གཙོ་ངོས།>> སློབ་གསོ།>>སློབ་གསོའི་ཉམས་མྱོང་།

དབྱངས་ཅན་ལྡིང་ཁང་། རྩོམ་སྒྲིག་པ།ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། ༢༠༡༩ལོའི་ཟླ་བ་༡༡ཚེས་༡༩ཉིན།

༄༅།། མི་ཞིག་དགེ་རྒན་བྱས་པའི་གཏམ་རྒྱུད།


མངའ་རིས། དབྱངས་ཅན་ལྡིང་ཁང་།
        ང་རང་སློབ་མ་ཡིན་དུས། དགེ་རྒན་ཕལ་ཆེར་གྱིས་རྩོམ་པ་པོ་གཞན་གྱི་ཚིག་ཡག་པོ་དེ་ཚོར་ལད་མོ་དང་བཟོ་བཅོས་བྱས་ནས་རང་གི་རྩོམ་དུ་བཀོལ་ཆོག་ཟེར།ཚིག་དུམ་བློ་འབབ་ས་དེ་འདྲ་ཤིན་ཏུ་མང་མོད།ཐ་སྙད་དང་བློ་རིག་གིས་མི་འདང་བས།རྩོམ་པ་པོའི་ཚིག་དག་ལ་བཟོ་བཅོས་འཚམ་པོ་ཞིག་རྩ་བ་ནས་རྒྱག་མ་ཤེས།དཔེར་ན།ང་རང་འབྲོང་ཕྲུག་ལྷ་ཆེན་རྒྱལ་གྱི་ངས་སློབ་གསོ་ཞེས་པའི་གར་སྟེགས་ཆེན་པོ་འདི་ནས།དགེ་རྒན་ཞེས་པའི་འཁྲབ་སྟོན་ཆུང་ཆུང་ཞིག་བྱས་ཞེས་པར་དགའ་བོ་དཔེ་མེད་ཅིག་བྱུང་མོད།བཟོ་བཅོས་རྒྱག་མ་ཤེས་པས།རྩོམ་དུའང་འབྲི་སྐལ་མ་ཡོང་།མངའ་རིས་ནས་དགེ་རྒན་བྱས་པའི་སློབ་ཐུན་དང་པོ་དེར།ངའི་ཡིད་ལ་ཚིག་འདི་འཁོར་བྱུང་།ད་ནི་བཟོ་བཅོས་ཀྱང་མ་བརྒྱབ་ན་ཆོག་འདུག་སྙམ།
        རེད། “ངས་སློབ་གསོ་ཞེས་པའི་གར་སྟེགས་ཆེན་པོ་འདི་ནས།དགེ་རྒན་ཞེས་པའི་འཁྲབ་སྟོན་ཆུང་ཆུང་ཞིག་བྱས།” དེ་ནི་ཉིས་སྟོང་བཅུ་དྲུག་གི་ཟླ་བ་དགུ་པའི་ཚེས་བཅུ་དགུ་ཉིན་གྱི་ཕྱི་དྲོ་ཆུ་ཚོད་བཞི་པ་ནས་མགོ་བརྩམས་པ་ཡིན།རེད།དེ་རེད།དུས་ཚོད་ནོར་མེད།
        ཁོ་བོ་སྡོད་ས་འདི་ལ།མངའ་རིས་གངས་དཀར་ཏི་སེ་སྨན་རྩིས་སློབ་གྲྭ་ཟེར་ཞིང་།འབྲིང་རིམ་ཆེད་སྦྱོང་གི་ལས་རིགས་ལག་རྩལ་སློབ་གྲྭ་ཞིག་རེད།དགེ་རྒན་གྱི་མིང་བྱང་ཁུར་ཏེ།འཆད་སྟེགས་ནས་ཐོག་མར་ལངས་པ་དེ་བརྗེད་ཐབས་མེད་པ་ཞིག་རེད།འཛིན་དཔོན་གྱིས་ཡར་ལོངས་ཞེས་པ་ན།སློབ་མ་དག་ལ་བརྙན་འཕྲིན་ནང་གི་དམག་དཔུང་གི་མཉམ་སྒྲ་རང་ཞིག་མཆེད་པས།ཁོ་བོ་གློ་བུར་ལ་སྐྲག་འདར་ཅིག་བྱུང་ཞིང་།སྐར་ཆ་ཁ་ཤས་ལ་མར་སྡོད་ཟེར་རྒྱུ་དེ་བརྗེད།
        ཐོག་མར།ང་ཚོས་རང་ཉིད་མཚམས་སྦྱོར་བྱས་པ་ཡིན།ངས་ཀྱང་རང་གི་མིང་དང་ཕ་ཡུལ་དང་།སློབ་གྲྭར་སོང་ཚུལ་དེ་སྟབས་བདེ་ཞིག་བཤད།སློབ་མ་ཚོ་ངའི་མིང་དེ་ལ་གད་མོ་ཤོར་ཡོང་གིན་འདུག ཁག་ཀྱང་ཡོད་པ་མ་རེད། སྔོན་ཆད་ལྷ་སའི་དགེ་རྒན་ཞིག་གིས་ཀྱང་། ཨ་མདོ་བའི་མིང་འགའ་བཀླགས་པར། སྙིང་ལྕགས།ཤ་བོ་བྱམས།སངས་རྒྱས།སངས་རྒྱས་ཟེར་བ་དེ་བཀླགས་རྗེས།ད་གཞི་ནས་མིའི་མིང་ཞིག་ལ་སླེབས་བྱུང་ཞེས་བཤད་པ་དང་འདྲ་བོ་རེད།གོ་ལོབས་མེད་པའི་ཁོ་ཚོར་མཚོན་ན།ལྕགས་འབུམ་རྒྱལ་ཞེས་པ་འདིའང་ཁྱད་མཚར་བ་ཞིག་ཡོད་ངེས་ཏེ།ཁོ་ཚོ་བགད་པས།ངའང་བགད།དེ་ཟེར་ན།ངའི་མིང་འདི་ཅུང་ཟད་རྙོག་དྲ་ཆེ་ས་ཞིག་ཡིན།དེ་དུས་བོད་ལྗོངས་གསོ་རིག་སློབ་ཆེན་གྱི་སློབ་བསྡུའི་བརྡ་སྦྱོར་སྟེང་ན།ངའི་རྒྱ་ཡིག་གི་མིང་དེ་བོད་ཡིག་ཏུ་ཕབ་པར།སྐྱིད་ཧྭ་འབུམ་སྐྱིད་ཅེས་བྲིས་ཡོད།ལྷ་སའི་སློབ་གྲོགས་ཁ་ཤས་ནས་ང་ལ་སྙད་དྲུས་ཏེ།སྐྱག་པ་འབུམ་རྒྱལ་ཞེས་པར་བསྒྱུར་བ་རེད།ངས་འདིའང་ཁོ་ཚོར་བཤད་པས།སློབ་མ་དག་གད་མོ་བགད་ནས་སྔོན་ལས་ཀྱང་སྒྲ་ཆེ་བ་ཞིག་བྱུང་།
        གད་མོ་ཡིད་ཚིམས་པ་ཞིག་བྱས་རྗེས།སློབ་མ་ཕལ་ཆེར་གྱི་བཟོ་ལྟ་ཀྲོང་ཀྲོང་གི་ཤ་སྒྲིམ་སྟངས་དེ་ད་ནི་ཞིག་ནས།ལྷོད་ཅིག་བབས་འདུག་ཅིང་། ང་ལའང་འཚབ་རྒྱུ་དེ་ཙམ་མེད་པ་འདྲ།
        ང་ཚོ་དགེ་རྒན་ཚང་གི་སྤྱི་ལུགས་ལྟར།སློབ་ཚན་དང་པོ་དེར།ངས་ཀྱང་སྐད་ཆ་རྫིག་པོ་ཁ་ཤས་བཤད་རྒྱུ་རེད།བོད་ཀྱི་ཞེས་པ་འདི་མགོ་ལ་བཞག་རྗེས།ཅུང་ཟད་བསྡད།དབུགས་གཅིག་སྒོང་ཞོར་གསོ་བ་རིག་པ་ཞེས་ཚིག་མགོ་བཟུང་སྟེ།སྨན་གྱི་རྒྱུད་བཞི་དེའི་ཆེ་བ་དང་།དེའི་ལོ་རྒྱུས།དེའི་བརྗོད་བྱ་གང་ཡིན་པ།དེར་རྗོད་བྱེད་ཅི་འདྲ་ཡོད་པ།དེ་ཇི་ལྟར་སློབ་པ།གང་ལྟར་ལྟ་བ་སོགས་རྩ་བའི་གསེད་བཀྲོལ་ཙམ་ཞིག་ནམ་རྒྱུན་ལས་སྐད་མགོ་ཅུང་ཟད་སྦོམ་དུ་བྱས་ཏེ།ཕལ་ཆེར་སྐར་མ་བཅའ་བཅུ་ཞིག་ལ་བཤད་ནས་བསྡད།རྐང་འཁྲབ་ལག་འཁྲབ་ཀྱང་བྱས།སྒོ་སམ་སྟེང་ལ་ཡི་གེ་གནད་འགག་ཡིན་མདོག་མདོག་ཁ་ཤས་ཡིག་ནག་གིས་འབྲི་རྒྱུ་རེད།འགའ་བཤད་རྗེས་དེ་རྣམས་ལ་ས་སྨྱུག་གིས་རྟགས་ཀྱང་བརྒྱབ།རྒྱ་ཡིག་དང་ཨིན་ཇི་ཉི་ཚེ་བ་རེའང་།འཇིགས་པ་སྐྱེད་ཆེད་ཙམ་དུ་ཟ་ཟུར་ལ་བྲིས་པ་ཡོད།ངའི་ངོས་ནས་བཤད་ན་ད་ནི་ཡིན་སྣང་ཁ་ཁ་ཞིག་བྱས་ཡོད་མོད།རང་ལ་ཅིས་ཀྱང་ཟུར་ཟ་མི་བྱེད་ཐུ་མེད་ཅིག་ཡོང་བ་ནི།ངའི་ཨམ་སྐད་དང་དབུས་སྐད་འདྲེས་མའི་སྐད་ལུགས་ཡ་མཚན་འདི་སློབ་མ་མང་ཤས་ལ་ཧ་གསལ་པོ་གོ་རྒྱུ་བྱུང་མི་འདུག་ལ། ཁ་ཤས་མགོའང་འཐོམ་གྱིན་ཡོད་པ་འདྲ།
