གཙོ་ངོས།>> སྐྱེ་ཁམས།>>ཤེས་བྱ།

རྩོམ་སྒྲིག་པ།ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། ༢༠༡༩ལོའི་ཟླ་བ་༡༠ཚེས་༡༠ཉིན།

༄༅།། བརླན་སའི་སྤྱི་གླིང་འཛུགས་སྐྲུན་བྱས་པས་ཡུལ་ཤུལ་སྔར་ལས་སྐྱིད་པའི་སྡོད་གནས་སུ་གྱུར།

        ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཡུལ་ཤུལ་གྲོང་ཁྱེར་དཔལ་ཐང་ཆུ་བོའི་བརླན་སའི་སྤྱི་གླིང་ནང་དུ། རྫོགས་མཐའ་མེད་པའི་ལྗང་མདོག་གིས་མི་རྣམས་ལ་འཛད་མཐའ་མེད་པའི་བདེ་བ་སྦྱིན། དེ་ཡི་ཐག་ཉེར་སྡོད་པའི་དགའ་རྡོ་ཚེ་རིང་གིས་མཛེས་ལྗོངས་དེ་པར་བླངས་ཤིང་ཁ་པར་བརྒྱུད་ནས་ས་ཆ་གཞན་ན་ཡོད་པའི་ཚ་བོ་ལ་བསྐུར་ཏེ།ཁོ་དང་མཉམ་དུ་ཕ་ཡུལ་གྱི་མཛེས་ལྗོངས་ཉམས་སུ་མྱངས།
        དཔལ་ཐང་ཆུ་བོའི་བརླན་སའི་སྤྱི་གླིང་ནི་སྐྱེ་རྒུ་གྲོང་རྡལ་གྱིས་ལྟེ་བ་བྱས་ཤིང་། དཔལ་ཐང་ཆུ་བོ་དང་། རྫ་ཆུས་གཙོ་ཐིག་བྱས་ཏེ་བསྐྲུན་པའི་སྐྱེ་ཁམས་བརླན་སའི་སྤྱི་གླིང་ཞིག་རེད། 2015ལོར་ལས་མགོ་ཚུགས་ཏེ་ད་ལྟའི་བར་དུ། རྒྱ་ཁྱོན་ལ་སྤྱི་ཆིང8047.12ཡོད་པའི་བརླན་ས་བསྐྲུན་ཚར་བ་དང་། སྤྱིའི་རྒྱ་ཁྱོན་ལ་སྤྱི་ཆིང12346ཡོད་པ་དང་། ཆུ་ཁོངས་གསོག་པ་དང་། ཆུ་ལོག་དང་ཐན་སྐྱོན་འགོག་པ། ས་ཁོངས་ཀྱི་གནམ་གཤིས་ཆུང་བའི་སྙོམས་སྒྲིག་དང་ཁོར་ཡུག་མཛེས་སྒྱུར་ལ་ནུས་པ་བླ་ན་མེད་པ་ཐོན་པས་ཉེ་འཁོར་མང་ཚོགས་ཀྱིས་བསྟོད་བསྔགས་ཡང་ཡང་བྱེད་བཞིན་ཡོད།
        “དཔལ་ཐང་ཆུ་བོའི་རྒྱལ་ཁབ་བརླན་སའི་སྤྱི་གླིང་གི་ཁོར་ཡུག་བཟང་བ་དང་། སྒྲིག་བཀོད་བཟང་བ། གནམ་གཤིས་ལེགས་པ། ཉིན་རེའི་ཞོགས་པར་སེམས་ཁམས་སྦྱོང་བརྡར་བྱས་ནའང་ཤིན་ཏུ་བཟང”ཞེས་དགའ་རྡོ་ཚེ་རིང་གིས་དེ་ལྟར་བཤད།
