གཙོ་ངོས།>> ཞིབ་འཇུག>>ཀུན་འདུས།

ཆབ་འགག་རྟ་མགྲིན། རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོའི་བོད་རིག་པ། སྤེལ་དུས། ༢༠༡༩ལོའི་ཟླ་བ་༡༠ཚེས་༡༠ཉིན།

༄༅།། དགའ་ལྡན་ཕོ་བྲང་དུས་སྐབས་སུ་བོད་ལ་སྒྲུང་གཏམ་བྱུང་ཚུལ་དང་དེ་ལས་ཐོན་པའི་ཉམས་མྱོང་བཤད་པ།

 ཆབ་འགག་རྟ་མགྲིན།

[ནང་དོན་གནད་བསྡུས།] དགའ་ལྡན་ཕོ་བྲང་དུས་སྐབས་སུ་བོད་ལ་སྔ་ན་མེད་པའི་གནའ་རབས་སྒྲུང་གཏམ་ཁྱད་དུ་འཕགས་པ་མང་དུ་ཐོན་ཏེ། སྐབས་དེའི་བོད་སྤྱི་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཚོགས་པར་འགྱུར་བར་ནུས་པ་ཆེན་པོ་བསྐྱེད་མོད། དེ་དག་ཚུལ་ཇི་ལྟར་རྩོམ་གནང་མཛད་པར་ཞིབ་འཇུག་བྱེད་མཁན་ཧ་ཅང་ཉུང་པས། དཔྱད་རྩོམ་འདིར་དེང་རབས་རྩོམ་རིག་གཞུང་ལུགས་དང་རྩོམ་རིག་གཤིབ་བསྡུར་རིག་པའི་ཐབས་སྤྱད་ནས་དེ་དག་ལ་ཟུར་དང་ངོས་མང་པོ་ནས་ཞིབ་འཇུག་ཅུང་ཟབ་མོ་བྱས་པར་མ་ཟད། སྐབས་དེའི་སྒྲུང་གཏམ་ཕལ་ཆེ་བ་ནི་ཐུབ་པའི་སྐྱེས་རབས་སོགས་རྒྱ་གར་གྱི་གཏམ་རྒྱུད་སྣ་ཚོགས་དང་བོད་སྤྱི་ཚོགས་ཀྱི་འཚོ་བ་དངོས་ཁྲོད་ཀྱི་མཐོང་ཐོས་མྱོང་གསུམ་གང་འཚམ་གྱིས་བསྡེབས་ནས་གྲུབ་པའི་ལྟ་བ་བཏོན་ཞིང་། དེ་དག་ལས་ཐོན་པའི་གསར་རྩོམ་གྱི་ཉམས་མྱོང་དྲུག་ཕྱོགས་སྡོམ་བྱས་ཡོད།
[བརྡ་ཆད་གཙོ་བོ།] དགའ་ལྡན་ཕོ་བྲང་དུས་སྐབས། གནའ་རབས་སྒྲུང་གཏམ་རྩོམ་ཚུལ། གསར་རྩོམ་ཉམས་མྱོང་ཕྱོགས་སྡོམ།
[ཀྲུང་གོའི་དཔེ་དེབ་དབྱེ་རྟགས།] I207.9“14”
[ཡིག་ཚང་མཚན་བྱང་།] A
[རྩོམ་གྱི་གོ་རིམ་ཨང་སྒྲིག] 1002-9060-2017-03-0112-21
             དགའ་ལྡན་ཕོ་བྲང་སྲིད་གཞུང་གིས་བོད་ས་གནས་ལ་དབང་སྒྱུར་བའི་དུས་སུ་ཕྱི་ནང་གཉིས་སུ་དམག་འཁྲུག་དང་དུས་ཟིང་མང་དུ་བྱུང་པས། རྒྱལ་ཁམས་ལྷིང་འཇགས་ངང་དཔལ་འབྱོར་འཛུགས་སྐྲུན་གྱི་ལས་དོན་ཆེས་ཆེར་སྤེལ་མ་ཐུབ་རུང་། རྒྱལ་དབང་ལྔ་པ་ཆེན་མོས་ཆོས་སྲིད་ཟུང་གི་བདག་པོ་མཛད་པ་ནས་དེ་སྔ་གཏོར་ཕམ་བཏང་བའི་ཀརྨ་བཀའ་བརྒྱུད་པ་ཕུད། ས་དགེ་རྙིང་གསུམ་སོགས་ཆོས་ལུགས་གྲུབ་མཐའ་ཚང་མ་རིས་མེད་ཀྱིས་བསྐྱངས་ཤིང་། སྔ་ན་མེད་པའི་དགོན་སྡེ་མང་པོ་གསར་དུ་བཏབ་པ་དང་དགོན་སྡེ་ཁག་ལ་གྲྭ་པ་གྲངས་བཅད་དང་གྲྭ་ཁྲལ་སྡུད་པའི་ལམ་ལུགས་བཙུགས་པ། སྐད་གྲགས་ཆེ་བའི་དགོན་སྡེ་ཁག་ཅིག་ལ་མཆོད་གཞིས་དང་མི་སེར་རང་བདག་གི་དབང་ཆ་དང་ཁྲིམས་མགོ་རང་བཙན་གྱི་དབང་ཆ་སྤྲད་པ། དགོན་སྡེ་ཁག་ཅིག་ལ་སྲིད་གཞུང་ནས་ལོ་ལྟར་འབྲུ་དང་ཇ་མར་སོགས་ཀྱི་ཕོགས་སྤྲོད་པའི་ལམ་ལུགས་ལག་བསྟར་བྱས་པ་དེས་ཆོས་ལུགས་རིག་གནས་འཛིན་སྐྱོང་སྤེལ་གསུམ་བྱེད་པར་ཆབ་སྲིད་དང་དཔལ་འབྱོར། ཁྲིམས་ལུགས། མི་འབོར་བཅས་ཀྱི་འགན་སྲུང་ཡོད་པར་གྱུར་ཅིང་། རྒྱལ་བའི་བཀའ་བསྟན་གཙོ་བྱས་པའི་རྒྱ་གར་གྱི་རྩོམ་རིག་མང་པོ་བོད་ལ་འགྱུར་ཟིན་པས། ཆོས་ལུགས་གྲུབ་མཐའ་སོ་སོའི་མཁས་པ་རྣམས་ཀྱི་འོས་འགན་ནམ་འབད་ཕྱོགས་གཙོ་བོ་དེ། གཞན་གྱི་ཆོས་ལུགས་རིག་གནས་ཚུར་བསྒྱུར་བ་ནས་རང་རྩོམ་སྣ་ཚོགས་རྩོམ་གནང་མཛད་པའི་སྒོ་ནས་སངས་རྒྱས་ཀྱི་བསྟན་པ་སྤེལ་བའི་ཕྱོགས་ལ་འཁོར་བ་དང་། དེའི་སྟེང་དུ་《སྙན་ངག་མེ་ལོང་》ལ་འགྲེལ་བ་འགྲེལ་བཤད་སྣ་ཚོགས་བརྩམས་ཤིང་འཆད་ཉན་རྒྱ་ཆེར་སྤེལ་ནས་བོད་མཁས་རྣམས་ཀྱི་རྩོམ་རྩལ་ཇེ་མཐོར་ཕྱིན་པས། རྩོམ་རིག་གི་བརྗོད་བྱའི་ནང་དོན་དང་རྣམ་པ། སྒྱུ་རྩལ་རྩོམ་སྟངས་སོགས་ཕྱོགས་ཡོངས་ནས་འཕེལ་འགྱུར་ཆེན་པོ་བྱུང་བ་དང་། སྒོས་སུ་སྔ་ན་མེད་པའི་སྒྲུང་གཏམ་《ཆོས་རྒྱལ་ནོར་བཟང་གི་རྣམ་ཐར་》དང་།《སྣང་ས་འོད་འབུམ་གྱི་རྣམ་ཐར》 《གཟུགས་ཀྱི་ཉི་མའི་རྣམ་ཐར》 《འགྲོ་བ་བཟང་མོའི་རྣམ་ཐར》 《པདྨ་འོད་འབར་གྱི་རྣམ་ཐར》 《གཅུང་བོ་དོན་ཡོད་དང་དོན་གྲུབ་ཀྱི་རྣམ་ཐར》 《དྲི་མེད་ཀུན་ལྡན་གྱི་རྣམ་ཐར》 《རྒྱལ་པོ་སྤྲིན་གྱི་གཞོན་པའི་རྟོགས་བརྗོད》 《གཞོན་ནུ་ཟླ་མེད་ཀྱི་རྟོགས་བརྗོད》 《བྱ་མགྲིན་སྔོན་ཟླ་བའི་རྟོགས་བརྗོད་》སོགས་བརྩམས་ཆོས་མང་པོ་ཕན་ཚུན་འགྲན་པ་ཇི་བཞིན་རྩོམ་གནང་མཛད་ནས་སྐབས་དེའི་རྩོམ་རིག་གི་འཕེལ་ཕྱོགས་གཙོ་བོར་གྱུར། དེས་ན་གནའ་རབས་སྒྲུང་གཏམ་དེ་དག་ལ་རྩོམ་པ་མཛད་ཚུལ་གྱི་ངོས་ནས་བརྟགས་ན། རིགས་ཆེན་པོ་གཉིས་སུ་འདུས་པ་སྟེ།
དང་པོ། རྒྱ་གར་གཏམ་རྒྱུད་ཀྱི་གཞི་རྐང་སོར་བཞག་བྱས་ཐོག་དོན་གྱི་བྱུང་རིམ་འཐུས་ཚང་དུ་བཏང་ཞིང་། མི་སྣའི་སྣང་བརྙན་དང་ཡུལ་གྱི་བཀོད་པ་ཞིབ་འབྲི་བྱས་ནས་བོད་ཀྱི་སྒྲུང་གཏམ་དུ་བརྩམས་པ།
             གཅིག 《ཆོས་རྒྱལ་ནོར་བཟང་གི་རྣམ་ཐར།》གཙང་གི་དཔོན་རིགས་སྡིངས་ཆེན་ཚེ་རིང་དབང་འདུས་ཀྱིས་དུས་རབས་17པའི་སྨད་ནས་དུས་རབས་18པའི་སྟོད་ཙམ་དུ་རྩོམ་གནང་མཛད་པའི་《ཆོས་རྒྱལ་ནོར་བཟང་གི་རྣམ་ཐར་》ནི། བཀའ་འགྱུར་འདུལ་བའི་ཁ་དུམ་པར་བཞུགས་པའི་《རྒྱལ་པོ་ནོར་བཟངས་ཀྱི་སྐྱེས་རབས་》ཏེ། སྔོན་ཡུལ་ལྔ་ལེན་པ་ཞེས་པར་ལྷོ་ཕྱོགས་ཀྱི་རྒྱལ་པོ་ལྔ་ལེན་ཞེས་པ་དང་བྱང་ཕྱོགས་ཀྱི་རྒྱལ་པོ་ནོར་ཅན་ཞེས་པ་གཉིས་ཡོད་པ་ལས་རྒྱལ་པོ་ནོར་ཅན་གྱིས་རྒྱལ་སྲིད་ཆོས་བཞིན་བསྐྱངས་པས་རྒྱལ་སྲིད་དར་ཞིང་སྟོབས་འབྱོར་རྒྱས་པ་དང་། རྒྱལ་པོ་ལྔ་ལེན་གྱིས་རྒྱལ་སྲིད་ཆོས་མ་ཡིན་པས་བསྐྱངས་པས་ཚུལ་མིན་གྱི་སྤྱོད་པ་སྣ་ཚོགས་དར་ཞིང་མངའ་འབངས་རྣམས་ཀྱང་རྒྱལ་པོ་ནོར་ཅན་གྱི་ཡུལ་དུ་སོང་པས། བློན་པོ་རྣམས་ལ་དེའི་རྒྱུ་མཚན་དྲིས་པར། བློན་པོ་རྣམས་ཀྱིས་རྒྱལ་པོས་ཆོས་མ་བྱས་པའི་ལན་པ་ཡིན་ཞིང་། བྱང་ཕྱོགས་ནོར་ཅན་རྒྱལ་པོའི་ཡུལ་དུ་ཀླུའི་བུ་སྐྱེ་བ་སྣ་ཚོགས་པ་ཞེས་པ་ཞིག་གནས་པའི་རྐྱེན་ཡིན་པར་བཤད་རྗེས། ཕྲག་དོག་ཆེན་པོ་སྐྱེས་ཤིང་ཀླུ་དེ་ལྷོ་ཕྱོགས་སུ་འགུགས་པར་སྤྲུལ་ཁས་སྡིགས་པ་ཞེས་པར་གསེར་བྱིན་ནས་བྱང་དུ་མངགས། ཀླུའི་བུ་སྐྱེ་བ་སྣ་ཚོགས་པས་སྤྲུལ་ཁས་སྡིགས་པ་རང་ཉིད་འཛིན་དུ་ཡོང་བ་ཤེས་ནས། རྔོན་པ་སྤང་ལེབ་ཅན་ཟེར་བ་སྐྱབས་སུ་བསྟེན་ནས་སྤྲུལ་ཁས་སྡིགས་པ་མདས་བསད་དེ་ཀླུའི་བུ་བསྐྱབས། ཀླུའི་བུས་དྲིན་ལན་མཇལ་བའི་ཆེད་དུ་རྔོན་པ་སྤང་ལེབ་ཅན་ཀླུ་ཡུལ་དུ་འཁྲིད་ནས་རིན་པོ་ཆེ་སྣ་ཚོགས་དང་དོན་ཡོད་ཞགས་པ་བྱིན། རྒྱལ་པོ་ནོར་ཅན་གྱིས་དགེ་སྦྱོང་དང་བྲམ་ཟེ། ཉེ་དུ་སོགས་ཀྱིས་སྨྲས་པ་ལྟར་ལྷ་སྣ་ཚོགས་ལ་གསོལ་བ་བཏབ་པ་བཞིན། བུད་མེད་མཁས་པའི་ཆོས་ལྔ་དང་ལྡན་པའི་བཙུན་མོ་དམ་པ་ལ་བསྐལ་བ་བཟང་པོའི་བྱང་ཆུབ་སེམས་དཔའ་ནོར་བཟངས་མཚན་དཔེ་དང་ལྡན་པ་འཁྲུངས་ཤིང་། མ་མ་བརྒྱད་པོར་གཏད་ནས་མྱུར་དུ་བསྐྱེད་པར་གྱུར།རྔོན་པ་སྤང་ལེབ་ཅན་གྱིས་ཚངས་པ་འདུ་བའི་རྫིང་ཞེས་པར་དོན་ཡོད་ཞགས་པས་དྲི་བཟའི་རྒྱལ་པོ་ལྗོན་པ་རྟ་མགོ་ཅན་གྱི་བུ་མོ་ཡིད་འཕྲོག་ལྷ་མོ་བཟུང་ནས། རྒྱལ་སྲས་གཞོན་ནུ་ནོར་བཟངས་ཀྱི་བཙུན་མོར་ཕུལ་། ཡབ་རྒྱལ་པོ་ནོར་ཅན་གྱི་མདུན་ན་འདོན་གྱིས་བསམ་བར་ཡབ་རྒྱལ་པོ་ནོར་ཅན་འདས་ན་རྒྱལ་སྲས་ནོར་བཟངས་ཀྱིས་རང་ཉིད་མདུན་ན་འདོན་དུ་མི་བསྐོ་བར་དོགས་ནས། རྒྱལ་སྲས་ནོར་བཟངས་དཀྲོང་བའི་ཆེད་དུ་ཡང་རྒྱལ་པོར་ཞུས་ནས་རྒྱལ་སྲས་ནོར་བཟངས་རི་འོར་བ་ཞེས་པའི་སྡེ་དགྲར་ལངས་པ་དེ་འདུལ་དུ་མངགས། ལམ་བར་དུ་རྒྱལ་པོ་རྣམ་ཐོས་ཀྱི་བུའི་དཔུང་ཚོགས་ཡན་ལག་བཞི་དང་འཕྲད་པས། དེས་སྡོངས་གྲོགས་མཛད་འོག་སྲོག་ཆགས་ཕྲ་མོ་ཙམ་ལའང་མ་གནོད་པར་རི་འོར་བ་རྣམས་ཆམ་ལ་ཕབ། རྒྱས་སྲས་ནོར་བཟངས་རི་འོར་བ་འདུལ་དུ་སོང་ཤུལ་དུ་ཡབ་རྒྱལ་པོའི་མདུན་ན་འདོན་གྱིས་རྒྱལ་པོའི་རྨི་ལམ་ལོག་འགྲེལ་བྱས་ནས། ལྷ་མོ་ཡིད་འཕྲོག་མ་གསོད་ལ་རྩོམ་དུས་དེས་ཤེས་ཏེ་དྲི་བཟའི་ཕོ་བྲང་དུ་ཕྱིར་ལོག རྒྱལ་སྲས་ནོར་བཟངས་ཕྱིར་ལོག་དུས་ཡིད་འཕྲོག་མ་མེད་པས་རྒྱུ་མཚན་དྲིས་ནས་ཤེས་རྗེས། ཡབ་ཡུམ་དང་སྲུང་དམག་རྣམས་ཀྱིས་བཀག་ཀྱང་མ་ཐུབ་པར་དྲི་ཟའི་ཕོ་བྲང་དུ་ཡིད་འཕྲོག་མ་འཚོལ་དུ་ཕྱིན་ནས། ཡིད་འཕྲོག་མ་དང་འདྲ་བ་སྟོང་གི་ཁྲོད་དུ་ཡིད་འཕྲོག་མ་ངོས་ཟིན་པས། དྲི་བཟའི་རྒྱལ་པོས་ཁོ་མོ་རྒྱལ་སྲས་ནོར་བཟངས་ཀྱི་བཙུན་མོར་གནངས་ཏེ་ཕྱིར་རང་གི་ཕོ་བྲང་དུ་ལོག་ནས་ཡབ་རྒྱལ་པོ་ནོར་ཅན་ལ་རྒྱུ་མཚན་རྣམས་ཞུས་རྗེས། ཡབ་རྒྱལ་པོས་ཀྱང་”འདི་ནི་ཤིན་ཏུ་སྟོབས་དང་བརྩོན་འགྲུས་དང་། ཕ་རོལ་གནོན་པ་ཅན་ནོ་”ཞེས་རྒྱལ་པོར་དབང་བསྐུར་པས། ནོར་བཟངས་ཀྱིས་“ཡིད་འཕྲོག་མ་དང་ལྷན་ཅིག་འགྲོགས་པ་དང་རྒྱལ་སྲིད་ཀྱི་དབང་སྐུར་ཐོབ་པ་ནི་སྔོན་བྱས་པའི་རྒྱུ་ཁྱད་པར་ཅན་ཡིན་གྱིས། ད་ཡང་སྦྱིན་པ་བྱའོ་གསུངས་ནས་ལོ་བཅུ་གཉིས་ལ་གཏན་པ་མེད་པའི་མཆོད་སྦྱིན་བྱས་པའི་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྐྱེས་རབས་ལས་བརྩམས་པ་ཡིན། སྐྱེས་རབས་འདིའི་བརྗོད་བྱའི་བསྟན་དོན་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱིས་སྐྱེ་བ་སྔ་མར་སྦྱིན་པ་བཏང་ཚུལ་དང་། བསོད་ནམས་བསགས་ཚུལ། བརྩོན་འགྲུས་སྤྱད་ཚུལ་བཅས་ཡིན་མོད། སྡིངས་ཆེན་ཚེ་རིང་དབང་འདུས་ཀྱི་《ཆོས་རྒྱལ་ནོར་བཟང་གི་རྣམ་ཐར་》རྩོམ་པའི་དགོས་པ་ནི་མ་རྩོམ་གྱི་བརྗོད་བྱའི་བསྟན་དོན་དེ་བསྐྱར་ཟློས་བྱེད་པ་ཙམ་མ་ཡིན་པར། མ་རྩོམ་དེ་སྤྱད་ནས་སྐབས་དེའི་སྤྱི་ཚོགས་ཀྱི་སྣང་ཚུལ་ཁག་ཅིག་བརྗོད་པ་དང་། ཚུལ་མིན་གྱི་མི་དང་བྱ་སྤྱོད་ཁ་ཤས་འཚང་འབྱིན་བྱེད་པ། དྲི་མ་མེད་པའི་ཕོ་མོའི་བརྩེ་དུང་ལ་བསྟོད་བསྔགས་བརྗོད་པ་བཅས་ཀྱང་ཡིན། དེས་ན་བརྗོད་བྱའི་བསྟན་དོན་དེ་གཏམ་རྒྱུད་ཀྱི་བྱུང་རིམ་ཆ་ཚང་ཞིང་འབྱུང་སའི་ཁོར་ཡུག་ཞིབ་མོར་འགོད་པ་དང་། མི་སྣའི་སྣང་བརྙན་འབུར་དུ་བཏོད་པའི་སྒོ་ནས་མཚོན་པར་བྱེད་ཆེད། མ་རྩོམ་གྱི་མི་སྣ་གཙོ་བོ་དང་བརྗོད་བྱའི་ནང་དོན་སོར་བཞག་བྱས་ཐོག་བྱུང་རིམ་ཁ་ཤས་བཅོས་སྒྱུར་རམ་འཕྲི་སྣོན་བྱེད་པ་དང་། མི་སྣའི་སྐད་ཆ་དང་ཡུལ་བཀོད་ཞིབ་འབྲི་བྱས་ཡོད། དཔེར་ན།
             1.མ་རྩོམ་གྱི་མགོ་མཇུག་གཉིས་སུ་རྒྱལ་བུ་ནོར་བཟངས་11ཀྱིས་ལོ་བཅུ་གཉིས་སུ་གཏན་པ་མེད་པའི་མཆོད་སྦྱིན་བྱས་ཚུལ་བཀོད་ཡོད་ཀྱང་། བོད་རྩོམ་དུ་སྦྱིན་གཏོང་གིས་དབུལ་བ་སེལ་བར་མཛད་ཅེས་པ་ཙམ་ལས་གླེང་མེད།
             2.མ་རྩོམ་དུ་སྔགས་པ་སྤྲུལ་ཁས་སྡིགས་པ་དེ་སྔགས་21འཆང་པ་ཞིག་ཡིན་པ་ཙམ་ལས་གཞན་ཅི་ཡང་ཞིབ་འབྲི་བྱས་མེད་ཀྱང་། བོད་རྩོམ་དུ་སྔགས་པ་ཧ་ཅང་གཉེན་པོའམ་མཐུ་ཆེན་ཞིག་ཏུ་ཞིབ་འབྲི་བྱས་ཤིང་། དེ་ལྟ་བུའི་སྔགས་པ་ཡང་རྔོན་པས་བསད་པར་བརྗོད་ཡོད།