        སློབ་ཚན་དེ་གྲོལ་རྗེས།ངས་བསམ་བློ་མང་པོ་བཏང་།སློབ་མའི་སར་སོང་སྟེ།གནས་ཚུལ་ཀྱང་མང་པོ་རྒྱུས་ལོན་བྱས་པ་ཡིན།སློབ་མ་རྣམས་ཀྱི་ནང་དུ།སྔོན་ཆད་སློབ་གྲྭར་ཞག་གཅིག་ཀྱང་སྡོད་མ་མྱོང་བ་རྩྭ་ཐང་ནས་ཐད་ཀར་འདིར་འཛུལ་ཡོང་བ་ཁ་ཤས་འདུག གངས་རིན་པོ་ཆེ་གཟས་ནས་སླེབས་པ་འགའ་ཡང་གདའ། ཡུལ་དུ་ལས་རྒྱུ་མེད་པས་བོད་སྨན་དང་བོད་ཡིག་བསླབས་ན་ཅི་འདྲ་འོང་སྙམ་ནས་ཕེབས་པའང་རེ་གཉིས་བདོག བོད་ཡིག་རྐང་ནས་ཀློག་མི་འགྲོ་བ་འགའ་ཡང་བྱུང་། མང་ཤས་ནི། དམའ་འབྲིང་སློབ་གྲྭ་ཐོན་རྗེས། ཡིག་ཚད་མ་ལོན་པར་འབྲིང་རིམ་ཆེད་སྦྱོང་འདིར་ཐོབ་པའི་བསལ་སྙིགས་ལྟ་བུ་ཞིག་རེད། ཡིན་ནའང་ངའི་སློབ་མ་ཚོར་བསལ་སྙིགས་ཟེར་བའི་ཐ་སྙད་འདི་བཏགས་ན་ང་དེ་ཙམ་དགའ་བོ་མེད། རེ་རེ་ཙམ་ཞིག་ནི་ཁྱིམ་ཚང་སྨན་རྒྱུད་ཡིན་པས། སློབ་གྲྭ་འདི་རང་བདམས་ནས་ཕེབས་པ་ཡོད། མངའ་རིས་ས་ཆ་འདི་སྤྱིར་བཏང་དབུས་གཙང་གི་ཁོངས་སུ་སྡུད་པ་འདྲ་ཞིག་ཡོད་ནའང་། སྐད་ལུགས་ཀྱི་ཆ་ནས་ཤིན་ཏུ་མི་འདྲ་བར་འདུག སློབ་མ་ཉུང་ཤས་ཙམ་གྱིས་ནི་ལྷ་སའི་སྐད་གཙང་གཙང་རྣམས་ཀྱང་དེ་ཙམ་གོ་མི་བདེ་ཞིག་འདུག་ཕྱིར། ངའི་མདོ་དབུས་སྤེལ་མའི་སྐད་འདི་ལ་ནི་ཨ་ཅང་ཅང་སྟེ། ཅི་ལ་གོའོ། །
        ད་ནི་ང་ལ་གནད་དོན་འགའ་ཡོད་པ་ནི། ངས་སློབ་མའི་བློ་ཁ་དང་འཚམས་པའི་ཁྲིད་ཐབས་ཤིག་སྐྱོང་རྒྱུ་དང་། ངེས་པར་ཁོ་ཚོའི་རྣ་ལ་ལྷུང་འགྲོ་བའི་མངའ་རིས་སྐད་ཅིག་བཤད་ཤེས་རྒྱུ་དེ་རེད། དང་པོ་དེ་ཅུང་ཟད་ལས་སླ་པོ་འདུག འདྲ་དཔེ་སྟོན་རྒྱུ་མང་དུ་བཏང་། སྐད་ཆ་བབ་ཆགས་ཀྱིས་བཀྲལ། ཀུན་ཀྱང་གསོན་ཉམས་ལྡན་པ་ཞིག་ལ་འབད་ཁུལ་བྱས་པས། ནུས་པ་ཅུང་ཟད་ཅིག་ཐོན། ལྷག་པར། ངས་སྦྱོར་བ་སྨན་ཁྲིད་སྒང་ཞིག་ལ། དབུས་རོགས་འཛོམས་དྲུག་ལགས་ནས་རོགས་རེས་གནང་སྟེ། བོད་ལྗོངས་སྨན་རྩིས་ཁང་གི་ཡོན་ཀྲང་བློ་བཟང་རྡོ་རྗེ་ལགས་ཀྱིས་བརྩམས་པའི་སྨན་གྱི་འཁྲུངས་དཔེ་སྤུས་ལེགས་ཅན་ཚར་ལྔ་བཅུ་ལྷག་ཅིག་གཟིགས་འབུལ་སྐུར་གནང་བྱུང་བས། ང་དང་སློབ་མ་ཀུན་ལ་ཕན་ཐོགས་ཆེན་པོ་བྱུང་། གྲུབ་པ་ལུས་ལ། རྩིས་འཕྲུལ་དུ་བྱང་ཁོག་ཡུལ་ཐིག་སོགས་མི་ལུས་ཞིབ་ཆ་ཡོད་པ་རི་མོར་མང་དུ་བྲིས་ཏེ། འགྲེལ་བཤད་སྟབས་བདེ་དང་བཅས་སློབ་མའི་ནང་ལ་བཀྲམ་པ་སོགས་སློབ་ཐབས་ལས་སླ་བོ་རེ་རྙེད་རྒྱུ་བྱུང་། མངའ་རིས་སྐད་བཤད་ཤེས་རྒྱུ་དེར་དུས་ཚོད་ཅུང་ཟད་མང་པོ་གཏོང་དགོས་རྒྱུར་ཐུག ཚུར་བཤད་པ་དག་ལ་མི་གོ་བའི་དཀའ་ངལ་དེ་ཙམ་མེད་ནའང་། ཕར་ལབ་གཏོང་བ་ལ་ཐོགས་ཐུག་རིམ་པ་མང་པོ་ཡོང་། མངའ་རིས་སྐད་སློབ་ཐབས་ལ། དང་པོ་སེམས་ལ་དྲན་པ་ནི་སྐད་འཕྲིན་རེད། མངའ་རིས་ཀྱི་གཏམ་དཔེ་ཚོགས་པ་དང་། ལ་ཤགས་ཚོགས་པ་འགའ་ལ་ཞུགས་ཏེ། ལོ་འཁོར་ཙམ་ལ་ལྐོག་ཉན་བྱས་ཏེ་བསྡད་པས་ཕན་ཐོགས་པོ་ཞེ་དྲག་བྱུང་མོད། གཞུག་ལ་གཏམ་དང་གླུ་མི་གཏོང་བ་རྣམས་རྒྱང་ཕུད་བྱས་སོང་། མང་ཆེ་བ་ཞིག་ངའི་སློབ་མ་རྣམས་དགེ་རྒན་ལ་བསྟེན་ཏེ་སྦྱངས་པ་ཡིན། སློབ་མ་སྙན་གྲགས་ལགས་ནས་ང་ལ་མཚོ་ཆེན་གྱི་སྐད་ལུགས་མང་པོ་སློབ་མྱོང་ཡོད། ཁོ་སྐད་ཆ་བཤད་རྒྱུར་མཁས་པོ་ཞེ་དྲག་ཡོད། ཁོ་རང་ཚོའི་ཕ་ཡུལ་གྱི་ཕོ་ལོ་ལྔ་གསུམ་བཅོ་ལྔར་བུད་ན་ཚོང་ཁ་མཆུ་གཉིས་ཀྱི་རྒྱག་ཚོད་ཤེས་ཞེས་པའི་གཏམ་དཔེ་དང་འབྲེལ་ཏེ། ང་ལ་གྱོད་དང་ཁ་མཆུའི་སྐོར་ཡང་མང་པོ་བཤད། མཚམས་མཚམས་ཁོ་ལ་ཁ་མ་བཀག་ན། ཚོད་མི་ཟིན་རྒྱུ་ཡོད། སློབ་མ་འགྱུར་མེད་ཚེ་བརྟན་ལགས་སྒེར་རྩེ་བསེ་འཁོར་ནས་ཡིན་ཞིང་། སྒེར་རྩེ་ཕྱི་ཡི་ལྕགས་རི་བསེ་འཁོར་ནང་གི་ནོར་བུ་ཞེས་ཁོ་རང་ཚོ་ནི་མངའ་རིས་ཀྱི་ས་སྐྱེས་རྡོ་སྐྱེས་ཀྱི་འབྲོག་པ་ཁག་ཅིག་རེད། རྒྱན་ཆ་སྤྲས་ལུགས་ཀྱང་ཐུན་མོང་མ་ཡིན་པ་ཞིག་ཡོད། ཐེངས་མང་པོ་ཞིག་ལ་ཁོས་རང་གི་ཕ་ཡུལ་གྱི་བཤད་པ་ལ་སོགས་ཡིག་ངོར་ཕབ་པ་རྣམས་ངས་དེར་ཞུ་དག་གཏོང་ཁུལ་དང་ལྷན་དུ་བགྲོ་གླེང་བྱས་པས། ཕན་ཐོགས་བླ་ལྷག་བྱུང་། དངོས་གྲུབ་སྒྲོལ་མ་སོགས་ཉ་མ་མང་དག་ཅིག་གིས་ནི་ང་ལ་མངའ་རིས་ཀྱི་དམངས་གཞས་མང་པོ་བསླབས་མྱོང་ཡོད། གདངས་སྙན་ཁར་ཚིག་གོ་རྒྱུ་ཅན་ཡང་མང་པོ་འདུག ངས་ཞབས་བྲོའང་ཁ་ཤས་སྦྱངས་པ་ཡིན། ད་དུང་སློབ་མ་གཞན་རྣམས་ཀྱིས་ཀྱང་ང་ལ་ཚིག་རེ་རེ་གཉིས་རེ་ཙམ་བསླབས་མ་མྱོང་བ་ཕལ་ཆེར་མེད། དེ་དག་གི་ཁྲོད་དུ་ཐུག་པའི་ཐ་སྙད་སྣ་ཚོགས་ལ་དྲི་བ་མང་དུ་བཏང་བས། ང་ལ་ཕན་ཐོགས་དཔེ་མེད་བྱུང་ཁར། ཁ་ཤས་ཤིག་ངས་ཀྱང་ཕར་འགྲེལ་ཐུབ་པ་འདུག་ཕྱིར། ཁོང་རྣམས་ལའང་ཕན་ཐོགས་བྱུང་ཞེས་ནར་མར་བཤད་སྲོལ་ཡོད། སྤུ་ཧྲེང་དང་། རྩ་མདའ་བ་རྣམས་ལ་ཁྱོན་ནས་གོ་མྱོང་མེད་པའི་ཁ་ལུགས་ཧ་ལས་པ་དེ་འདྲ་ཡོད། བྱང་གི་སྒེར་རྩེ་བ་རྣམས་ལ་ཁམས་སྐད་ཀྱི་གདངས་ཡོང་བ་ཡོད། དགེ་རྒྱས་དང་མཚོ་ཆེན་རྣམས་ལ་ནི་ཨམ་སྐད་དང་འདྲ་ཆེ་སེ་ཅན་གྱི་ཐ་སྙད་མང་པོ་འདུག་མོད། སྒྲ་འབྱིན་ལུགས་ཅུང་ཟད་མི་འདྲ་བ་ཡོད། ཁ་ལུགས་ཟེར་སྟངས་ལ་བར་ཐག་རིང་ཙམ་ཡོད་པ་ཤ་སྟག་ཡིན། ཡིན་ནའང་ཚང་མ་བོད་སྐད་རང་ཡིན་པས། ཅིག་ཤེས་ཀུན་གྲོལ་དུ་ཡོང་བའང་བགྲང་གིས་མི་ལང་། མངའ་རིས་ནས་བསྡད་པའི་ལོ་གཉིས་པ་ཙམ་ན། ཁོ་བོས་མངའ་རིས་ཀྱི་སྐད་དེ་ཐེབས་ཆག་ཅིག་རྒྱག་ཐུབ་པ་བྱུང་།