        སྐྱེ་ཁམས་ཁོར་ཡུག་ལེགས་པོ་ནི་ཡུལ་ཤུལ་གྱི་ང་རྒྱལ་དུ་རློམ་ཆོག་པའི་ཐོན་ཁུངས་ཡིན་ལ། དེ་འདྲ་ཞིག་ཡིན་པའི་སྟབས་ཀྱིས། གྲོང་ཁྱེར་སྐྱེ་ཁམས་ལ་མཐོང་ཆེན་བྱ་རྒྱུ་དེ་ནི། ཡུལ་ཤུལ་མི་དམངས་ཀྱི་སེམས་གཏིང་ལ་བརྐོས་ཡོད། ལོ་འདི་དག་གི་རིང་ལ། ཡུལ་ཤུལ་གྱིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་མུ་མཐུད་དུ་ཤུགས་བསྣན་པ་དང་། “ས་གསེར་འདྲ་བོ”བསལ་ནས་བརླན་སའི་གྲོང་ཁྱེར་སྤྱི་གླིང་བཙུགས་ཤིང་། དངོས་གནས་གྲོང་ཁྱེར་གྱི“ལྗང་མདོག་མ་རྩ”དེ་མང་ཚོགས་ཀྱི“སྐྱེ་ཁམས་བགོ་སྐལ”དུ་གྱུར་ཏུ་བཅུག
        ཆི་ཧེ་ལུང་ནི་འཛུགས་སྐྲུན་རྒྱུ་ཆའི་ཀུང་སི་ཡི་སྤྱི་གཉེར་ཞིག་ཡིན་ལ་ཡུལ་ཤུལ་དུ་ཡོང་ནས་ལོ10འགོར། ཁོས་བསྒྲུབས་པའི་ཀུང་སི་དེ་བརླན་སའི་སྤྱི་གླིང་གི་ཉེ་འགྲམ་དུ་ཡོད་ཅིང་། ལོ10ཡི་རིང་ལ་ཁོས་གྲོང་ཁྱེར་འདིའི་བརླན་སའི་སྤྱི་གླིང་གི་འཛུགས་སྐྲུན་དང་འགྱུར་ལྡོག་བདེན་དཔང་བྱས། ཁོས་བཤད་རྒྱུར། “ཡུལ་ཤུལ་དུ་ཐོན་མ་ཐག་ད་དུང་སྒྲིག་བཀོད་མེད་ལ། ཁོར་ཡུག་འདི་འདྲ་བཟང་པོའང་མེད། ཆུ་ཕྲན་ཆུང་ཆུང་ཞིག་ཡོད། རྩྭ་སའང་འདི་འདྲའི་མང་པོ་ཞིག་མེད། ཉེ་བའི་ལོ་འགའི་རིང་ལ་ཡུལ་ཤུལ་དུ་བརླན་སའི་སྤྱི་གླིང་ཇེ་མང་དུ་སོང་བར་མ་ཟད། ཁོར་ཡུག་ཇེ་ལེགས་སུ་ཕྱིན། སྤྱི་གླིང་དུ་ད་དུང་མཐོ་སྒང་གི་སྐྱེ་དངོས་མང་པོ་ཡོད་པར་གྱུར། ད་སྐབས་ང་དང་ཆུང་མ་གཉིས་ཀྱིས་དགོང་ཟས་ཟོས་རྗེས་རྒྱུན་དུ་གྲོང་ཁྱེར་ནང་གི་ཆུ་འགྲམ་དེད་དེ་སྤྱི་གླིང་འགའ་ཡོད་པའི་ནང་ལ་སྐོར་བ་བྱེད་པར་ལོབས་ཡོད་ཅིང་། དངོས་གནས་སྐྱིད་པོ་རེད། ང་ཚོའི་སེམས་སུ་ཡུལ་ཤུལ་ནས་འཚོ་བ་རོལ་ན་ཤིན་ཏུ་སྐྱིད་པོ་རེད།”
        བརླན་སའི་སྤྱི་གླིང་བཟོས་པ་དེས། མང་ཚོགས་ལ་སྔར་ལས་མང་བའི་ལྗང་མདོག་བར་སྟོང་བསྐྲུན་པ་དང་། ཡུལ་ཤུལ་གྱི་སྐྱེ་ཁམས་དང་ལྗང་མདོག་འཕེལ་རྒྱས་ལའང་རྨང་གཞི་བརྟན་པོ་བཏིང་། ལྗང་མདོག་ནི་ཚེ་སྲོག་གི་ཁ་དོག་ཡིན་ཞིང་། ཡུལ་ཤུལ་གྲོང་ཁྱེར་གྱི་རང་མདངས་ཀྱང་ཡིན། སྐྱེ་ཁམས་ཁོར་ཡུག་ལེགས་པོ་ནི་ཆེས་ཡོངས་ཕན་གྱི་དམངས་འཚོའི་བདེ་སྐྱིད་ཡིན་པར་མ་ཟད། གྲོང་ཁྱེར་ཞིག་གི་འགུག་ཤུགས་མངོན་སྟངས་ཀྱང་རེད།
        ལོ་རེར་ཡུལ་ཤུལ་གྲོང་ཁྱེར་སྲིད་གཞུང་གིས་ནགས་སྲུང་པ་དང་མང་ཚོགས་སྐོར་ཞིག་རྩ་འཛུགས་བྱས་ཏེ་རྒྱལ་ཁབ་བརླན་སའི་སྤྱི་གླིང་ལས་གཞི་དྲིལ་སྒྲོག་སློབ་གསོའི་གསོ་སྦྱོང་སྤེལ་བཞིན་ཡོད་ལ། གསོ་སྦྱོང་བྱས་པ་བརྒྱུད། བདག་སྐྱོང་མི་སྣའི་བྱ་བའི་ལས་འགན་སྔར་ལས་ཇེ་གསལ་དུ་གྱུར་ཅིང་། བདག་སྐྱོང་མི་སྣའི་ཕྱོགས་བསྡུས་བྱང་ཚད་དང་ལས་སྒོའི་ཆུ་ཚད་མཐོར་འདེགས་བྱུང་།
        མ་འོངས་པར་ཡུལ་ཤུལ་གྲོང་ཁྱེར་གྱིས་སྔར་ལས་ལྷག་པའི་སྒོ་ནས་སྐྱེ་ཁམས་བརླན་སའི་གྲོང་ཁྱེར་བཟོ་སྐྲུན་བྱ་རྒྱུ་རེད། མཁར་གྲོང་ཅན་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བའི་བརྒྱུད་རིམ་ཁྲོད། མགོ་རྩོམ་ས་མཐོ་བ་དང་། ཚད་གཞི་མཐོན་པོས་སྐྱེ་ཁམས་བརླན་སའི་སྤྱི་གླིང་འཛུགས་སྐྲུན་འཆར་འགོད་བྱ་རྒྱུ་ཡིན་ཞིང་། རང་བྱུང་ཐོན་ཁོངས་ཀྱི་དགེ་མཚན་ལ་གཞི་བཅོལ་ཏེ། ལྗང་མདོག་འཕེལ་རྒྱས་ལ་སྣེ་ཁྲིད་ནས། མི་དམངས་མང་ཚོགས་ཀྱིས་མཛེས་སྡུག་འཚོ་བའི་ཁོར་ཡུག་སྔར་ལས་ལེགས་པོ་ཞིག་ལ་སྨོན་པའི་རེ་འདུན་བསྐང་རྒྱུ་རེད།
        “དཔལ་ཐང་ཆུ་བོའི་རྒྱལ་ཁབ་བརླན་སའི་སྤྱི་གླིང་གི་འཛུགས་སྐྲུན་གྱིས་ལྗང་མདོག་སྐྱེ་ཁམས་འཕེལ་རྒྱས་ཀྱི་གྲུབ་འབྲས་མངོན་ཡོད་ལ། གྲུབ་འབྲས་འདི་ནི་རྒྱ་ཆེའི་གྲོང་ཁྱེར་སྡོད་དམངས་མང་ཚོགས་ཀྱིས་སྲིད་གཞུང་གིས་ཁོ་ཚོར་བསྐྲུན་པའི་ལྗང་མདོག་སྐྱེ་ཁམས་མ་ལག་མཉམ་སྤྱོད་བྱེད་པ་དེ་ཡིན། ང་ཚོས་སྐྱེ་ཁམས་ཁོར་ཡུག་གི་ཆེས་ཡོངས་ཕན་གྱི་དམངས་འཚོའི་བདེ་སྐྱིད་ཀྱི་རྩ་དོན་ཁོང་དུ་ཆུད་པར་བྱས་ཏེ། རིགས་སོ་སོའི་མི་དམངས་མང་ཚོགས་ལ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཁྲོད་སྔར་ལས་ལྷག་པའི་སྐྱིད་སྣང་ཐོབ་ཏུ་འཇུག་རྒྱུ་ཡིན།”ཡུལ་ཤུལ་གྲོང་ཁྱེར་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་ཅུས་ཀྲང་བཀྲ་ཤིས་དོན་གྲུབ་ཀྱིས་དེ་ལྟར་བཤད། །

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1