱོགས་གསུམ་ཡོད་དེ། ཐོག་མར་རང་ཉིད་ལ་བརྟགས་ཏེ་སློབ་ཁྲིད་གྲ་སྒྲིག་བྱ་དགོས་ཤིང་། རང་ཉིད་ཀྱིས་སློབ་མར་གཅེས་སེམས་བཅིངས་ཡོད་མེད་དང་། མི་རིགས་དང་རྒྱལ་ཁབ་ལ་འགན་ཁུར་གྱི་སེམས་པ་ཡོད་མེད་དང་བཅས་ལ་རང་སྐྱོན་རང་བརྟག་བྱེད་ཅིང་། སློབ་ཚན་གྱི་ཤེས་བྱ་ཕྱོགས་ཡོངས་ནས་བརྒྱུད་རིམ་ལྡན་པའི་སྒོ་ནས་གོ་བ་ལེན་ཐུབ་མིན། སློབ་ཚན་གྱི་ཤེས་བྱ་དང་དངོས་ཡོད་སྤྱི་ཚོགས་བར་དུ་ཟུང་འབྲེལ་བྱས་ཡོད་མེད་བཅས་ལ་དོ་སྣང་བྱ་དགོས། བར་དུ་སློབ་མར་བརྟགས་ཏེ་སློབ་ཁྲིད་གྲ་སྒྲིག་བྱ་དགོས་ཤིང་། སློབ་མའི་རྩ་བའི་གནས་ཚུལ་དང་ཁོ་ཚོའི་དགོས་མཁོ། ཤེས་བྱའི་གྲུབ་ཚུལ། སློབ་སྦྱོང་གི་ཐབས་ཇུས། རིན་ཐང་དང་གཤིས་རྒྱུད་བཅས་ལ་དབྱེ་ཞིབ་བྱ་དགོས། འཁྲིད་བྱའི་ནང་དོན་དང་སློབ་མའི་སྔར་ཡོད་ཀྱི་ཤེས་བྱའི་གྲུབ་ཚུལ་བར་གྱི་འབྲེལ་བ་འཚོལ་ཏེ། སློབ་མ་རང་ལ་རང་ཉིད་ཀྱི་ཁྱད་ཆོས་དང་མཐུན་པའི་ཤེས་རྟོགས་ཐབས་ཇུས་འཛུགས་པར་ཁྲིད་སྟོན་བྱ་དགོས། ཤེས་བྱ་དེས་མི་ཚུལ་ལྡན་ཞིག་བྱེད་པ་དང་བྱ་བ་སྒྲུབ་དུས་ཀྱི་ཉམས་མྱོང་ངམ་བསླབ་བྱར་འགྲེལ་བཤད་བརྒྱབ་སྟེ། མ་འོངས་པར་ཁ་ཕྱོགས་པའི་བསམ་བློ་གཏོང་སྟངས་དང་བྱ་སྤྱོད་སྤེལ་སྟངས་འཛུགས་པའོ། ། མཐའ་མར་ཤེས་བྱར་བརྟགས་ཏེ་སློབ་ཁྲིད་གྲ་སྒྲིག་བྱ་དགོས་ཤིང་། སློབ་ཁྲིད་ཀྱི་ནང་དོན་ཤེས་བྱ་དང་སློབ་མའི་དོན་དངོས་འཚོ་བ་བར་ཟུང་དུ་འབྲེལ་བར་མ་ཟད། མ་འོངས་པའི་སྤྱི་ཚོགས་དང་ཟུང་འབྲེལ་བྱ་དགོས། སློབ་ཚན་གྱི་ཤེས་བྱ་དང་མིའི་རིགས་ཀྱི་ཤེས་བྱའི་བར་གྱི་འབྲེལ་བ་བཙལ་ནས་མིའི་རིགས་ཀྱི་ཤེས་རིག་དཔལ་ཡོན་ཁྲོད་དུ་ཤེས་བྱ་དེའི་གནས་བབ་ཁ་ཇེ་གསལ་ཡོང་བ་བྱ་དགོས། འདི་ལྟ་བུའི་ཤེས་བྱ་ནི་ད་གཟོད་སློབ་མས་རང་འགུལ་གྱིས་སློབ་སྦྱོང་བྱེད་པར་འགྱུར་སྲིད་པ་དང་། རྒྱུན་ཆད་མེད་པར་རང་ཉིད་ཤེས་པ། རྒྱུན་ཆད་མེད་པར་མི་ཞིག་ཡིན་པའི་འོས་འགན་དང་། འགན་འཁྲི། ཐོབ་ཐང་བཅས་ཀྱི་བསམ་ཤེས་ཐོབ་ཅིང་། བོད་རིགས་སློབ་ཆེན་པ་དག་གིས་ཀྲུང་གོའི་སློབ་ཆེན་སློབ་མར་ཚང་དགོས་པའི་ཐོབ་ཐང་དང་བརྩི་མཐོང་དེ་ཉིད་རྙེད་སྲིད་པའོ། ། ལོ་རྒྱུས་རང་བཞིན་གྱི་དོན་སྙིང་ལྡན་པའི་དུས་རབས་གསར་པའི་སྤྱི་ཚོགས་རིང་ལུགས་ཀྱི་དུས་འདིར། ངེད་ཅག་མི་བུ་སུ་ཞིག་གིས་བོད་རིག་པའི་རིག་ཚན་ཁྲོད་དུ་མིའི་རིགས་ཀྱི་རིག་ཚན་དང་མཐུན་པའི་སློབ་ཚན་མ་ལག་འཛུགས་ནུས་ན། མི་དེ་ཉིད་ཀྱིས་བོད་རིག་པའི་རིག་ཚན་གནས་པ་དང་འཕེལ་རྒྱས་ཀྱི་ཁྲོད་དུ་བྱས་རྗེས་རླབས་པོ་ཆེ་ཞིག་བཞག་པ་ཡིན་པས་ཀུན་གྱིས་བསྔགས་པར་འོས་སོ། །


དཔྱད་གཞིའི་ཡིག་ཆ།

[1](英)J.D.贝尔纳(J.D.Bernal)著.陈体芳译.科学的社会功能[M]北京:商务印书馆,1982。

[2]《中华人民共和国学科分类与代码国家标准》简称《学科分类与代码》,是中华人民共和国关于学科分类的国家推荐标准,最新版本GB/T13745-2009。

[3]《教育部最新版学科分类目录》普通高等学校本科专业目录2012,教育部说明。


* དཔལ་ལྡན་ཉི་མ། སི་ཁྲོན་དགེ་འོས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་དང་འབུམ་རམས་པའི་མཛུབ་སྟོན་དགེ་རྒན་ཡིན།

* འདབ་པ་བློ་བཟང་ཆོས་འཕེལ། སི་ཁྲོན་མི་རིགས་སློབ་ཆེན་གྱི་འཆད་ཁྲིད་དགེ་རྒན་ཡིན།

 “道、法、术”འདི་གསུམ་པོ་བོད་ཡིག་ཏུ་ལམ་ཐབས་རྩལ་གསུམ་ལ་བསྒྱུར་ཡོད་དེ། སྤྱིར“道”ཡི་དོན་ནི་མིའི་རྩ་བའི་བསམ་བློ་འདུ་ཤེས་དང་། བསམ་བློའི་གཏིང་ཕུགས་ཀྱི་དད་པ་དེ་ལ་གོ“法ཡི་དོན་ནི་མི་ཞིག་གི་བསམ་བློ་འདུ་ཤེས་དང་དད་པ་ལས་བྱུང་བའི་རིན་ཐང་ལྟ་ཚུལ་གྱི་བརྡར་ཤ་གཅོད་ནུས་དེ་ལ་ཟེར།“术”ཡི་དོན་ནི་མི་ཞིག་གི་བྱ་བ་བྱེད་ལུགས་བྱེད་སྟངས་ཀྱི་སྤྱོད་ཚུལ་དེ་ལ་གོ

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1