        སློབ་མ་རྣམས་ལ་སྨན་གཞུང་ཁྲིད་པ་དེས་ང་ལའང་གཞུང་ལུགས་ཀྱི་གོ་དོན་སྲ་བརྟན་ཡོང་བར་ཕན་ཐོགས་དཔེ་མེད་ཅིག་ཡོང་གིན་ཡོད་ནའང་། སློབ་མ་དག་གི་སྐད་ཡིག་གི་རྨང་གཞི་དེར་ལ་ཉེ་དེ་ཙམ་མེད་པ་མཐོང་རྗེས། ངའི་སྨན་གཞུང་གི་སློབ་ཁྲིད་རེ་གཉིས་ཤིག་དགེ་རྒན་འགའ་ཞིག་དང་བརྗེ་བོ་རྒྱག་དགོས་ཚུལ་ཞུས་ཏེ། གུས་པས་སུམ་རྟགས་དག་གསུམ་ཞིག་ཁྲིད་འདོད་པའི་སྙན་སེང་ཞུས་པ་ཡིན། སློབ་མ་རེ་གཉིས་ཤིག་ལ་ཡི་གེ་སྦྱོར་ཀློག་བྱས་ནས་བསླབས། ཨམ་སྐད་དུ་ཡི་གེ་སྦྱོར་ཀློག་ལ་ཚེག་འདེད་ཅེས་པ་ཞིག་ཟེར་བ་ལྟར། མངའ་རིས་རང་གིས་དེ་ལ་ཀ་འདེད་ཅ་འདེད་ཟེར། ཀ་འདེད་ཅ་འདེད་མང་ཙམ་གནང་རོགས་ཞེས་པས་ཀློག་ཡག་ཏུ་འགྲོ་མཁན་མང་པོ་བྱུང་། དང་པོ་དག་ཏུ། ལེགས་བཤད་ལྗོན་དབང་ལ་མཁས་པའི་བཞེད་པ་ཁ་ཤས་དང་། ལུང་རེ་འགའ་དྲངས་ཏེ་ཆེན་པོ་བསྐོར་ནས་བཤད་ཁུལ་བྱས་ཀྱང་སློབ་མ་རྣམས་ཉོབ་ཀྱིན་འདུག དེ་ནས་ཁྲིད་ཐབས་བསྒྱུར་དགོས་མིན་ལ་བསམ་བློ་བཏང་བར། ཁོ་ཚོ་འདི་གར་ལོ་གསུམ་ལ་མ་གཏོགས་སྡོད་ཡུན་མེད་པས་ན།དེ་ཙམ་ཞིབ་བཤད་ཅིག་དུས་ཚོད་ཀྱིས་ཀྱང་མི་འདང་བ་དྲན་ཞིང་། སུམ་རྟགས་ཀྱི་སྦྱངས་འབྲས་དེ་ཉིད་ཡིག་ཚགས་ལའང་མི་འཁོད་ཅིང་། ད་དུང་ཁོ་རང་ཚོ་བརྡ་སྤྲོད་ཆེད་ལས་གཉེར་མཁན་ཡང་མིན་པར་འདོད་པ་དང་། ངའི་སློབ་གྲོགས་ཀྱི་ནང་ན་སུམ་རྟགས་སོགས་བློ་ལ་ཐག་ཐག་འགྲོ་བ་མང་མོད། ཡིག་རྩ་བེད་སྤྱོད་ལ་འཇོན་མཁན་རབ་ཅིག་ཉུང་བས། སྐད་ཡིག་འདི་རྣམ་ཀུན་ཏུ་བེད་སྤྱོད་ཡོང་རྒྱུ་ཞིག་དང་ཁོ་རང་ཚོར་ཕན་ཐོགས་རྒྱུ་ཞིག་དགོས་པར་དྲན་ཏེ། ཐབས་ཤེས་སྣ་ཚོགས་འཐེན། སློབ་ཚན་ཞིག་ལ་རྣམ་དབྱེ་བཞི་པ་དགོས་ཆེད་བཤད་དེ། བར་ཞིག་ནས་ངའང་མགོ་འཁོར་བས། ཕྱིས་སུ་རྣམ་དབྱེ་གཉིས་པ་དང་། བཞི་པ་སོགས་ལ་དཔེར་བརྗོད་ཀྱི་དབྱེ་ཞིབ་མེད་པར་བྱས་ཏེ། ལ་དོན་རྣམ་པ་བདུན་དེ་རྗེས་འཇུག་དང་བསྟུན་པའི་འཁོལ་ཤེས་ཐབས་ཙམ་འབད་པས། སློབ་མ་རྣམས་ལ་ལས་སླ་པོ་ཞེ་དྲག་བྱུང་། ངས་ཀྱང་དེ་ལྟར་བསམས། ང་པར་ཆས་ལེན་དུ་ཉལ་ཁང་ལ་སོང་ཞེས་པ་འདི་རྩོམ་ཞིག་ལ་བྲིས་པའི་དབང་དུ་བཏང་ན། ཧ་ལམ་སུས་ཀྱང་ཚིག་འདི་རྣམ་དབྱེ་གཉིས་པ་བཞི་པ་གང་ཡིན་མིན་ལ་ཁ་ཡ་བྱེད་མི་སྲིད་པས། གཉིས་བཞི་དག་ལ་དེ་ཙམ་ཞིག་རྩོད་པ་བརྒྱབ་ན་ཆོ་མི་འདུག་སྙམ། རྣམ་དབྱེ་དྲུག་པ་ལའང་བདག་གཅིག་འབྲེལ་སོགས་ཀྱི་ནང་ཚན་དེ་དག་གི་དབྱེ་ཞིབ་སོང་མེད། སློབ་མ་རྣམས་ཀྱིས་དཔེ་བརྗོད་བཞག་པ་ལ། ཕྲད་ནོར་མེད། བདག་པོ་དང་ཡུལ་ཡང་འགྲིག་ན། དེ་ཙམ་གྱིས་ངའང་མགུ་གང་། བྱེད་སྒྲའང་མང་ཤས་ལ་ལས་སླ་པོ་བྱུང་། བྱེད་པ་པོ་གཉིས་གསུམ་ཡོད་པའི་བྱ་བའང་མི་གཅིག་པའི་ཚིག་རིང་ཐག་ཅན་ལ་ཅུང་ཙམ་མགོ་འཐོམས་ཀྱིན་འདུག་མོད། ང་ཚོས་དེ་ལ་བྱེད་སྒྲ་ཕྱི་ནང་ཅན་ཞེས་པའི་མིང་ཞིག་བཏགས་ཏེ། ཁ་སྐད་ཀྱི་ལམ་ནས་གསེད་བཀྲོལ་བྱས་པས་གོ་སླ་བར་སོང་། དེ་ནི་དཔེར་ན། ངས་དེ་རིང་སྲི་ཆོད་ཀྱིས་ང་ལ་བསྐུར་བའི་འཕྲིན་ཡིག་དེར་ལན་ཞིག་བྲིས་པ་ཡིན་ཞེས་པར་མཚོན་ན།ངའི་བྱ་བ་བྲིས་པ་དེ་རེད།སྲི་ཆོད་ཀྱི་བྱ་བ་བསྐུར་བ་དེ་རེད། དེ་རིགས་ཕྱི་ནང་བྱས་ནས་ཡོད་པར། ནམ་རྒྱུན་ཁ་སྐད་དུ་ཅི་འདྲ་བཤད་པ་དེ་ལྟར་དུ་སོམས་ཞེས་པས་ཚང་མར་ལས་སླ་པོ་བྱུང་། ཡང་བརྡ་སྤྲོད་ལ་སྤྲོ་བ་ངེས་ཅན་ཡོད་མཁན་དག་གིས་གཞུང་གཞན་ལ་ལྟ་བར་གྱིས་ཞེས་ཀྱང་བསྐུལ། ངས་མཚམས་མཚམས་ཁོ་ཚོར་ཁ་པར་བེད་སྤྱོད་གཏོང་སྟངས་ཀྱང་བཤད་མྱོང་། དྲ་ཐོག་ནས་ཅ་ལག་ཉོ་སྒྲུབ་སོགས་ལ་སྒོར་མོ་ཁ་བསླུ་མི་ཐེབས་ཙམ་ཞིག་ལས་གཏིང་ཟབ་པོ་ཅང་མེད། ཁ་པར་བཀྱགས་ནས་རང་ཉིད་ལ་པར་ལེན་ན། དེའི་ཟུར་ཚད་དང་། པར་ངོས་གྲུབ་བགོ། འོད་ལ་བསྟུན་ཚད་ལྟ་བུ། ད་དུང་གཟུགས་པོ་ཆུང་བ་དག་ལ་རིང་སྣང་ཡོང་བའི་ཐབས་ཤེས་སོགས་སློབ་མ་བུ་མོ་དག་ཀྱང་ངོ་ཚ་ཞོར་མཚར་སྣང་བྱས་ནས་ཉན་གྱིན་རེད། དེང་སང་ཁ་པར་གྱི་བྱེད་ནུས་ཧ་ལས་པ་རེད། འཁྱུག་སྒོ་དང་འོད་ཀོར་སོགས་ཆེད་སྤྱོད་པར་ཆས་ནང་བཞིན་སྒྲིག་རྒྱུ་འདུག ཟླ་དཀར་འོག་ནས་ཉིན་མོ་དང་དབྱེར་མེད་པའི་པར་ལེན་ཐུབ་པ་མ་ཟད། ནམ་མཁའི་དགུ་ཚིགས་ཀྱང་ཧ་ཅང་གསལ་པོར་ལེན་ཐུབ་པ་ཡོད།
        ངས་ཁོ་ཚོར་ནམ་རྒྱུན་བཤད་སྲིད་པའི་ཚིག་གཅིག་ནི།ང་ཚོ་ལ་མཚོན་ན་བོད་ཡིག་ནི་ཤེས་སླ་པོ་ཞེ་དྲག་ཡོད་རེད། རྒྱུ་མཚན་ནི་ང་ཚོ་ལ་བོད་སྐད་ཀྱི་རྨང་གཞི་ཡག་པོ་ཡོད་པས་རེད། དེང་སང་ཕྱི་རྒྱལ་ཁ་ཤས་ཀྱིས་ཀྱང་བོད་ཡིག་སློབ་ཀྱིན་ཡོད་པ་འདྲ། སྙིང་རྗེ་ན་རྗེ་རྒྱུ་དེ་ཚོར་གདའ་ཨང་། གཅིག་ནས་སྐད་རིགས་ཆ་མེད། གཉིས་ནས་ཡི་གེ་ཆ་མེད། བཏོན་ན་སྒྲ་གདངས་ཆ་མེད། ང་ཚོ་དེ་འདྲ་མ་རེད་པ། བཏོན་ན་ཕལ་ཆེར་རང་རང་སོ་སོའི་ལུང་པའི་སྐད་རེད། དེ་འདྲའི་ལས་སླ་པོ་ཞིག་ག་པར་ཡོད་རེད་ཅེས་པས་སློབ་མ་རྣམས་དགའ་མདོག་བྱེད། མཚམས་མཚམས་སློབ་ཁྲིད་གྲོལ་བར་སྐར་མ་ལྔ་ཙམ་ནས་ངལ་གསོས་ཏེ་གླུ་དབྱངས་ལེན་སྲོལ་ཡོད། ཡུལ་གྲུ་མི་འདྲ་བ་ཅི་རིགས་ཀྱི་གླུ་དབྱངས་ལེན་པ་ཡིན། གླུ་ལེན་པ་ནི་སྤྲོ་གསེང་ཁོ་ནའི་ཆེད་ཀྱང་མིན་ཏེ། གླུ་ཚིག་ཁ་ཤས་རྩོམ་དུ་བཀོལ་ན་བྲོ་བ་སྙན་ལུགས་མི་འདྲ་བ་ཡོད། ང་རང་མངའ་རིས་པའི་གླུ་སྐད་ལ་དཔེ་མེད་དགའ་བས།ངེད་བུ་སྤུན་གསུམ་པོ་དང་།རི་དེ་ཁ་རགས་རི།སེ་ལོ་མོ།འཇའ་ཚོན་དགོན་པ་སོགས་མངའ་རིས་ཀྱི་གླུ་དབྱངས་བཅུ་གྲངས་ཤིག་ལེན་ཤེས་པ་ཡོད། ཁོ་ཚོ་ཡང་ཨ་མདོ་པའི་གླུ་སྐད་ལ་ཧ་ཅང་དགའ་སྟེ། ཨ་ཁུ་པད་མ་དང་། སྤང་རྒྱན་མེ་ཏོག་སོགས་ཨམ་ལུགས་ཀྱི་མགོ་ཅུང་ཟད་འདར་བའི་བཟོ་ལྟ་དང་བཅས་ལེན་ཤེས། སློབ་མ་ཞིག་གིས་བདུད་བྷེའི་རྡུང་ལེན་རྣམས་ལ་མཉན་ནས་ཚིགས་བཅད་ཡག་པོ་འབྲི་ཤེས་སོང་ཟེར་བ་དེའང་བདེན།གཟའ་མཇུག་དག་ཏུ་ང་ཚོ་སྐོར་གཞས་དངdisco ལ་དབྱིངས་ཚུད་ཀྱིན་ཡོད། འཛིན་གྲྭ་ལ་ཁྱེར་བདེ་བའི་སྒྲ་སྒམ་དེ་འདྲ་གཉིས་ཡོད། གཅིག་གི་གློག་ཚར་ན་གཅིག་དེར་མཐུད་ནས་འཁྲབ་རྒྱུ་རེད།
