གཙོ་ངོས།>> ཞིབ་འཇུག>>སྐད་ཡིག

བསོད་ནམས་དོན་གྲུབ། རྩོམ་སྒྲིག་པ།ཡོང་ཁུངས། ཀྲུང་གོའི་བོད་རིག་པ། སྤེལ་དུས། ༢༠༡༩ལོའི་ཟླ་བ་༠༩ཚེས་༡༩ཉིན།

༄༅།། གསར་དུ་རྙེད་པའི་བརྡ་གསར་རྙིང་གི་རྣམ་གཞག་ལི་ཤིའི་གུར་ཁང་①གི་པར་རྙིང་ཞིག་ལ་དཔྱད་པ།


 བསོད་ནམས་དོན་གྲུབ།
[ནང་དོན་གནད་བསྡུས།]དཔྱད་རྩོམ་འདིར་སྐྱོགས་སྟོན་ལོ་ཙཱ་བའི་དག་ཡིག་ལི་ཤིའི་གུར་ཁང་དང་ས་སྐྱ་ཨ་མེས་ཀུན་དགའ་བསོད་ནམས་ཀྱིས་བརྩམས་པར་གྲགས་པའི་གསར་རྙིང་གི་བརྡའི་རྣམ་དབྱེ་ལེགས་པར་བཤད་པ་གསུང་རབ་ཀུན་ལ་ལྟ་བའི་སྒྲོན་མེ་ཞེས་བྱ་བ་བཞུགས་སོ་ཞེས་པའི་དག་ཡིག་དེ་གཉིས་དཔྱད་བསྡུར་བྱས་ཏེ། དཔེ་ཆ་དེ་གཉིས་པར་གཞི་མི་གཅིག་པ་ལས་དེབ་གཅིག་ཡིན་པ་དང་། དག་ཡིག་དེ་ནི་དོན་དམ་པའི་སྐྱོགས་སྟོན་ལོ་ཙཱ་བ་རིན་ཆེན་བཀྲ་ཤིས་ཀྱིས་བརྩམས་པར་བསྒྲུབ་ནས། དེ་གཉིས་ཀྱི་འབྲེལ་བ་དང་དག་ཡིག་དེའི་ཁྲོད་ཀྱི་རིན་ཐང་བཅས་པར་དཔྱད་པ་བྱས་ཡོད།
[བརྡ་ཆད་གཙོ་བོ།] གསར་རྙེད། ལི་ཤིའི་གུར་ཁང་། པར་རྙིང་། དཔྱད་པ།
[ཀྲུང་གོའི་དཔེ་དེབ་དབྱེ་རྟགས།] G256.1
[ཡིག་ཚང་མཚན་བྱང་།] A
[རྩོམ་གྱི་གོ་རིམ་ཨང་སྒྲིག] 1002-9060-2017-02-0140-17
        དང་པོ། སྐྱོགས་སྟོན་ལོ་ཙཱ་བའི་མི་ཚེ་དཔྱད་ཞིབ་དང་ཞིབ་འཇུག་གི་གནས་བབ།
        སྐྱོགས་སྟོན་ལོ་ཙཱ་བ་རིན་ཆེན་བཀྲ་ཤིས་ཀྱི་འཁྲུངས་འདས་ལོ་ཚིགས་ཐད་ལ་བཞེད་པ་མཐུན་མིན་སྣ་ཚོགས་སུ་འདུག་སྟེ། ལ་ལས་སྐྱོགས་སྟོན་ལོ་ཙཱ་བ་ནི་སྤྱི་ལོ་དུས་རབས་བཅུ་གཅིག་པའི་མི་ཡིན་ཞེས་བཤད་ཡོད་ལ། ལ་ལས་དག་ཡིག་འདི་ནི་ཀྲུང་ཧྭ་མིན་གོའི་རྗེས་ཀྱི་བརྩམས་ཆོས་ཤིག་ཡིན་པར་འདོད། ང་ཚོས་ཁུངས་ཐུབ་ཀྱི་ལོ་རྒྱུས་ཡིག་ཆ་དག་ལ་བལྟས་ན། སྐྱོགས་སྟོན་ལོ་ཙཱ་བ་རིན་བཀྲ་ཤིས་ནི་ཞ་ལུ་ལོ་ཙཱ་བ་ཆོས་སྐྱོང་བཟང་བོའི་ངེས་སློབ་ཡིན་པ་བདེན་དཔང་བྱེད་ཐུབ་ལ། འཁྲུངས་འདས་ཀྱི་ལོ་ཚིགས་མི་གསལ་མོད། འོན་ཀྱང་ལི་ཤིའི་གུར་ཁང་གི་བརྩམས་གྲུབ་ལོ་དུས་ནི་དག་ཡིག་དེའི་མཇུག་ཏུ་གདོང་ངན་ཞེས་བྱ་བའི་ལོ།དགེ་བའི་བཤེས་གཉེན་འགའ་ཞིག་གིས་ཞལ་ཏ་ཕེབས་པ་དང་། ཤྲཱི་མནྨ་ཎི་ཀས་འཕྲལ་དུ་བསྐུལ་ཞིང་ཡི་གེའི་རྐྱེན་སྦྱར་བ་ལ་བརྟེན་ནས། སྐྱོགས་སྟོན་གྱིས་རེག་ཟིག་ཏུ་བཀོད་པའོ་ ② ཞེས་བཀོད་ཡོད་པར་བལྟས་ན་གདོང་ངན་ཞེས་པ་ནི་བོད་རབ་བྱུང་དགུ་བའི་མེ་སྤྲེལ་ལོ་དེ་སྤྱི་ལོ་1476ལོ་ཡིན།དུས་རབས་རིམ་བྱོན་གྱི་མཁས་པ་མང་པོ་ཞིག་གིས་དག་ཡིག་འདི་དང་འདྲ་བའི་བརྩམས་ཆོས་མང་པོ་ཞིག་བརྩམས་གྲུབ་གནང་ཡོད་མོད། རིག་གཞུང་ཞིབ་འཇུག་གི་ཁམས་སུ་འདི་ལྟ་བུའི་སྙན་གྲགས་ཤིག་རྒྱས་མ་ཐུབ་པ་དང་། དེབ་འདི་ལ་དུས་རབས་རིམ་བྱོན་གྱི་མཁས་པ་ཚོས་གདེང་འཇོག་ཚད་མཐོན་པོ་བྱས་ཡོད། སྐྱོགས་སྟོན་ལོ་ཙཱ་བས་སྐབས་དེའི་ཆོས་གཞུང་བསྟན་བཅོས་ཀྱི་ཁྲོད་བརྡ་སྐད་བཀོལ་སྤྱོད་བྱས་པ་རྙོག་འཛིང་ཡིན་པའི་རྣམ་པ་ལ་རྟོག་དཔྱོད་ནན་ཏུར་བྱས་པ་དང་། དེབ་འདིའི་ནང་དུ་བོད་བཙན་པོའི་རྒྱལ་རབས་ནས་སྤྱི་ལོ་དུས་རབས་བཅོ་ལྔ་པའི་བར་གྱི་ནང་བསྟན་ཤེས་རིག་བོད་དུ་ནང་འདྲེན་བྱས་པའི་ལོ་རྒྱུས་ལ་དུས་རབས་ཀྱི་དབྱེ་མཚམས་བགར་ནས་བཀས་བཅད་ལན་གསུམ་ཞེས་པའི་ལྟ་བ་ཐོག་མར་བཏོན་ཡོད་པར་མ་ཟད། ཆོས་ལུགས་ཀྱི་བརྡ་སྐད་རྙིང་པ་དང་གསར་བ་ཞིབ་བསྡུར་བྱས་ནས་བོད་ཀྱི་སྐད་ཡིག་ཚད་ལྡན་ངེས་སྲོལ་ཅན་དུ་བཏང་བའི་ལོ་རྒྱུས་ལ་ཞིབ་དཔྱོད་བྱས་ཡོད་པས། བོད་ཀྱི་གནའ་བོའི་ཡི་གེ་དང་། ཆོས་གཞུང་གི་སྐད་བརྡ་སོགས་ལ་ཞིབ་འཇུག་བྱེད་པར་ཕན་ཐོགས་ཆེན་པོ་ཡོད་པ་དང་། དེང་གི་དུས་སུའང་སྒྲ་བསྒྱུར་ལོ་ཙཱའི་བྱ་བ་དང་། སློབ་ཁྲིད་དང་གནའ་བོའི་ཡི་གེ་ལ་སློབ་སྦྱོང་བྱེད་པའི་དཔྱད་གཞིའི་ཡིག་ཆ་གལ་ཆེན་ཞིག་ཡིན་ལ། བོད་ཀྱི་སྐད་བརྡའི་སྒྲ་གདངས་ཀྱི་འཕེལ་འགྱུར་ལོ་རྒྱུས་དང་གནས་བབ་ལ་ཞིབ་འཇུག་བྱེད་པའི་ཟུར་ལྟའི་ཡིག་ཆ་གལ་ཆེན་ཞིག་ཀྱང་ཡིན། དེབ་འདིར་སྔ་རབས་ཀྱི་ཞིབ་འཇུག་པའི་ཁྲོད་ཨན་ཧྲི་ཞིན་ (安世兴) ལགས་ཀྱིས་སྤྱི་ལོ་1981ལོར་ 《评价古藏文词书(丁香帐)》 ③ ཟེར་བའི་དཔྱད་རྩོམ་ཞིག་འགྲེམ་སྤེལ་བྱས་ཡོད་པ་ལས་གཞན་སུས་ཀྱང་ཞིབ་འཇུག་བྱས་ཡོད་པ་མཐོང་མ་སོང་ལ། ལྷག་པར་དུ་དག་ཡིག་འདི་ལ་པར་གཞི་མི་འདྲ་བ་དུ་མ་ཡོད་པ་སུས་ཀྱང་ཤེས་མེད་པ་འདྲ། དེ་བས་འདི་གར་ཁོ་བོས་སྔ་རབས་ཞིབ་འཇུག་གི་རྨང་གཞིའི་སྟེང་གསར་དུ་རྙེད་པའི་དག་ཡིག་ལི་ཤིའི་གུར་ཁང་གི་པར་རྙིང་དང་། དེའི་ནང་དོན་འདྲ་མིན་དང་མིང་བརྡའི་གཟུགས་ཀྱི་འགྱུར་ལུགས་སོགས་གཙོ་གནད་དུ་བཟུང་ནས་ཞིབ་འཇུག་བྱེད་རྒྱུ་ཡིན།
        གཉིས་པ། གསར་དུ་རྙེད་པའི་བརྡ་གསར་རྙིང་གི་རྣམ་གཞག་ལི་ཤིའི་གུར་ཁང་གི་སྤྱི་ཁོག