             3.མ་རྩོམ་དུ་ཡབ་རྒྱལ་པོ་ནོར་ཅན་གྱི་མདུན་ན་འདོན་31གྱིས་ཡབ་རྒྱལ་པོ་གྲོངས་རྗེས། རྒྱལ་བུ་ནོར་བཟངས་ཀྱིས་ཁོ་རང་རྒྱལ་བློན་དུ་མི་བསྐོ་བར་དོགས་ནས་ནོར་བཟངས་རི་འོར་བའི་སྡེ་འདུལ་བར་མངགས་པར་མ་ཟད། ཡིད་འཕྲོག་མའང་བགྲོངས་རྩིས་བྱས་ཀྱང་། བོད་རྩོམ་དུ་རྒྱལ་བུ་ནོར་བཟངས་ཀྱིས་ཡིད་འཕྲོག་མ་བཙུན་མོར་བླངས་རྗེས་བཙུན་མོ་ལྔ་བརྒྱ་ཕྲག་དོག་སྐྱེས་ཤིང་དེ་གསོད་པའི་དོན་དུ་ཨ་མཆོད་ཧ་རི་ཞེས་པར་རྔན་པ་བརྫངས་ནས་ནོར་བཟངས་བྱང་ཕྱོགས་མི་རྒོད་ཀྱི་སྡེ་འདུལ་དུ་བཏང་བ་དང་། ཡབ་རྒྱལ་པོའི་རྨི་ལམ་དཀྲུགས་ནས་ཡིད་འཕྲོག་མ་དགྲོང་གྲབས་བྱས་པ་རེད།
             4.མ་རྩོམ་དུ་རྒྱལ་སྲས་ནོར་བཟངས་ཀྱིས་རྣམ་སྲས་41བུའི་རོགས་རམ་འོག་སྲོག་ཆགས་ཕྲ་མོ་ཙམ་ལའང་གནོད་པ་མ་བྱས་པར་རི་འོར་བ་རྣམས་ཆམ་ལ་ཕབ་པར་བཀོད་ཀྱང་། བོད་རྩོམ་དུ་རྒྱལ་སྲས་ནོར་བཟངས་ཀྱིས་བྱང་ཕྱོགས་མི་རྒོད་ཀྱི་ཕ་བུ་རྣམས་ཀྱིས་ཞུ་བ་བྱས་ཀྱང་མ་ཉན་པར་དེ་དག་རྩ་མེད་དུ་བཏང་།
             5.མ་རྩོམ་དུ་རྒྱལ་སྲས་ནོར་བཟངས་རི་འོར་བ་རྣམས་51འདུལ་བར་གཏོང་མཁན་དྲང་སྲོང་མདུན་ན་འདོན་ལ་མཐའ་གཞུག་ཆད་པ་ཅི་ཡང་མ་ཕོག་མོད། བོད་རྩོམ་དུ་ནོར་བཟངས་ཀྱིས་ཡིད་འཕྲོག་མ་ཁྲིད་ནས་ཕྱིར་ཕོ་བྲང་དུ་སླེབས་རྗེས། ཨ་མཆོད་ཧ་རི་ཤིང་རྩེར་བསྐྱོན་ནས་བསད་པ་དང་བཙུན་མོ་མང་པོའི་མིག་འབྲུ་བ་དང་སྣ་བཞར་པ་ལ་སོགས་པའི་ཆད་པ་བཅད།
             6.མ་རྩོམ་དུ་ཡབ་རྒྱལ་པོ་ནོར་ཅན་གྱིས་རྒྱལ་སྲས་ནོར་61བཟངས་རི་འོར་བ་རྣམས་འདུལ་དུ་འགྲོ་དགོས་པར་གསུངས་རྗེས། ཡིད་འཕྲོག་མ་ནི་མཆི་མའི་དོ་ཤལ་མུ་ཏིག་རྡོག་མ་ལྟར་བྲུལ་ཞིང་། གདོང་ས་ལ་གཏད་དེ་ལག་པས་རི་མོ་འབྲི་དགོས་བར་གྱུར་བ་ཙམ་ལས་བཀོད་མེད་མོད། བོད་རྩོམ་དུ་ཡིད་འཕྲོག་མས་རྒྱལ་སྲས་ནོར་བཟངས་ཀྱི་ཕྱག་ལ་འཆང་ཞིང་དབུ་རྒྱལ་བུའི་དཔྲལ་བར་སྦྱར་ནས་སྤྱན་ཆབ་བསིལ་བཞིན་སྨྲེ་སྔགས་བཏོན་པ་དང་། ཡབ་རྒྱལ་པོར་ནོར་བཟངས་བྱང་དུ་མི་མངག་པའི་ཞུ་བ་ཡང་ཡང་དུ་ཞུས་པ།བསང་མཆོད་གསེར་སྐྱེམས་ཕུལ་ནས་རྒྱལ་སྲས་ནོར་བཟངས་ཀྱིས་དགྲ་བོ་བཏུལ་ཏེ་བདེ་ལེགས་ཀྱིས་ཕྱིར་བྱོན་པའི་སྨོན་ལམ་བཏབ་པ། རྒྱལ་སྲས་ནོར་བཟངས་ལ་ཁོ་མོའང་ལྷན་དུ་བྱང་ཕྱོགས་སུ་འགྲོ་བར་ཞུས་པ། ལ་ཙེ་གཉིས་པའི་བར་དུ་སྐྱེལ་མ་བྱས་ཤིང་ཁྱོ་ཤུག་གཉིས་འབྲལ་མ་ཕོད་པའི་གཏམ་གླེང་བྱས་པ་དང་། ནོར་བཟངས་ཀྱི་སྐུ་འབྱར་ནང་མ་བསླངས་ནས་ངོ་གདོང་བཀབ་སྟེ་སྤྱན་ཆབ་བསིལ་ཞིང་དེ་ཉིད་ཕེབས་པར་ལྟ་མ་གཟོད་པ་ལ་སོགས་པའི་བྱུང་རིམ་ཁ་གསབ་དང་ཞིབ་འབྲི་བྱས་ཡོད། དུས་མཚུངས་སུ་བོད་རྩོམ་དུ་མ་རྩོམ་ལས་མི་སྣའི་སྐད་ཆ་དང་བྱ་སྤྱོད། སེམས་ཁམས།ཡུལ་བཀོད་སོགས་ཞིབ་འབྲི་བྱས་པ་མང་ཞིང་། སྒོས་སུ་མི་སྣའི་སྐད་ཆ་ཞིབ་འབྲི་བྱས་པ་མང་ཞིང་ལེགས་པ་སྟེ། དཔེར་ན། རྒྱལ་སྲས་ནོར་བཟངས་རི་འོར་བ་རྣམས་འདུལ་བར་འགྲོ་ཁར་ཡིད་འཕྲོག་མ་ན་རེ།
             “ཚུར་ལ་གསོན་དང་དགོངས་དང་སྙིང་དང་འདྲ་བའི་རྒྱལ་སྲས།། བུ་མོས་བསམ་བློ་བཏང་ནས་ཞག་མ་མང་ཙམ་སོང་ངོ་།། བསམ་བློ་གང་ནས་བཏང་ཡང་འབྲལ་དུ་ཕོད་པ་མི་འདུག། རྟ་དང་རྟེའུ་འཕྲལ་ཡང་རྟ་རྭའི་ཕན་ཚུན་ཡིན་འདུག། དེ་ཡང་དྲན་པའི་སེམས་ཀྱིས་ཕར་སྐད་ཚུར་སྐད་བྱེད་འདུག། ང་དང་རྒྱལ་པོའི་བར་དུ་ལ་ལུང་མང་པོས་བཅད་འགྲོ།། བལྟས་པས་མཐོང་ས་མི་འདུག་བོས་པས་ཚོར་ས་མི་འདུག། འབྲི་དང་བེའུ་འཕྲལ་ཡང་རྡང་གི་ཕན་ཚུན་ཡིན་འདུག། དེ་ཡང་དུང་བའི་སྐད་ནི་ཕར་སྐད་ཚུར་སྐད་བྱེད་འདུག། ང་དང་ནོར་བཟང་བར་དུ་ལ་ལུང་མང་པོས་བཅད་འགྲོ།། བྱོལ་སོང་མ་བུ་དུང་བའི་བྱེད་པ་ལ་གཞིག་ཀྱང་།། ང་དང་རྒྱལ་པོ་ནོར་བཟང་འབྲལ་དུ་ཕོད་པ་མི་འདུག། རྒྱལ་སྲས་དེ་ལྟར་མ་གསུང་བུ་མོ་བྱང་ལ་འཁྲིད་མཛོད།། འཆི་བ་སྲོག་ལ་བབས་ཀྱང་བུ་མོ་སྡོད་རྒྱུ་མིན་ནོ།།མ་གིའི་མཚོ་མོ་མ་ལ་གསེར་བྱ་བཟའ་མི་སྡེབ་ཀི།། གསེར་བྱ་ཁ་ཡ་བྲལ་བ་མཚོ་མོ་མ་ན་མི་འདུག། ཡ་གི་བྲག་སྟོད་ཡ་ལ་རྒོད་པོ་བཟའ་མི་སྡེབ་གི།། འདབ་བྱ་ཁ་ཡ་བྲལ་བ་བྲག་སྟོད་ཡ་ན་མི་འདུག། ལྕང་གླིང་གྲུ་བཞི་མ་ན་འཇོལ་མོ་བཟའ་མི་སྡེབ་གི།། འཇོལ་མོ་ཁ་ཡ་བྲལ་བ་ལྕང་གླིང་མ་ན་མི་འདུག། སྐྱེས་ནས་ཤི་བས་འབྲལ་བ་ལུས་ཅན་ཀུན་ལ་ལོས་ཡོད།། མ་ཤི་གསོན་བྲལ་བྱེད་པ་ང་མིན་གཞན་ལ་མི་འདུག། མི་མངོན་དབྱིངས་ན་བཞུགས་པའི་བསླུ་མེད་དཀོན་མཆོག་རྣམ་གསུམ།། ལས་ངན་ཕུང་བྱེད་མ་ལ་ཡེ་ཤེས་དབྱིངས་ནས་གཟིགས་ཤིག།” ཅེས་གསུངས་ཞིང་སྐད་དང་བཅས་བཤུམ་པས། རྒྱལ་པོ་ན་རེ།
             “བུ་མོ་དེ་ལྟར་མ་གསུང་སྙིང་དང་འདྲ་བའི་ཡིད་འཕྲོག། བུ་མོ་ཡིད་འཕྲོག་ལྷ་མོ་འབྲལ་འདོད་སེམས་ལ་མེད་དེ།། དབང་ཆེན་མི་ཡི་དཔོན་པོ་ཡབ་ཆེན་པ་ཕས་ཕྲལ་སོང་།། ཡབ་ཆེན་པ་ཕའི་བཀའ་ནི་ནམ་མཁའི་ཐོག་དང་མཚུངས་བྱུང་།། ཡིད་འཕྲོག་མཆི་མ་མ་གཏོང་རང་རེའི་ཚེ་ལ་གཟན་པ།། རྟ་མཆོག་གཞན་ལ་བཙོང་ཡང་མཐུར་མགོ་ཚུར་ལ་ལེན་ཞིང་།། དེ་ཡང་སྔོན་སྲོལ་བཟང་པོའི་རྟེན་འབྲེལ་ལ་འདུག་པ།། བུ་ཆུང་བྱང་དུ་འགྲོ་ཡང་ཐུགས་རྟེན་འདི་ལྟར་འབུལ་ལོ།། དབུ་རྨོག་འདི་ནི་དགྲ་བོ་འདུལ་བ་ལ་དགོས་སོ།།དབུ་རས་འདི་ནི་མཛེས་མའི་སེམས་རྟེན་ལ་འབུལ་ལོ།།དཔའ་དམ་འདི་ནི་དགྲ་བོ་འདུལ་བ་ལ་དགོས་སོ།། རྒྱ་གྲི་འདི་ནི་མཛེས་མའི་སེམས་རྟེན་དུ་མཛོད་ཅིག། ཤ་སྐྲད་འདི་ནི་མདའ་མོའི་ལྟོང་ཚོད་ལ་དགོས་སོ།། མཛུབ་རྒྱུད་འདི་ནི་མཛེས་མའི་སེམས་རྟེན་ཡང་གནང་མཛོད།། སྟག་དོང་འདི་ནི་དགྲ་བོ་འདུལ་བ་ལ་དགོས་སོ།། གཡས་ཤག་འདི་ཡང་མཛེས་མའི་སེམས་རྟེན་དུ་མཛོད་དང་།། གསན་པ་ཨེ་བྱུང་ལྷ་སྲས་ཡིད་འཕྲོག་གི་ལྷ་མོ།། ད་ཡང་བུ་ཆུང་བྱང་དུ་གཏོང་གྲོགས་རང་མཛོད་ཅིག།” ཅེས་རྒྱལ་པོའི་ཕྱག་གིས་ཡིད་འཕྲོག་མའི་ཞལ་རས་ཕྱིས་པས། ཡིད་འཕྲོག་མ་ན་རེ།།
             “ཡང་གཅིག་ཚུར་ལ་གསོན་དང་སྙིང་དང་འདྲ་བའི་རྒྱལ་སྲས།། བུ་མོའི་སེམས་ཀྱི་རྟེན་མ་གནང་བ་བཀའ་དྲིན་ཆེ་སྟེ།། ཡིད་འཕྲོག་གཞོན་ནུ་དྲན་པས་ཉིན་མཚན་འཁྱོལ་དུས་མི་འདུག། རྒྱལ་པོ་བྱང་ལ་འཐབ་དགོས་རྒྱ་གྲི་ཁྱེད་རང་བསྣམས་དང་།། བདག་ལ་གཞོན་ནུ་ཁྱེད་ཀྱི་སྐུ་འབྱར་ནང་མ་ཞོག་དང་།། དེ་ལ་བུ་མོ་བདག་གི་རེ་བའི་བློ་གཏད་བཅོལ་ལོ།།” ཞེས་ཡིད་འཕྲོག་མ་དང་རྒྱལ་སྲས་ནོར་བཟངས་གཉིས་སོ་སོར་གྱེས་དུས་ཕན་ཚུན་ཁ་འབྲལ་མི་ཕོད་པའི་གླེང་མོལ་བྱས་པའི་ཚིག་དང་། རྒྱལ་སྲས་ནོར་བཟངས་བྱང་དུ་ཕེབས་པའི་ལམ་བར་དུ་ལ་ཙེ་ཞིག་གི་མདུན་དུ་སླེབས་རྗེས་བསང་བཏང་ནས་ལྷ་གསོལ་བ། ① རྒྱས་སྲས་ནོར་བཟང་བྱང་ཕྱོགས་སུ་ཕེབས་པའི་ས་ན་རྐྱང་ཁྱུ་ཞིག་འདུག་པ་དེ་མཐོང་པས་ཨ་མ་དང་ཡིད་འཕྲོག་མ་དྲན་པའི་མགུར་བླངས་པ། ②བྱང་ཕྱོགས་རི་འོར་བའི་ཡུལ་དུ་སླེབས་ནས་མི་རྒོད་ཕ་བུ་དང་ཕན་ཚུན་ཁ་ཕོ་གཏམ་པ། ③ རྒྱལ་སྲས་ནོར་བཟང་བྱང་ཕྱོགས་མི་རྒོད་འདུལ་བར་ཕེབས་ཤུལ་དུ་བཙུན་མོ་ལྔ་བརྒྱ་དང་ཡིད་འཕྲོག་མས་ཕན་ཚུན་ལ་ཁ་འཐབ་བྱས་པ། ④ རྒྱལ་པོ་ནོར་བཟང་གིས་བྱང་ཕྱོགས་ཀྱི་མི་རྒོད་བཏུལ་ནས་ཕྱིར་ལོག་ཚེ་ཡུམ་ཆེན་དང་གསུང་གླེང་མཛད་པ་ ⑤ བཅས་ཀྱི་སྐད་ཆ་རྣམས་བོད་པའི་མགུར་གླུ་དང་བསང་མཆོད། སྒྲུང་གླུ། ཤགས་གླུ། ཀ་བཤད་སོགས་ཀྱི་ཚིག་དང་རྣམ་པར་གང་འཚམ་དུ་བསྡེབས་ནས་ཞིབ་འབྲི་མཛད་པས། དྲང་ལྡོག་ཕྱོགས་གཉིས་ཀྱི་མི་སྣའི་གཤིས་ཀ་འབུར་དུ་ཐོན་པ་དང་བརྩམས་ཆོས་མི་རིགས་ཅན་དུ་འགྱུར་པར་སྒྱུ་རྩལ་གྱི་ནུས་པ་ཆེན་པོ་ཐོན། 
             དེ་ལས་གཞན་ཡུལ་གྱི་བཀོད་པ་ཞིབ་འབྲི་བྱས་པའི་ཆའང་མང་དུ་ཡོད་པ་སྟེ། དཔེར་ན། རྔོན་པ་སྤང་ལེབ་ཅན་ཀླུའི་བུ་སྐྱེ་བ་སྣ་ཚོགས་པའི་རྗེས་སུ་འབྲངས་ནས་ཀླུའི་ཕོ་བྲང་དུ་སླེབས་པའི་དུས་ཀྱི་བཀོད་པ་སྣ་ཚོགས་ནི།
             “ཀླུ་ཡི་ཕོ་བྲང་ཁྱད་དུ་འཕགས་པ་རིན་པོ་ཆེ་ལས་གྲུབ་པའི་མཁར་མཐོ་ལ་ཡངས་ཤིང་རྒྱ་ཆེ་བ། རྩེ་ལ་གདུགས་དང་རྒྱལ་མཚན་ལྡ་ལྡི་ལ་སོགས་པས་མཛེས་པའི་ཆོག་མི་ཤེས་པ་ཡུལ་ལྗོངས་རྣམས་ཀྱང་རྩི་ཤིང་དང་ནིའུ་གསིང་གིས་ཁེངས་ཤིང་། འབབ་ཆུ་སོགས་ཀྱང་དྭངས་ཤིང་དལ་བུར་འབབ་པ། བྱའི་རིགས་སྣ་ཚོགས་ཀྱིས་སྙན་པའི་ཀུ་ཅོ་སྒྲོག་ཅིང་། རྟ་ནོར་ར་ལུག་བ་གླང་རྣམས་ཀྱང་མང་ཞིང་སྤུ་བཀྲག་མདངས་དང་ལྡན་པ། རིན་པོ་ཆེའི་ཁྱིམ་ལ་ཤེལ་གྱི་སྒོ་བསྒྲིགས་ཡོད་པ་རྒྱ་ཆེ་བ་ཞིག་གི་ནང་དུ་རྔོན་པ་མཛེས་པའི་ཁྲི་ལ་བཞག ཟས་སྐོམ་རོ་མཆོག་ལྡན་པའི་སྟོན་མོ་དང་། ཀླུའི་བུ་དང་བུ་མོ་ཡིད་དུ་འོང་བ་རྣམས་ཀྱིས་གླུ་དབྱངས་དང་སྙན་པའི་རོལ་མོའི་སྒྲ་སྒྲོག་ཅིང་རྔོན་པ་སྣང་བ་འགྱུར་ནས་མཚོ་ནང་དུ་ཡོད་པའི་བསམས་པ་ལྟ་ཅི། ས་སྟེང་འཇིག་རྟེན་གྱི་ཡུལ་ཕུན་སུམ་ཚོགས་པ་ཞིག་ཡིན་སྙམ་སྟེ་ཉིན་ཞག་སོང་བ་ཡང་མ་ཚོར་བའི་ངང་ནས་ཟླ་གཅིག་ཙམ་སོང་འདུག”ཅེས་ཀླུའི་ཕོ་བྲང་གི་རྣམ་པ་དང་དེའི་ཡུལ་ལྗོངས། དགྱེས་སྐྱེམས་སྟོན་མོའི་དཔལ་ལ་རོལ་ཚུལ་བཅས་ཀྱི་བཀོད་པ་ཞིབ་འབྲི་བྱས་ནས། ཀླུ་ཡུལ་གྱི་བཀོད་པ་ངོ་མཚར་ཞིང་འབྱོར་བ་རྒྱ་ཆེ་བའི་ཁྱད་ཆོས་མངོན་པར་བསྟན་པ་དང་། ཡང་། སྔགས་པས་མཚོ་མོ་དཀྲུགས་ནས་ཀླུ་འགུག་པའི་བྱ་སྤྱོད་དང་ཡུལ་བཀོད་ཀྱང་འདི་ལྟར་ཞིབ་འབྲི་བྱས་ཡོད།
             “སྔགས་པས་ཕུར་པ་རྣམས་མཚོ་མཐར་བརྒྱབ། དེ་ལ་དར་ཚོན་གྱི་དྲ་བ་རྩེ་བརྒྱད་ཀྱི་རྒྱན། སྐམ་ཐུན། རློན་ཐུན། རྫས་སྣ་དང་བཅས་པ་མཚོ་ལ་བསྐུར་ནས་མི་རྐང་གི་ངར་སྐད་མཚོ་མོའི་ཕྱོགས་བཞིར་རྒྱབ། མིག་ནམ་མཁར་གདངས་ནས་འདི་སྐད་དོ།། ན་མོ་བླ་མ་དང་སངས་རྒྱས་དགེ་འདུན་རྣམས་ཀྱི་བདེན་པ་དང་།། ཡི་དམ་ཆེ་མཆོག་བཀའ་བརྒྱད་ཀྱི་ལྷ་ཚོགས་རྣམས་ཀྱི་བདེན་པ་དང་།། སྙིང་པོ་དང་ཕྱག་རྒྱ་རྫས་སྔགས་རྣམས་ཀྱི་བདེན་པ་དང་།། བདེན་པ་ཆེན་པོའི་མཐུ་དང་ནུས་པ་ལ་བརྟེན་ནས་མཚོ་མོ་འདི་ལ་གནས་པའི་ཀླུ་རྒྱལ་འཁོར་དང་བཅས་པ་ཡུལ་དང་ཕྲོལ་ཞིག ནོར་དང་ཕྲོལ་ཞིག སྐྱབས་བྱེད་དང་ཕྲོལ་ཞིགཁུག་ཅིགསོད་ཅིག མཚོ་མོ་འདི་ཡང་རྡོ་སོལ་གྱི་མེ་དང་འཕྲད་པ་བཞིན་དུ་འཁོལ་ཞིག བཛྲ་ཨཾ་ཀུ་ཤ་ཡ་ཛཿཟེར་ནས་མཚོ་ལ་རྒྱབ་བརྟེན་ནས་ལྕགས་ཀྱི་ཧོམ་ཁུང་གྲུ་གསུམ་པའི་ནང་དུ་ཀླུ་ཡི་མིང་གཟུགས་ཀྱི་ལིངྒ་བཅུག་རྐང་འོག་མནན་ནས་ཁྱུང་ནག་གི་བསྐྱེད་རིམ་ལ་གནས་པའི་ཚེ་ན། ཆུ་ཚོད་གཅིག་ཙམ་ནས་མཚོ་དེ་ཇ་བསྐོལ་བ་བཞིན་དུ་ཁོལ། ཀླུ་རྒྱལ་དེ་ནད་ཀྱིས་མནར་བས་མཚོ་སྟེང་དུ་ཐོན། ཀླུ་ཕྲན་སྲོག་ཆགས་ཀུན་དྲན་མེད་དུ་སོང་།” ཞེས་སྔགས་པས་མཚོ་དཀྲུག་པའི་བྱ་སྤྱོད་དང་སྐད་ཆ། མཚོ་ཁོལ་ནས་ཀླུ་རྣམས་ཕྱིར་ཐོན་པའི་བཀོད་པ་སོགས་མིག་གི་ལམ་དུ་དངོས་སུ་སྣང་བ་ལྟ་བུ་ཞིབ་འབྲི་བྱས་ནས། སྔགས་པའི་རང་རློམ་ཆེ་བའི་རང་བཞིན་དང་ངོ་མཚར་ལྡན་པའི་མཐུ་རྩལ་མཚོན་པར་བྱས་ཡོད་པ་ལྟར་རོ།།     