        ངའི་སློབ་མ་རྣམས་མི་ལ་གུས་ཞབས་བྱེད་པར་གོམས་གཤིས་ཧང་སང་བ་ཞིག་ཡོད། དགེ་རྒན་ལ་ཐུག་ཚེ་ཟུར་ནས་མགོ་བསྒུར་ཏེ། དགེ་རྒན་མ་སོང་བར་དུ་དེ་གར་ལངས་ནས་འདུག་པ་རེད། དང་པོ་དག་ཏུ་ང་རང་ཧ་ཅང་ཡང་མི་ལོབས་པ་ཞིག་བྱུང་མོད། རྗེས་སུ་ཁ་ཡ་དེ་ཙམ་བྱེད་ཀྱིན་མེད། ཆེད་ལས་གཞན་དག་གི་སློབ་མ་རྣམས་ནི་གྱང་ལ་མཆོང་བ་དང་། སློབ་བྱོལ་བྱེད་པ་སོགས་ཀྱི་གནས་ཚུལ་མང་དུ་གོ་རྒྱུ་འདུག་ཅིང་། དགེ་རྒན་ཞིག་གིས་ང་ལ་ཁྱོད་ཀྱིས་སློབ་མར་ཇི་ལྟར་སློབ་གསོ་བརྒྱབ་པ་ཡིན་ཞེས་དུས་ཚོད་བྱུང་ན་མོ་རང་གི་འཛིན་གྲྭར་འཆད་ཁྲིད་ཅིག་བྱོས་ཟེར་བར། ངས་ངའི་སློབ་མ་རྣམས་ཡག་པོ་ཡོད་པ་འདྲ་ཞེས་བཤད་ལུགས་ཀྱིས་འཆད་ཁྲིད་ཟེར་བ་དེ་དང་ལེན་བྱས་མེད། མ་གཞི་ངའི་སློབ་མའི་ནང་ནའང་སློབ་བྱོལ་བྱེད་མཁན་ཁ་ཤས་ཡོད་མོད། དོན་དག་ཡོད་ན་དགོངས་པ་ཞུ་རོགས་ཞེས་པ་ནས་བཟུང་། སློབ་བྱོལ་བྱེད་མཁན་ཕལ་ཆེར་མ་བྱུང་། ཡིན་ནའང་སློབ་གསེང་ལ་དགོངས་པ་ཞུ་མཁན་ཇེ་མང་ལ་ཕྱིན་སོང་། དེ་ཟེར་ན་ངའི་སྒྲོག་ཙེ་འགབ་མ་ཞིག་གི་ནང་ན། དག་བཅོས་བྱས་པའི་དགོངས་ཞུ་ཡི་གེ་པོ་ཏིར་ལོངས་པ་འགའ་ཡོད།
        ཐོག་མ་དག་ཏུ་སློབ་མ་མང་ཤས་ཀྱི་ཉིན་ཐོ་ལ་བལྟས་ན་ང་རང་སྒྱིད་ལུག་པར་འགྱུར། ཁ་ཤས་ཀྱི་དེར་ཅི་ཞིག་བཤད་ཀྱིན་པའང་ཤེས་ཀྱིན་མི་འདུག ངས་རྩོམ་རྣམས་མགོ་ནས་མཇུག་བར་དུ་བཀླགས་ཚར་ནའང་། གནས་ཚུལ་ག་རེ་བྱུང་མིན་ང་ལ་བག་ཆགས་མི་འདུག ངས་ཁོ་ཚོར་ཐབས་བཀོད་ལས་སླ་པོ་ཞིག་བཤད་པ་ཡིན། རང་གི་ཁ་སྐད་ཀྱི་བྲོ་བ་མ་ཡལ་བའི་ལུགས་ཀྱིས་ཚིག་གཅིག་ཙམ་ཞིག་ཡིག་སྐད་ཀྱིས་ཕྲིས་ཤོག་ཅེས་པས། དགོད་བྲོ་བོ་ཞིག་བྱུང་། ངས་ཚང་མའི་དེ་ཧ་གོ་གི་འདུག་མོད། མང་ཤས་ཤིག་གི་དེ་རང་ཉིད་ཀྱི་སྐད་ཆ་ངོ་མ་རེད་མི་འདུག ཨེ་མ། སྤྲིན་དཀར་ཅིག་ཅིག་ཉིག་ཉིག ནམ་མཁའ་ཅིག་ཅིག་ཉིག་ཉིག་ཅེས་ས་ཐོག་ནས་གོམ་པ་རྒྱག་རྒྱུ་དེ་ཤེས་ཀྱིན་མེད་པ་འདྲ། སློབ་མ་མང་པོ་ཞིག་ལ་ཡི་གེ་ཕྲིས་ཤོག་ཅེ་ན་རྩོམ་སྐད་ལྟ་བུ་རེ་གྲགས་ནས་ཡོང་རྒྱུའི་བག་ཆགས་ཤིག་འདུག བོད་ཡིག་གིས་རང་གི་སྐད་ཆ་ངོ་མ་དེ་འབྲིར་མ་བཏུབ་པས། གཟའ་མཇུག་སོགས་ལ་ཁོ་ཚོའི་སྐད་འཕྲིན་ནང་དུ། ད་གཟོད་རང་གི་སྐད་ཆ་ངོ་མ་དེ་རྒྱ་ཡིག་གིས་བྲིས་ནས་སྤེལ་བཞིན་འདུག རྒྱ་ཡིག་གིས་བྲིས་པའི་ནང་དོན་དེ་ཚོ་ད་གཟོད་ངས་རེ་ཞིང་བསྒུགས་པ་དེ་རེད་ཨང་། ཁ་ཤས་ཀྱིས་བོད་ཡིག་ཅུང་ཟད་རེ་འབྲི་མོད། བརྡ་རྙིང་དང་མངོན་བརྗོད་རེ་རྡོ་ཆག་བཙན་སྒྲིག་བྱས་ནས་མི་ལ་གོ་བརྡ་ནུས་པ་འགའ་ཡང་མེད།
        སློབ་མ་ཞིག་གིས་ང་ལ། རྒན་ལགས་ཁྱེད་ཀྱིས་བྲིས་པའི་སྙན་ངག་དེ་དག་ནང་བཞིན་གཞན་གྱིས་གོ་རྒྱུ་མེད་པ་དེ་འདྲ་བྲིས་ན་སེམས་ནས་སྐྱིད་པོ་ཞིག་འདུག་ཟེར། སྐད་ཆ་དེ་གོ་མ་ཐག ཨ་ཁ། ཁོ་བོ་ཅུང་ཟད་ཅིག་ལ་ཧད་དེ་ལུས། ངའང་སྔོན་ཆད་ཁྱེད་ཚོའི་སྐབས་དེ་འདྲ་ལ། དེ་ལྟར་བསླབས་ནས་ཡོང་བ་རེད། རྗེས་སོར་ཁྱེད་ཚོའང་གང་འཚམ་རང་རྐྱ་ཐུབ་པ་བྱུང་ན། སྙན་ངག་ཁ་དམ་པ་འབྲི་ཆོག་པ་རེད་ཅེས་ལན་བཏབ་མོད། ལན་དེ་ནི་གནས་སྐབས་ཙམ་ལ་སློབ་མ་དེའི་མགོ་སྐོར་སྤྱད་ཀྱི་སླ་ཆོས་བྱེད་ཐབས་ཤིག་ཡིན་པ་ངའི་སེམས་སུ་ཧ་ཅང་གསལ །ཕྱིས་སུ་རང་གིས་སློབ་མ་རྣམས་ལ་མིག་དཔེ་ངན་པ་ཞིག་སྟོན་གྱིན་སྙམ་པའི་དོགས་འདྲོགས་ལངས་མགོ་བརྩམས། ང་རང་སྔོན་ཆད་དག་ཏུ་ལྷུག་རྩོམ་འབྲི་བར་དེ་ཙམ་དགའ་བོ་མེད། ཅིག་བྲིས་པ་རྣམས་ཀྱང་། དོན་རྩ་ཆུང་ཁར་ཚིག་སྦྱོར་ཁོ་ནའི་སྟེང་ལ་ཤུགས་མང་པོ་བཏོན་པ་རྐྱང་རྐྱང་ཡིན། སྲོལ་རྒྱུན་སྙན་ངག་ཤིན་ཏུ་ཁ་དམ་པ་ཅན་རེ་དང་། མིས་གོ་བ་ལེན་ན་ཚིག་མཛོད་ལ་མི་འཚོལ་ཐུ་མེད་ཀྱི་ཐ་སྙད་རྙིང་པ་དགུ་ཟད་ཙམ་རེ་འབྲི་ཐུབ་མིན་ལ་ཚོད་ལྟ་ནར་མར་བྱེད་མཁན་ཞིག་ཡིན། ངས་སློབ་མ་རྣམས་ལ་ནི་ཀུན་གྱིས་གོ་བདེ་བའི་ཁ་སྐད་ཀྱི་བྲོ་བ་མ་ཡལ་བར་ཕྲིས་ཟེར་ཞོར། རང་ཉིད་ཀྱིས་བོད་ཡིག་ཚིག་མཛོད་སྒྲིག་མཁན་ཞིག་མིན་ན་ཧ་ལམ་གོ་མི་ཐུབ་པ་ཞིག་འབྲི་བའི་ཉམས་དེ་ནོར་འཁྲུལ་ཞིག་ཡིན་པར་འདོད་ནས། ནོངས་པ་ཅུང་ཟད་སྐྱེས།

        ད་ནི་ངས་ཀྱང་མི་སྐད་ཡིན་ཐག་ཆོད་ཀྱི་ཚིག་ལྷུག་རེ་འབྲི་དགོས་འདུག་ཨང་། ངས་རང་གི་རྩོམ་ཡིན་ནོ་ལོ་དེ་ཚོ་སློབ་མ་རྣམས་ལ་སྒྲོག་འདོན་དང་འོས་སྦྱོར་ཧ་ལམ་བྱས་མ་མྱོང་ནའང་། སློབ་མ་ཉུང་ཤས་ཤིག་ནམ་རྒྱུན་ནས་ང་ལ་དགའ་པོ་ཡོད་པ་མ་ཟད།ངའི་ལད་མོ་ལྟ་བུ་རེའང་བྱེད་སྤྲོ་སྟེ། རྣ་ལ་གཡུ་འདོགས་པ། ལག་རྩེད་སྤོ་ལོ་རྒྱག་པ། ཁ་པར་སྤྲད་ཚེ་ཡུལ་ལྗོངས་ལ་པར་ལེན་པ་སོགས་བྱེད་ཀྱིན་འདུག་པས། གལ་ཏེ་ངས་བརྡ་སྤྲོད་དང་མཐུན་པ། བློ་ཁ་དང་འཚམས་པའི་རྩོམ་འོས་མོ་རེ་བྲིས་ཤིང་ཁོ་ཚོས་བརྒྱ་ལ་མཐོང་བར་གྱུར་ན་ནི་ཕན་ཐོགས་ཅུང་ཟད་རེ་ཡོད་ལས་ཆེ་སྙམ། དེ་ནས་བཟུང་། ངས་ཚིག་ལྷུག་ལྷུག་ནར་མ་ནར་ཐག་ཅན་མང་པོ་ཞིག་ལ་ཚོད་ལྟ་བྱས། སློབ་ཆུང་སྐབས་སུ་ཁོ་བོ་བརྒྱུད་རིམ་དག་ཞིབ་ཚགས་ཀྱིས་འབྲི་བར་དགའ་བོ་ཞིག་ཡོད་པས། ད་རེས་ཡང་བསྐྱར་དེའི་ཐོག་ལ་ཤུགས་ཤིག་རྒྱག་འདོད་སྐྱེས། རང་གི་ཆུང་དུས་ཀྱི་འབྲི་ཐབས་ཤིག་བསྐྱར་དུ་བསྔོགས་པ་ནི་ཁོ་བོ་ན་ནིང་ཕ་ཡུལ་དུ་སོང་བར་ཨ་མས་ང་ལོ་བརྒྱད་ཡིན་དུས་ཀྱི་སྟོད་ཐུང་ཞིག་ཅིག་ནས་དྲུད་ཡོང་བ་དེ་དང་འདྲ་བོ་འདུག