        དེང་གི་དུས་སུ་བརྡ་གསར་རྙིང་གི་རྣམ་གཞག་ལི་ཤིའི་གུར་ཁང་གི་བསྟན་བཅོས་འདིར་པར་སྐྲུན་ཁང་སོ་སོས་ལྷ་སའི་ཞོལ་པར་ཁང་གི་པར་གཞི་གཞིར་བཟུང་སྟེ་པར་དུ་བསྐྲུན་ཡོད་མོད། འོན་ཀྱང་ཁོ་བོས་ས་སྐྱའི་གསུང་རབ་ཀྱི་པོད་གཉིས་པའི་སུམ་རྟགས་དང་དག་ཡིག་གི་ཁྲོད་ས་སྐྱ་ཨ་མེས་ཞབས་ཀུན་དགའ་བསོད་ནམས་ཀྱིས་བརྩམས་པའི་གསར་རྙིང་གི་བརྡའི་རྣམ་དབྱེ་ལེགས་པར་བཤད་པ་གསུང་རབ་ཀུན་ལ་ལྟ་བའི་སྒྲོན་མེ་ཞེས་བྱ་བ་བཞུགས་སོ་ ④ཞེས་པའི་བསྟན་བཅོས་ཤིག་རྙེད་སོན་བྱུང་ལ། བསྟན་བཅོས་དེ་ནི་དོན་གྱིས་སྐྱོགས་སྟོན་རིན་ཆེན་བཀྲ་ཤིས་ཀྱི་བརྡ་གསར་རྙིང་གི་རྣམ་གཞག་ལི་ཤིའི་གུར་ཁང་གི་པར་གཞི་གཞན་ཞིག་ཡིན། བསྟན་བཅོས་དེའི་འགོ་བརྗོད་དུ། ཞ་ལུ་ལོ་ཆེན་ཆོས་སྐྱོང་བཟང་པོ་ཡི།། ཐུགས་ཀྱི་སྲས་མཆོག་སྨིན་གྲུབ་ལོ་ཙཱ་བས།།(ངག་དབང་རིན་ཆེན་བཀྲ་ཤིས་དཔལ་བཟང་པོས།།)མཛད་པའི་གསར་རྙིང་བརྡ་ཡི་ཁྱད་པར་རྣམས།། སྟོན་བྱེད་ལེགས་བཤད་ལི་ཤིའི་གུར་ཁང་ལ།། སྐད་གཉིས་སྦྱར་བའི་མཆན་བུ་ཡོད་མེད་དང་།། ཚིག་སྣ་རིང་ཐུང་འདྲ་མིན་འགའ་སྣང་བ།། ཕན་ཚུན་ཞུས་དག་བགྱིས་པའི་ལེགས་བཤད་གཏམ།། གསུང་རབ་ཀུན་ལ་ལྟ་བའི་སྒྲོན་མེ་འདི།། བློ་གསལ་ཡོངས་ཀྱི་དགའ་སྟོན་ཉིད་དུ་སྤེལ།། ⑤ ཞེས་བཀོད་ཡོད་པའི་དཔེ་རྙིང་ཞིག་གསར་རྙེད་བྱུང་ལ། དཔེ་རྙིང་དེར་མ་ཕྱི་ས་སྐྱའི་པར་མ་དང་། ལྷ་སའི་ཞོལ་པར་མ། བལ་ཡུལ་གྱི་པར་མ་སོགས་སྣ་ཚོགས་ཡོད་ལ། པར་མ་དེ་དག་གི་ཁྲོད་བལ་ཡུལ་གྱི་པར་མ་དེ་ནི་ཡི་གེ་གསལ་ལ། གྲལ་དག་མོ་ཞིག་ཡིན་པས། ཁོ་བོས་འདིར་བལ་ཡུལ་གྱི་པར་མ་གཞིར་བཟུང་ཡོད་པ་དང་། བལ་ཡུལ་གྱི་པར་མ་དེ་ནི་ས་སྐྱ་ཨ་མེས་ཞབས་ལགས་ཀྱི་གསུང་འབུམ་ཁྲོད་བཞུགས་ཡོད་དེ། ཁྱོན་སྡོམ་པའི་སྣ་རིང་ཤོག་གྲངས་བཅུ་དྲུག་དང་ཤོག་ངོས་སུམ་ཅུ་སོ་གཉིས་ཅན་གྱི་པར་ཞིག་ཡིན་ལ། ཡིག་གཟུགས་དབུ་ཅན་ཡིན་པ་དང་། ཤོག་ངོས་རེ་རེའི་སྟེང་དུ་ཐིག་ཕྲེང་དྲུག་རེ་ཅན་གྱི་དེབ་ཅིག་ཡིན།
        གསུམ་པ། པར་རྙིང་ལས་ཐོན་པའི་བརྡ་འཕྲིན་གལ་ཆེན་འགའ།
        མིག་སྔར་རིག་གཞུང་ཞིབ་འཇུག་གི་ཁམས་སུ་སྐྱོགས་སྟོན་ལོ་ཙཱ་བའི་བརྡ་གསར་རྙིང་གི་རྣམ་གཞག་ལི་ཤིའི་གུར་ཁང་ལ་པར་གཞི་གཞན་ཞིག་ཡོད་པའི་སྐོར་སུས་ཀྱང་གླེང་བརྗོད་མཛད་མེད་ལ། ས་སྐྱ་ཨ་མེས་ཀུན་དགའ་བསོད་ནམས་ ( སྤྱི་ལ་1537- ?) ཀྱང་ཞ་ལུ་ལོ་ཙཱ་བའི་(སྤྱི་ལོ་1441-སྤྱི་ལོ་1527)ངེས་སློབ་ཡིན་ཏེ། ཕལ་ཆེར་སྐྱོགས་སྟོན་དང་དུས་མཉམ་ཡིན། བསྟན་བཅོས་དེ་ལས་སྐྱོགས་སྟོན་ལོ་ཙཱ་བ་ནི་ཞ་ལུ་ལོ་ཙཱ་བ་ཆོས་སྐྱོང་བཟང་བོའི་ཐུགས་སྲས་ཡིན་པ་དང་།ཁོའི་མཚན་གཞན་ལ། སྨིན་གྲུབ་ལོ་ཙཱ་བ་ངག་དབང་རིན་ཆེན་བཀྲ་ཤིས་ཀྱང་ཟེར་ལ། ཁོས་བརྩམས་པའི་བརྡ་གསར་རྙིང་གི་རྣམ་གཞག་ལི་ཤིའི་གུར་ཁང་ལ་སྐད་གཉིས་སྦྱར་བའི་མཆན་བུ་ཡོད་མེད་དང་། ཚིག་སྣ་རིང་ཐུང་འདྲ་མིན་འགའ་སྣང་བའི་པར་གཞི་དུ་མ་ཡོད་པ་གསུངས་ཡོད་ལ།ཁོའི་བརྩམས་ཆོས་ནི་པར་གཞི་ཕན་ཚུན་བར་ཞུས་དག་བགྱིས་ནས་སྤེལ་བའི་པར་གཞི་གསར་བ་ཞིག་ཡིན་པའང་ཤེས་ཐུབ་སྟེ། བསྟན་བཅོས་དེའི་མཇུག་བྱང་དུའང་། དེ་སྐད་འདི་ནི་ས་སྐྱ་པ།། ཤཱཀྱའི་དགེ་བསྙེན་པཎྜི་ཏ།། ངག་དབང་ཀུན་དགའ་བསོད་ནམས་ཞེས།། གྲགས་པའི་རྒྱལ་མཚན་ལེགས་འཛིན་པའི།། དཔལ་ལྡན་སྐལ་བ་བཟང་པོ་ཅན།། བོད་འདིར་འགྱུར་བའི་བཀའ་བསྟན་བཅོས།། མ་ལུས་བལྟ་བར་འདོད་པ་ཡི།། ཐོས་པ་ངོམས་པ་མེད་དེས་སྦྱར།། དབུས་པ་བློ་གསལ་བཅོམ་རལ་དང་།། པཎ་ཆེན་ཤཱཀྱ་མཆོག་ལྡན་སོགས།། སྔོན་བྱོན་མཁས་པས་མཛད་པ་ཡི།།བརྡ་ཡི་བསྟན་བཅོས་མང་མཐོང་ཡང་།། སྐྱོགས་སྟོན་ལོ་ཙཱའི་གསུང་རབ་ཉིད།། མཆོག་ཏུ་ངོ་མཚར་ཆེར་མཐོང་ནས།། དེ་ཉིད་(ལ་སྐད་གཉིས་སྦྱར་བའི་མཆན་བུ་ཡོད་མེད་ཚིག་སྣ་རིང་ཐུང་མི་འདྲ་བ་དུ་མ་འདུག་པའི་དཔེ་བཞི་ལྔ་ཙམ་འདྲ་བསྡུར་ཞུས་དག་བགྱིས་ནས་སྨིན་གྲུབ་ལོ་ཙཱ་ཉིད་ཀྱི་གསུང་རབ་ཀྱི་དགོངས་པ་)ཇི་བཞིན་འདིར་བཀོད་པས།། འདི་ལ་ཁོ་བོའི་རང་བཟོ་བྲལ།། གསར་རྙིང་བརྡ་ཡི་རྣམ་དབྱེ་རྣམས།། གསལ་བར་སྟོན་པའི་ལེགས་བཤད་ཀྱི།། སྒྲོན་མེ་ཆེ་འདི་སྲིད་མཐའི་བར།། གསུང་རབ་ཕྱོགས་ཀུན་གསལ་གྱུར་ཅིག། ⑥ ཅེས་བཀོད་ཡོད་པར་བལྟས་ནའང་གསལ་བོར་ཤེས་ཐུབ་ལ། བརྡ་གསར་རྙིང་གི་རྣམ་གཞག་ལི་ཤིའི་གུར་ཁང་ཞེས་པའི་བསྟན་བཅོས་འདི་ནི་ལེགས་སྦྱར་སྐད་ལས་འགྱུར་བའི་བཀའ་དང་བསྟན་བཅོས་མ་ལུས་ལ་བལྟ་བར་འདོད་པའི་མིག་ལྟ་བུ་ཡིན་ཞེས་གདེང་འཇོག་བྱས་ཡོད་པར་མ་ཟད། ད་དུང་སྔོན་བྱུང་མཁས་པའི་ཁྲོད་དེ་དང་འདྲ་མཚུངས་ཀྱི་བསྟན་བཅོས་མི་ཉུང་བ་ཞིག་བརྩམས་ཡོད་པ་གསུངས་ཡོད་དེ། དཔེར་ན་དབུས་པ་བློ་གསལ་དང་། བཅོམ་ལྡན་རིག་པའི་རལ་གྲི། པཎ་ཆེན་ཤཱཀྱ་མཆོག་ལྡན་སོགས་ཀྱིས་ཀྱང་བརྡ་ཡི་བསྟན་བཅོས་མང་པོ་ཞིག་བརྩམས་ཡོད་མོད། དེ་དག་གི་ཁྲོད་དུ་སྐྱོགས་སྟོན་ལོ་ཙཱ་བའི་གསུང་རབ་འདི་ནི་མཆོག་ཏུ་ངོ་མཚར་བ་ཡིན་ཞེས་གདེང་འཇོག་ཚད་མཐོན་པོ་བྱས་ཡོད་ལ། དེབ་དེའི་ཡིག་ཆུང་གི་ཁྲོད་སྐྱོགས་སྟོན་གྱི་གསུང་རབ་འདི་ཉིད་ལ་སྐད་གཉིས་ཤན་སྦྱར་ཡོད་མེད་དང་ཚིག་སྣ་རིང་ཐུང་འདྲ་མིན་གྱི་པར་གཞི་དཔེ་དེབ་བཞི་ལྔ་ཙམ་ཞིག་ཡོད་པ་གསུང་ཡོད་ལ། རྩོམ་པ་པོ་ཁོང་ཉིད་ཀྱིས་རང་བཟོ་མ་བྱས་པར་དཔེ་དེབ་དེ་དག་ལ་འདྲ་བསྡུར་ཞུས་དག་བགྱིས་ནས་ལོ་ཙཱ་བ་འདི་ཉིད་ཀྱི་གསུང་རབ་ཀྱི་དགོངས་པ་ཇི་བཞིན་དུ་བཀོད་ཡོད་ཚད་གསུངས་ཡོད་པ་ཟུར་བཀོད་དུ་ཤེས་ཐུབ་བོ།། ⑦
        བཞི་པ། པར་རྙིང་ལས་མཐོང་ཐུབ་པའི་བོད་ཀྱི་བརྡ་སྐད་འཕེལ་འགྱུར་གྱི་རྗེས་ཤུལ། 
        གོང་དུ་སྨོས་པ་བཞིན་ས་སྐྱ་ཨ་མེས་ཞབས་ཀུན་དགའ་བསོད་ནམས་ཀྱིས་བརྩམས་པའི་གསར་རྙིང་གི་བརྡའི་རྣམ་དབྱེ་ལེགས་པར་བཤད་པ་གསུང་རབ་ཀུན་ལ་ལྟ་བའི་སྒྲོན་མེ་ཞེས་པ་ནི་དོན་དངོས་སུ་སྐྱོགས་སྟོན་ལོ་ཙཱ་བ་རིན་ཆེན་བཀྲ་ཤིས་ཀྱིས་བརྩམས་པའི་བརྡ་གསར་རྙིང་གི་རྣམ་གཞག་ལི་ཤུའི་གུར་ཁང་གི་པར་གཞི་གཞན་ཞིག་ཡིན་པ་ངོ་སྤྲོད་བྱས་ཟིན་ལ། ང་ཚོས་པར་གཞི་རྙིང་པ་དེར་ཞིབ་འཇུག་བྱས་ཚེ་བོད་ཀྱི་གནའ་བོའི་བརྡ་སྐད་རྙིང་མ་དག་གི་ཆེས་ཐོག་མའི་རྣམ་པ་དེ་ཤེས་ཐུབ་སྟེ། དེ་ཡང་སངས་རྒྱས་ཆོས་གཞུང་བོད་དུ་ཆེས་ཐོག་མར་དར་བའི་དུས་སྐབས་སུ་སཾ་སྐྲྀ་ཏའི་སྐད་ཀྱི་མིང་བརྡ་དེ་དག་བོད་སྐད་དུ་ཇི་ལྟར་བསྒྱུར་བ་དང་། དེ་ནས་རིམ་གྱིས་ལོ་རྒྱུས་ཀྱི་དུས་ཡུན་རིང་མོའི་ཁྲོད་བཀས་བཅད་ལན་གསུམ་བྱས་པའི་མཇུག་འབྲས་སུ་ཆེས་ཐོག་མའི་བོད་འགྱུར་གྱི་མིང་བརྡ་དེ་དག་འཕེལ་འགྱུར་ཇི་ལྟར་སོང་བ་སོགས་གསལ་བོར་ཤེས་ཐུབ་སྟེ། གཤམ་དུ་དཔེ་མཚོན་གྱི་དཔེར་འགའ་བཀོད་ན། 
        སོགས་ལེགས་སྦྱར་སྐད་ཀྱི་མིང་བརྡ་དྲུག་རྒྱ་ཉེར་ལྔ་ལྷག་བསྡུས་ནས་དེ་དག་གི་ཆེས་ཐོག་མའི་བོད་འགྱུར་བྱུང་དུས་ཀྱི་མིང་དང་། དེ་ནས་རིམ་གྱིས་བོད་པའི་སྐད་བརྡ་འཕེལ་འགྱུར་བྱུང་བ་དང་བསྟུན་མིང་བརྡ་ཐ་སྙད་དེ་དག་ལའང་འཕེལ་འགྱུར་བྱུང་ནས་དེང་གི་སྐད་བརྡ་དང་ཐག་ཉེ་བར་གྱུར་པའམ་ཡང་ན་གཅིག་པར་གྱུར་བའི་རྣམ་པ་བྱུང་བ་ལ་དཔྱད་བསྡུར་བྱས་ཡོད། 