             བཀའ་འགྱུར་ཁྲོད་ཀྱི་མ་རྩོམ་གཞིར་བཟུང་ཐོག་དོན་གྱི་བྱུང་རིམ་ཁག་ཅིག་ཁ་གསབ་བྱས་པ་དང་། མི་སྣའི་སྐད་ཆ་དང་བྱ་སྤྱོད། ཡུལ་གྱི་བཀོད་པ་སོགས་ཀྱང་མ་རྩོམ་ལས་ཞིབ་འབྲི་གང་འཚམ་བྱས་པ་དེས་མ་རྩོམ་གྱི་བརྗོད་བྱའི་བསྟན་དོན་དང་མཛད་པ་པོའི་སྐབས་བབ་ཀྱི་བརྗོད་འདོད་བསམ་བློ་རྣམས་སྒྱུ་རྩལ་སྣང་བརྙན་གྱི་སྒོ་ནས་མཚོན་པར་བྱེད་པ་དང་ཆབས་ཅིག མ་རྩོམ་དེ་གཏམ་རྒྱུད་དམ་གཏམ་རྒྱུད་ནས་སྒྲུང་གཏམ་དུ་འཕེལ་བའི་རྣམ་པ་ཅན་ནས་སྒྲུང་གཏམ་དངོས་སུ་འགྱུར་བའི་རྒྱུ་རྐྱེན་གལ་ཆེན་དུའང་གྱུར་པའོ།། 
             གཉིས། 《རྒྱལ་པོ་སྤྲིན་གྱི་བཞོན་པའི་རྟོགས་བརྗོད།》 དཔལ་ལྡན་ཤེས་རབ་ཀྱིས་དུས་རབས་བཅུ་དགུ་པར་རྩོམ་གནང་མཛད་པའི་《རྒྱལ་པོ་སྤྲིན་གྱི་བཞོན་པའི་རྟོགས་བརྗོད་》 ⑥ ནི་བསྟན་འགྱུར་ཁྲོད་ཀྱི་《རྟོགས་བརྗོད་དཔག་བསམ་འཁྲི་ཤིང་》གི་ཡལ་འདབ་བརྒྱ་རྩ་བརྒྱད་པ་《སྤྲིན་གྱི་བཞོན་པའི་རྟོགས་བརྗོད》དང་། དཔལ་ལྡན་དགའ་བའི་ལྷས་མཛད་པའི་《ཀླུ་ཀུན་ཏུ་དགའ་བའི་ཟློས་གར་》 ⑦ གཉིས་གཞིར་བཟུང་ནས་རྩོམ་གནང་མཛད་པ་ཡིན་ཞིང་། དེ་དག་གི་དོན་གྱི་བྱུང་རིམ་རགས་ཙམ་པ་ནི་འདི་ལྟར།
             1.སྔོན་གྲོང་ཁྱེར་གསེར་བྱ་བར་རྒྱལ་པོ་སྤྲིན་གྱི་ཏོག་ཅེས་བའི་བཙུན་མོ་ཆོས་སྤྱོད་མར་སྲས་སྤྲིན་གྱི་བཞོན་པ་ཞེས་པ་ཞིག་འཁྲུངས་ནས་ནར་སོན་ཚེ། རྒྱལ་པོ་ཡབ་ཡུམ་གཉིས་ཀྱིས་རྒྱལ་སྲིད་སྤྲིན་གྱི་བཞོན་པར་གཏད་ནས་རི་བོ་མ་ལ་ཡའི་དབེན་གནས་སུ་སྒོམ་སྒྲུབ་ཏུ་ཕེབས།
             2.སྤྲིན་གྱི་བཞོན་པས་ཀྱང་རྒྱལ་སྲིད་བཏང་ནས་རི་བོ་མ་ལ་ཡའི་དབེན་པའི་གནས་སུ་ཡབ་ཡུམ་གཉིས་ལ་མཇལ་དུ་བྱོན་པས། བུ་མོ་མ་ལ་ཡ་ཅན་མ་དང་འཕྲད་དེ་འབྲལ་ཐབས་མེད་པའི་བརྩེ་དུང་ཆགས་ཤིང་། མ་ལ་ཡ་ཅན་མ་ཕོ་བྲང་དུ་བསུས་ནས་དགའ་སྟོན་རྒྱ་ཆེན་པོ་བྱས།
             3.རྒྱལ་བུ་སྤྲིན་བཞོན་རི་ངོགས་སུ་སྐྱོ་སངས་ལ་བྱོན་ནས། མཁའ་ལྡིང་གི་ཟས་སྐལ་དུ་བབས་པའི་ཀླུ་མོ་མ་བུ་གཉིས་ངུ་ཞིང་སྡུག་བསྔལ་བ་མཐོང་བས། དེའི་སྡུག་བསྔལ་བསལ་བའི་ཆེད་དུ་ཀླུའི་ཚབ་ཏུ་རང་ལུས་མཁའ་ལྡིང་ལ་སྦྱིན།
             4.རྒྱལ་པོ་ཡབ་ཡུམ་སོགས་སྤྲིན་བཞོན་འཚོལ་དུ་ཕྱིན་ནས། མཁའ་ལྡིང་འབབ་སར་རྒྱལ་བུའི་གཙུག་རྒྱན་ནོར་བུ་ཁྲག་གིས་གོས་པ་མཐོང་པས་དྲན་མེད་དུ་འགྱེལ།
             5.ཀླུ་རྣམས་འགྱོད་ཅིང་གདུང་བས་མེ་ཏོག་འཐོར་བ་དང་། མ་ལ་ཡ་ཅན་མས་གཽ་རི་མཆོད་ཅིང་མེ་ཏོག་གཏོར། མཁའ་ལྡིང་ཡང་འགྱོད་དེ་གཽ་རི་ནས་བདུད་རྩི་བླངས་ནས་རྒྱལ་བུའི་རུས་ཕུང་ལ་བྲན་པས་རྒྱལ་བུ་སོས་ནས་སྔ་མཁོ་བཞིན་གྱུར་པས་ཐམས་ཅད་དགའ་ཞིང་། མཁའ་ལྡིང་གིས་ཀྱང་ཕྱིན་ཆད་ཀླུ་རྣམས་མི་ཟ་བར་ཁས་བླངས།
             6.ཚངས་པ་དང་བརྒྱ་བྱིན་ལ་སོགས་ཀྱིས་ཀྱང་མེ་ཏོག་གཏོར་པས་རྒྱལ་བུའི་དབུ་ལ་མེ་ཏོག་ཆར་གྱི་རྒྱན་དུ་འཁྲིགས་ཤིང་བསྟོད་དབྱངས་བསྒྲགས་ནས། རྒྱལ་བུ་སྤྲིན་བཞོན་འཁོར་ལོས་བསྒྱུར་བའི་རྒྱལ་པོར་གྱུར་པ་བཅས་སོ།། 
             རྟོགས་བརྗོད་འདི་ནི་སངས་རྒྱས་བཅོམ་ལྡན་གྱི་སྐྱེས་རབས་ཤིག་ཡིན་ཞིང་འདིའི་བརྗོད་བྱའི་བསྟན་དོན་ནི་ཕར་ཕྱིན་དྲུག་ལས་གཙོ་བོར་སྦྱིན་པ་དང་དེའི་ཕན་ཡོན་སྟོན་པ་ཡིན། དེས་ན་རྒྱ་གར་འཕགས་པའི་ཡུལ་གྱི་སྙན་ངག་པ་གྲགས་ཅན་ཟླ་བའི་དབང་པོས་མཛད་པའི་《རྒྱལ་པོ་སྤྲིན་གྱི་བཞོན་པའི་རྟོགས་བརྗོད་》དང་། དཔལ་ལྡན་དགའ་བའི་ལྷས་མཛད་པའི་《ཀླུ་ཀུན་ཏུ་དགའ་བའི་ཟློས་གར་》གཉིས་ཡོད་བཞིན་དུ་བོད་ཀྱི་མཁས་པ་དཔལ་ལྡན་ཤེས་རབ་ཀྱིས་《རྒྱལ་པོ་སྤྲིན་གྱི་བཞོན་པའི་རྟོགས་བརྗོད་》ཅེས་པ་ཞིག་མཛད་དོན་ཅི་ཡིན་ཞེ་ན། རྒྱ་གར་མཁས་པའི་བརྩམས་ཆོས་ནི་སྙན་ངག་གི་སྡེབ་སྦྱོར་ཟབ་མོར་བཅངས་པའི་ཚིགས་བཅད་སྙན་ངག་གམ་ཟློས་གར་འཁྲབ་གཞུང་ཡིན་པས། བོད་པ་ཕལ་མོ་ཆེ་དང་ཁྱད་པར་དུ་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྐྱེས་རབས་རྣམ་ཐར་ལ་རྨོངས་པ་རྣམས་ཀྱིས་བདེ་བར་གོ་ཞིང་རྗེས་སུ་ཡི་རང་བྱེད་པར་དེ་འདྲ་མི་ཕན་པའི་རྐྱེན་གྱིས། དེ་དག་ལས་གོ་བདེ་ཞིང་དགོད་བྲོ་བསྐྱེད་པའི་སྒོ་ནས་སྟོན་པའི་ཆེད་དུ་རེད། དེ་ཡང་དམིགས་པ་དེ་ལྟ་བུ་ལེགས་པར་འགྲུབ་པའི་ཕྱིར་དུ་མ་རྩོམ་གྱི་གཞི་རྐང་དང་མི་སྣ་གཙོ་བོ་སོར་བཞག་བྱས་ཐོགམ་རྩོམ་ལ་མེད་པའི་མི་སྣ་དང་བྱུང་རིམ་ཁ་གསབ་བྱེད་པ་དང་། སྙན་ངག་གིས་མ་བཅིངས་པར་ཕལ་བའི་ཚིག་གི་སྒོ་ནས་མི་སྣའི་སྐད་ཆ་དང་སེམས་ཁམས། བྱ་སྤྱོད། ཡུལ་བཀོད་སོགས་མ་རྩོམ་ལས་ཞིབ་འབྲི་གང་འཚམ་བྱས་ཡོད། དཔེར་ན། མ་རྩོམ་དུ་མི་སྣ་ཉུང་ཞིང་ཕལ་ཆེ་བར་མིང་བཀོད་མེད་ཀྱང་། བོད་རྩོམ་དུ་མི་སྣ་མང་ཞིང་ཕལ་ཆེ་བར་མིང་བཀོད་ཡོད་པ་དང་། རྒྱལ་བུ་སྤྲིན་བཞོན་དང་སྲས་མོ་མ་ལ་ཡ་ཅན་གཉིས་ཕན་ཚུན་ངོ་འཕྲད་རྗེས། ཕན་ཚུན་ལ་སྙིང་ནས་དགའ་ཞིང་སེམས་ནས་དུང་བའི་གཏམ་དང་རྣམ་འགྱུར་མ་རྩོམ་དུ་རགས་ཙམ་ལས་བཀོད་མེད་ཀྱང་བོད་རྩོམ་དུ་རྒྱས་ཤིང་ཉམས་འཚར་བ་ཞིག་ཞིབ་འབྲི་བྱས་ཤིང་། རྒྱལ་པོ་སྤྲིན་གྱི་བཞོན་པ་དེ་ཉིད་དྲི་ཟའི་རིགས་ཀྱི་རྒྱལ་པོ་ཀུན་གྱི་དབྱིག་གི་ཕོ་བྲང་དུ་མ་ལ་ཡ་ཅན་མས་མཚོན་རྒྱལ་སྲིད་ཀུན་བཞེས་པར་ཕེབས་ཁར། རྒྱལ་པོ་སྤྲིན་བཞོན་གྱི་ཡུམ་ཆེན་གྱིས་བོད་ཀྱི་ལུགས་སྲོལ་ལྟར་དཀོན་མཆོག་གི་རྟེན་རྣམས་ལ་མཆོད་ཚོགས་རྒྱ་ཆེར་ཕུལ་ལ། རི་མགོ་མཐོ་གཉན་གར་ཡོད་ལ་ཀླུང་རྟ་སྤུར་ཞིང་དར་ལྕོག་འཛུགས་པ་དང་། བསང་བཏང་ནས་ལྷ་གསོལ་བ་དང་། ཡབ་ཆེན་རྒྱལ་པོས་ཞལ་གདམས་གནངས་པ། དྲི་ཟའི་ཕོ་བྲང་དུ་རྒྱལ་པོ་སྤྲིན་བཞོན་ལ་དགའ་སྟོན་གྱི་ལོ་ལངས་རྒྱ་ཆེན་པོ་བསྡུས་པ་སོགས་ཀྱང་གསར་སྣོན་དང་ཞིབ་འབྲི་འདི་འདྲ་བྱས་ཡོད།
             “གསོལ་ལོ་མཆོད་དོ་བླ་མ་ཡི་དམ་དཀོན་མཆོག་གསུམ་པོའི་ཞལ་ལ་མཆོད་དོ།། མཁའ་འགྲོ་ཆོས་སྐྱོང་སྲུང་མ་རྣམས་ཀྱི་ཞལ་ལ་མཆོད་དོ།། བདག་གི་བུ་ཆོས་ཀྱི་རྒྱལ་པོ་སྤྲིན་གྱི་བཞོན་པ་འདི་ཉིད་རིག་འཛིན་དང་གྲུབ་པའི་རྒྱལ་ཁབ་ཆེན་པོ་ཕན་ཚུན་དཀར་འཇམ་ཡུག་གཅིག་ཏུ་སྐྱོང་བ་ལ་རྟག་ཏུ་མགོན་དང་སྐྱབས་དང་དཔུང་གཉེན་མཛོད་ཅིག ཕར་འགྲོའི་སྐྱེལ་མ་མཛོད། སྐྱེལ་ཐག་གང་རིང་མཛོད།ཚུར་ཡོང་གི་བསུ་མ་མཛོད། བསུ་ཆང་གང་མགྱོགས་མཛོད། རྒྱབ་རྟེན་བསྲ་རུ་ཆུགའགྲོ་བའི་ལམ་བུ་མཛོད། ལམ་ཕྱོགས་བདེ་རུ་ཆུག ཡར་འགྲོའི་སྐས་ཀ་མཛོད། སྤར་འཇུ་བརྟན་དུ་ཆུགབལྟ་བའི་མིག་མཛོད། ཉན་པའི་རྣ་མཛོད། ལབ་པའི་ལྕེ་མཛོད། དྲོ་བའི་གོས་མཛོད། བསིལ་བའི་གདུགས་མཛོད། ལྟོགས་པའི་ཟས་མཛོད། སྐོམ་པའི་བཏུང་བ་མཛོད། སྡོད་པའི་གདན་མཛོད། འགྲོ་བའི་རྟ་མཛོད། ཉེན་སྲུང་གོ་ཆ་མཛོད། དགྲ་འདུལ་མཚོན་ཆ་མཛོད། ནད་གསོའི་སྨན་མཛོད། ལེགས་ཉེས་མོ་ཕྱྭ་མཛོད། གཡུལ་རྒྱལ་གྱི་རྩིས་པ་མཛོད། དགྲ་ལྷ་འཁོར་བའི་རྟེན་ཐུག་མཛོད། བྱུས་སྣེ་འདྲེན་པའི་དར་ཆེན་མཛོད། མི་བརྒྱའི་དཀྱིལ་དུ་མགོ་འཕང་མཐོ་རུ་ཆུགདཀོན་མཆོག་གི་དབུ་འཕང་བསྟོད་དུ་ཆུག སངས་རྒྱས་ཀྱི་བསྟན་པ་དར་དུ་ཆུག རྒྱལ་སྲིད་ཆོས་བཞིན་དུ་དར་བར་མཛོད། ཚེ་རིང་ལ་ནད་མེད་པ། ནོར་ཆེ་ལ་དབང་བཙན་པ་སོགས་མདོར་ན་ཕ་མ་རྒན་རྒོན་གཉིས་ཀྱི་སེམས་ལ་བསམ་ཚད་བུ་ལ་འགྲུབ་པར་ཤོག་ཅིག ཀི་ཀི་སྭ་སྭ་ལྷ་རྒྱལ་ལོ།། ལྷ་རྒྱལ་ལོ།། ལྷ་རྒྱལ་ལོ།།” ཞེས་པའི་ཐུགས་སྨོན་རྒྱས་པར་མཛད་པ་བཀོད་ཅིང་། ཡབ་རྒྱལ་པོས་ཞལ་གདམས་གནང་བའང་མགུར་མའི་ཚིག་སྦྱོར་ལ་དྲངས་ནས་འདི་ལྟར་བཀོད་ཡོད།
             “ལེགས་པར་ཡིད་ལ་གསོན་དང་བུ་མཆོག་སྤྲིན་གྱི་བཞོན་པ།། ཕ་ཡི་ཚིག་གསུམ་ཞུ་བ་ཐུགས་ཀྱི་དཀྱིལ་དུ་ཞོག་མཛོད།། རང་རང་ཕ་གཅིག་བུ་གཅིག་འབྲལ་བ་དཀའ་ཙམ་འདུག་སྟེ།། གྲུབ་པའི་རྒྱལ་པོའི་བཀའ་བཞིན་ཕ་ཡིས་ཁས་ལེན་ཞུས་ཟིན།། རྒྱལ་སྲིད་དཔལ་འབྱོར་ཀུན་ལ་བུ་ཁྱོད་དགྱེས་པ་མེད་ཀྱང་།། ཆོས་བཞིན་རྒྱལ་སྲིད་སྐྱོང་བ་དམ་ཆོས་སྙིང་པོར་དགོངས་ཤིག། གྲུབ་པའི་ཡབ་ཡུམ་ཆེན་པོ་ཕ་མ་བཞིན་དུ་མཆོད་ཅིག། ལས་བསྐོས་བཙུན་མོ་མཆོག་ཀྱང་རང་ལུས་ཕྱེད་ལྟར་སྐྱོངས་ཤིག། བློ་ཆེན་བློན་པོའི་ཚོགས་ལ་བསྟུན་མཁས་བྱ་རྒྱུ་དགོངས་ཤིག། འཁོར་གྱི་འབངས་དང་བཅས་པ་བྱམས་དང་བརྩེ་བས་སྐྱོངས་ཤིག། གཙོ་བོར་ཁྲིམས་དང་སྦྱིན་པས་ཆོས་བཞིན་ས་ཀུན་སྐྱོངས་ཤིག། ང་ཅག་རྒན་རྒོན་གཉིས་ཀྱང་ཡང་ཡང་མཇལ་བར་སྨོན་ནོ།།”ཞེས་གསུངས་པ་ཞིབ་འབྲི་བྱས་ནས་ཕ་མས་བུ་ལ་བརྩེ་ཞིང་བྱམས་པའི་རང་བཞིན་དྲི་མ་མེད་པ་མངོན་པར་བསྟན་ཡོད། 
ཡང་། རྒྱལ་པོ་སྤྲིན་གྱི་བཞོན་པ་དེ་ཉིད་རྒྱལ་པོ་ཀུན་གྱི་དབྱིག་གི་ཕོ་བྲང་དུ་མ་ལ་ཡ་ཅན་མས་མཚོན་རྒྱལ་སྲིད་ཀུན་བཞེས་པར་ཕེབས་པའི་དགའ་སྟོན་གྱི་ཡོ་ལངས་ཆེན་པོའང་མ་རྩོམ་དུ་བཀོད་མེད་ཀྱང་། བོད་རྩོམ་དུ་འདི་ལྟར་ཞིབ་འབྲི་བྱས་ཡོད།
             “སྐབས་འདིར་དུང་དང་རྒྱ་གླིང་སོགས་རྒྱས་སྤྲོས་གཟབ་མཆོར་གྱི་ཆིབས་རགས་ཕྱག་ཕེབས་དགོས་ལ་ཉི་དྲོས་སྔ་ཆའི་བདུད་རྩི་མཐུན་མཚམས་དང་བསྟུན་གྲུབ་པའི་རྒྱལ་པོའི་ཕེབས་བསུ་བ་རྟ་པ་སུམ་སྟོང་བརྒལ་བ་དང་། རིག་འཛིན་གྱི་རྒྱལ་པོའི་ཕེབས་སྐྱེལ་བ་རྟ་པ་སུམ་སྟོང་བརྒལ་བ་བཅས་དེ་དག་ཐམས་ཅད་ཀྱང་རྒྱན་དང་ཆ་ལུགས་གཟབ་མ་མོར་རྨད་དུ་བྱུང་བས་སྤྲས་པ་དང་། ཕོ་བྲང་ཕན་ཚུན་གྱིས་གཙོས་པའི་ལྷ་སྡེ་མི་སྡེ་ཐམས་ཅད་ནས་གཏམ་སྙན་དར་འཕྱར་གྱི་རྟེན་འབྲེལ་དགའ་སྟོན། རྒྱལ་ཁབ་གཉིས་ཀྱི་བར་ཐམས་ཅད་དུ་གྲོང་ཁྱེར་བའི་སྐྱེ་བོ་ཕོ་མོ་གནམ་གྱི་སྐར་མའམ་སའི་དྲེག་པ་ལྟ་བུས་གང་བ་རྣམས་ནས་སྤོས་ཆུས་ཆག་ཆག་དང་འབྲེལ་བའི་མེ་ཏོག་གཏོར་བཞིན་པས་ཞལ་མཇལ་དང་ས་ལམ་ཞུ་ཞིང་། བར་དུ་ཐུན་མོང་བའི་གཞུང་ལུགས་ལ་མཁས་པའི་བྲམ་ཟེ་རིག་བྱེད་པ་དག་གིས་ཤེས་པ་རྒྱ་མཚོའི་བསྔགས་བརྗོད་སྒྲོག་པ་དང་། ལྷག་པར་དུ་ཡང་གྲུབ་པའི་ཕོ་བྲང་ཆེན་པོའི་ཡང་སྟེང་ནས་བསངས་དུད་སྤྲིན་ཕུང་ལྟར་འཕྱུར་ཞིང་གདུགས་དང་རྒྱལ་མཚན་ལ་སོགས་པ་མངོན་མཐོར་བསྒྲེང་བ། དར་ཚོན་སྣ་ལྔའི་ལྡ་ལྡི་ལ་སོགས་པ་མངོན་པར་བྲེས་ཤིང་འབུད་བརྡུང་དཀྲོལ་གསུམ་རོལ་མོའི་བྱེ་བྲག་བསམ་གྱིས་མི་ཁྱབ་པ་དང་བཅས་པའི་སྤྱན་དྲངས་པའི་ཆིབས་རགས་བཀྲ་ཤིས་ཤིང་བྱིན་ཆགས་པའི་ཁྲོད་ན་སྤྲིན་དཀར་ལངས་པ་ལྟ་བུའི་གླང་པོ་ཆེ་དཀར་པོ་བཟང་གོས་ཀྱི་ཁེབས་དང་ནོར་བུའི་རྒྱན་གྱིས་སྤྲས་པའི་སྟེང་དུ་ཆོས་ཀྱི་རྒྱལ་པོ་སྤྲིན་གྱི་བཞོན་པ་ཆེན་པོ་ཉི་མ་བྱེ་བའི་དཔལ་དང་གཟི་བྱིན་རབ་ཏུ་འབར་བཞིན་པའི་ངང་ནས་རིམ་གྱིས་གྲུབ་པའི་ཕོ་བྲང་གི་ཚོམས་ཆེན་མོར་ཕེབས་”ཞེས་གཟུགས་བརྙན་ལྡན་པ་ཞིག་ཞིབ་འབྲི་བྱས་ནས་དྲི་ཟའི་ཕོ་བང་གི་འབྱོར་བ་རྒྱ་ཆེ་ཞིང་བྱང་ཆུབ་སེམས་དཔའི་བདག་པས་གཞན་གཅེས་ཀྱི་རང་བཞིན་རླབས་ཆེ་བ་མཚོན་པར་བྱས་ཡོད་པ་ལྟར་རོ།།
             མ་རྩོམ་དུ་མི་སྣའི་སྐད་ཆ་བཀོད་པ་ཤིན་ཏུ་ཉུང་ཡང་བོད་རྩོམ་དུ་ཚིགས་བཅད་ཀྱི་སྒོ་ནས་གང་ལ་གང་འཚམ་དུ་ཞིབ་འབྲི་བྱས་པར་མ་ཟད། ཚིགས་བཅད་མང་པོའི་མགོར“མགུར་དབྱངས་འདི་ལྟ་བུ་བཞེས་སོ།།” ཞེས་པ་དང་།“གདུང་བའི་དབྱངས་འདི་གསུངས་པ།” “གསུང་གླེང་གླུར་བཞེས་པ།” “གླུ་ཕུལ་བ།” “གླུ་བཞེས་པ་”ཞེས་པ་སོགས་བཀོད་པ་ལྟར་ན། ཏུན་ཧོང་ཡིག་རྙིང་ཁྲོད་ཀྱི་《བཙན་པོ་རིམ་བྱུང་གི་ལོ་རྒྱུས་》དང་། གླིང་གེ་སར་རྒྱལ་པོའི་སྒྲུང་ལྟར་མི་སྣའི་ལབ་གླེང་གི་ཚིག་རྣམས་དབྱངས་སུ་གྱེར་ནས་ལེན་པར་འདོད་དོ།།
             རྟོགས་བརྗོད་འདིས་མ་རྩོམ་གྱི་གཞི་རྐང་སོར་བཞག་བྱས་ཐོག་མགོ་མཇུག་བར་གསུམ་དུ་གོ་བདེ་བའི་འབྲི་སྣོན་གང་འཚམ་དང་། བྱུང་རིམ་གསར་སྣོན། ཡུལ་བཀོད་དང་མི་སྣ་ཞིབ་འབྲི་བཅས་བྱས་པ་འདིས་རྟོགས་བརྗོད་ཀྱི་མི་སྣ་གཙོ་བོ་སྤྲིན་གྱི་བཞོན་པའི་གཞན་གྱི་དོན་དུ་རང་གི་དགའ་ཞིང་དུང་བའི་བཙུན་མོ་སྙིང་སྡུག་མ་དང་རྒྱལ་སྲིད། ཐ་ན་རང་གི་སྲོག་ཀྱང་ཕངས་མེད་དུ་སྦྱིན་པའི་བྱང་ཆུབ་སེམས་དཔའི་རྣམ་ཐར་དེ་གཟུགས་བརྙན་ལྡན་པའི་སྒོ་ནས་ལེགས་པར་སྤྲོས་པ་དང་ཆབས་ཅིག བརྩམས་ཆོས་ཀྱི་ངོ་མཚར་རང་བཞིན་ཆེ་རུ་བསྐྱེད་ཅིང་རྣམ་པའང་སྙན་ངག་གི་བསྟན་བཅོས་དང་ཟློས་གར་འཁྲབ་གཞུང་ནས་བོད་ཀྱི་གནའ་རབས་སྒྲུང་གཏམ་དུ་གྱུར།
             གསུམ། 《རྒྱལ་པོ་དྲི་མེད་ཀུན་ལྡན་གྱི་རྣམ་ཐར།》 རས་པའི་རྒྱན་ཅན་གྱིས་རྩོམ་གནང་མཛད་པའི་《རྒྱལ་པོ་དྲི་མེད་ཀུན་ལྡན་གྱི་རྣམ་ཐར་》 ⑧ ལ་མཚོན་ནའང་བཀའ་འགྱུར་གྱི་མདོ་སྡེ་ཨ:དུམ་པར་བཞུགས་པའི་《འཕགས་པ་རྒྱལ་བུ་དོན་གྲུབ་ཀྱི་མདོ་》གཞི་བྱས་ནས་མཛད་ཅིང་།དེའི་དོན་གྱི་བྱུང་རིམ་རགས་ཙམ་པ་འདི་ལྟར།
             1.སྔོན་ཚེ་ཡུལ་ཡ་བ་ཞེས་པར་མཚན་ལ་དགེ་བ་བྱ་བའི་རྒྱལ་པོ་ཞིག་ཡོད་པ་ལ་བཙུན་མོ་ཉིས་ཁྲི་ཡོད་ཀྱང་རིགས་ཀྱི་སྲས་མ་བྱུང་བས། རི་དང་ཀླུང་གི་ལྷ་གཉན་པོ་ལ་མཆོད་ནས་རིགས་ཀྱི་སྲས་ཤིག་འཁྲུངས་པའི་མཚན་ལ་དོན་དུ་གྲུབ་གསོལ། དེ་ཉིད་ནར་སོན་ནས་སློང་མོ་བ་རྣམས་ཀྱི་དབུལ་ཕོངས་ཀྱི་སྡུག་བསྔལ་བསལ་བའི་དོན་དུ་རྒྱལ་པོའི་བང་མཛོད་ཀྱི་ནོར་དབྱིག་རིན་ཆེན་རྣམས་སྦྱིན་པ་བྱིན་ནས་སྙན་པའི་གྲགས་པ་རྒྱལ་ཁམས་ཀུན་ལ་ཁྱབ་ཅིང་། དགྲ་ཟླའི་རྒྱལ་པོས་མངགས་པའི་བྲམ་ཟེ་ལ་སུ་ད་ཡ་ཞེས་པའི་ཕྱོགས་ཀྱི་དགྲ་ཟླའི་རྒྱལ་ཁམས་ལས་རྒྱལ་བའི་གླང་བོ་ཆེ་སྟོབས་དང་ལྡན་པ་ཞིག་ཡོད་པའང་བྱིན་པས། ཡུལ་དན་ཏིག་ལ་ཆད་པའི་རྒྱང་སྤྱུགས་བྱས།
             2.ཡུལ་དན་ཏིག་ལ་འགྲོ་བའི་ལམ་བར་དུའང་བྲན་ཟེ་སློང་མོ་བ་ལྔ་ལ་སོ་སོར་རྟ་དང་ཤིང་རྟ། རྒྱལ་བུ་ཡབ་ཡུམ་གྱི་གོས། སྲས་གཉིས་བཅས་སྦྱིན་པར་བཏང་ཞིང་། ལྷའི་དབང་པོ་བརྒྱ་བྱིན་གྲོང་ཁྱིམ་དུ་སྤྲུལ་ནས་བསུ་བ་མཛད་པ་དང་། རི་དན་ཏིག་གི་དྲུང་དུ་ཆུ་ཆེན་པོ་དང་འཕྲད་ཀྱང་ཏིང་ངེ་འཛིན་ལ་བཞུགས་ནས་ཆུ་བོའི་རྒྱུན་བཅད་ཅིང་ཕྱིན།
             3.དན་ཏིག་ཡུལ་དུ་སླེབས་ཚེ་བྱ་བྱིའུ་དང་རི་དྭགས་ཚོགས་ཀྱིས་བསུ་བ་བྱས་ཤིང་ལོ་ལྔ་བརྒྱ་ལོན་པའི་དགེ་སློང་ཨ་ཚུ་ཏ་དང་འཕྲད་ནས་གླེང་མོལ་མཛད་པ་དང་། ཡུལ་ཀཻ་ལཻའི་བྲམ་ཟེ་ཞིག་ལ་སྲས་གཉིས་སྦྱིན། བརྒྱ་བྱིན་གྱིས་ཚོད་བགམ་པའི་ཆེད་དུ་བཙུན་མོ་མན་དེ་བསླངས་པའང་གནངས།
             4.ཡུལ་ཀཻ་ལཻའི་བྲམ་ཟེས་སྲས་གཉིས་ཁྲིད་ནས་ཡུལ་ཡ་བར་བཙོང་དུ་ཕྱིན་པས་རྒྱལ་པོ་དགེ་བས་སྲས་གཉིས་ངོ་ཤེས་ནས་ཕྱིར་ཉོས།
             5.རྒྱལ་པོ་དགེ་བས་སྲས་དོན་གྲུབ་ཕྱིར་འདྲེན་པའི་ཕོ་ཉ་བཏང་བ་དང་ཡི་གེ་བསྐུར་པས། ཕྱིར་ལོག་པར་ཆས་ཤིང་། རི་དྭགས་དང་གཅན་གཟན། བྱ་བྱིའུ་སྣ་ཚོགས་ཀྱིས་སྐད་དང་རྣམ་འགྱུར་ཕྱུང་ནས་སྐྱེལ་མ་བྱས།
             6.ཕྱིར་ལོག་པའི་ལམ་བར་དུ་དགྲ་ཟླའི་རྒྱལ་པོས་གླང་ཆེན་སུ་ད་ཡ་སོགས་ཕྱིར་ཕུལ་ནས་འགྱོད་བཤགས་བྱས་པ་དང་། རྒྱལ་པོ་ཡབ་ཡུམ་དང་བཅས་པས་བསུ་བ་མཛད།
             7.ཕྱིར་ཕོ་བྲང་དུ་འབྱོར་རྗེས་ཡབ་རྒྱལ་པོས་དཀོར་མཛོད་ཐམས་ཅད་གཏད་ནས་སྦྱིན་པ་བཏང་པས། མངོན་པར་སངས་རྒྱས་ཀྱི་བྱང་ཆུབ་ཐོབ་པར་གྱུར། 
             སྐྱེས་རབས་འདིའི་བརྗོད་བྱའི་བསྟན་དོན་ནི་གཙོ་བོར་ཕར་ཕྱིན་དྲུག་ལས་སྦྱིན་པ་དང་དེའི་ཕན་ཡོན་བརྗོད་པ་ཡིན་ན། རས་པའི་རྒྱན་ཅན་གྱིས་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྐྱེས་རབས་འདི་གཞི་བྱས་ནས་》དྲི་མེད་ཀུན་ལྡན་གྱི་རྣམ་ཐར་》རྩོམ་གནང་མཛད་པའི་དགོངས་གཞི་ནི། སངས་རྒྱས་ཀྱི་སྐྱེས་རབས་འདིར་བརྟེན་ནས་རང་གི་བརྗོད་འདོད་ཀྱི་དོན་གཞན་ཞིག་སྟོན་པའི་ཆེད་དུ་མ་ཡིན་པར། སྐྱེས་རབས་འདིའི་བརྗོད་བྱའི་བསྟན་དོན་བླ་ལྷག་གིས་མཚོན་པར་བྱ་བའི་ཆེད་དུ་ཡིན་པས། མ་རྩོམ་གྱི་ས་མིང་དང་མི་མིང་། དངོས་མིང་སོགས་བོད་མིང་དུ་བཅའ་བའམ་ཚིག་གི་འབྲུ་བསྣན་ནས་གོ་སླ་བའམ་དོན་དངོས་དང་མཐུན་པར་བྱས་ཡོད། དཔེར་ན། མ་རྩོམ་དུ་“ཡུལ་ཡ་བ་”ཞེས་པ་དེ་“ཡུལ་བྷེ་ཏའི་གྲོང་ཁྱེར་ཆེན་པོར་”བཅོས་པ་དང་། རྒྱལ་བུ་རྒྱང་སྤྱུགས་བྱེད་སའི་ཡུལ་ལ་མ་རྩོམ་དུ་“དན་ཏིག་”ཟེར་ཡང་།བོད་རྩོམ་དུ་“བདུད་རི་ཤ་ཤིང་”ཞེས་ཡུལ་གྱི་བཀོད་པ་དང་མཐུན་པར་བཅོས་ཡོད། ཕས་རྒོད་དུ་གྱུར་བའི་རྒྱལ་ཁབ་ལ་མ་རྩོམ་དུ་མིང་བྱེ་བྲག་ཏུ་བཏགས་མེད་ཀྱང་བོད་རྩོམ་དུ་“འཐབ་འཁོབ་བྱེ་མ་ཤིང་དྲུང་”དུ་བཏགས་ནས་བརྗོད་དོན་གོ་བདེ་བར་བྱས་ཡོད། ཡབ་རྒྱལ་པོའི་མིང་ལ་མ་རྩོམ་དུ་“དགེ་བ་”ཞེས་བརྗོད་ཀྱང་། བོད་རྩོམ་དུ་“ས་སྐྱོང་གྲགས་པ་”ཞེས་པར་བཅོས་པ་དང་ཡུམ་གྱི་མིང་ལ་མ་རྩོམ་དུ་མིང་བྱེ་བྲག་ཏུ་བཏགས་མེད་ཀྱང་བོད་རྩོམ་དུ་“དགེ་ལྡན་བཟང་མོ་”ཞེས་བོད་མིང་བཏགས་ནས་བརྗོད་དོན་གོ་སླ་བར་བྱས།རྒྱལ་བུའི་མིང་ལ་མ་རྩོམ་དུ་“རྒྱལ་བུ་དོན་གྲུབ་”གསོལ་ཡང་བོད་རྩོམ་དུ་“དྲི་མེད་ཀུན་ལྡན་”ཞེས་ཁོང་གི་མཛད་སྤྱོད་དང་མཐུན་པའི་མཚན་གསོལ་བ་དང་། རྒྱལ་བུའི་བཙུན་མོའི་མིང་ལ་མ་རྩོམ་དུ་“མན་ཏེ་”ཞེས་པ་དེར་“མན་དྷེ་བཟང་མོ”ཞེས་འབྲི་སྣོན་བྱས་ནས་གོ་སླ་བར་བྱས། སྲས་སྲས་མོའི་མིང་ལ་མ་རྩོམ་དུ་“ཡ་རི་”དང་“གེ་ནོ་ཡན་”ཞེས་པའང་བོད་རྩོམ་དུ་“ལེགས་ལྡན་”དང་། “ལེགས་དཔལ” “ལེགས་མཛེས་”ཞེས་བོད་མིང་དུ་བཅོས་ལ། མ་རྩོམ་དུ་བློན་པོར་མིང་བྱེ་བྲག་ཏུ་བཏགས་མེད་ཀྱང་བོད་རྩོམ་དུ་“ཟླ་བ་བཟང་པོ་”ཟེར་བ། སྦྱིན་བྱའི་དངོས་པོ་གཙོ་བོ་ཡང་མ་རྩོམ་དུ་“སུ་ད་ཡ་”ཞེས་པའི་གླང་ཆེན་ཞིག་ཡིན་རུང་། བོད་རྩོམ་དུ་བོད་ཀྱི་མོས་པ་ལྟར་“དགོས་འདོད་དཔུང་འཇོམས་”ཞེས་པའི་ནོར་བུ་རིན་པོ་ཆེ་ཞིག་ཏུ་བཅོས་ཡོད་པ་ལྟར་རེད།
             མ་རྩོམ་ནང་གི་མི་སྣ་ཁ་ཤས་ལ་མིང་མེད་པ་ལ་མིང་གསར་དུ་བཏགས་པ་དང་མིང་ཡོད་པ་དེ་བོད་མིང་དུ་བཅོས་པའམ་ཚིག་འབྲུ་བསྣན་ནས་ཁ་ཇེ་གསལ་དུ་བཏང་བ་དེས་བརྗོད་དོན་གོ་སླ་བ་དང་། བརྩམས་ཆོས་འཆད་ཉན་བྱེད་བདེ་བ། ཁྱད་ཆོས་བོད་ཅན་དུ་འགྱུར་པར་ནུས་པ་མི་དམན་པ་བསྐྱེད་པར་ངེས། དཔེ་དེ་བཞིན་དུ་མ་རྩོམ་གྱི་བརྗོད་བྱའི་བསྟན་དོན་ཏེ་སྦྱིན་པའི་ཕ་རོལ་དུ་ཕྱིན་ཚུལ་ཆ་ཚང་ཞིང་གོ་རིམ་ལྡན་པ་ཞིག་སྟོན་པ་དང་། སོ་སོ་སྐྱེ་བོ་ལས་ཁྱད་དུ་འཕགས་པའི་བྱང་ཆུབ་སེམས་དཔའི་སྣང་བརྙན་འབུར་དུ་བཏོད་ཅིང་མངོན་པར་མཚོན་པའི་དོན་དུ་མ་རྩོམ་ལ་མེད་ཀྱང་བོད་རྩོམ་དུ་རྒྱལ་བུ་སྟངས་ཞལ་གཉིས་བདུད་རི་ཧ་ཤིང་ནས་རང་ཡུལ་དུ་ཕྱིར་ལོག་ཁར་རི་དེ་ལ་གནས་པའི་ལྷ་ཀླུ་གནོད་སྦྱིན་དང་། གཅན་གཟན། བྱའི་ཚོགས་ཐམས་ཅད་ལ་ཆོས་ཀྱི་སྦྱིན་པ་བཏང་བ་དང་། དེ་ནས་ཕྱིར་ལོག་པའི་ལམ་བར་དུ་《རྒྱལ་པོ་ཟླ་འོད་ཀྱི་སྐྱེས་རབས་》 ⑨ དང་། 《རྒྱལ་པོ་མིག་འབྱེད་ཀྱི་སྐྱེས་རབས》 ⑩《ཤི་བིའི་རྒྱལ་པོའི་སྐྱེས་རབས་》 ⑾ སོགས་སུ་བྱང་ཆུབ་སེམས་དཔའི་སྤྲུལ་བའི་རྒྱལ་པོ་རྣམས་ཀྱིས་སེམས་ཅན་ལ་མིག་སྦྱིན་པའི་བྱུང་རིམ་ཡོད་པར་དཔེ་འགེབ་བྱས་ནས། བྲམ་ཟེ་མིག་ལོང་ཞིག་ལ་སྤྱན་གཉིས་སྦྱིན་པ་བཏང་བ་སྟེ། མི་འཇིགས་པའི་སྦྱིན་པ་བཏང་བའི་བྱུང་རིམ་ཁ་གསབ་བྱས་ནས། དྲི་མེད་ཀུན་ལྡན་གྱིས་དང་པོར་ཟང་ཟིང་གི་སྦྱིན་པ་བཏང་བ་དང་། དེ་ནས་རིམ་བཞིན་ཆོས་ཀྱི་སྦྱིན་པ་དང་།མི་འཇིགས་པའི་སྦྱིན་པ་བཏང་ནས་སྦྱིན་པའི་མཐའ་རྗོགས་པར་བསྟན་ཡོད།
             གཞན་ཡང་། རྒྱལ་བུ་དྲི་མེད་ཀུན་ལྡན་སྟངས་ཞལ་སོགས་བདུད་རི་ཧ་ཤིང་དུ་ཕེབས་པའི་ལམ་བར་དུ་ལྷ་ཆེན་ཚངས་པས་ཀྱང་གྲོང་ཁྱེར་ཆེན་པོ་ཞིག་ཏུ་སྤྲུལ་ནས་ཉིན་ཞག་བདུན་ལ་མཆོད་པ་བྱས་པ་དང་། སྤྲུལ་བའི་རྣམ་འབྱོར་པ་ཞིག་གིས་བདུད་རི་ཧ་ཤིང་གི་བཀོད་པ་ངོ་སྤྲོད་མཛད་པ་དང་རི་དེ་ལ་ཇི་ལྟར་འགྲོ་བའི་ལམ་བསྟན་ཞིང་། བདུད་རི་ཧ་ཤིང་དུ་མནྡྷ་བཟང་མོ་སིལ་ཏོག་འཐུ་བར་འགྲོ་ཚེ་ནེ་ཙོ་ཞིག་དང་འཕྲད་ཅིང་དེས་སིལ་ཏོག་ཡོད་སར་ཁྲིད་ནས་མང་དུ་ཕབ་པ་སོགས་མ་རྩོམ་ལ་མེད་པའི་བྱུང་རིམ་མང་པོ་གང་ལ་གང་འཚམ་དུ་ཁ་གསབ་བྱས་ཡོད།
             གཞན་ད་དུང་ཡུལ་ལྗོངས་དང་མི་སྣའི་སྐད་ཆ་ཡང་མ་རྩོམ་ལས་ཞིབ་འབྲི་བྱས་པ་མང་སྟེ། རྒྱལ་བུ་དྲི་མེད་ཀུན་ལྡན་རྒྱང་སྤྱུགས་བྱ་ཡུལ་བདུད་རི་ཧ་ཤིང་ནི། “བདུད་རི་ནག་པ་ཧ་ཤིང་ཞེས་བྱ་བའི་ས་རྒོད་ལ་རོང་རྩུབ་པ། རྡོ་ཚྭ་རྡོག་ཙམ་ལ་གྲིབ་ནག་གདུང་ཤིང་ཙམ་ཡོད་པ། དུག་ཤིང་གི་མེ་ཏོག་རྒྱས་པ། དུག་མཚོ་རྦ་རླབས་སུ་ཁོལ་བ། དུག་སྤྲུལ་གྱི་ཁ་རླངས་ནམ་མཁའི་སྤྲིན་ལྟར་འཐིབས་པ། ལྷ་འདྲེ་གདུག་པ་ཅན་རྣམས་ཀྱིས་ཉིན་མཚན་མེད་པར་འཚོགས་བྱེད་ཅིང་སྲོག་གཅོད་པ། གཞན་ཡང་གཅན་གཟན་སེངྒེ་དང་སྟག་དང་དྲེད་དང་དོམ་ལ་སོགས་ཏེ་གཅན་གཟན་གདུག་པ་ཅན་ཐམས་ཅད་ཀྱིས་མིའི་དྲི་ཚོར་ན་བཟོད་གླགས་མེད་པར་ཟ་བ། མཐོང་བ་ཙམ་གྱིས་འཇིགས་ཤིང་སྐྲག་པར་བྱེད་པའི་གནས་ཡོད།” ཅེས་ཡུལ་བཀོད་འཇིགས་ཡེར་ཞིང་སྐྱི་གཡའ་བ་ཞིག་ཏུ་ཞིབ་འབྲི་བྱས་པའི་ཤུགས་ལས་རྒྱལ་པོ་དྲི་མེད་ཀུན་ལྡན་དེ་ཉིད་ཡུལ་གྱི་འཇིགས་པ་དང་བྲལ་བའི་དཔའ་བོའི་རང་བཞིན་ལ་མངོན་པར་བསྟོད་ཅིང་། རྒྱལ་བུ་དྲི་མེད་ཀུན་ལྡན་བདུད་རི་ཧ་ཤིང་དུ་ཕེབས་ཁར་ཡུམ་ཆེན་དགའ་ལྡན་བཟང་མོས་རྒྱལ་བུའི་ཕྱག་ཏུ་འཇུས་ནས།