ད་ནི་ཚིག་ལྷུག་དག་སློབ་མ་རྣམས་ཀྱིས་མཐོང་སྲིད་པར་དྲན་ནས། མངའ་རིས་སྐད་ཅུང་ཟད་མང་དུ་བཏང་། དབུས་གཙང་གི་སྐད་ཀྱང་ཁ་ཤས་བསྲེས། སློབ་མ་རྣམས་ཨམ་སྐད་ལ་དཔེ་མེད་དགའ་བས། རང་གི་ཕ་ཡུལ་གྱི་སྐད་ཆ་ཡིག་ཐོག་ཏུ་འབྲི་བདེ་བ་འགའ་ཡང་ཟ་ཟུར་ལ་བཅུག བརྡ་རྙིང་དང་ཡིག་སྐད་ཀྱི་ཐ་སྙད་རྣམས། གོ་བདེ་བའི་ཚིག་བབ་དང་བསྟུན་ནས་མང་དུ་བཀོལ་ཏེ། ཁོ་ཚོས་རྟོགས་མི་རྟོགས་ཅི་བྱུང་ཡང་། དོན་གྱི་གོ་བ་ལ་ཕོག་ཐུག་མི་ཡོང་བའི་ཚུལ་དུ་སྦྱར། སློབ་མ་རྣམས་ཀྱིས་ངའི་རྩོམ་ལྟ་བུ་དག་མཐོང་བར་གྱུར་ན་སློབ་གསོ་ཞིག་ཀྱང་ཨེ་ནུས་སྙམ་བཞིན་ཡ་རབས་ཡག་འཛིན་གྱི་ཁ་དོག་ཅིག་ཀྱང་རྩོམ་གྱི་ཐོག་མཐའ་ཀུན་ལ་གཏོར་ཁུལ་བྱས། བརྒྱུད་རིམ་གཟབ་ནན་ལ་ཤོར་མི་ཆེ་བའི་སླད་དུ། གད་མོ་སློང་ནུས་པ་རེའང་བསྣན། སློབ་མ་རྣམས་ཀྱི་ཚིག་ཐུང་དག་ལ་ཡང་ཡིག་ལན་མང་པོ་བྲིས། ད་རེས་འདི་ལ་མ་གཏོགས་སློབ་གྲྭར་འགྲོ་མྱོང་མེད་པའི་སྐལ་བཟང་ཆོས་སྒྲོན་ནམ་སློབ་མ་ཚོས་ཨ་ཆེ་འབྲོག་མོ་ཟེར་བ་ལགས་ལ་ངས་ཕལ་ཆེར་ཡིག་ལན་གོ་བདེ་མང་པོ་བྲིས་ཡོད་པ་དྲན། མོ་རང་ལ་མཚོན་ན་འདི་གར་སླེབས་ཚུན་ནས་བོད་ཡིག་སྦྱོང་མགོ་བརྩམས་པ་ཡིན་མོད། ལོ་གསུམ་སོང་རྗེས། སྐལ་བཟང་ཆོས་སྒྲོན་ལགས་ཀྱི་བོད་ཡིག་གི་རྨང་གཞི་དེ་ཡར་རྒྱས་ཆེ་བ་ལ་ང་རང་ཧ་ལས་དགོས་པ་ཞིག་བྱུང་། སྐབས་ཤིག་ཡང་ང་ལ་བསམ་བློ་ཞིག་འཁོར་ནས་སློབ་མ་ཚོར་ཆ་རྒྱུས་ཡོད་པ་རེ་བྲིས་ན་བཟང་སྙམ་ནས།སློབ་གྲྭའི་ཁོངས་གཏོགས་སྨན་ཁང་གི་ཨེམ་ཆི་རྒན་ཕུར་བུ་རྒྱལ་མཚན་ལགས་དང་ངོ་ཤེས་པའི་སྐོར་དེ་ཚིག་བབ་ཆགས་ཅན་ཞིག་གིས་བྲིས་པར། སློབ་མ་མང་ཤས་ནས་རྒན་ལགས་ཀྱི་རྩོམ་འདི་ཀློག་དུས་ཁ་གསལ་གོ་བདེ་ཞིག་བྱུང་གསུངས་པས། སྐྱིད་སྣང་དཔེ་མི་སྲིད་པ་ཞིག་ཤར། དེ་ནས་བཟུང་། ཁོམ་ལོང་རེ་བྱུང་ན་མུ་མཐུད་དུ་རྩོམ་བརྒྱབ། གཟའ་མཇུག་ལ་ཁོ་ཚོར་ཁ་པར་སྤྲོད་པ་ཡིན་པས་གཟའ་སྤེན་པར་དེ་བས་ཀྱང་མང་ཙམ་འབྲི་ཨེ་ཐུབ་བལྟས། སློབ་མ་པ་ནོར་ལགས་དགེ་རྒན་གཞན་གྱིས་བལྟས་ན་ཅུང་ཟད་བསྟན་དགྲ་ཚ་བོ་ཞིག་ཡོད་ནའང་། ང་ཁོ་ལ་ཡིད་ཆེས་ཆེན་པོ་ཡོད་ཅིང་ཁོའང་སློབ་སྦྱོང་ལ་ཚོར་བ་ཏིལ་ཙམ་ཞིག་སླེབས་ཀྱིན་པའི་སྐབས་ཤིག་ན། ཁོ་རང་སློབ་མ་ནང་ཚགས་དང་འཛིང་རེས་ཤོར་ཉེས་ཀྱིས། སློབ་གྲྭས་ཕྱིར་འཕུད་བྱེད་རྒྱུའི་ཐག་གཅོད་བྱས་འདུག་པར། ངས་ཀྱང་གོ་སྐབས་ཤིག་སྤྲོད་འོས་ཚུལ་ཞུས་མོད།རྔོ་མ་ཐོགས་པས། ཧ་ཅང་ཡང་ཕངས་སེམས་འཆོར་བ་ཞིག་ཆགས། ཉིན་ཁ་ཤས་ཤིག་ལ་ཁོ་བོའང་སེམས་མ་སྐྱིད་པར་བསྡད། དེ་ལུགས་ལྷུག་རྩོམ་ཞིག་ཏུ་བྲིས་པར། སློབ་མ་བུ་མོ་ཁ་ཤས་ནས་ཀྱང་མིག་ཆུ་ཡོང་བ་ཞིག་གདའ་ཟེར་བ་སོགས་མང་ཤས་ཤིག་གིས་ངའི་ཁ་གསལ་གོ་བདེའི་རྩོམ་སྟངས་འདི་དང་ལེན་བྱེད་ཀྱིན་ཡོད་པ་འདྲ། རིམ་གྱིས་ཁོ་ཚོའི་ཉིན་ཐོ་རྣམས་བབ་ཆགས། འགྲོས་དལ། རང་གི་སྐད་ཆ་ངོ་མ་དང་ཚོར་བ་རྣལ་མ། སྐད་འཕྲིན་དུ་བོད་ཡིག་འབྲི་མཁན་ཡང་ཅུང་ཟད་ཇེ་མང་རེད། དེ་མ་ཡིན་པའི་བོར་དངོས་འཚོལ་ཡིག་དང་། ཅ་ལག་རྙེད་པའི་བརྡ་ཡིག ཡར་མར་ལ་འགྲོ་བའི་རླངས་འཁོར་འཚོལ་ཡིག་སོགས་ཀྱང་དོན་རྫོགས་པར་སྟོན་པ་གོ་སླ་བ་རེ་འབྲི། ལྷག་པར་དངོས་གྲུབ་སྒྲོལ་མ་ལགས་ནས་ནམ་རྒྱུན་ངས་སློབ་མ་ཚོར་རང་ཉིད་བརྒྱུད་པའི་དོན་དག་རྣམས་ཞིབ་ཚགས་ཀྱིས་འབྲི་རོགས་ཞེས་པ་ལྟར་མོ་རང་གི་དོན་དག་ཕལ་ཆེར་ཞིག་རྩོམ་ལ་འབྲི་བཞིན་ཡོད། ཉིན་ཞིག་ངས་སློབ་མ་རེ་གཉིས་ཤིག་དགེ་རྒན་གཞན་གྱི་སློབ་ཁྲིད་ལ་ཡག་པོ་སྡོད་མ་ཚུགས་པ་གོ་བས། ཁོ་ཚོར་གཤེ་གཤེ་ཅུང་ཟད་ཅིག་བཏང་མོད། དངོས་གྲུབ་སྒྲོལ་མ་ལགས་ལ་སེམས་འགུལ་ཐེབས་པ་ཡིན་མིན་ཅི་ཤེས་ཀྱང་། མིག་ཆུ་འོང་ལེ་ཞིག་ངུ་བཞིན་འདུག མོས་དེ་ལའང་དགེ་རྒན་གྱིས་ང་ཚོར་གཤེ་གཤེ་ཐོག་མར་བཏང་བ་ཞེས་པའི་རྩོམ་ཞིག་བྲིས་ཡོད་པ་འདྲ། ཚང་མའང་དེ་འདྲ་མིན་ཏེ། གང་ལྟར་ཁོ་ཚོ་རང་རང་གི་རིག་པ་དང་བརྩོན་འགྲུས་ཅི་འདྲ་བཏང་ཚོད་ཀྱིས་ཡར་རྒྱས་དེ་ཚོད་རེ་འགྲོ་བཞིན་པ་ངས་ཕལ་ཆེར་མཐོང་གིན་ཡོད།
        སློབ་མ་ཚོའི་ནང་དུ། དབུ་མེད་རྫིག་པོ་འབྲི་མཁན་མང་པོ་ཡོད། ཁོ་ཚོའི་འཁྱུག་ཆེན་དེ་དག་གི་འཁྲིས་ནས་ངའི་ལྕགས་ཐག་མ་ཚོར་མདོག་ཤོར་རྒྱུ་ཞིག་ཡོད་མོད།དབུ་ཅན་བྲིས་ན་ཁོ་ཚོས་ང་ལ་གླགས་ཁེལ་གྱིན་མེད། ཁོ་ཚོས་ང་ལ་དབུ་ཅན་འབྲི་སྟངས་སློབ་རོགས་ཞེས་པས། ངས་མངའ་རིས་ཀྱི་མི་ཞིག་ཡིན་ན་མངའ་རིས་རང་གི་ཁྱད་ཆོས་ཤིག་དགོས་པར་བསམས་ཏེ། དེ་སྔོན་རྒན་ཕུར་བུས་ང་ལ་མངའ་རིས་ཀྱི་མཆོད་རྟེན་ཞིག་རོ་དང་། ས་འོག་ནས་ཐོན་པའི་དཔེ་རྙིང་སྣ་རིང་མ་དབུ་ཅན་གྱི་ཡིག་གཟུགས་ལ་ཅི་བས་ཀྱང་ཧ་ལས་དགོས་ས་འགའ་ཞིག་གི་འདྲ་པར་བསྟན་པ་དག་དྲན་ཏེ། ཉིན་ཞིག་རྒན་ལགས་ལ་འོ་བརྒྱལ་བཟོ་ལུགས་ཀྱིས་དཀར་དུམ་ཉི་ཟུང་མཁར་ལ་ཕྱིན་ནས། དཔེ་རྙིང་དེ་དག་ལ་ལག་པས་དངོས་སུ་ཐུག་པའི་སྐལ་བ་བྱུང་ཞིང་། ཤོག་གྲངས་མང་དག་ཅིག་གི་ངོས་རྣམས་གསལ་བྱེད་ཀ་དཔེར་ཚང་བ་ཙམ་ཞིག་པར་དུ་བཏབ། ཕྱིར་ལ་ལོག་ནས་དེ་རྣམས་སྦྱངས། རྒན་ལགས་དང་ལྷན་དུ་དཔེ་རྙིང་གི་སྣག་ཚ་སོང་ཤུལ་ལ་དཔྱད་ནས་སྨྱུག་རིམ་ཕལ་ཆེར་ཞིག་རྒྱུ་མཚན་དང་བཅས་ཏེ་གཏན་ལ་ཕབ། དེར་སློབ་མ་ཚོས་ཀྱང་ཡག་སྣང་འདྲ་བྱེད་ཀྱིན་འདུག མང་ཤས་ཤིག་དང་ང་ཚོའི་དབུ་ཅན་ཡིག་གཟུགས་ཤིན་ཏུ་འདྲ། སྙན་གྲགས་ཀྱིས་བྲིས་པའི་ཡིག་གཟུགས་སྐོར་ཞིག་ལ་ཁོ་ཚོ་སློབ་མའི་ནང་དུ། སྐུ་མཁྱེན་འདི་རྒན་ལྕགས་འབུམ་གྱི་ཡིག་གཟུགས་རེད་ཅེས་རྩོད་པ་ཤོར་བའང་བཤད་རྒྱུ་འདུག ཡིག་གཟུགས་དེ་ཅུང་ཟད་སྙེ་བྲིས་དང་འདྲ་བ་ཞིག་ཡོད། དབུ་ཚང་མར་ཟླ་གམ་གྱི་དབྱིབས་ཤེས་མི་ཤེས་ཙམ་ཞིག་ཡོད། སྟ་དང་སྤྲ། སྩ་དང་རྩ་སོགས་ལ་ཏུན་ཧོང་ཡིག་རྙིང་ནང་བཞིན་མགོ་ཅན་མདུན་དུ་གནས་པ་ཞིག་ཡོད་མོད། དེ་རྣམས་དེང་སང་གི་ཡི་གེ་ངོས་འཛིན་དང་བར་ཐག་རིང་རྐྱེན་རྒྱུན་འབྲི་བྱེད་པའི་འོས་མེད་ཚུལ་བྱས། ཆ་དང་ཚ་ཡི་སྨྱུག་རིམ་དེ་རྒན་ལྡན་མཆོག་ལགས་ཀྱིས་གསུངས་པ་བཞིན་བྲིས་པས། དཔེ་རྙིང་རང་ཇི་བཞིན་ཞིག་སླེབས། ཡིག་གཟུགས་འདི་ལ་མིང་ཅང་བཏགས་མེད་མོད། འདི་ནི་བཀྲུས་ཀྱིས་མི་དག་པའི་མངའ་རིས་ཀྱི་བྲིས་རྒྱུན་ཞིག་ཡིན་པར་ང་ཚོ་ཚང་མས་ཡིད་ཆེས་བྱེད་ཀྱིན་ཡོད།
        ང་ཚོ་དགེ་རྒན་རྣམས་ཀྱི་ནང་ནས་ལོ་ན་བགྲེས་ཤོས་དང་།རིག་གནས་ཡག་ཤོས།ཉམས་མྱོང་འབེལ་ཤོས་དེ་རྒན་ཚེ་བརྟན་རྡོ་རྗེ་ལགས་ཡིན། རྒན་ལགས་ཀྱིས་རྒྱུད་བཞིའི་ལུང་གནང་སྐབས་དག་ལ། ངའང་དུས་ཚོད་བྱུང་ན། སློབ་མ་རྣམས་དང་མཉམ་དུ་བསྡད་ནས་སློབ་ཁྲིད་ལ་ཉན་པ་ཡིན། ང་ཚོ་ཚང་མར་ཕན་ཐོགས་ཆེན་པོ་བྱུང་། རྒན་ལགས་ཀྱི་སློབ་ཁྲིད་དེ་ཧ་ཅང་རྩ་ཆེ་བར་མཐོང་ནས། སློབ་མ་རྣམས་ལ་དང་པོ་ནས་ཁོར་ནེལ་ཟིན་བྲིས་རྒྱག་སྟངས(cornell note)དེ་བཤད་པ་ཡིན། འབྲི་དེབ་ཀྱི་ངོས་རྣམས་ཚན་ཚན་དུ་ཕྱེ་བའི་བཅད་ཁོག་དེར་སློབ་མ་མང་ཤས་དགའ་པོ་བྱུང་འདུག བསྐྱར་སྦྱོང་བྱེད་དུས་དཔེ་མེད་བདེ་པོ་བྱུང་ཞེས་ཁོ་རང་ཚོའི་བསྐྱར་སྦྱོང་བྱེད་ཚུལ་དེ་བཤད་ཡོང་རྒྱུ་ཞིག་ཡོད། སློབ་མ་གངས་ཕྲུག་རྒྱ་མཚོ་ལགས་རྒྱུད་ཚིག་བློ་ལ་སྐྱོར་བར་འཇོན་ཐང་དཔེ་མི་སྲིད་པ་ཞིག་ཡོད། སྐབས་མང་པོ་ཞིག་ལ་ཁོས་ཁ་བརྡ་བགྲོ་གླེང་བྱེད་ཞོར་རྒྱུད་ཚིག་སྣ་ཚོགས་ངག་ལ་ཐག་ཐག་ཏུ་ལེན་སྲོལ་ཡོད་པས། དེ་ཤེད་དག་ཏུ་ངས་ཁ་ནང་ལ་མཛུབ་མོ་བརྒྱབ་ནས་འདུག་དགོས་ཡོད། རྒྱུད་བཞིའི་ནང་གི་ཐ་སྙད་མཁྲེགས་པོ་རྣམས་དེར་ང་རང་སྔོན་ཆད་ནས་དབྱེ་ཞིབ་ཅུང་ཙམ་རེ་བྱེད་དགའ་བས། དེའི་ཐད་ནས་ངས་སློབ་མ་ཚོར་རོགས་གང་འཚམ་བྱེད་མྱོང་ཡོད། རྒྱུད་བཞིའི་ནང་གི་ཐ་སྙད་དེ་དག་ལ་འགྲེལ་བཤད་དང་།འཕྲོས་བཤད་ཅུང་ཙམ་རེ་བྱས་པ་ན་ཐ་སྙད་ཤིན་ཏུ་འབེལ་བོ་ཤེས་ཡོང་བ་ཡོད། དེ་བས་ང་ཚོའི་དག་ཡིག་གི་བསླབ་གཞི་གཙོ་བོ་ཞིག་རྒྱུད་བཞི་འདི་རང་ཡིན། རྒྱུད་བཞི་ལས་གསོ་རིག་བསླབས། རྒྱུད་བཞི་ལས་བཅད་ལྷུག་སྤེལ་མའི་འབྲི་སྟངས་བསླབས། རྒྱུད་བཞི་ལས་དག་ཡིག་ཀྱང་བསླབས། བར་སྐབས་ཤིག་ལ་ངས་བོད་སྨན་སློབ་མཁན་ལས་དང་པོ་རྣམས་ལ་རྒྱུད་བཞི་དང་སྦྱར་བའི་དག་ཆ་སློབ་སྟངས་ཤིག་སྒྲིག་འདོད། དེར་བོད་སྨན་སློབ་མཁན་མིན་པ་དག་གིས་ཀྱང་བལྟས་ཆོག བོད་ཀྱི་གསོ་རིག་གི་བརྡ་ཆད་མང་པོ་མི་ཚང་མ་ལ་ཁྱབ་ཐུབ་པ་ཞིག་ལ་སྟོང་འདང་བྱས་མོད། རང་ལ་ཆུ་ཚད་དེ་ཙམ་མེད་པས་མཁས་པའི་འཕྱ་དགོད་ཕོག་ཡོང་སྙམ་ནས་བཞག རྫོགས་ཚིག་མཐའ་ཅན་ལ་ཉིས་ཤད་འགྲོ་བ་དེ་རྒྱུད་བཞིའི་ནང་གི་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་དུ་གསུངས་སོ། །ལྟ་བུ་དང་།ལེའུའི་མཚམས་སུ་བཞི་ཤད་དགོས་ལུགས་ལ་རྒྱུད་ཀྱི་ལེའུ་རྫོགས་མཚམས་ལྟ་བུ་དཔེ་བརྗོད་ལ་སྟོན་བདེ་བོ་ཡོད། བསྟན་ན་སློབ་མ་རྣམས་ཡིད་ཆེས་འཕེར་བ་ཡོང་། ཆིག་ཤད་ཐོབ་ལུགས་བཤད་སྒང་ཞིག་ལ། མགོ། དང་འགྲོ། ལྟ་བུ་ལ་ངས་ནི་ཤད་འདོར་རྐྱང་བྱེད་ཀྱིན་ཡོད་མོད། དེ་འདྲར་ཤད་དགོས་མིན་ཁོ་ཚོར་ཚོད་བགམ་དུ་དྲིས་པས། སློབ་མ་ཞིག་གིས་ལན་བཏབ་པ་དེར་ང་ལ་མིག་རྒྱ་འདྲ་ཞིག་བསྐྱེད་སོང་། ཁོས་རང་རེའི་བོད་ཡིག་གི་འབྲི་རིམ་ནི་ཡི་གེ་སྦྱོར་ཀློག་གི་གོ་རིམ་དང་གཅིག་པ་རེད། དེ་བས་མགོ་ལྟ་བུར་མཚོན་ནའང་། མ་འོག་ག་ན་རོ་མགོ་ཞེས་འབྲི་དགོས་ཏེ། མཇུག་ཤོས་དེ་ན་རོ་ཡིན་པས་ག་ཡིག་གི་རྐང་པས་ཤད་ཀྱི་གོ་མི་ཆོད་སྙམ་གསུངས་བྱུང་། དེ་བདེན་པ་རེད་ཨང་། ཕྱིས་སུ་ངས་ཀྱང་དེ་རྣམས་ལ་ཤད་འཐེན་པ་ཡིན།