             “ཨ་མའི་དྲི་མེད་ཀུན་ལྡན་དོན་འགྲུབ་དཔལ། ཚེ་སྔོན་ལན་ཆགས་མངའ་བས་ཁོག་པའི་སྙིང་། རང་སྙིང་བཏོན་ནས་འཇིགས་པའི་རི་ལ་སྤྱུགས། མ་ང་ཁོག་པའི་སྙིང་དང་དེ་རིང་བྲལ། ཚེ་འདིར་འགྲོ་བའི་ཉི་མ་ནུབ་ནས་སོང་།། ང་ཡིས་ཚེ་འདིའི་བློ་གཏད་སུ་ལ་བྱེད། ཡབ་གཅིག་བདུད་བློན་ནག་པོས་ཁ་ལོ་བསྒྱུར།། མི་འདོད་འདི་འདྲའི་ལས་རིགས་བྱེད་དུ་བཅུག། བྱང་སེམས་ལྡན་པའི་བུ་ཁྱོད་ད་བྱོན་ལས།། སྐྱོ་བའི་སྡུག་བསྔལ་སྐད་ཅིག་མ་བྱེད་པར།། བུ་ཁྱོད་བསམ་པ་ཡིད་ལ་འཁོར་རེ་ཡོངས།། དྲི་མེད་ཀུན་ལྡན་ཟེར་ཞིང་འབོད་སྙིང་འདོད།། དབྱར་གསུམ་གཡུ་འབྲུག་སྔོན་མིའི་སྐད་ཅིག་ཡོངས།། དེ་དུས་བུ་ཁྱོད་དྲན་པའི་གསལ་འདེབས་བྱེད།། མ་ངས་བུ་ཁྱོད་ཟེར་ཞིང་ལན་གསུམ་བོས།། དྲི་མེད་ཀུན་ལྡན་ཟེར་ཞིང་ལན་གསུམ་བོས།། བུ་ཁྱོད་ཨ་མ་ཟེར་ཞིང་ལན་གསུམ་འབོད།། དགའ་ལྡན་བཟང་མོ་ཟེར་ཞིང་ལན་གསུམ་འབོད།། དགུན་གསུམ་སྐྱི་སེར་རླུང་གི་སྐད་ཅིག་ཡོངས།། དེ་དུས་བུ་ཁྱོད་དྲན་པའི་གསལ་འདེབས་བྱེད།། མ་ངས་བུ་ཁྱོད་ཟེར་ཞིང་ལན་གསུམ་འབོད།། དྲི་མེད་ཀུན་ལྡན་ཟེར་ཞིང་ལན་གསུམ་འབོད།།
             བུ་ཁྱོད་ཨ་མ་ཟེར་ཞིང་ལན་གསུམ་བོས།། དགའ་ལྡན་བཟང་མོ་ཟེར་ཞིང་ལན་གསུམ་བོས།། དཔྱིད་གསུམ་ཁུ་བྱུག་སྔོན་མོའི་སྐད་ཅིག་ཡོངས།། དེ་དུས་བུ་ཁྱོད་དྲན་པའི་གསལ་འདེབས་བྱེད།། མ་ངས་བུ་ཁྱོད་ཟེར་ཞིང་ལན་གསུམ་འབོད།།དྲི་མེད་ཀུན་ལྡན་ཟེར་ཞིང་ལན་གསུམ་འབོད།། བུ་ཁྱོད་ཨ་མ་ཟེར་ཞིང་ལན་གསུམ་བོས།། དགའ་ལྡན་བཟང་མོ་ཟེར་ཞིང་ལན་གསུམ་བོས།། མ་ང་ཐུགས་རྗེས་རྒྱུན་དུ་བཟུང་དུ་གསོལ།། བུ་དང་ཚེ་འདིར་འཕྲད་པ་ཡོངས་ལས་ཆེ།། གལ་ཏེ་ཚེ་འདིར་འཕྲད་པར་མ་བྱུང་ན།། ཕྱི་མ་བྱང་ཆུབ་ལམ་ནས་མཇལ་བར་སྨོན།།” ཅེས་གསུངས་པ་དང་། དྲི་མེད་ཀུན་ལྡན་གྱིས་སྲས་གསུམ་སྦྱིན་པར་བཏང་རྗེས། བཙུན་མོ་མནྡྷེ་བཟང་མོས་དྲན་ནས་མ་བཟོད་པར་ཆུ་བོ་ཞིག་ལ་ངག་འཕྲིན་བསྐུར་བ་སྟེ།
             “ཆུ་མཆོག་དར་དཀར་ལུས་ལ་གྱོན་པའི་ཆབ།། བཀྲེས་སྐོམ་དབུལ་ཕོངས་སེལ་བའི་བདུད་རྩིའི་ཆུ།། དྭངས་ཤིང་རྒྱུན་ཆད་མེད་པའི་བསིལ་བའི་ཆབ།། ཤིན་ཏུ་ཡིད་འོང་སྙན་པའི་སྒྲ་སྒྲོག་ཅིང་།། ཐག་རིང་ས་དེར་འབྱོན་པའི་ལམ་ཁ་ནས།། བདག་གི་ལྕམ་སྲིང་གསུམ་དང་འཕྲད་ལས་ཆེ།། འཕྲད་ན་ང་ཡི་འཕྲིན་འདི་ཁྱོད་ལ་བསྐུར།། ཡབ་ཡུམ་སྐུ་ཁམས་བཟང་ཞིང་བདེ་བར་ཡོད།། མཛེས་སྡུག་རིགས་ལྡན་གསུམ་གྱི་ཚེ་ལ་ཡང་།། གློ་བུར་ནད་ཀྱི་བར་ཆད་མེད་ལས་ཆེ།། ཡབ་ཡུམ་སྲས་བཅས་བྲལ་ནས་ཡུན་རིང་བས།། ཡུན་རིང་བར་དུ་ཐུགས་ཡིད་སྐྱོ་བ་བདེན།། སྙིང་དང་བྲལ་བའི་སྡུག་བསྔལ་བྱུང་ལགས་ཏེ།། ལན་གསུམ་ཐོག་ཏུ་མི་ཁུར་ཀ་མེད་བྱུང་།། ལོ་ནི་བཅུ་གཉིས་འགྲོ་བ་མྱུར་དུ་ཡོད།། ཡབ་ཡུམ་སྲས་བཅས་མྱུར་དུ་མཇལ་བར་ཡོད།།” ཅེས་པ་དང་།སྲས་གསུམ་གྱིས་ཀྱང་བྱ་ཀ་ལ་པིང་ཀ་ཞིག་ལ་འཕྲིན་ལན་འདི་ལྟར་བསྐུར་བ།
             “འདབ་བྱ་གང་དགར་འཕུར་བའི་ཉམས་དགའ་བ།། ཀ་ལ་པིང་ཀའི་གསུང་སྙན་ཀྱུ་རུ་རུ།། ཀ་ལའི་གསུང་སྙན་ཐོས་པས་བདག་ཡིད་སྐྱོ།། བྱ་ཆེན་ཁྱོད་ཀྱི་ཐུགས་ཡིད་མ་ཚབ་པར།། ཁོ་མོ་སྐྱོ་བའི་ཐད་དུ་ཐུགས་གསན་མཛོད།། བྱ་ཆེན་བདུད་རིའི་ཕྱོགས་ལ་གཤེགས་ལགས་སམ།། བྱ་ཆེན་ཁྱེད་ཉིད་འབྱོན་པའི་ལམ་ཁ་ན།། བདག་གི་ཡབ་ཡུམ་གཉིས་ཡོད་འདི་སྐད་གསུང་།། ཡབ་ཡུམ་སྐུ་ཁམས་བཟང་ཞིང་བདེ་ལེགས་སམ།། འདི་ན་བདག་ཅག་ལྕམ་སྲིང་གསུམ་པོ་ལ།། གློ་བུར་ནད་ཀྱི་བར་ཆད་མ་བྱུང་ཡང་།། ཡབ་ཡུམ་གཉིས་དང་བྲལ་བའི་སྡུག་བསྔལ་གྱིས།། རང་སེམས་སྐྱོ་ནས་ཉིན་མཚན་མི་འཁྱོལ་བས།། བདག་ཅག་ལྕམ་སྲིང་གསུམ་ལ་ཐུགས་རྗེས་གཟིགས།། མྱུར་དུ་མཇལ་བའི་གསུང་འཕྲིན་བྱུང་ལགས་པས།། མྱུར་དུ་མཇལ་བའི་མཐུ་དང་དབང་ཡོད་ན།། ལྕམ་སྲིང་ཐུགས་ལ་དགོངས་དེ་མྱུར་དུ་བྱོན།།” ཅེས་པ་སོགས་སྙིང་རྗེ་ཞིང་ཡིད་སྐྱོ་བའི་སྐད་ཆ་རབ་དང་རིམ་པ་ཞིབ་འབྲི་བྱས་པ་ལ་བརྟེན་ནས་རྒྱལ་པོ་དྲི་མེད་ཀུན་ལྡན་གྱི་བདག་པས་གཞན་གཅེས་ཀྱི་རང་བཞིན་མཚོན་པར་བྱས་ཡོད་པ་ལྟར་རེད།
             མ་རྩོམ་དུ་མེད་པའི་བྱུང་རིམ་གང་ལ་གང་འཚམ་དུ་ཁ་གསབ་བྱེད་ཅིང་། ཡུལ་གྱི་བཀོད་པ་དང་མི་སྣའི་སྐད་ཆ་ཡང་མ་རྩོམ་ལས་མང་ཞིང་གཟུགས་བརྙན་ལྡན་པ་ཞིག་ཞིབ་འབྲི་བྱས་པ་འདི་དག་གིས་རྒྱལ་བུ་དྲི་མེད་ཀུན་ལྡན་གྱི་གཞན་ཕན་གྱི་ཆེད་དུ་དོན་དམ་གྱི་སྦྱིན་པ་བཏང་བ་དང་།གཞན་ཕན་གྱི་དོན་དུ་རང་གི་དྲིན་ཅན་ཕ་མ་དང་ཁ་གྱེས་ཤིང་སྙིང་ནས་བརྩེ་བའི་བུ་ཕྲུག་ཀྱང་སྦྱིན་པ་བཏང་ནས།ཐག་རིང་གི་དབེན་པའི་རི་ལ་སྐྱོ་སྡུག་གི་འཚོ་བ་ཡུན་རིང་དུ་མྱངས་པའི་བྱང་ཆུབ་སེམས་དཔའི་སྣང་བརྙན་འབུར་དུ་ཐོན་ཞིང་བརྩམས་ཆོས་ཀྱི་ངོ་མཚར་རང་བཞིན་ཆེར་བསྐྱེད་པ་དང་། བརྩམས་ཆོས་ཀྱི་རྣམ་པ་གཏམ་རྒྱུད་ནས་སྒྲུང་གཏམ་དུ་འཕེལ་བར་སྒྱུ་རྩལ་གྱི་ནུས་པ་ཆེན་པོ་ཐོན་པ་རེད། མཐར་དྲི་མེད་ཀུན་ལྡན་སྟངས་ཞལ་གཉིས་མེ་ཏོག་པདྨ་དམར་སེར་གཉིས་སུ་གྱུར་ནས་རྒྱ་གར་ལྷོ་ཕྱོགས་སུ་རླུང་གིས་སྐྱོས་ནས་བྱོན་པ་ལ་སོགས་པའི་བྱུང་རིམ་མ་རྩོམ་ལ་མེད་པ་ཁ་གསབ་གང་འཚམ་བྱས་པ་དེས་ཀྱང་《རྒྱལ་པོ་དྲི་མེད་ཀུན་ལྡན་གྱི་རྣམ་ཐར་》གྱི་ནང་དོན་ཕུན་སུམ་ཚོགས་ཤིང་ངོ་མཚར་ཆེར་བསྐྱེད་པ་དང་། དོན་དམ་གྱི་སྦྱིན་པའི་ཕན་འབྲས་མངོན་དུ་བཏོན་པ་རེད།
             བཞི། 《གཅུང་པོ་དོན་ཡོད་དང་དོན་གྲུབ་གཉིས་ཀྱི་རྣམ་ཐར།》 པཎ་ཆེན་སྐུ་ཕྲེང་ལྔ་པ་བློ་བཟང་དཔལ་ལྡན་ཡེ་ཤེས་ཀྱིས་དུས་རབས་བཅོ་བརྒྱད་པར་རྩོམ་གནང་མཛད་པའི་《གཅུང་པོ་དོན་ཡོད་དང་དོན་གྲུབ་གཉིས་ཀྱི་རྣམ་ཐར་》 ⑿ ནི་སློབ་དཔོན་ཀླུ་སྒྲུབ་ཀྱི་《རོ་ལངས་གསེར་འགྱུར་གྱི་ཆོས་སྒྲུང་ཉེར་གཅིག་པ་རྒྱས་པར་ཕྱེ་བ་》བྱ་བའི་ཁྲོད་ཀྱི་《རྒྱལ་བུ་དོན་གྲུབ་འཕྲད་དུ་སྡུག་ཁུར་བྱས་པ་ལས་ནམ་ཕུག་རྒྱལ་ཁྲིམས་ཆོས་བཞིན་བསྐྱངས་པ་》ཞེས་པ་ལས་བརྩམས་ཤིང་། གཏམ་རྒྱུད་འདིའི་དོན་གྱི་བྱུང་རིམ་གཙོ་བོ་ནི།
             1.སྔོན་རྒྱ་གར་གྱི་ཟངས་གླིང་བྱ་བའི་ཡུལ་དུ་ཆོས་ཀྱི་རྒྱལ་པོ་སྟོབས་ཀྱི་ལྷ་ཞེས་བྱ་བ་ཞིག་ཡོད་པར་བཙུན་མོ་ཀུན་བཟང་མ་ཟེར་བ་ཞིག་བསུས་རྗེས། སྲས་དཔེ་བྱད་དང་ལྡན་པ་ཞིག་འཁྲུངས་ཤིང་མཚན་ལ་དོན་གྲུབ་གསོལ། སྲས་དེ་ཉིད་འཁྲུངས་ནས་མ་འགྱངས་པར་མ་ཡུམ་ཚེ་ལས་འདས་པས། རྒྱལ་པོས་སླར་ཡང་པདྨ་ཅན་ཞེས་པ་ཁབ་ཏུ་བཞེས་ནས་སྲས་ཤིག་འཁྲུངས་པ་ལ་དོན་ཡོད་གསོལ།
             2.བཙུན་མོ་པདྨ་ཅན་གྱིས་བཙུན་མོ་ཆེན་མའི་སྲས་དོན་གྲུབ་དེ་ཡོད་ཚེ་རང་གི་བུ་དོན་ཡོད་རྒྱལ་སར་བཞུགས་མི་ཐུབ་པར་དོགས་ནས། གཡོ་དང་སྒྱུ་བྱས་ནས་རྒྱལ་པོས་སྲས་དོན་གྲུབ་གོ་ཤི་ཡུལ་དུ་བརྫོང་བའི་མནའ་སྐྱེལ་དུ་བཅུག་ཀྱང་གཅུང་དོན་ཡོད་གཅེན་དོན་གྲུབ་དང་འབྲལ་མ་ཕོད་པར་ཉིན་མཚན་ཀུན་ཏུ་སྲུང་ཞིང་ཁོ་ཡང་གཅེན་དང་འགྲོགས་ནས་འགྲོ་བའི་ཞུ་བ་ཡང་ཡང་བྱས་པས། གཅེན་གཅུང་གཉིས་ཀ་མཉམ་དུ་ཡུལ་གོ་ཤི་ལ་བརྫངས།
             3.གཅེན་གཅུང་གཉིས་གོ་ཤུ་ཡུལ་ལ་ཕེབས་པའི་ལམ་བར་གྱི་བྱེ་ཐང་དུ་དཀའ་བ་དང་བཀྲེས་སྐོམ་ཚད་མེད་མྱངས་ནས་གཅུང་དོན་ཡོད་ཚེ་ལས་འདས།
             4.དོན་གྲུབ་ཀྱིས་གཅུང་དོན་ཡོད་ཀྱི་སྐུ་གདུང་དེ་སེ་བ་སྡོང་བོའི་བསིལ་གྲིབ་ཀྱི་འོག་ཏུ་གཡམ་སྒྲོམ་ལེགས་པར་བཅོས་ཤིང་སེམས་ཅན་གྱི་གནོད་པ་མི་འབྱུང་བར་བྱས་པ་དང་སྨོན་ལམ་ལེགས་པར་བཏབ་རྗེས་ལ་ལུང་མང་པོ་བརྒལ་ནས་ཕེབས་པས། བླ་མ་རི་པ་དང་མཇལ་ནས་དེ་ཉིད་དད་པ་རྩེ་གཅིག་གིས་བསྟེན་ཞིང་བསྙེན་བཀུར་གང་ལེགས་བྱས།
             5.བླ་མ་རི་པ་དང་དོན་གྲུབ་གཉིས་གཅུང་དོན་ཡོད་ཀྱི་སྐུ་གདུང་ལ་གཟིགས་པར་ཕྱིན་ཚེ། གཅུང་དོན་ཡོད་དེ་ཕུ་བོ་དོན་གྲུབ་ཀྱིས་སྨོན་ལམ་བཏབ་པའི་མཐུས་ཆར་བ་བབས་ཤིང་ཆར་ཆུ་ཞལ་དུ་སོང་པས་སླར་སོས་ཏེ་ཡུལ་གཞན་དུ་ཕྱིན།
             6.ལུང་བའི་རྒྱལ་པོས་སྲས་དོན་གྲུབ་འབྲུག་ལོ་ཡིན་པ་ཤེས་ནས་ཕོ་བྲང་དུ་གདན་དྲངས་ཏེ། ཕྱི་རྒྱ་མཚོའི་ནང་དུ་ཀླུའི་མཆོད་པར་བཏང་རྗེས། ཀླུ་ཡུལ་དུ་བཅུད་ལྡན་ཞིང་ཚེ་རིང་བ་དང་། སེམས་ཅན་ཐམས་ཅད་ཀྱི་གདུག་རྩུབ་ཞི་ནས་ཤི་ན་ལྷའི་ཡུལ་དུ་སྐྱེ་བར་གྱུར་པས། ཀླུ་རྣམས་ཀྱིས་དུས་ཕྱིས་མཚོ་ནང་དུ་བུ་འབྲུག་ལོ་པ་བསྐྱུར་མི་དགོས་པ་དང་།ཡིད་བཞིན་གྱི་ནོར་བུ་མང་དུ་སྩོལ་བ་དང་སའི་བཅུད་ཐམས་ཅད་སྔར་ལས་རྒྱས་པར་བྱེད་པའི་དམ་བཅས་ཤིང་། ནོར་བུ་ཁྱད་པར་ཅན་མང་དུ་ཕུལ་ནས་བསྙེན་བཀུར་ཕུན་སུམ་ཚོགས་པ་དྲངས་ཀྱང་དེར་མ་ཆགས་པར་བླ་མ་བསམས་ནས་དེ་མ་ཐག་ཕྱིར་བྱོན།
             7.ལུང་བའི་རྒྱལ་པོས་བླ་མ་རི་པའི་བུ་ཆུང་མཚོ་ལ་བསྐྱུར་བའི་རྗེས་སུ་ཆར་ཆུ་དུས་སུ་འབབ་ཅིང་འབྲུ་དྲུག་ལོ་ལེགས་སྨིན་པ། མི་ལ་ན་ཚ་དང་ཕྱུག་ལ་གོད་ཁ་མེད་པར་གྱུར་ཅིང་ཡིད་བཞིན་གྱི་ནོར་བུ་མང་དུ་འཕེལ་ནས་བདེ་སྐྱིད་ཕུན་སུམ་ཚོགས་པ་བྱུང་གསུངས་ནས་བླ་མ་རི་བ་དཔོན་སློབ་གཉིས་གདན་དྲངས་ཤིང་། སྲས་དོན་གྲུབ་དེ་ཆོས་རྒྱལ་ཆེན་པོར་ངེས་ནས་རྒྱལ་སར་བཏོན་པ་དང་། རྒྱལ་པོའི་སྲས་མོ་དང་སྟངས་ཞལ་མཛད་དེ་རྒྱལ་ས་བཟུང་། ཆོས་སྡེ་ཁྱད་དུ་འཕགས་པ་བཏབ་ཅིང་བླ་མ་དང་ལྷན་ཅིག་ཏུ་དགེ་སློང་དགེ་འདུན་དང་བཅས་ཆོས་ཁྲིམས་དར་བར་བཞུགས།
             8.སྲས་དོན་གྲུབ་དཔོན་གཡོག་མང་པོ་བཅས་ཏེ་ནུ་བོ་བཙལ་ནས་ཕོ་བྲང་དུ་ཕྱག་ཕེབས་མཛད།
             9.སྲས་དོན་གྲུབ་དང་དོན་ཡོད་སྟངས་ཞལ་གསུམ་གྱིས་ནོར་ཅི་འདོད་བསྣམས་ཏེ་ཡབ་ཆེན་རྒྱལ་པོར་མཇལ་དུ་བྱོན་ནས་ཕན་ཚུན་ཞལ་འཛོམས་པས་དགའ་སྤྲོ་ཆེན་པོ་འཕེལ་ཞིང་། མ་ཡར་གྱིས་ཀྱང་སྲས་དོན་གྲུབ་སངས་རྒྱས་ཀྱི་སྤྲུལ་བ་ཡིན་པ་ཧ་མ་གོ་བར་ངག་འཁྱལ་ངན་སེམས་བྱས་པར་བཟོད་གསོལ་ཞུས་པ་དང་། སྲས་དོན་གྲུབ་ཀྱིས་“འགྲོ་དྲུག་ཕ་མར་ཤེས་པ་ལ། འཁོན་འཛིན་དང་ཞེ་བཞག་གང་ཡང་མེད། ཨ་མས་གང་བྱས་ངའི་གྲོགས་སུ་བྱུང་”ཞེས་གསུངས།
             10.རྒྱལ་སྲས་དོན་ཡོད་ཡབ་རྒྱལ་པོའི་རྒྱལ་སར་བསྐོས་པ་དང་། སྐུ་མཆེད་གཉིས་བཙུན་མོ་གཅིག་གིས་འཐུས་པར་བྱས་ནས་རྒྱལ་ས་གཉིས་ཁྱད་མེད་དུ་བསྐྱངས་པས། རྒྱལ་འབངས་ཐམས་ཅད་བདེ་ཞིང་སྐྱིད་པར་གྱུར་ཏོ།། 