        ཉིན་ཞིག་ངསiPad ནང་ནས་སྐྱ་བྲིས་འབྲི་སྟངས་ཤིག་ཤེས་བྱུང་། དེ་སྤྱད་ནས་མི་མང་པོར་སྐྱ་བྲིས་ང་འདྲ་མ་ཞེས་པ་ཞིག་བྲིས་ནས་དཔལ་འབྱོར་ཅུང་ཟད་བསྒྲུབས་ཤིང་། དེའི་ཁར་རང་གི་དངུལ་ཉུང་ཙམ་ཞིག་བསྣན་པས་སློབ་མ་རྣམས་ལ་སྨན་གོས་དཀར་པོ་རེ་ཉོ་ཐུབ་པ་བྱུང་། སྨན་གོས་དེ་ཁོ་ཚོའི་སེམས་པ་ནང་བཞིན་དཀར་པོ་ཡིན། སྨན་གོས་དེ་ཁོ་ཚོ་ཚང་མར་ལེན་པོ་ཞེ་དྲག་ཡོད། འཛིན་གྲྭའི་ནང་གི་ལས་སྣེ་བ་ཁ་ཤས་གདན་འཛོམས་ནས་གྲོས་བསྡུར་བྱས་ཐོག་སྨན་གོས་སྟེང་དུ་ཏི་སེའི་སྐྱིད་སྡུག་ཅེས་པའི་ལན་པར་ཞིག་ཀྱང་ཇུས་འགོད་བྱས་ཡོད། དེ་ནི་ཁོ་ཚོའི་སྨན་གོས་དང་པོ་དེ་ཡིན། ངའི་སློབ་མ་ཚོ་ནི་སྙིང་ཉེ་བ་ལ་ཤ་ན་རྒྱུ་འདྲ་ཞིག་ཡོད་པས། ངས་ཁོ་ཚོའི་བསམ་ཚུལ་དག་ལ་དགག་གཞག་ཕལ་ཆེར་བྱེད་མི་ཐུབ། ང་རང་གི་བསམ་ཚུལ་ལྷུག་པོར་བཤད་ནས། ཁོ་ཚོའི་བསམ་ཚུལ་དང་། ངའི་བསམ་ཚུལ་གྱི་མི་འདྲ་ས་སྟོན་པ་ལས་མཐའ་གཅིག་ཏུ་དགག་གཞག་བྱས་པ་ཅུང་ཟད་ཉུང་། འོན་ཀྱང་སྙན་གྲགས་ལགས་ཀྱིས་རང་གི་ལྟ་ཚུལ་དེ་མཁྲེགས་འཛིན་བྱས་ནས་ངེད་གཉིས་ཅུང་ཟད་ཡུན་རིང་དུ་རྩོད་དགོས་དུས་ཡོད། མཚམས་མཚམས་ཁོས་ངའི་དེ་འགྲིག་ཚུལ་བཤད། ཡང་སྐབས་སྐབས་ངས་རང་ཉིད་ནོར་ལུགས་རྣམས་ཁས་ལེན་དགོས་པ་ཡིན། ང་ཁོའི་གཤིས་ཀ་དེར་ཧ་ཅང་དགའ་པོ་ཡོད། ཁོ་ལ་བུ་རབ་རང་ཚུགས་ཅན་ཞིག་གི་བཟོ་ལྟ་ཡོད། ཉི་མ་སྲི་གནོན་ལགས་ཀྱིས་ང་ལ་པར་རིས་བརྩམས་ཆོས་རྣམས་དྲ་ཚིགས་ཤིག་ལ་བཞག་ན་ལམ་སང་སྐད་གྲགས་ཆགས་སྟངས་ཤིག་བཤད་ཟེར། ངས་མི་དགོས་ཞུས་པ་ཡིན། ཁོ་བོ་ད་ལྟ་པར་ལེན་ལ་སློབ་སྦྱོང་གི་གནས་སྐབས་ཙམ་ཡིན་པས་སྐད་གྲགས་ཆགས་མི་འོས་ཚུལ་དང་། སློབ་སྦྱོང་གི་གནས་སྐབས་སུ་ཡོད་པ་ང་ནི་ཅུང་ཟད་ཁེངས་སྐྱུངས་དང་བརྩོན་འགྲུས་ཀྱི་རིམ་པ་ཞིག་ཏུ་འགྲོ་འོས་པ་ལས། ཁོག་ན་གཟུངས་གཞུག་མེད་པར་གྲགས་འདོད་ཀྱི་བསླུ་བྲིད་ལ་མགོ་འཁོར་ན་མི་འགྲིག་ཚུལ་བཤད་པས། ཁོས་ཀྱང་དེ་རེད་ཅེས། དེའི་སྐོར་ཁོ་རང་གི་ཉིན་ཐོ་ཞིག་ཏུ་བྲིས་ཡོད་པ་འདྲ། ཉི་མ་སྲི་གནོན་ལགས་ནི་སློབ་སྦྱོང་ལ་བརྩོན་འགྲུས་དེ་ཙམ་མེད་ནའང་། རིག་པ་ཤིན་ཏུ་རྣོ་བ་ཞིག་ཡིན། རྩིས་འཁོར་དང་དྲ་རྒྱ་ལ་མཁས། ཁ་པར་ལ་དེ་བས་མཁས་པ་སློབ་མ་གཞན་རྣམས་ཀྱི་ཁ་པར་ལ་ཆག་སྐྱོན་སོགས་བྱུང་ན་རྟག་པར་ཁོའི་འཁྲིས་ལ་འཁྱེར་ཡོང་གིན་ཡོད། སྤྱིར་བཏང་གི་གློག་ལམ་སྦྲེལ་མཐུད་ལའང་ཤེས་བྱ་མང་པོ་བཤད་རྒྱུ་ཡོད་ཅིང་། ཉིན་ཞིག་ངའི་ཆུ་སྐོལ་ཆས་དེ་ཚིག་པ་འདྲ་བས་ཟུར་ཞིག་ལ་གཡུགས་པ་ཡིན་མོད། ཁོས་ལས་སླ་མདོག་ཅིག་གིས་ཡང་བསྐྱར་ལས་ཀ་བྱེད་ནུས་པ་ཞིག་ཏུ་བཏང་སོང་། རྩ་མདའ་ནས་ཡིན་པའི་སློབ་མ་ཚེ་དབང་དོན་གྲུབ་ལ། དགུན་ཁའི་དུས་སུ་ལོ་རབས་དགུ་བཅུའི་ནང་གི་ལྭ་རིང་ལྗང་སེར་ནང་མ་པགས་ཚག་ཅན་ཞིག་གོན་རྒྱུ་ཡོད། དེ་གོན་ནས་ངག་སྐྱོར་གཏོང་བ་རེད། སྨན་དང་སུམ་རྟགས་དག་གསུམ་ལ་བརྩོན་པ་ལྷུར་ལེན་བྱེད་ཅིང་། ཕར་གཅིག་དྲིས་ན་ཚུར་གཉིས་གསུམ་བཤད་ཤེས་པས། སློབ་མ་ཚོས་ཁོ་ལ་པཎྚི་ད་ཞེས་པའི་བླ་བཏགས་ཤིག་འབོད་ཀྱིན་ཡོད། ཕྱིས་སུ་ཁོས་རྩིས་སྦྱངས་པ་རེད། དེང་སང་ཕལ་ཆེར་ལོ་ཐོ་འདོན་ནུས་པ་ཙམ་ཞིག་ཡོང་བ་ཡོད། དངོས་གྲུབ་སྒྲོལ་མ་ལགས་ནི་གཤིས་ཀ་ཤིན་ཏུ་འཇམ་ས་ཞིག་ཡིན་པ་མ་ཟད། སློབ་སྦྱོང་ལ་བརྩོན་འགྲུས་ཆེ་ས་ཞིག་ཀྱང་ཡིན། རི་དྭགས་འདྲོགས་པའི་མིག་ཅིག་ཡོད་པ་དེར། ངས་ཁོ་རང་ཚོའི་གྲོང་ཚོའི་རྟ་རྒྱུག་འགྲན་ཚོགས་སྟེང་པར་ཞིག་བརྒྱབ་པར་ཁ་ཤས་ཤིག་གིས་མངའ་རིས་ལ་མཛེས་མ་མང་པོ་ཡོད་ས་རེད་ཟེར་བ་བྱུང་། མོ་རང་སེམས་ཀྱང་ཞེ་དྲག་གཉོམ་ས་ཞིག་ཡིན། ངའི་འཁྲིས་ལ་སླེབས་ན་སྐྲག་ནས་སྐད་ཀྱང་འབྱིན་མི་ནུས་པ་ཞིག་ཡོད། ངས་མོ་ལ་གཤེ་གཤེ་ཕལ་ཆེར་བཏང་མ་མྱོང་ནའང་། མོ་རང་སྐྲག་ཤོས་ནི་ང་དང་མོའི་ཕུ་བོ་ཆེ་བ་གཉིས་ཡིན་ཟེར། མཐར་ཕྱིན་ཚོགས་འདུའི་སྟེང་གུས་པས་གཏམ་བཤད་ཅིག་བྱས་པར། སློབ་མ་མང་ཤས་མགོ་བསྒུར་ནས་འདུག་ཅིང་། བྱ་དགའ་ལེན་དུ་ཡོང་དུས་ངས་མོ་རང་གི་མིག་མཐའ་མཆི་མས་བསྐོར་བ་རིག་པས། ཧ་ཅང་ཡང་སྙིང་རྗེ་བ་ཞིག་འོང་ཞིང་། ཁ་བྲལ་སྒང་དེར་ང་ལའང་ངུ་འདོད་བྲོ་བ་ཞིག་ཤར།
        ངས་ཁོ་ཚོར་རང་གི་སྐད་ཆ་ངོ་མ་ཡིག་ཆུང་དུ་འབྲི་རུ་བཅུག་པ་དེ། ཁོ་ཚོས་ཕན་ཚུན་བར་དགའ་རོགས་སྒྲིག་སྤྱད་དུ་བཀོལ་ཡོད་པ་འདྲ། ལམ་ཟུར་སོགས་ནས་མཛའ་འཕྲིན་རེ་རྙེད་རྒྱུ་ཡོད། སྙིང་གཟུགས་འདྲ་བ་ལྟེབས་ནས་ལམ་སང་ཁ་བཏོད་མི་ཤེས་པ་དེ་འདྲ་ཡོད། དགའ་ཚུལ་ལབ་སྟེ་མི་ཁྱོད་དང་ངེས་པར་མ་འགྲོགས་ན་ངའི་མི་ཚེ་ལ་དོན་དག་ཅི་ཡང་མེད་ཚུལ་དེ་འདྲ་འབྲི་མཁན་ཡང་ཡོད། ཕྱིས་སུ་ངས་དེའི་སྐོར་ཅུང་ཙམ་ཞིག་ཐེར་འདོན་བྱས་པས། མ་མཐའ་ཡང་ལམ་འགྲམ་ནས་ཅང་མཐོང་རྒྱུ་མ་བྱུང་། ངས་སྤྱིར་བཏང་སློབ་མས་དགའ་རོགས་སྒྲིག་པ་ལ་ཅུང་ཟད་གུ་ཡངས་བྱས་པ་ཡིན་མོད། དེ་ནོར་ཡོད་པ་འདྲ། སློབ་གསོ་ཁ་ཤས་ཤིག་བཏང་བའང་། གྲུབ་པ་ལུས་ཀྱི་སྐབས་སུ་བུད་མེད་ཀྱི་ཟླ་མཚན་འབབ་ལུགས་དང་ཁུ་ཁྲག་སེམས་གསུམ་གྱིས་མངལ་ཇི་ལྟར་འཛིན་ཚུལ་དང་འབྲེལ་ནས། ད་ལྟ་དགའ་རོགས་བསྒྲིགས་ན་སློབ་སྦྱོང་ལ་གནོད་ཚུལ་དང་འབྲེལ་བ་ཚུལ་མིན་དུ་གྱུར་ན་མདུན་ལམ་ལ་གནོད་སྟངས་དེ་རིག་གཞུང་གི་སྐད་ཀྱིས་གསེད་བཀྲོལ་ཅུང་ཙམ་བྱས་པ་མ་གཏོགས་དགའ་རོགས་སྒྲིག་དང་མ་སྒྲིག་ལ་ཐག་ཆོད་ཀྱི་རྣམ་འགྱུར་ཞིག་མ་བསྟན་པ་འདྲ། ཁོ་ཚོ་དངོས་སྦྱོང་ཚར་ནས་སླེབས་དུས། སློབ་མ་བུ་མོ་རེ་གཉིས་ཀྱི་གཟུགས་པོ་བདེ་པོ་མེད་པ་མཐོང་། ང་ལ་དེ་དུས་རྒན་ལྕགས་འབུམ་རྒྱལ་གྱི་འཛིན་གྲྭའི་བུ་མོ་ཞེས་ངས་འཛིན་གྲྭར་དོ་དམ་མ་འཇོན་ཚུལ་བཤད་མཁན་ཡང་བྱུང་བས། ངས་དེ་བདེན་པ་རེད་ཅེས་རང་ཉིད་ལ་དཀར་འདོན་ལྟ་བུ་ཅང་བྱས་མེད། ང་ལ་སེམས་ཁྲལ་ཆེན་པོ་ཞིག་ཡོད་པ་ནི་ངའི་བུ་མོ་དེ་རྣམས་ཡིན། དང་པོ་ཉིན་ཁ་ཤས་ཀྱི་ནང་ལ་བུ་མོ་ཞིག་བདེ་མ་བདེ་རེ་བྱུང་བས། སྨན་ཁང་དུ་ཁྱེར་ནས་བརྟག་དཔྱད་བྱེད་རོགས་བྱས་པ་ཡིན། སྦྲུམ་གྱི་གནས་སྟངས་སོགས་ལེགས་པར་མཐོང་བ་ན། ངའང་སྐྱོ་ཞད་ཀྱི་ནང་ལ་སྤྲོ་ཞད་ཅིག་འདྲེས་རྒྱུ་བྱུང་། སློབ་གཞུང་གི་ལས་སྣེ་བ་དག་དང་བགྲོས་མཐར། མོ་རང་ཚོའི་ནང་མིར་འབྲེལ་གཏུག་བྱས་ཏེ་ཁྱིམ་དུ་ཁྲིད་རྒྱུ་བྱས་པ་ཡིན། གཟུགས་པོ་མ་བདེ་བའི་བུ་མོ་གཅིག་སློབ་སྦྱོང་ལ་ཡག་པོ་ཞེ་དྲག་ཡོད། ཕྱིས་སུ་རྒྱ་ནག་གི་སྨན་གྱི་སློབ་ཆེན་ཞིག་ལ་ཡིག་ཚད་ལོན་འདུག་ཅིང་། མོས་ཅི་འདྲ་བྱེད་འོས་ལུགས་དྲིས་པར་ངས་སློབ་སྦྱོང་གི་དགོངས་པ་ལོ་གཅིག་ཞུ་འོས་ཚུལ་བཤད་པ་ཡིན། ཉིན་གཉིས་པ་ཙམ་ན། ངས་ནི་དགོངས་ཞུའི་རྒྱུ་མཚན་དེར་སྐྱག་རྫུན་གང་ཞིག་བཤད་འོས་མིན་ལ་བསམ་བློ་བཏང་མོད། མོས་ཐད་ཀར་ང་ལ་ཕྲུ་གུ་འཁོར་ཡོད་ཅེས་སློབ་ཆེན་གྱི་དགེ་རྒན་ལ་དགོངས་པ་ཞུས་འདུག་པ་དེར་ང་རང་མིག་ཆུ་འཁྲིགས་པ་ཞིག་བྱུང་། མོ་ཅི་འདྲའི་དྲང་བ་ལ་ཨང་། སློབ་ཆེན་གྱི་དགེ་རྒན་གྱིས་དེ་འགྲིག་པ་རེད། འོན་ཀྱང་ཁྱེད་ཀྱིས་མངལ་སྦྲུམ་པ་དེ་བཤད་མི་བསམས་ན་རྒྱུ་མཚན་གཞན་ཞིག་བྲིས་ཀྱང་ཆོག་ཅེས་ལན་བཏབ་འདུག དེང་སང་ཕྲུ་གུ་སྐྱེ་འདོད་མེད་ན་སྨན་ཁང་དུ་མངལ་བཤིག་བྱས་ཀྱང་ཆོག་མོད། མོ་རང་ཚོས་དེ་འདྲ་བྱས་མི་འདུག སློབ་གྲྭ་ཐོན་ནས་རང་རང་སར་སོང་མཚམས་ཤིག་ན། བུ་མོ་ཁ་ཤས་ནས་རྒན་ལགས་ངའི་ཕྲུ་གུ་བུ་ཞིག་རེད་ཅེས་དང་། བུ་མོ་ཞིག་རེད་ཅེས་བསྐུར་ཡོང་བ་ལ། ངས་ལན་བཏབ་མེད་མོད། སེམས་ཀྱི་གཏིང་རིམ་ཞིག་ལ་ཞེ་དགའ་སྐྱོ་ཅན་ཞིག་འཐབ་ནས་འོང་ལ། བློ་ཉིས་འགལ་མ་ཞིག་ཀྱང་འདྲོགས་ནས་སླེབས་འོང་།
        མཐར་ཕྱིན་ཁ་དེར་ང་ཚོས་དངོས་སྦྱོང་ཉམས་མྱོང་བགྲོ་གླེང་ཚོགས་འདུ་ཞིག་ཀྱང་སྤེལ་བ་ཡིན། དངོས་སྦྱོང་བྱེད་རིང་སློབ་མ་མང་ཆེ་བས་ལག་ལེན་ཡག་པོ་སྦྱངས་འདུག ཁ་བྱང་ཆེན་པོ་མ་ཡིན་པའི་རྒྱུན་མཐོང་ནད་རིགས་ཆུང་དག་ལ་དབྱེ་ཞིབ་གཏིང་ཟབ་པོ་གནང་འདུག་པས་ཧང་སངས་པ་ཞིག་བྱུང་། ཡང་སྨན་པ་ལག་ལེན་ཅན་གྱི་དྲུང་དུ་གཞུང་ལུགས་བཞིན་བགྱིས་པས། ཕན་འབྲས་བྱུང་ཟེར་བའང་འདུག་པས་ཉམས་བདེ་བོ་ཞིག་ཤར། རེ་འགའ་གཞི་རིམ་གྱི་སྨན་ཁང་དུ་སྨན་ཤོག་དང་ནད་དེབ་འབྲི་བ་ལ་ཁོ་རང་ཚོར་འཇོན་པོ་མངོན་གསལ་འདུག་ཅེས་ཕེར་ཤ་བྱུང་མདོག་བཤད་མཁན་འདུག ཡང་ལ་ལས་སྨན་གྱི་ལྷན་ཐབས་སྣ་ཚོགས་དང་། རྩོམ་རིག་དཔེ་ཆ་མང་པོ་ལ་ཆོས་འབྲེལ་བྱུང་སོང་ཞེས་མཁས་ཉམས་སྟོན་མཁན་གདའ། ཅི་ཡང་བཤད་མ་ནུས་པ་འགའ་ཡང་ཡོད་མོད། སྤྱིའི་ཆ་ནས་ཡག་ཏུ་སོང་འདུག་སྙམ་ནས་ཡིད་ཚིམས་ཤིང་ཁམས་དྭངས་པ་ཞིག་སྐྱེས། དེ་དག་ཀུན་ཀྱང་སློབ་མ་ཁོ་རང་ཚོའི་བརྩོན་འགྲུས་དང་རྣམ་དཔྱོད་ཀྱི་ཁྱད་ཆོས་འབའ་ཞིག་ཡིན་པ་བདག་གིས་མཐའ་གཅིག་ཏུ་དེ་ལྟར་རློམ་བཞིན་ཡོད་ལ། ཁོ་རང་ཚོའི་འཇོན་ནུས་ནི་དེ་ལས་ཀྱང་དཔག་ཏུ་མེད་པ་ཞིག་ཡིན་པར་ཡིད་ཆེས་ཀྱང་ཆེན་པོ་བྱེད་ཀྱིན་ཡོད།
        ཁོ་བོ་མངའ་རིས་ནས་དགེ་རྒན་བྱས་པའི་རིང་འདིར། མང་ཆེ་བ་སློབ་མས་ཚུར་ཤུགས་རྐྱེན་བསྒོས་པ་ཡིན་ཏེ། ངའི་ཀུན་སྤྱོད་དང་མི་གཞི་ལ་འགྱུར་བ་ཆེན་པོ་ཐེབས་ཤིང་། རིན་ཐང་ལྟ་བ་དང་བསམ་བློ་འཁོར་སྟངས་སོགས་ལའང་ཁྱད་པར་སྣ་ཚོགས་བྱུང་། དགེ་རྒན་བྱེད་པ་ལ་ལྷག་བསམ་དང་རིག་གནས་གཉིས་མེད་དུ་མི་རུང་ཟེར་བས། སྔར་དཔེ་ཀློག་ལ་དེ་ཙམ་མི་དགའ་བའི་ངས་དཔེ་ཆ་མི་ཀློག་འོས་མེད་བྱུང་ཞིང་། རང་གིས་བཀླགས་ནས་རིན་ཐང་ཡོད་པར་མཐོང་བ་ཁག་ཅིག་ཁོ་ཚོར་འོས་སྦྱོར་བྱས། སློབ་མས་ཚུར་འོས་སྦྱོར་བྱས་པའང་ཁ་ཤས་བཀླགས། ལས་གནས་ཀྱི་བསྐོས་ཐང་ཙམ་མ་གཏོགས་ངས་སློབ་མ་དག་ལ་དགེ་རྒན་ཞེས་འབོད་དགོས་ས་ཤིན་ཏུ་མང་པོ་ཡོད་ཅིང་། ཁོ་ཚོ་ཡོད་པས། ངས་ད་གཟོད་དོན་སྙིང་ལྡན་པ་ཟེར་བ་དེར་གོ་བ་གཞན་ཞིག་ལེན་ཐུབ་སོང་། ཁོ་ཚོ་སློབ་གྲྭ་ཐོན་ཁར་ཚང་མ་རུབ་ནས་ང་ལ་ལེགས་སྐྱེས་ཤིག་ཉོས་འདུག་པ་དེར། ངས་ཐོག་མར་དགག་བྱ་ཅུང་ཟད་བྱས་མོད། ཚང་མས་བླ་མ་མེད་པའི་གོང་རོལ་ན་ཞེས་ཁོ་ཚོ་སངས་རྒྱས་ཡིན་པ་འདྲ་ཞིག་དྲངས་བྱུང་བས། ང་ལ་བཤད་རྒྱུ་མེད་པ་ཞིག་ཆགས་སོང་། ང་ལ་ཁོ་ཚོར་སྤྲོད་རྒྱུ་ཅང་མེད་པ་འདྲ། ཅིག་བཤད་ཟེར་ན་ངའི་རིགས་ལམ་དང་སྐད་ཆ་འོང་ལུགས་དག་ད་ནི་ཕལ་ཆེར་ཁོ་ཚོའི་བློ་ལའང་འགྲོ་ངེས། དེ་བས་བོད་ཀྱི་དགེ་རྒན་ཁ་ཤས་ནས་མཐར་ཕྱིན་སློབ་མར་གདམས་ངག་ཏུ་བྲིས་པ་སྐོར་ཞིག་ཁོ་ཚོར་སྒྲོག་འདོན་བྱས་པ་ཡིན། ད་དུང་ཆེད་དུ་ཁོ་ཚོར་གླུ་ཚིག་ཅིག་ཀྱང་འབྲི་ཁུལ་བྱས། གདངས་དེ་མངའ་རིས་དམངས་ཁྲོད་ཀྱི་གཞས་འགའ་བཅོས་སྒྲིག་བྱས། རོལ་མོ་དེ་ཕུ་བོ་ཚེ་བྱམས་རྒྱལ་བརྒྱུད་ཨ་ཕ་ཆེ་ཆེ་ལགས་ཀྱིས་སྙིང་རྗེ་མོ་ཞིག་སྒྲིག་བཟོ་གནང་བྱུང་།

“འདི་ནས་བལྟས་པའི་རྒྱང་རིང་ན། །
ཡུལ་གྲུ་དེ་ཡི་ཕྱོགས་ཕྱོགས་ན། །
གསོན་དང་ནེའུ་ཟླ་ལོ།
སྨན་གྱི་རྗེས་འཛིན་ཞིག་འཁྲུངས་ཡོད། །
གསོན་དང་ནེའུ་ཟླ་ལོ།
རྗེས་འཛིན་ལེགས་མོ་ཞིག་འཁྲུངས་ཡོད། །
སྐྱིད་ཅིག་ཡོད་ན་སེང་ལྕམ་སྐོར། །
སྡུག་ཅིག་ཡོད་ན་རལ་བ་སྤྲུག །
གསོན་དང་ནེའུ་ཟླ་ལོ།
མཐོང་ལམ་རྡོག་པས་ཟིན་སོང་།
གསོན་དང་ནེའུ་ཟླ་ལོ།
རྡོག་ལམ་འོད་ཀྱིས་ཁེངས་སོང་། །”



39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1