             གཏམ་རྒྱུད་འདིའི་བརྗོད་བྱའི་བསྟན་དོན་ནི། རྒྱལ་བུ་དོན་གྲུབ་སངས་རྒྱས་ཀྱི་སྤྲུལ་བ་ཡིན་པས། རེ་ཞིག་ས་མཐར་ཕྱིན་ཡང་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཀླུ་ཡུལ་དུ་ཕེབས་ནས་ལོ་རེར་བུ་འབྲུག་ལོ་པ་རེ་རྒྱ་མཚོར་སྐྱུར་པ་བསྐྱབས་ཤིང་། དད་པ་རྩེ་གཅིག་གིས་བླ་མ་བསྟེན་ཞིང་འཆི་བ་སྲོག་ལ་བབས་ཀྱང་བླ་མ་བསམ་པ། མ་ཡར་གྱིས་གནོད་སེམས་བཅངས་ནས་ས་མཐར་སྤྱུགས་རུང་དེ་གྲོགས་སུ་མཐོང་བའི་བྱང་ཆུབ་སེམས་དཔའི་མཛད་སྤྱོད་ལ་བསྟོད་བསྔགས་བརྗོད་པ་དང་། ས་མཐར་འཁྱམས་ཀྱང་མཐའི་རྒྱལ་སྲིད་ཐོབ་ཅིང་། རྒྱལ་ཁྲིམས་ཆོས་བཞིན་སྐྱོང་བའི་ཡོན་ཏན་གྱི་ཆེ་བ་བརྗོད་པ་དེ་ཡིན་རུང་། 《གཅུང་དོན་ཡོད་དང་དོན་གྲུབ་གཉིས་ཀྱི་རྣམ་ཐར་》མཛད་པ་པོའི་བརྗོད་འདོད་བསམ་བློ་ནི་སྲས་དོན་གྲུབ་དང་དོན་ཡོད་གཉིས་སོ་སོར་འཕགས་པ་སྤྱན་རས་གཟིགས་དང་འཕགས་པ་འཇམ་དཔལ་གྱི་རྣམ་སྤྲུལ་དུ་ངེས་པ་དང་། བླ་མ་རི་བ་ནི་དེ་བཞིན་གཤེགས་པ་འོད་མི་འགྱུར་བའི་སྤྲུལ་བར་ངོས་བཟུང་ཞིང་།བོད་ཀྱི་ཆོས་རྒྱལ་མེས་དཔོན་རྣམ་གསུམ་དང་ལྷ་བླ་མ་བྱང་ཆུབ་འོད་སོགས་ནི་སྲས་དོན་གྲུབ་དང་དོན་ཡོད་ཀྱི་སྐྱེས་རབས་ཕྱི་མ་ཕྱིས་མ་དང་། སློབ་དཔོན་པདྨ་འབྱུང་གནས་དང་ཇོ་བོ་རྗེ་སོགས་ནི་བླ་མ་ལེགས་པའི་བློ་གྲོས་ཀྱི་སྐྱེས་རབས་ཕྱིས་མ་ཕྱིས་མར་ངོས་བཟུང་ཞིང་། བློན་རྟ་ར་ཀླུ་གོང་དང་ཁྲོན་པ་སྐྱེས་སོགས་ནི་བདུད་བློན་ཏྲེ་ཤུའི་སྐྱེས་རབས་ཕྱི་མར་ངོས་བཟུང་བ་སྟེ། སྲས་དོན་གྲུབ་དང་དོན་ཡོད་སོགས་ཀྱི་བྱང་ཆུབ་སེམས་དཔའི་སྤྱོད་པ་དང་རྒྱལ་སྲིད་ཆོས་བཞིན་སྐྱོང་བར་བསྔགས་བརྗོད་བྱེད་པའི་སྒོ་ནས།ཆོས་རྒྱལ་མེས་དཔོན་རྣམ་གསུམ་དང་ལྷ་བླ་མ་བྱང་ཆུབ་འོད་སོགས་ཀྱིས་སྐྱེ་བ་འདིར་རྒྱལ་སྲིད་ཆོས་བཞིན་བསྐྱངས་པ་དང་། སློབ་དཔོན་པདྨ་འབྱུང་གནས་དང་ཇོ་བོ་རྗེ་གདན་དྲངས་ནས་ཆོས་ཞུས་ཤིང་སངས་རྒྱས་ཀྱི་བསྟན་པ་རྒྱ་ཆེར་སྤེལ་བར་མ་ཟད། སྐྱེས་རབས་སྔོན་མ་དག་ལའང་དེ་ལྟར་མཛད་པར་བརྗོད་ཅིང་དེ་ལ་བརྟེན་ནས་ལས་འབྲས་ཀྱི་རྣམ་བཞག་ཟབ་མོ་སྟོན་པ་ཡིན་པས། མ་རྩོམ་ལ་མེད་ཀྱང་《གཅུང་དོན་ཡོད་དང་དོན་གྲུབ་ཀྱི་རྣམ་ཐར་》དུ་བླ་མ་ལེགས་པའི་བློ་གྲོས་ཀྱིས་ཁོང་བླ་སློབ་རྣམས་ཀྱི་སྐྱེས་རབས་ངོས་བཟུང་བ་དང་། རྒྱལ་བུ་དོན་གྲུབ་ཕྱིར་རྒྱལ་སར་ལོག་ནས་ཡབ་ཡུམ་དང་ངོ་འཕྲད་ཅིང་གཅུང་བོ་རྒྱལ་སར་བསྐོས་ནས་བདེ་དགེས་སྐྱོང་བའི་དུས་སུ་བླ་མ་ལེགས་པའི་བློ་གྲོས་གདན་དྲངས་ནས་བཀའ་ཆོས་དང་མ་འོངས་པའི་ལུང་བསྟན་མང་དུ་གསུང་བ། བདུད་བློན་ཏྲེ་ཤུ་ཡང་ཡང་བློ་ལོག་ཅིང་མཐར་རི་བོ་ཉིལ་ནས་འདས་པ་ལ་སོགས་པའི་བྱུང་རིམ་མང་པོ་ཁ་གསབ་བྱས་པ་དང་། གཞན་ད་དུང་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་དང་ལྷ་བླ་མ་བྱང་ཆུབ་འོད་སྐུ་མཆེད་ཀྱིས་སོ་སོར་སློབ་དཔོན་པདྨ་འབྱུང་གནས་དང་ཇོ་བོ་རྗེ་སོགས་སྤྱན་དྲངས་ནས་དམ་པའི་ཆོས་སྤེལ་བའི་དུས་ཀྱི་གདུལ་བྱ་དང་། སྐུ་འཁོར་དང་ཆོས་སྐྱོང་སོགས་སུ་གྱུར་བ་རྣམས་ཀྱང་སྐྱེ་བ་སྔོན་མའི་སྨོན་ལམ་གྱི་མཐུས་ཡིན་པར་སྟོན་ཆེད། མ་རྩོམ་ལ་མེད་ཀྱང་བོད་རྩོམ་དུ་བྱ་བྱེའུ་སྣ་ཚོགས་དང་རི་དྭགས་སྣ་ཚོགས། གནོད་སྦྱིན་བེཀྩེ་སོགས་ཀྱིས་སྨོན་ལམ་མང་དུ་བཏབ་ཚུལ་བཀོད་ལ། མི་སྣ་ཕན་ཚུན་བར་ལབ་གླེང་བྱས་པའི་ཚིག་ཀྱང་མ་རྩོམ་ལས་རྒྱས་སྤྲོས་དང་ཁ་གསབ་གང་ལེགས་བྱས་པས། བརྩམས་ཆོས་འདིར་ཡང་གནའ་རབས་སྒྲུང་གཏམ་གྱི་མཚན་ཉིད་ཀུན་ནས་ཚང་བར་སྙམ།
གཉིས་པ། ཐུབ་པའི་སྐྱེས་རབས་གྱི་སྒྲིག་གཞི་དང་མི་སྣའི་སྣང་བརྙན་ལྟར་རྩོམ་གནང་མཛད་པའི་སྒྲུང་གཏམ། 
             དགའ་ལྡན་ཕོ་བྲང་དུས་ཀྱི་རྩོམ་རིག་མཛད་པ་པོ་རྣམས་ལོ་ན་གཞོན་པའི་དུས་ནས་ནང་པ་སངས་རྒྱས་པའི་ཆོས་ཀྱི་གཞུང་དང་སྟོན་པའི་འཁྲུངས་རབས་སྦྱངས་བརྩོན་དང་ཐོས་བསམ་མཛད་ནས། དེ་དག་གི་དོན་ལ་མཁྱེན་པ་རྒྱས་ཤིང་བག་ཆགས་ཟབ་མོ་ཡོད་པར་མ་ཟད། ཐུགས་དགོངས་རྩེ་གཅིག་གིས་དད་མོས་བྱེད་པ་དང་རང་གི་བསམ་སྦྱོར་ལ་སློབ་སྟོན་བྱེད་པའི་རིགས་པའི་གཞུང་ལུགས་སུ་བྱེད་པས། ཁོང་ཚོས་མཛད་པའི་བརྩམས་ཆོས་ཀྱི་སྒྲིག་གཞི་དང་མི་སྣའི་སྣང་བརྙན། བརྗོད་བྱའི་བསྟན་དོན་སོགས་ཀྱང་སྟོན་པའི་འཁྲུངས་རབས་དང་ཀུན་ནས་འདྲ་བར་གྱུར་ཡོད། དཔེར་ན།
             གཅིག 《གཞོན་ནུ་ཟླ་མེད་ཀྱི་གཏམ་རྒྱུད།》《གཞོན་ནུ་ཟླ་མེད་ཀྱི་གཏམ་རྒྱུད་》⒀ ནི་སྤྱི་ལོ་1697ལོར་ཕ་ངག་དབང་ཚངས་པ་དང་། མ་མདང་དྲུང་གཉིས་ཀྱི་བུར་བྱང་སྟག་ལུང་དུ་སྐུ་འཁྲུངས་པའི་མདོ་མཁར་པ་ཚེ་རིང་དབང་འདུས་ཀྱིས་དུས་རབས་བཅོ་བརྒྱད་པའི་ནང་དུ་སྡེ་སྲིད་སངས་རྒྱས་རྒྱ་མཚོ་དང་གུ་ཤྲི་བསྟན་འཛིན་ཆོས་རྒྱལ་གྱི་གདུང་བརྒྱུད་བར་སྲིད་དབང་འཕྲོག་ལེན་གྱི་འཐབ་རྩོད་དང་དམག་འཁྲུག་བྱས་མཐར་སྡེ་སྲིད་སངས་རྒྱས་རྒྱ་མཚོ་བཀྲོངས་པ་དང་། སྟོད་མངའ་རིས་སུ་ཡོད་པའི་ཇུན་གར་རྒྱལ་པོ་ཚེ་དབང་རབ་བརྟན་དང་ལྷ་སའི་བྱང་གི་འདམ་གཞུང་བརྒྱུད་དུ་ཡོད་པའི་ལྷ་བཟང་ཧན་བར་དུ་བོད་ཀྱི་སྲིད་དབང་འཕྲོག་ལེན་བྱེད་པའི་འཐབ་རྩོད་བྱུང་བ་དང་།མཐའ་གཞུག་ཇུན་གར་རྒྱལ་པོ་ཚེ་དབང་རབ་བརྟན་གྱིས་རང་གི་སྲས་མོ་ལྷ་བཟང་ཧན་གྱི་བུ་ཆེ་བ་དགའ་ལྡན་བསྟན་འཛིན་ལ་མནའ་མ་སྐྱེལ་བར་བརྫུས་ནས། དམག་གི་དཔུང་ཆེན་པོ་ལྷ་སའི་ཕྱོགས་སུ་བསྐྱོད་དེ་ལྷ་བཟང་ཧན་དམར་གསོད་བྱས་ཤིང་། བོད་ཀྱི་སྲིད་དབང་བཙན་འཕྲོག་བྱས་ནས་སྤྱི་ཚོགས་ཟང་ཟིང་དུ་བཏང་བ་དང་། བོད་མི་རིགས་ལ་འཕྲོག་བཅོམ་དང་བརྙས་བཅོས། དམར་གསོད། བཀྲེས་ལྟོགས་སོགས་ཀྱི་སྡུག་བསྔལ་སྣ་ཚོགས་བཟོས་པའི་སྣང་ཚུལ་མཐོང་ནས། སྡུག་བསྔལ་སྐྱེད་མཁན་ལ་ཁོང་ཁྲོ་དང་། སྡུག་བསྔལ་མྱོང་མཁན་ལ་སྙིང་རྗེ། སྡུག་བསྔལ་དེ་དག་ལས་སྒྲོལ་མཁན་ཏེ་བྱང་ཆུབ་སེམས་དཔའི་རྣམ་ཐར་ཡིད་ལ་དྲན་པའམ་དེ་ལ་རེ་སྨོན་སྐྱེས་པར་བརྟེན་ནས་རྩོམ་གནང་མཛད་པ་ཡིན་པས། དེ་ཉིད་ཀྱི་སྒྲིག་གཞིའང་སངས་རྒྱས་བཅོམ་ལྡན་འདས་ཀྱི་རྣམ་པར་ཐར་བའི་སྒྲིག་གཞི་སྟེ་བདེན་བཞི་མངོན་རྟོགས་ཀྱི་རིམ་པ་བཞིན་དང་པོར་རྒྱ་གར་བྱང་ཕྱོགས་ཀྱི་སྲིད་པའི་རྒྱན་ཞེས་པའི་རྒྱལ་ཁབ་ཀྱི་རྒྱལ་པོ་ཉི་མའི་བློ་གྲོས་བྱ་བའི་སྲས་སུ་འཁྲུངས་པ་དང་། ལོ་ན་གཞོན་པའི་དུས་ནས་རིག་པའི་གནས་མཐའ་དག་ལ་སྦྱངས་བརྩོན་བྱས་ནས་ཁོང་དུ་ཆུད་པ། ཆེར་སྐྱེས་ནས་བུ་མོ་ཡིད་འོང་མ་ཁབ་དུ་བཞེས་ནས་འཁོར་བའི་ཕུན་ཚོགས་ལ་ལོངས་སྤྱོད་པ། ཕྱིས་སུ་ཕོ་བྲང་ནང་གི་འདོད་པའི་ཡོན་ཏན་དང་ལོངས་སྤྱོད་ལ་ཐུགས་ཞེན་ལོག་སྟེ་རབ་ཏུ་བྱུང་ཞིང་དབེན་པའི་ནགས་ཚལ་འགྲིམས་ནས་སྒོམ་པའི་ཉམས་ལེན་ལ་གཞོལ་བ་དང་། མཐར་མངོན་པར་རྫོགས་པའི་བྱང་ཆུབ་ཆེན་པོའི་ས་ཐོབ་ནས་འགྲོ་བ་སེམས་ཅན་མཐའ་ཡས་པ་ལ་འཁོར་བའི་སྡུག་བསྔལ་ལས་ཐར་བའི་ཆོས་གསུངས་པར་བཀོད་ཡོད། དེ་ཡང་བྱེ་བྲག་དུ་《སྙན་ངག་མེ་ལོང་》གི་དངོས་བསྟན་གྱི་ཚིག་རྒྱན་སྣ་ཚོགས་ཀྱིས་ཀུན་ནས་སྤྲས་པའི་ཚིག་གི་སྦྱོར་བ་ལ་བརྟེན་ནས་སྲིད་པ་རྒྱན་གྱི་གྲོང་ཁྱེར་དགའ་མཆོག་དང་ཕོ་བྲང་ཕྱིའི་མཛེས་སྡུག་ཡིད་དུ་འོངས་པའི་རྣམ་པ་དང་ནང་གི་ལོངས་སྤྱོད་ཕུན་སུམ་ཚོགས་པོ་སོགས་བརྙན་འཕྲིན་གྱི་མེ་ལོང་དུ་གཟུགས་བརྙན་ཤར་བ་ལྟ་བུ་ཞིག་བཀོད་པ་དང་། དེ་ནས་ཕོ་བྲང་དེ་ལྟ་བུར་སྐུ་འཁྲུངས་པའི་རྒྱལ་བུ་གཞོན་ནུ་ཟླ་མེད་དེ་ཉིད་ལང་ཚོ་དར་ལ་བབ་སྟེ་བཙུན་མོ་བསྟེན་པའི་དུས་ལ་སླེབས་པ་ན། སྲིད་པ་རྒྱན་གྱི་ཞི་དྲག་ཟུང་གི་བློན་པོ་རྣམས་ཀྱིས་རྒྱལ་བུ་གཞོན་ནུ་ཟླ་མེད་ཀྱི་ཐུགས་འདུན་ལྟར།རྒྱལ་ཁབ་ཆེན་པོ་བཀོད་ལེགས་འོད་སྣང་གི་རྒྱལ་པོ་གསལ་ལྡན་གྱི་བུ་མོ་ཡིད་འོང་མ་ཞེས་པ་དེ་དང་པོར་འཇིག་རྟེན་ཡོངས་གྲགས་ཀྱི་ལུགས་བཞིན་བར་བ་མངགས་ནས་གཉེན་བསླངས་པ་དང་། བར་དུ་གཡོ་ཐབས་ལ་བརྟེན་ནས་བསུ་བར་བརྩམས་རུང་བཀོད་ལེགས་འོད་སྣང་གི་རྒྱལ་པོ་གསལ་ལྡན་ཡབ་ཡུམ་གྱིས་བུ་མོ་ཡིད་འོང་མ་སྔར་ནས་སྣང་བ་འབུམ་ལྡན་གྱི་རྒྱལ་པོ་ཟླ་བའི་བློ་གྲོས་ཀྱི་བུ་ལྷ་ལས་ཕུལ་བྱུང་གི་བཙུན་མོར་བྱིན་ཟིན་པས། དེའི་དཔུང་ཚོགས་ཀྱིས་བཙན་གྱིས་ཁྲིད་རྗེས། སྲིད་པ་རྒྱན་བྱ་བའི་རྒྱལ་ཁབ་ཀྱིས་དྲག་པོའི་དཔུང་ལ་བརྟེན་ནས་ཡིད་འོང་མ་རྒྱལ་བུའི་ཁབ་ཏུ་བསུ་བ་དང་། སྣང་བ་འབུམ་ལྡན་རྒྱལ་ཁབ་ཕབ་ནས་མངའ་འོག་ཏུ་བསྡུས་ཏེ་རྒྱལ་སྲིད་ཆོས་བཞིན་བསྐྱངས་པ། མཐར་རྒྱལ་པོའི་ཕོ་བྲང་གི་མཛེས་སྡུག་ཡིད་དུ་འོངས་བའི་ཁོར་ཡུག་དང་ཕུན་སུམ་ཚོགས་པའི་ལོངས་སྤྱོད། བླ་ན་མེད་པའི་རྒྱལ་པོའི་རྒྱལ་ས། མཛའ་ཞིང་བརྩེ་བའི་དྲིན་ཅན་ཕ་མ། དྲི་མ་མེད་པའི་ཁྱོ་ཤུག་བརྩེ་དུང་སོགས་མཆིལ་མའི་ཐལ་བ་བཞིན་རྒྱབ་ཏུ་དོར་བ་དང་། སྣང་བ་འབུམ་ལྡན་གྱི་རྒྱལ་སྲིད་རྒྱལ་པོ་ཟླ་བའི་བློ་གྲོས་ཡབ་སྲས་གཉིས་ལ་ཕྱིར་གནངས་རྗེས།དབེན་པའི་ནགས་ཁྲོད་དུ་སྒོམ་པའི་ཉམས་ལེན་ལ་གཞོལ་ཞིང་། མངོན་པར་རྫོགས་པའི་བྱང་ཆུབ་ཆེན་པོའི་ས་ཐོབ་ནས། མཐའ་ཡས་པའི་འགྲོ་བ་སེམས་ཅན་ཐམས་ཅད་ལ་ཆོས་ཀྱི་འཁོར་ལོ་ཡིད་བཞིན་དུ་བསྐོར་བར་བཀོད་པ་དང་།བྱུང་རིམ་དེ་དག་ལ་བརྟེན་ནས་གཞོན་ནུ་ཟླ་མེད་ཀྱི་བདེན་བཞི་གནས་ལུགས་མངོན་པར་རྟོགས་པའི་ཕྱིའི་སྤྱོད་ལམ་དང་ནང་གི་ཐུགས་དགོངས། གཞོན་ནུ་ཟླ་མེད་དང་ཡིད་འོངས་མའི་དྲི་མ་མེད་པའི་བརྩེ་དུང་ཟབ་མོ་སོགས་འབྲི་བཞེངས་གང་ལེགས་མཛད་དེ། རྒྱལ་སྲས་བྱང་ཆུབ་སེམས་པའི་སྤྱོད་པར་བསྟོད་བསྔགས་དང་ཡིད་སྨོན་མཛད་པ་དང་། དབང་སྒྱུར་པ་ཉུང་ཤས་ཀྱིས་རང་གི་ཆབ་སྲིད་ཀྱི་དབང་ཆ་དང་དཔལ་འབྱོར་གྱི་ཁེ་ཕན། འདོད་པའི་ལོངས་སྤྱོད་སོགས་ཀྱི་ཆེད་དུ་ཕན་ཚུན་བར་གཡོ་སྒྱུ་ཕྲ་གསུམ་བྱེད་པ་དང་བུ་མོ་བཙན་གྱིས་གནས་ལ་བརྫངས་པ། ཡ་ང་བའི་དམག་འཁྲུག་སློང་བ་བཅས་བྱས་ནས་སྤྱི་ཚོགས་ཟང་ཟིང་དང་མི་དམངས་ལ་སྡུག་བསྔལ་སྣ་ཚོགས་བཟོ་བའི་བྱ་སྤྱོད་ལ་ཁོང་ཁྲོ་ཆེར་བསྐྱེད་དང་འཚང་འབྱིན་དགག་རྒྱག་གཏོང་བ་རེད།
             གཉིས། 《བྱ་མགྲིན་སྔོན་ཟླ་བའི་རྟོགས་བརྗོད།》 དེ་ཡང་ལྕང་སྐྱ་རོལ་བའི་རྡོ་རྗེ་དང་ཐུའུ་བཀན་ཆོས་ཀྱི་ཉི་མ་སོགས་དབུས་གཙང་མདོ་ཁམས་ཀུན་གྱི་བླ་ཆེན་མང་པོའི་རྩ་བའི་བླ་མ་སྟེ། སྟག་ཕུ་སྐུ་ཕྲེང་བཞི་པ་བློ་བཟང་བསྟན་པའི་རྒྱལ་མཚན་ནམ་མཚན་གཞན་ངག་དབང་བློ་གྲོས་རྒྱ་མཚོ་ཞུ་བ་དེས་མཛད་པའི་《བྱ་མགྲིན་སྔོན་ཟླ་བའི་རྟོགས་བརྗོད་》 ⒁ལས་ཀྱང་། སྔོན་རྒྱ་གར་གྱི་གྲོང་ཁྱེར་ཝ་ར་ཎ་སིའི་རྒྱལ་པོ་ལྷ་སྣང་སྟོབས་ལྡན་ཞེས་པ་དེས་རྒྱ་གར་ནུབ་ཕྱོགས་གྱི་ཛ་ལན་ངྷ་ར་ནའི་རྒྱལ་པོ་མ་ཤོ་ཀའི་སྲས་མོ་རྗེ་བཙུན་སྒྲོལ་མའི་རྣམ་སྤྲུལ་མ་ཏི་མ་ཧཱ་ནི་ཟེར་བ་ཁབ་ཏུ་བཞེས་པ་ལས་སྲས་ཆོས་ཀྱི་དགའ་བ་ཞེས་པ་ལེགས་པར་འཁྲུངས་ཤིང་། དེ་ཉིད་བྱིས་པ་རོལ་རྩེད་ཀྱི་དུས་ལ་སླེབས་དུས། རྒྱལ་པོའི་ཆོས་བློན་ཡེ་ཤེས་འཛིན་ཞེས་པར་ཤིན་ཏུ་དགའ་ཞིང་ཉེ་བར་འགྲོགས་པ་ན། དབང་ཤུགས་བཙན་པའི་བློན་པོ་ཡམ་ཤེ་བྱ་བ་ཞིག་ཡོད་པ་དེའི་སེམས་སུ་རྒྱལ་སྲས་འདི་ཉིད་བློན་པོ་ཡེ་ཤེས་འཛིན་ལ་འདི་ལྟར་ཉེ་བར་འགྲོགས་ཤིང་དགའ་བར་གྱུར་ན། རང་གི་བུ་མནར་སོན་ཚེ་རྒྱལ་སྲས་ཀྱི་བློན་པོར་བསྐོ་མི་ཐུབ་པར་བསམས་ཤིང་། གཡོ་དང་སྒྱུ་སྣ་ཚོགས་ལ་བརྟེན་ནས། རང་གི་བུ་ལ་གཱ་ཨཱ་ན་ཞེས་པ་རྒྱལ་སྲས་ཀྱི་ཆུང་གྲོགས་བློན་པོར་བསྐོ་རུ་བཅུག་པས། རྒྱལ་པོའི་བཙུན་མོ་དང་ཡེ་ཤེས་འཛིན་སོགས་ཆོས་བློན་གསུམ་དོན་དེ་ལ་ཡི་མ་རང་པར་ལྐོག་ཏུ་བློན་ངན་དེ་ཉིད་བསྒྲལ་བའི་གསང་གྲོས་བྱས་པ་ཡམ་ཤེས་རྟོགས་ཤིང་། རྒྱལ་པོའི་མཉན་དུ་ཕྲ་མ་བཅུག་སྟེ་ཆོས་བློན་གསུམ་ཡུལ་ནས་ཕྱིར་བསྐྲད། རྒྱལ་པོའི་ཡུམ་སྲས་གཉིས་ཀྱིས་གྲོགས་མཛད་པ་ལ་བརྟེན་ནས་ཡུམ་གྱི་འཁྲུངས་ཡུལ་ཛ་ལན་དྷ་ར་ཞེས་པར་ཕྱིན་ནས་བླ་མ་དྲི་མེད་དཔལ་ལྡན་བསྟེན་ཏེ་སྒྲུབ་པ་ཉམས་ལེན་ལ་རྩེ་གཅིག་ཏུ་གཞོལ། 
             དེ་ནས་དུས་ཤིག་ན་རྒྱལ་པོའི་བཙུན་མོ་ཞི་བར་གཤེགས་ཤིང་རྒྱལ་སྲས་ཆོས་ཀྱི་དགའ་བས་བཙུན་མོ་གསེར་བཟང་མ་ཞེས་པ་གཙོ་བྱས་པའི་བཙུན་མོ་བཞི་ཁབ་ཏུ་བཞེས་པ་ལ། རྒྱལ་སྲས་ཆོས་ཀྱི་དགའ་བ་དང་བཙུན་མོ་གསེར་བཟང་མ་གཉིས་ཐུགས་རབ་ཏུ་མཛའ་ཞིང་མཐུན་པར་གྱུར་པས། བཙུན་མོ་ཆུང་པ་སཱ་ར་སུ་ཏི་ནི་ཕྲག་དོག་སྐྱེས་ནས་བློན་པོ་ལ་གཱ་ཨཱ་ན་དང་ལུས་འབྲེལ་གྱིས་རྒྱལ་སྲིད་འཕྲོག་པའི་ངན་གྲོས་བྱས། ཉིན་ཞིག་རྒྱལ་སྲས་དང་བློན་པོ་ཡམ་ཤེའི་བུ་ལ་གཱ་ཨཱ་ན་གཉིས་གསང་བའི་སྒོ་ནས་མཉམ་དུ་བྱ་རོ་གསར་པ་གཉིས་ལ་གྲོང་འཇུག་བྱས་ཏེ། ཆུ་བོའི་ཕ་རོལ་གྱི་སྐྱེད་མོའི་ཚལ་དུ་ཕྱིན་ནས་རོ་བརྒྱ་ལྡན་པའི་ཤིང་ཏོག་དང་མཛེས་པའི་མེ་ཏོག་རྣམས་ལ་ལོངས་སྤྱོད་ཅིང་ལྟད་མོ་ལ་གཡེངས་པའི་དུས་སུ་ལ་གཱ་ཨཱ་ན་གསང་སྟབས་ཀྱིས་ཆུ་བོའི་ཚུར་རོལ་དུ་ཕྱིར་འཕུར་ཡོང་སྟེ་རྒྱལ་སྲས་ཆོས་དགའི་ཕུང་བོར་གྲོང་འཇུག་བྱས་ཤིང་། རང་གི་ཕུང་བོ་ཆུ་བོར་བསྐྱུར་རྗེས་རྒྱལ་སྲས་སུ་བརྫུས་ཏེ་ཝ་ར་ན་སིའི་རྒྱལ་ས་འཕྲོག རྒྱལ་སྲས་ཀྱི་བཙུན་མོ་གསེར་བཟང་མ་ཕྱིར་བསྐྲད་དེ་བཙུན་མོ་ས་ར་སུ་ཏི་དང་མཉམ་དུ་དགའ་མགུར་རོལ།བཙུན་མོ་གསེར་བཟང་མའི་ཡིད་ལ་རྒྱལ་སྲས་དངོས་ཡིན་མིན་ལ་དོགས་པ་ཆེར་སྐྱེ་བཞིན་དབེན་པའི་ནགས་ཚལ་དུ་རྒྱལ་སྲས་ངོ་མ་འཚོལ་དུ་ཕྱིན་པ་ལ། དགེ་སློང་ཞིག་དང་འཕྲད་ནས་རབ་ཏུ་བྱུང་ཞིང་བློ་སེམས་རྩེ་གཅིག་གིས་སྒྲུབ་པ་ཉམས་ལེན་ལ་གཞོལ། བསླུ་བྲིད་ཐེབས་པའི་རྒྱལ་སྲས་ངོ་མ་དེ་ཁུ་བྱུག་གི་རྣམ་པའི་སྒོ་ནས་དབེན་པའི་ནགས་ཁྲོད་དུ་མི་སྡོད་ཐབས་མེད་བྱུང་ཞིང་། ཕྱིས་སུ་སྤྲུལ་བའི་བྱ་དང་བླ་མ་དྲི་མེད་དཔལ་ལྡན་ལ་སོགས་པ་མཇལ་ནས་གསུང་གི་བདུད་རྩི་ཟབ་ཅིང་རྒྱ་ཆེ་བ་གསན་པ་དང་། མ་འོངས་ལུང་བསྟན་མང་དུ་ཐོབ་ནས། འདབ་ཆགས་བྱ་ཡི་ཚོགས་ལ་ཆོས་ཀྱི་འཁོར་ལོ་རྒྱ་ཁྱབ་ཏུ་བསྐོར།
             དེ་ནས་བླ་ལ་དྲི་མེད་དཔལ་ལྡན་གྱིས་རྒྱལ་སྲས་རྫུན་མའི་རྣམ་ཤེས་མཐོ་རིས་སུ་དྲངས་ཏེ། རྒྱལ་སྲས་ཆོས་དགའ་དང་རྒྱུད་གཅིག་པ་སྤྲུལ་བའི་རྒྱལ་བུ་བྱང་ཆུབ་སེམས་དཔའ་འོད་ལྡན་ཞེས་པ་ཁུ་བྱུག་གི་ལུས་ཅན་ཞིག་ཡོད་པ་དེའི་རྣམ་ཤེས་རྒྱལ་སྲས་ཀྱི་ལུས་ལ་བཅུག་པས། རྒྱལ་སྲིད་ཆོས་བཞིན་བསྐྱངས་ནས་ཡུལ་ཝ་ར་ཎ་སིའི་སྐྱེ་བོ་ཐམས་ཅད་བདེ་སྐྱིད་ཕུན་སུམ་ཚོགས་པའི་དཔལ་ལ་རོལ་བར་གྱུར་པ་དང་།མགྲིན་སྔོན་ཟླ་བས་དྲི་མེད་བླ་མའི་བཀའ་ལྟར་དབེན་པའི་ནགས་ཁྲོད་དུ་འདབ་ཆགས་བྱ་ཡི་ཚོགས་ལ་ཆོས་ཀྱི་འཁོར་ལོ་ཡང་ཡང་དུ་བསྐོར་བར་བརྗོད་པ་དེ་ཡང་རྟོགས་བརྗོད་དེ་ཉིད་ཀྱི་མཇུག་དུ“བདག་ཅག་གི་འདྲེན་པ་དམ་པ། ཁྱབ་བདག་སྟག་ཕུ་བ་བློ་བཟང་བསྟན་པའི་རྒྱལ་མཚན་ཉིད། སྐུ་ཚེ་སྔ་མ་ཞིག་ཏུ་རྒྱལ་བུ་ཆོས་དགའ་བ་ཞེས་བྱ་བར་འཁྲུངས་པ་ཁུ་བྱུག་གི་ལུས་ལ་གྲོང་འཇུག་མཛད་པའི་མཚན་མགྲིན་སྔོན་ཟླ་བ་ཞེས་གྲགས་པའི་རྟོགས་པ་བརྗོད་པ། ཐོས་པ་ཙམ་གྱིས་དད་པའི་སྤུ་ལོང་གཡོ་ཞིང་ཐར་པ་དང་ཐམས་ཅད་མཁྱེན་པའི་ས་བོན་ཁྱད་པར་ཅན་བསྐྲུན་པ་འདི་ཉིད།” ཅེས་བཀོད་པ་ལྟར་ན། རྟོགས་བརྗོད་འདིའི་མཛད་པ་པོ་སྟེ། རབ་བྱུང་བཅུ་གཉིས་པའི་ཤིང་སྤྲུལ་(སྤྱི་ལོ1725)ལོར་མྱང་པོ་རྒྱལ་དུ་སྐུ་འཁྲུངས་པའི་སྟག་ཕུ་དགོན་གྱི་སྟག་ཕུ་སྤྲུལ་སྐུའི་སྐུ་ཕྲེང་བཞི་པ་བློ་བཟང་བསྟན་པའི་རྒྱལ་མཚན་ནམ་མཚན་གཞན་ངག་དབང་བློ་གྲོས་རྒྱ་མཚོ་དང་མ་ཏི་ཞུ་བས་ཁོང་ཉིད་སྐུ་ཚེ་སྔ་མ་ཞིག་ལ་རྒྱ་གར་གྱི་གྲོང་ཁྱེར་ཝ་ར་ཎ་སིར་རྒྱལ་བུ་ཆོས་དགའ་བ་ཞེས་པར་སྐུ་འཁྲུངས་པ་ཁུ་བྱུག་གི་ལུས་ལ་གྲོང་འཇུག་མཛད་པའི་རྟོགས་བརྗོད་ཡིན་མོད། མཛད་པ་པོའི་དགོངས་གཞི་དངོས་ནི་རང་གི་སྐྱེ་བ་དྲན་ཞིང་དེ་ཉིད་བརྗོད་པ་ཙམ་མ་ཡིན་ཏེ། རྒྱལ་བུ་ཆོས་དགའ་ཞེས་པའི་སྐྱེ་བ་བཞེས་པ་དང་ཁྱད་པར་དུ་བྱ་ཁུ་བྱུག་གི་ལུས་ལ་གྲོང་འཇུག་མཛད་རྗེས། རང་གི་ཕུང་བོར་གྲོང་འཇུག་བྱས་ནས་སྲིད་དབང་འཕྲོག་མཁན་ལ་སྡང་སེམས་མི་སྐྱེ་བ་དང་། དེ་ཉིད་ཀྱི་རྣམ་ཤེས་རང་གི་ཕུང་བོ་ནས་ཕྱིར་བཏོན་རུང་དེ་ལ་ཕྱིར་མ་མཇུག་པར་ཁུ་བྱུག་གི་ལུས་བཟུང་སྟེ། བྱ་རྣམས་ལ་ཆོས་ཀྱི་འཁོར་ལོ་ཡང་ཡང་དུ་བསྐོར་བའི་ཐུགས་རྒྱུད་དང་མཛད་སྤྱོད། གསུང་སྒྲོས་སོགས་ཞིབ་འབྲི་མཛད་པ་ལ་བརྟེན་ནས་བྱང་ཆུབ་སེམས་དཔའི་བདག་པས་གཞན་གཅེས་ཀྱི་སྤྱོད་པ་རླབས་ཆེན་ལ་བསྔགས་བརྗོད་མཛད་ནས་དེའི་ལམ་ལ་སྐུལ་བ་དང་། བྱ་མགྲིན་སྔོན་ཟླ་བས་བྱ་ཚོགས་ལ་ཆོས་གསུང་བའི་ཚུལ་གྱིས་སྐབས་དེའི་མི་རྣམས་བྱང་ཆུབ་ལམ་ལ་སྐུལ་བ་དང་། བྱ་མགྲིན་སྔོན་ཟླ་བས་བྱ་ཚོགས་ལ་ཆོས་གསུང་བའི་ཚུལ་གྱིས་སྐབས་དེའི་མི་རྣམས་ལ་བྱང་ཆུབ་ལམ་གྱི་རིམ་པ་དང་སྐྱབས་འགྲོའི་བསླབ་བྱ། ལས་འབྲས་ཀྱི་བླང་དོར། འཆི་བ་མི་རྟག་པ་དང་བྱམས་སྙིང་རྗེ་བསྒོམ་ཚུལ་སོགས་དམ་པའི་ཆོས་ཀྱི་གཞུང་དོན་ཟབ་མོ་རྣམས་བསྟན་ཞིང་། བླ་མ་དྲི་མེད་དཔལ་ལྡན་གྱིས་ལུང་བསྟན་མཛད་པའི་ཚུལ་གྱིས་སྔོན་ཚེ་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཤཱཀྱའི་རིགས་སུ་སྐྱེས་པའི་དགེ་སློང་དྷརྨ་ཞེས་པ་དང་། དེའི་རྗེས་ཀྱི་ཤར་ཕྱོགས་རྒྱལ་བུ་ཆོས་ཀྱི་དད་པ་ཞེས་པ་དང་ལྷོ་ཕྱོགས་རྒྱལ་པོ་ཞེས་པ་རྣམས་བྱ་མགྲིན་སྔོན་ཟླ་བའི་འདས་པའི་སྐྱེས་རབས་དང་། བྱ་མགྲིན་སྔོན་ཟླ་བ་དང་། རྒྱལ་པོ་སྲོང་བཙན་སྒམ་པོའི་བློན་པོ་མགར་སྟོང་བཙན་ཡུལ་ཟུང་། རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱི་སྲས་མུ་རུམ་བཙན་པོ། བསྟན་པ་ཕྱི་དར་གྱི་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་སོགས་ནི་རྟོགས་བརྗོད་མཛད་པ་པོ་སྟག་ཕུ་བ་བློ་བཟང་བསྟན་པའི་རྒྱལ་མཚན་གྱི་སྐྱེས་རབས་སུ་ངོས་བཟུང་བ་དང་། རྒྱལ་སྲས་ཆོས་ཀྱི་དགའ་བ་དང་བློན་པོའི་བུ་ལ་གཱ་ཨཱ་ན་གཉིས་བྱ་རོ་གསར་པ་གཉིས་ལ་གྲོང་འཇུག་བྱས་ཚུལ་བཀོད་པ་དེས་ཀྱང་གསོན་ཉམས་ལྡན་པའི་དཔེའི་སྒོ་ནས་ལས་འབྲས་དང་སྐྱེ་བ་སྔ་ཕྱི་ཡོད་པའི་དམ་པའི་ཆོས་ཀྱི་གཞུང་དོན་ཟབ་མོ་བསྟན་པ་དང་། དེ་དང་དེའི་ཞོར་དུ་བློན་པོ་ཡམ་ཤེ་ཞེས་པ་དེས་གཡོ་སྒྱུ་སྣ་ཚོགས་སྤྱད་ནས་རང་གི་བུ་རྒྱལ་སྲས་ཀྱི་བློན་པོར་བསྐོས་པ་དང་། རྒྱལ་པོའི་མཉན་དུ་ཕྲ་མ་བཅུག་ནས་ཆོས་བློན་གསུམ་ཡུལ་ནས་ཕྱིར་བསྐྲད་པ། བློན་པོའི་བུ་ལ་གཱ་ཨཱ་ནས་རྒྱལ་སྲས་ཆོས་ཀྱི་དགའ་བ་བྱ་ཁུ་བྱུག་གི་ལུས་ལ་གྲོང་འཇུག་བྱས་པའི་སྐབས་དང་བསྟུན་ནས་དེའི་ཕུང་བོར་གྲོང་འཇུག་བྱས་ཏེ་རྒྱལ་སྲིད་འཕྲོག་པར་བཀོད་པ་དེས་སྐབས་དེར་ཕྱི་ནས་སོག་པོ་ཇུན་གར་གྱིས་བོད་ལ་བཙན་འཛུལ་བྱས་ཏེ་བོད་མི་དམངས་དམར་གསོད་དང་དྲག་གནོན་བྱེད་པ་དང་། ནང་ཁུལ་དུ་ང་ལུམ་སྦྱར་གསུམ་དང་ཕོ་ལྷའི་བར་སྲིད་དབང་འཕྲོག་རྩོད་བྱེད་པ་ལ་སོགས་པའི་འགལ་བ་ཛ་དྲག་ཆེ་བའང་འཚང་འབྱིན་བྱས་པར་སྙམ།
གསུམ་པ། ཐུབ་པའི་སྐྱེས་རབས་ལས་རྩོམ་པའི་དགོས་པ།
             དེ་ཡང་ཐུབ་པའི་སྐྱེས་རབས་ལས་རྩོམ་པའི་དགོས་པ་གང་ཡིན་ཞེ་ན། 《སྐྱེས་རབས་སོ་བཞི་པ་》ལས། “གྲགས་པའི་མཚན་མར་གྱུར་པ་བཟང་པོ་འདི་རྣམས་ཀྱིས།། བདེ་བར་གཤེགས་འགྱུར་ལམ་རྣམས་གང་ཡིན་བསྟན་པར་འགྱུར།། ཡིད་ལ་དད་པ་མེད་པ་རྣམས་ཀྱང་དད་པར་འགྱུར།། ཆོས་དང་ལྡན་པའི་གཏམ་གྱིས་རབ་ཏུ་དགའ་བར་འགྱུར།། འཇིག་རྟེན་མཆོག་གི་སྤྱོད་པ་དམ་པ་ཕྱོགས་ཙམ་གྱིས།། བདག་གི་སྙན་ངག་ཉན་དུ་རུང་བར་བྱ་བའི་ཕྱིར།། ལུང་དང་གཙུག་ལག་རིགས་པར་མི་འགལ་ལམ་བདག་གིས།། དེ་ལྟར་འཇིག་རྟེན་དོན་གྱུར་སྙམ་ནས་འདི་བརྩམས་སོ།།” ཞེས་པ་ལྟར་རང་གི་སྟོན་པའི་ཆེ་བ་བརྗོད་ནས་དེར་དད་མོས་མེད་པ་རྣམས་ཀྱི་ཡིད་ལ་དད་མོས་བསྐྱེད་པ་དང་།དད་མོས་ལྡན་པ་རྣམས་ཀྱི་ཡིད་ལ་དགའ་བ་བསྐྱེད་ནས་བྱང་ཆུབ་དམ་པའི་ལམ་ལ་སྐུལ་བ་དང་གཅིགརང་གི་རྩོམ་ལ་བལྟ་རྒྱུར་དགའ་བ་བསྐྱེད་ཅིང་དེ་ཁྱབ་ཏུ་སྤེལ་བའི་ཕྱིར་དང་གཉིས། 《སྙན་ངག་མེ་ལོང་》དུ། “སྔོན་བྱུང་གཏམ་ལས་གྱུར་པའང་།། ཅིག་ཤོས་ལེགས་པ་ལ་བརྟེན་པ།” ཞེས་པའི་སྒོ་དང་བསྟུན་པ་དང་གསུམ། ཐུབ་པའི་སྐྱེས་རབས་ཀྱི་གཏམ་རྒྱུད་ལ་རང་རྐྱ་ཐུབ་པ་དང་རྗོད་བྱེད་ཀྱི་ཚིག་ལ་གསོན་ཉམས་ལྡན་པ། བྱུང་རིམ་གྱིས་ཡིད་སེམས་འགུགས་པ། སྣང་བརྙན་གསལ་བ། འཚོ་བའི་ཉམས་འགྱུར་ཟབ་པ་བཅས་ཀྱི་ཁྱད་ཆོས་ལྡན་པ་དང་བཞི་བཅས་རྐྱེན་གྱིས་རེད། ཐུབ་པའི་སྐྱེས་རབས་ལས་སྒྱུ་རྩོམ་སྣ་ཚོགས་བརྩམས་པ་ནི་ཐུབ་པའི་རྗེས་འཇུག་པ་རྣམས་ཀྱིས་རང་གི་སྟོན་པའི་ཆེ་བ་བརྗོད་ནས་དེར་དད་མོས་བསྐྱེད་པ་དང་དེའི་སྤྱོད་ལམ་དུ་ཞུགས་པར་སྐུལ་བའི་དོན་དུ་ཡིན་པ་《རྒྱལ་པོ་སྤྲིན་གྱི་བཞོན་པའི་རྟོགས་བརྗོད་འཇིག་རྟེན་ཀུན་དགའ་བསྐྱེད་པའི་གཏམ་》ཞེས་པར། “སྟོན་མཆོག་བདེ་བར་གཤེགས་པའི་དྲིན།། ཡོན་ཏན་ལྷན་ཅིག་དཔག་དཀའ་བ།། གང་གིས་རྗེས་སུ་དྲན་ཙམ་ལའང་།། ཕན་ཡོན་བསམ་དང་བརྗོད་ལས་འདས།། དེ་ཕྱིར་སློབ་པའི་ལམ་ཞུགས་རྒྱལ་བའི་སྲས།། སྤྲིན་གྱི་བཞོན་པའི་རྟོགས་པ་བརྗོད་པ་འདི།། འཇིག་རྟེན་རྨོངས་པ་ཀུན་དགའ་སྐྱེད་པའི་སླད།། ཕལ་ཚིག་གོ་བདེའི་གཏམ་དུ་བདག་གི་སྤྲོ།།”ཞེས་བཀོད་པ་ལས་ཀྱང་མངོན་པར་གསལ་ཞིང་། ཀརྨ་རང་བྱུང་རྡོ་རྗེས་《སྐྱེས་རབས་སོ་བཞི་པའི་》ཁ་སྐོང་དུ་བརྩམས་པའི་《སྐྱེས་རབས་རེ་བདུན་པར་》ཡང་“འདི་ལྟར་རྨད་བྱུང་མཛད་པ་གསལ་བྱེད་པའི།། སྐྱེས་རབས་འདི་བྱས་ང་རྒྱལ་མཐུ་ཡིས་མིན།། ཁེ་དང་གྲགས་པ་ལོངས་སྤྱོད་འདོད་ཕྱིར་མིན།། སྙིགས་དུས་རྒྱ་ཆེར་འགྱུར་སྙམ་འདི་མ་བྱས།། རྒྱལ་བའི་སྤྱོད་འདི་འཇིག་རྟེན་རྨད་བྱུང་ལ།། ཚུལ་འདིས་ནམ་ཞིག་འགྲོ་ཕན་བྱེད་འགྱུར་བར།། བདག་ཀྱང་འགྱུར་ཞེས་སྨོན་པའི་མཐུ་ཡིས་ནི།། བྱང་ཆུབ་སྤྱོད་མཆོག་རབ་ཏུ་གསལ་བར་བསྟན།། དེ་ལས་བྱུང་བའི་དགེ་བ་དྲི་མ་མེད་པ་དེས།། མཐའ་ཡས་འགྲོ་རྣམས་བྱང་ཆུབ་སྤྱོད་ལ་རབ་འཇུག་ཅིང་།། ངག་ཚིག་གཟུགས་དང་ཡན་ལག་དྲུག་ཅུའི་དབྱངས་ཐོབ་ནས།། ཐེ་ཚོམ་གཅོད་བྱེད་རྒྱལ་བའི་དབང་བོར་འགྱུར་བར་ཤོག་”ཅེས་ཐུབ་པའི་སྐྱེས་རབས་ལས་རྩོམ་པའི་དགོས་པ་གང་ཡིན་གསལ་པོར་བསྟན་པ་དེས་ཀྱང་ཤེས་ཐུབ་བོ།།
བཞི་པ། གནའ་རབས་སྒྲུང་གཏམ་རྩོམ་གནང་མཛད་པའི་ཉམས་མྱོང་། 
             ལོ་རྒྱུས་ཀྱི་གོ་རིམ་ལྟར་འདས་པའི་དུས་སྐབས་སོ་སོའི་རྩོམ་རིག་འཕེལ་རྒྱས་ཀྱི་གནས་ཚུལ་དང་ཉམས་མྱོང་། ཆོས་ཉིད་སོགས་ལ་ཞིབ་འཇུག་ཕྱོགས་སྡོམ་བྱེད་པ་དང་། ཁྱད་པར་དུ་མི་རིགས་རང་གི་རྩོམ་རིག་སྙིང་སྟོབས་དང་ཉིང་བཅུད་གཞིར་བཟུང་ཐོག་གཞན་གྱི་རྩོམ་རིག་གི་ལེགས་ཆ་སྡུད་ལེན་བྱས་ནས། དུས་རབས་ཀྱི་དགོས་མཁོ་དང་མཐུན་པའི་རྩོམ་རིག་གསར་རྩོམ་མཛད་པར་དཔྱད་བརྗོད་དང་དེའི་ཉམས་མྱོང་ཕྱོགས་སྡོམ་བྱེད་པ་ནི་རྩོམ་རིག་ལོ་རྒྱུས་ཀྱི་ལས་འགན་གཙོ་བོ་ཡིན་པས། གཤམ་དུ་དགའ་ལྡན་ཕོ་བྲང་དུས་སུ་བོད་མཁས་རྣམས་ཀྱིས་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྐྱེས་རབས་སོགས་རྒྱ་བོད་ཀྱི་གཏམ་རྒྱུད་གྲགས་ཅན་ལ་སྦྱོར་བའམ་དེར་དཔེ་འགེབ་བྱས་ནས། དུས་རབས་ཀྱི་སྒྲུང་གཏམ་རྩོམ་གནང་མཛད་ཅིང་སྐབས་དེའི་བོད་ཀྱི་རྩོམ་རིག་གི་འཕེལ་ཕྱོགས་གཙོ་བོར་གྱུར་པའི་ཉམས་མྱོང་ཕྱོགས་སྡོམ་བྱས་ན་འདི་ལྟར། དུས་སྐབས་འདིའི་སྒྲུང་གཏམ་ཕལ་ཆེ་བའི་བརྗོད་བྱའི་ནང་དོན་ནི་ཐུབ་པའི་སྐྱེས་རབས་སོགས་གནའ་བོའི་རྒྱ་གར་གྱི་གཏམ་རྒྱུད་ཡིན་པ་དང་། ཡང་ན་གཏམ་རྒྱུད་དེའི་རིགས་ཁྱོན་ཆེན་པོ་ནས་ཕྱོགས་སྡུད་དང་སྤྱི་སྡོམ་བྱས་པའི་རྨང་གཞིའི་སྟེང་བརྗོད་བྱའི་བསྟན་དོན་གྱི་དགོས་མཁོ་ལྟར་རྒྱུ་ཆ་འདོར་ལེན་དང་བཙོ་སྦྱང་བྱས་ནས་རྩོམ་གནང་མཛད་པ་དང་། ཡང་ན་གཏམ་རྒྱུད་དེ་དག་ཁྲོད་ཀྱི་མི་སྣ་གཙོ་བོ་ཞིག་གཞིར་བཟུང་ཐོག་འཚོ་བ་དངོས་ཁྲོད་ཀྱི་མི་སྣ་གཞན་པའི་རྒྱུ་ཆའང་གང་འཚམ་གྱིས་སྡུད་ལེན་བྱས་ནས་སྣང་བརྙན་དཔེ་གཞི་ཅན་བཏོད་པ་འདི་ལས་བརྟགས་ན། རྩོམ་པ་པོ་ཞིག་གིས་ཉམས་པ་མེད་པའི་བརྩམས་ཆོས་གྲགས་ཅན་ཞིག་གསར་རྩོམ་བྱེད་དགོས་ན་ལྷན་སྐྱེས་ཀྱི་རིག་པ་རྣོ་པོ་ཞིག་ཡོད་པ་དང་། མིང་གི་མངོན་བརྗོད་དང་ལྷག་པར་རྩོམ་རིག་གི་གཞུང་མང་དུ་ཐོས་ཤིང་དེ་དག་སེམས་པ་དང་གོམས་པར་བྱེད་པའམ་མངོན་པར་འཇུག་པ་ལ་བརྩོན་འགྲུས་མི་དམན་པ་ཞིག་ལྡན་དགོས་པར་མ་ཟད། ངེས་པར་དུ་འཛམ་གླིང་གི་བསྟན་བཅོས་གྲགས་ཅན་རྣམས་ལ་ལྟ་རྒྱ་ཆེ་ཞིང་སྤྱི་ཚོགས་ཀྱི་འཚོ་བ་དངོས་ཀྱི་ཉམས་མྱོང་ཕུན་སུམ་ཚོགས་པོ་ཞིག་ལྡན་དགོས། འདི་ནི་རྩོམ་པ་པོས་ཡིད་འཇོག་བྱེད་དགོས་པའི་ཉམས་མྱོང་སྟེ་དང་པོ་ཡིན། 
             གོང་དུ་བརྗོད་པ་ལྟར་སྐབས་འདིའི་སྒྲུང་གཏམ་གྱི་བརྗོད་བྱའི་ནང་དོན་ཐུབ་པའི་སྐྱེས་རབས་སོགས་རྒྱ་གར་གྱི་གཏམ་རྒྱུད་ཡིན་རུང་། དེ་དག་ལས་རྩོམ་གནང་མཛད་པའི་སྒྲུང་གཏམ་ལ་བོད་ཀྱི་ཁྱད་ཆོས་མངོན་པར་གསལ་བ་འདི་ལས་བརྟགས་ན། གསར་རྩོམ་གྱི་རྒྱུ་ཆར་མི་རིགས་གཞན་གྱི་གཏམ་རྒྱུད་གྲགས་ཅན་འགོད་སྐབས་དེ་ཉིད་མི་རིགས་རང་གི་འཚོ་བ་དང་གོམས་སྲོལ། སེམས་ཁམས། མི་ཚེའི་རིན་ཐང་། མི་ཆོས་ཀྱི་ཚད་གཞི། མཛེས་དཔྱོད་ཀྱི་ལྟ་བ་སོགས་དང་མཐུན་ཞིང་འཕྲོད་པ་ཞིག་ཡིན་དགོས་པར་མ་ཟད། གཏམ་རྒྱུད་ཀྱི་བྱུང་རིམ་ལས་སྣོན་བྱེད་པ་དང་། ས་མིང་མི་མིང་འདོགས་པ་ནས་མི་སྣའི་སྣང་བརྙན་བཏོད་པའི་གསར་རྩོམ་གྱི་བྱ་རིམ་དུའང་མི་རིགས་རང་གི་རིག་གནས་སྙིང་སྟོབས་དང་སྲོལ་རྒྱུན་སྲུང་འཛིན་བྱ་དགོས། དེ་ལྟར་བྱས་ན་བརྩམས་ཆོས་ཀྱི་བརྗོད་བྱ་ཕུན་སུམ་ཚོགས་པོར་འགྱུར་ལ། མི་རིགས་ཀྱི་ཁྱད་ཆོས་ཀྱང་མངོན་པར་གསལ་བ་ཡིན། འདི་ནི་རྒྱུ་ཆ་འདེམ་གསེས་དང་ལས་སྣོན་བྱེད་པའི་ཉམས་མྱོང་སྟེ་གཉིས་པ་ཡིན། 
             དགའ་ལྡན་ཕོ་བྲང་དུས་ཀྱི་སྔོན་དུ་བོད་ལ་སྒྲུང་གཏམ་གྱི་མཚན་ཉིད་ཚང་བའི་བརྩམས་ཆོས་ཆེར་མེད་ཀྱང་སྐབས་འདི་ནས་བོད་ཀྱི་མཁས་པ་རྣམས་ཀྱིས་ཐུབ་པའི་སྐྱེས་རབས་སོགས་རྒྱ་གར་གྱི་གཏམ་རྒྱུད་གྲགས་ཅན་རྣམས་བརྗོད་བྱར་འགོད་པ་དང་། ཡང་ན་དེ་ཉིད་ཀྱི་སྒྲིག་གཞི་ལ་དཔེ་འགེབ་བྱེད་ཅིང་བྱུང་རིམ་འཐུས་ཚང་དུ་གཏོང་བ། ཡུལ་གྱི་བཀོད་པ་དང་མི་སྣའི་མཛད་སྤྱོད་དམ་སྐད་ཆ་ཞིབ་འབྲི་བྱེད་པར་ཤུགས་བསྣན་ནས། བརྗོད་བྱ་སྣང་བརྙན་ལྡན་པའི་སྒོ་ནས་མཚོན་པར་བྱས་པ་ལས་རྩོམ་རིག་གསར་རྩོམ་བྱེད་དུས་རྩོམ་པ་པོས་རང་རྟོགས་ཀྱིས་སྒྱུ་རྩལ་རོལ་མྱོང་གི་ཆོས་ཉིད་དང་ཁྱད་ཆོས་ངོས་འཛིན་དང་རྒྱུས་ལོན་བྱས་ནས། དུས་སྐབས་སོ་སོའི་མི་རྣམས་ཀྱི་ཤེས་རིག་འཕེལ་རྒྱས་ཀྱི་བབ་དང་མཐུན་པ་དང་། རྩོམ་རིག་རོལ་མྱོང་པའི་མཛེས་དཔྱོད་ཀྱི་དགོས་མཁོ་དང་མཛེས་དཔྱོད་ཀྱི་མོས་པ་དང་བསྟུན་དགོས་པ་མངོན་པར་གསལ། འདི་ནི་ཀློག་པ་པོའི་རོལ་མྱོང་གི་དགོས་མཁོ་དང་བསྟུན་པའི་ཉམས་མྱོང་སྟེ་གསུམ་པ་ཡིན།
             སྒྲུང་གཏམ་ཕལ་ཆེ་བའི་མི་སྣ་གཙོ་བོ་གང་ཡིན་ཡང་ལྷན་སྐྱེས་ཀྱི་དཔེ་བྱེད་བཟང་ཞིང་བསོད་ནམས་ཀྱི་མཐུ་ཆེ་བ་དང་། མཁྱེན་རབ་རྒྱས་ཤིང་སྙིང་རྗེ་ཆེ་བ། དགེ་བར་གཞོལ་ཞིང་སྡིག་པར་འཛེམ་པ། གཏོང་ཕོད་ཆེ་ཞིང་བརྩོན་འགྲུས་ལྡན་པ། བཟོད་སེམས་ཆེ་ཞིང་ཚུལ་ཁྲིམས་དམ་པའི་སྣང་བརྙན་ཁྱད་པར་ཅན་དུ་སྣང་བ་ལ་རྒྱུ་རྐྱེན་མང་དུ་མཆིས་མོད། གཙོ་བོ་ཞིག་ནི་སྒྲུང་གཏམ་མཛད་པ་པོ་རྣམས་ཀྱིས་བརྩམས་ཆོས་ཁྲོད་ཀྱི་མི་སྣའི་སྣང་བརྙན་དཔེ་གཞི་ཅན་བཏོད་པའི་ཆེད་དུ། བརྩམ་བྱའི་གཏམ་རྒྱུད་གང་ཡིན་པ་དེའི་ཁྲོད་ཀྱི་མི་སྣའི་མཛད་སྤྱོད་གཞིར་བཟུང་ཐོག བརྗོད་བྱའི་བསྟན་དོན་མཚོན་པའི་དགོས་མཁོ་ལྟར་ཐུབ་པའི་སྐྱེས་རབས་གཞན་གྱི་མཛད་སྤྱོད་སྣོན་པ་དང་། ཡང་ན་སོ་སོ་སྐྱེ་བོས་བྱ་དཀའ་བའི་གཞན་ཕན་གྱི་མཛད་སྤྱོད་གང་འཚམ་དུ་བསྡེབས་ནས་གྲུབ་པ་ཡིན་ན། འདི་ནི་མི་སྣའི་སྣང་བརྙན་དཔེ་གཞི་ཅན་བཏོད་པའི་ཉམས་མྱོང་སྟེ་བཞི་པ་ཡིན།
             དགའ་ལྡན་ཕོ་བྲང་དུས་ཀྱི་སྒྲུང་གཏམ་རྣམས་བཀླགས་མ་ཐག་ཡིད་ཀྱི་མེ་ལོང་ངོས་སུ་ཡ་མཚན་པའམ་ངོ་མཚར་བའི་ཉམས་སྣང་ཅི་ཡང་ཤར་བ་ནི་སྒྲུང་གཏམ་མཛད་པ་པོ་རྣམས་ཀྱིས་རྟོག་པའམ་ཡིད་སྤྲུལ་ལ་བརྟེན་ནས། བརྩམས་ཆོས་ཁྲོད་ཀྱི་མི་སྣ་གཙོ་བོ་རྣམས་ལ་ལ་དྲི་ཟའི་གྲོང་དུ་སོང་ནས་བཙུན་མོ་བསུ་བ་དང་། ལ་ལ་ཀླུ་ཡུལ་དུ་སོང་སྟེ་ནོར་བུ་འདྲེན་པ། ལ་ལ་སྲིན་ཡུལ་དུ་སོང་ནས་གསེར་སླང་ལེན་པ་ལ་སོགས་པའི་བྱུང་རིམ་བཀོད་པར་མ་ཟད། དེ་དག་གིས་ད་དུང་གཞན་ཕན་གྱི་དོན་དུ་བང་མཛོད་ཀྱི་དཀོར་ནོར་དང་བུ་བུ་མོ། བཙུན་མོ། རྒྱལ་སྲིད། མིག་འབྲས། ལུས་ཕུང་སོགས་ཀྱང་འཕངས་མེད་དུ་སྦྱིན་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་མཛད་པས། ལྷའི་དབང་བོ་བརྒྱ་བྱིན་དང་ལྷ་ཆེན་པོ་ཚངས་པས་ཀྱང་སྤྲུལ་བ་སྣ་ཚོགས་ཀྱི་སྒོ་ནས་གྲོགས་དན་དང་བསྟོད་བསྔགས་མཛད་ཅིང་། དེ་དག་གིས་ཉེ་བར་སྤྱོད་པའི་འཕྲུལ་གྱི་དཀོར་ཆེན་པོར་ཡང་ཕྱི་ཡི་དགྲ་འདུལ་ཞིང་ནང་གི་དོན་སྒྲུབ་པའི་ནོར་བུ་དགོས་འདོད་དཔུང་འཇོམས་དང་དོན་ཀུན་འགྲུབ་པའི་ཡིད་བཞིན་ནོར་བུ། ལྷ་ཡི་ནོར་བུ་གཙུག་རྒྱན་ཕྲེང་བ། ཀླུ་ཡི་ནོར་བུ་དོན་ཡོད་ཞགས་པ། མི་ཡི་ནོར་བུ་དགོས་འདོད་ཀུན་འབྱུང་། སྲིན་པོའི་ནོར་བུ་གསེར་སླང་རྔ་ལབ་སོགས་ཡོད་པར་བཀོད་པ། དེ་མིན་སེམས་མེད་ཀྱི་རི་ཆུ་དང་བྱ་བྱིའུ་རྣམས་ལའང་སྨྲ་ཤེས་དོན་གོ་བའི་འགྲོ་བ་མིའི་གཤིས་ཀ་དང་། དགའ་སྐྱོ་ཆགས་སྡང་སོགས་སེམས་ཀྱི་རང་བཞིན་ལྡན་པར་བཀོད་པ་སོགས་ལས་ཐོན་པ་ཡིན་ན། འདི་ནི་ཆོས་ལུགས་ཀྱི་བསམ་གཞིགས་དང་འཆར་ཡན་ཟུང་དུ་སྦྲེལ་བའི་རྩོམ་ཐབས་ཀྱི་ཉམས་མྱོང་སྟེ་ལྔ་པ་ཡིན།
             དུས་སྐབས་འདིའི་སྒྲུང་གཏམ་སྤྱི་ལ་ཁྱབ་པའི་ཁྱད་ཆོས་གཙོ་བོ་སྟེ་མི་སྣ་ཕན་ཚུན་བར་གྱི་ལབ་གླེང་གི་སྐད་ཆ་ཕལ་ཆེ་བ་“གླུའི་རྟ་ལ་སྐྱོན་ནས་འདི་སྐད་”ཅེས་པ་དང་།“གསུང་གླུར་བཞེས་པ” “མགུར་དུ་བཞེས་པ” “གདུངས་དབྱངས་འདི་གསུང་པ” “གླུར་བཞེས་པ” “ཚིགས་བཅད་གླུ་དབྱངས་སུ་བསྡེབས་པ་”ཞེས་དབྱངས་སུ་གྱེར་པའི་ཚིགས་བཅད་དུ་བརྩམས་པ་ནི་སྐབས་དེར་དགོན་སྡེ་དང་གོང་གྲས་མི་སྣ་མ་གཏོགས་སྤྱི་ཚོགས་ཐོག་ཡི་གེ་ཤེས་མཁན་ཆེར་མེད་ཅིང་། བརྩམས་ཆོས་རོལ་མྱོང་དང་འགྲེམ་སྤེལ་བྱེད་པའི་ཐབས་ལམ་གཙོ་བོ་ནི་ངག་ཐོག་ནས་འཆད་གྱེར་བྱེད་རྒྱུ་དེ་ཡིན་ལ། འཆད་གྱེར་བྱེད་པར་འོས་ཤིང་འཚམ་པའི་སྐད་ཆ་ནི་ཚིགས་སུ་བཅད་པ་ཡིན་པས། མི་སྣའི་སྐད་ཆ་ཕལ་ཆེ་བ་སྲོལ་རྒྱུན་གྱི་དམངས་གླུ་དང་མགུར་གླུ། ཤགས་གླུ། སྒྲུང་གླུ།བསང་མཆོད་བཅས་ཀྱི་ཚིག་དང་རྣམ་པ་སྤྱད་ནས་ཚིགས་བཅད་དུ་བརྩམས་ན། རྩོམ་པ་པོས་རྩོམ་བདེ་བ་དང་འཆད་པ་པོས་འཆད་བདེ་ལ། ཉན་པ་པོས་འཛིན་བདེ་བར་མ་ཟད།མི་རིགས་དང་དུས་རབས་ཀྱི་ཁྱད་ཆོས་མངོན་པར་ཐོན་པའི་དགེ་མཚན་ཀྱང་ཡོད། འདི་ནི་སྐད་ཆ་ཞིབ་འབྲི་བྱེད་པའི་ཉམས་མྱོང་སྟེ་དྲུག་པ་ཡིན།
             མདོར་ན། གོང་གསལ་གྱི་ཉམས་མྱོང་དྲུག་ནི་དགའ་ལྡན་ཕོ་བྲང་དུས་ཀྱི་བོད་མཁས་རིམ་བྱོན་གྱིས་རྒྱལ་བའི་བཀའ་བསྟན་ཁྲོད་ཀྱི་ཐུབ་པའི་སྐྱེས་རབས་སོགས་བརྒྱུད་ཀྱི་རྒྱུ་ཆ་དང་སྤྱི་ཚོགས་ཀྱི་འཚོ་བ་དངོས་ཁྲོད་དུ་མཐོང་ཐོས་མྱོང་གསུམ་དུ་གྱུར་པའི་ཐད་ཀའི་རྒྱུ་ཆ་གཉིས་གང་འཚམ་གྱིས་ཟུང་དུ་སྦྲེལ་ནས། བོད་ལ་སྔ་ན་མེད་པའི་རྩོམ་ལུས་གསར་བ་སྟེ། གནའ་རབས་སྒྲུང་གཏམ་རྩོམ་གནང་མཛད་པའི་ཉམས་མྱོང་གཙོ་བོ་ཡིན་ལ། དེང་རབས་རྩོམ་རིག་གསར་རྩོམ་བྱེད་པར་མཁོ་ཆེ་བའི་བསླབ་བྱ་གལ་ཆེན་ཡང་ཡིན་པར་ངེས་སོ།།
             མཆན་འགྲེལ།
             ①②③④⑤《ཆོས་རྒྱལ་ནོར་བཟང་གི་རྣམ་ཐར》 བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1979ལོ། p98 p99 p101 p111 p124
             ⑥《རྒྱལ་པོ་སྤྲིན་གྱི་བཞོན་པའི་རྟོགས་བརྗོད》 བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1983ལོ།
             ⑦《ཀླུ་ཀུན་ཏུ་དགའ་བའི་ཟློས་གར》 མི་རིགས་དཔེ་སྐྲུན་ཁང་། 1984ལོ།
             ⑧《རྒྱལ་པོ་དྲི་མེད་ཀུན་ལྡན་གྱི་རྣམ་ཐར》 མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1981ལོ།
             ⑨⑩《མདོ་མཛངས་བླུན》 མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1984ལོ། p191 p336
             ⑾《སྐྱེས་རབས་སོ་བཞི་པ》 མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1984ལོ། p5
             ⑿《གཅུང་པོ་དོན་ཡོད་དང་དོན་གྲུབ་གཉིས་ཀྱི་རྣམ་ཐར》 བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1981ལོ།
             ⒀《གཞོན་ནུ་ཟླ་མེད་ཀྱི་གཏམ་རྒྱུད》 བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2000ལོ།
             ⒁《བྱ་མགྲིན་སྔོན་ཟླ་བའི་རྟོགས་བརྗོད》 བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1981ལོ། p11
39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1