        ལི་ཤིའི་གུར་ཁང་གི་ཁྲོད་དུ་བཀོད་ཡོད་པའི་མིང་བརྡ་ཡོད་ཚད་ནང་བསྟན་ཆོས་གཞུང་གི་ནང་དུ་ལུང་དྲངས་པ་ཡིན་ཏེ། དེབ་དེ་ལས། རྒྱས་པར་ནི་སྔ་འགྱུར་གྱི་གསུང་རབ་རྣམས་རྒྱ་ཆེར་བཀླགས་པ་ལས་ཤེས་པར་འགྱུར་གྱི།མཐའ་དག་ནི་ཡི་གེའི་ལས་སུ་ཆེ་ལ་ ⑧ ཞེས་གསུངས་ཡོད་པར་མ་ཟད། ད་དུང་ཅུང་ཟད་བརྗོད་པས། བློ་གྲོས་ཀྱི་འཇུག་པ་འཕེལ་བའི་ཐབས་སུ་མཐོང་ནས་བཅོམ་ལྡན་རིག་པའི་རལ་གྲི་དང་། དབུས་པ་བློ་གསལ་སོགས་པས་མཛད་པས་ཡི་གེ་ལས་ཀྱང་ཅིར་རིགས་པར་བསྡུས་ཤིང་། དཔལ་ལྡན་བླ་མ་ལོ་ཆེན་གྱི་གསུང་ལས་འབྱུང་བའང་བསྣན་ཏེ་བྲིས་པའོ།། ⑨ཞེས་དག་ཡིག་འདིའི་མིང་བརྡ་སྐོར་ཞིག་གི་ཁུངས་ཀྱང་གསལ་བོར་བསྟན་ཡོད་ལ། དེ་དག་ལས་ཆོས་ལུགས་ཀྱི་བརྡ་སྐད་ཀྱི་མིང་ཡོད་པར་མ་ཟད། ཆོས་ལུགས་ཀྱི་བརྡ་སྐད་མ་ཡིན་པའི་མིང་གི་རིགས་ཀྱང་ཡོད་ལ། གནའ་དེང་གི་མིང་བརྡའི་ཁ་གྲངས་བརྒྱད་རྒྱ་ལྷག་བསྡུས་ཡོད།
        ལྔ་པ། ལི་ཤིའི་གུར་ཁང་གི་ཁྲོད་བསྡུས་ཡོད་པའི་མིང་བརྡའི་གཟུགས་ཀྱི་འགྱུར་ལུགས། 
        གཅིག ཡ་བཏགས་དང་རྗེས་འཇུག་གི་འ་ཡིག་དང་། མིང་གཞི་སྐོར་ཞིག་གི་ཉམས་པ་ལས་བྱུང་བའི་མིང་བརྡའི་འགྱུར་ལུགས།
དེབ་འདིའི་ཁྲོད་དུ་བཀོད་ཡོད་པའི་མིང་བརྡ་སྐོར་ཞིག་གི་གསར་རྙིང་གི་ཁྱད་པར་ནི་མིང་བརྡའི་སྒྲ་གདངས་ཀྱི་འབྲི་ཚུལ་གྱི་སྟེང་ཤེས་ཐུབ་ལ། སྐད་བརྡའི་འཕེལ་འགྱུར་དང་སྒྲ་གདངས་ཀྱི་འགྱུར་ལྡོག་སྟེང་བལྟས་ན། སྐད་གསར་བཅད་ཀྱིས་བོད་ཡིག་གི་ཀློག་གི་སྦྱོར་སྟངས་སྟེང་ཡ་བཏགས་སྐོར་ཞིག་དང་། རྗེས་འཇུག་གི་འ་ཡིག་དང་མིང་གཞི་སྐོར་ཞིག་ལ་གཙང་ཕྱག་བྱས་པས་བརྡ་གསར་རྙིང་གི་ཁྱད་བྱུང་སྟེ།དཔེར་ན། སྩེལ་བ། → སེལ་བ། སྩོགས་པ། → སོགས་པ།བསྩངས་པ། → བསངས་པ། བསྩལ་བ།  → བསལ་བ། བསྩུ་བ།→ བསུ་བ། མྱིན། → མིན་། མྱེད། → མེད་ལྟ་བུའོ།། མིང་བརྡ་འདིའི་རིགས་ཀྱི་འགྱུར་ལྡོག་ནི་སྒྲ་གདངས་འཕེལ་འགྱུར་གྱི་མཇུག་འབྲས་ཡིན་ལ། མིང་བརྡ་ལ་ལ་ཞིག་ཡུལ་སྐད་དམ་ཁ་སྐད་ཀྱི་ཁྲོད་དང་མི་མཐུན་པར་བར་ཁྱད་ཆེན་པོ་བྱུང་སོང་བ་ཡིན་པས་སྐད་གསར་བཅད་ཀྱིས་གཏན་ལ་ཕབ་སྟེ་བརྡ་གསར་རྙིང་གི་ཁྱད་པར་བྱུང་ལ། དཔེར་ན། མྱིན་ལྟ་བུའི་མིང་གི་ཡ་བཏགས་དོར་བས་མིན་གྱིས་གྱུར་ལ། བསྩལ་བ་ལྟ་བུའི་མིང་བརྡའི་མིང་གཞི་ཙ་ཡིག་དོར་བས་མགོ་ཅན་གྱི་ས་ཡིག་དེ་མིང་གཞིར་གྱུར་ནས་བསལ་བ་ལྟ་བུའི་མིང་བརྡར་གྱུར་མོད། འདིའི་རིགས་མིང་བརྡའི་ནང་དོན་ལ་འགྱུར་བ་ཅི་ཡང་མེད་པ་དང་། སྩོགས་པ། མྱིང་ལྟ་བུའི་མིང་བརྡའི་རིགས་ནི་དེང་གི་ཨ་མདོའི་སྐད་དུ་ད་དུང་སྐད་གསར་བཅད་སྔོན་གྱི་མིང་གི་འདོན་སྟངས་དང་འདྲ་བར་གནས་ཡོད། དབུས་གཙང་དང་ཁམས་ཀྱི་ཡུལ་སྐད་ཁྲོད་སྐད་གསར་བཅད་ཀྱི་དགོངས་དོན་ལྟར་ཀློག་བཞིན་ཡོད་ལ། ལི་ཤིའི་གུར་ཁང་གི་ཁྲོད་དུ་མིང་གཞིའི་རྐྱང་བའི་རིགས་ཀྱི་རྗེས་འཇུག་འ་ཡིག་དོར་ལ། དེ་ནི་སྤྱི་ལོ་དུས་རབས་དགུ་བར་རལ་པ་ཅན་གྱི་དུས་སྐབས་སུ་བཀས་བཅད་གཉིས་པའི་ཁྲོད་དུ་དོར་སོང་བ་ཡིན་ཏེ། དཔེར་ན། ལའ། → ལ།དེའ། → དེ། ནིའ།  → ནི་ལྟ་བུར་བཀས་བཅད་མཛད་ཡོད་མོད། འོན་ཀྱང་བཀས་བཅད་གསུམ་པའི་ཁྲོད་དུའང་ད་དུང་མིང་བརྡ་འདིའི་རིགས་ཀྱི་ཤུལ་བཞག་མཐོང་ཐུབ།
        གཉིས། མིང་བརྡའི་ཚེག་བར་རྗེས་མའི་ཡི་གེ་དེ་སྲོག་ཆེན་ནས་སྲོག་ཆུང་དུ་གྱུར་བའི་འགྱུར་ལུགས།
        ཚེག་བར་གཉིས་ཅན་གྱིས་གྲུབ་པའི་མིང་བརྡའི་རིགས་ཀྱི་ཚེག་བར་རྗེས་མའི་ཡེ་གེ་ལ་འགྱུར་ལྡོག་བྱུང་ཡོད་དེ།དེའི་རིགས་ནི་སྐད་བརྡ་འཕེལ་འགྱུར་གྱི་གནས་ཚུལ་སྟེང་བལྟས་ན་སྲོག་ཆེན་གྱི་ཡི་གེ་དེ་སྲོག་ཆུང་གིས་གྱུར་བ་ཡིན་ཏེ། དཔེར་ན། རིན་ཅེན།  → རིན་ཆེན། གོ་ཅ། → གོ་ཆ། དཀོན་ཅོག → དཀོན་མཆོག བྲག་ཅ། → བྲག་ཆ། བསྟན་བཅོས། → བསྟན་ཆོས་སོགས་སོ།། འདི་ལྟ་བུའི་མིང་གི་ཀློག་གདངས་དེ་དེང་གི་ཨ་མདོའི་སྐད་ཁྲོད་དུ་ད་དུང་རྒྱུན་འབྱམས་སུ་གནས་ཏེ། དཔེར་ན། དཔེ་ཆ། ལག་ཆ། མཚོན་ཆ། གོས་ཆེན། ཉོ་ཆ་སོགས་དེང་གི་ཨ་མདོའི་སྐད་དུ་ད་དུང་དཔེ་ཅ། ལག་ཅ། མཚོན་ཅ། གོས་ཅེན། ཉོ་ཅ་ལྟར་བཀླགས་བཞིན་ཡོད། གོང་གི་མིང་བརྡའི་གཟུགས་ཀྱི་འགྱུར་ལྡོག་ནི་གཙོ་བོ་སྒྲ་གདངས་སྟེང་ཡིན།
        གསུམ། བརྡ་གསར་པས་རྙིང་པའི་ཚབ་བྱས་པའི་འགྱུར་ལུགས།
        ཀེའུ།  → རི་སྒོག །གྱ་ཐོ།  → རྣ་རྒྱན། ནུ་རྫི།  → ཉིང་ཁུ།ཕོལ་མིག  → འཁོར་ལོ། སྨོན་འདྲིན།  → གྲོགས་པོ། ལོང་བུ།→ ཤིང་ཏོག་སོགས་ལྟ་བུའོ།། གོང་གི་མིང་བརྡ་འདིའི་རིགས་ཀྱི་འགྱུར་ལྡོག་གི་སྟེང་ང་ཚོས་ཤེས་ཐུབ་པ་ནི་མིང་བརྡ་གསར་པ་འདིའི་རིགས་བརྡ་རྙིང་པ་དེ་དག་དང་འབྲེལ་བ་ཅི་ཡང་མེད་ལ། དེ་དག་ནི་ཕལ་ཆེར་སྐད་གསར་བཅད་ཀྱིས་གཏན་ལ་ཕབ་དུས་ཀྱི་ཁ་སྐད་དང་གཅིག་མཐུན་ཡིན་པས།ལོ་རྒྱུས་ཡིག་ཚང་དུ་རྒྱུན་ལྡན་གྱིས་བཀོལ་སྤྱོད་བྱས་པ་ཡིན། མིང་བརྡ་ལ་ལ་ཞིག་སྤྱི་ལོ་དུས་རབས་དགུ་པའི་བཀས་བཅད་ཀྱི་ཁྲོད་བརྡ་གསར་བས་ཚབ་བྱས་སོང་མོད། འོན་ཀྱང་དེ་དག་རྩ་བ་ནས་ཉམས་དམས་སུ་སོང་བ་མ་ཡིན་ཏེ། དཔེར་ན་ཀེའུ་དང་སྐྱུ་རུམ་ལྟ་བུའི་མིང་བརྡའི་རིགས་དེང་གི་ཨ་མདོའི་ཁ་སྐད་ཁྲོད་དུ་སྔར་བཞིན་བཀོལ་སྤྱོད་བྱེད་བཞིན་ཡོད།
        བཞི།  མིང་བརྡ་ལ་ལ་ཞིག་གི་ཕྱེད་སྔ་མ་འགྱུར་བ།
        ཀོས་ཐག → ཉམ་ཐག གེར་མ། → རག་མ། འདྲག་མཐིལ། → ལག་མཐིལ། མུར་ཐུག → མཐར་ཐུག གོ་ར། → བཙོན་ར། པོག་ཕོར། → སྤོས་ཕོར། གཡར་འདྲེན།  → སྤྱན་འདྲེན་ལྟ་བུའི་རིགས་ལ་མཚོན་ན་ཚེག་བར་དང་པོ་ལ་འགྱུར་ལྡོག་བྱུང་ནས་བརྡ་གསར་བ་བཀོལ་སྤྱོད་བྱས་ཡོད་ལ། ཚེག་བར་གཉིས་པའི་སྔར་གྱི་ཡི་གེ་དེ་སོར་ན་བཞག་པ་ཡིན། མིང་བརྡ་འདིའི་རིགས་ཀྱི་འགྱུར་ལུགས་ཀྱང་སྐད་བརྡ་འཕེལ་རྒྱས་ཀྱི་ཆོས་ཉིད་དང་མཐུན་པ་དང་། དེ་དུས་ཀྱི་ཁ་སྐད་དང་ཐག་ཤིན་ཏུ་ཉེ་ལ། མ་མཐའ་ཡང་བཀས་བཅད་སྐབས་སུ་ཚད་གཞིར་བཟུང་བའི་ཡུལ་སྐད་དང་ཐག་ཉེ་བར་འདོད།
        ལྔ།  མིང་བརྡ་ལ་ལ་ཞིག་གི་ཕྱེད་ཕྱི་མ་འགྱུར་བ།
        ཁོར་ཟུག → ཁོར་ཡུག གྲིའི་དངོ་། → གྲིའི་སོ། སྒོ་འཕར། → སྒོ་གླེགས། ནན་ཐུར། → ནན་ཏན།
        དབུ་རྨོག → དབུ་འཕང་། ཤ་དག  → ཤ་སྟག་ལྟ་བུའི་མིང་བརྡའི་རིགས་ཀྱི་མིང་བརྡའི་ཕྱེད་སྔ་མར་འགྱུར་ལྡོག་བྱུང་ཡོད།
        དྲུག བརྡ་རྙིང་སྐོར་ཞིག་ལ་རང་དང་གོ་དོན་ཉེ་བའི་མིང་བརྡ་གསར་བའི་རིགས་ཀྱིས་ཚབ་བྱས་པ།
        ཀླད། → གོང་ངམ་སྟེང་། བསྐྲུན་པ། → བསྐྱེད་པའམ་བཙུགས་པ། བསྙིལ་བ། → དོར་བའམ་ཕྱིར་བསྐྲད་པ།ནོད་པ། → ལེན་པའམ་ཐོབ་པ་ལྟ་བུའོ།། གོང་གི་མིང་བརྡ་འདིའི་རིགས་ཀྱི་གསར་རྙིང་བརྗེ་སྤོར་གྱི་གནས་ཚུལ་ནི་སྐད་རིགས་ཤིག་གི་མིང་བརྡ་ཕུན་སུམ་ཇེ་ཚོགས་སུ་སོང་སྟེ་འཕེལ་རྒྱས་སུ་ཕྱིན་པའི་རྣམ་པ་མཚོན་བཞིན་ཡོད་ལ། སྔར་ཡོད་ཀྱི་བརྡ་རྙིང་པས་འཕེལ་རྒྱས་སུ་འགྲོ་བཞིན་པའི་མིང་བརྡའི་གོ་དོན་མཚོན་མི་ཐུབ་པས་ངེས་པར་དུ་ནང་དོན་འདྲ་མཚུངས་ཅན་དང་ཡང་ན་ནང་དོན་ཅུང་ཉེ་བའི་མིང་བརྡའི་རིགས་ཀྱིས་བརྡ་རྙིང་པའི་ཚབ་བྱས་ཚེ་ད་གཟོད་སྟོན་བྱ་མིང་གི་གོ་དོན་དེ་གསལ་ལྷང་ངེར་སྟོན་ཐུབ་པ་ཡིན།
        བདུན། བརྡ་རྙིང་སྐོར་ཞིག་ལ་ནང་དོན་མི་འདྲ་བའི་མིང་བརྡས་ཚབ་བྱས་པ།
        དཔེར་ན། དགུང་།  → གནམ། མཚན་མོ། དགུང་ལོ་སོགས། འཇེབས་པ།  → འགྲོགས་པའམ་ལེགས་པའམ་སྙན་པ། ཕྲུ་མ། → ཕོ་བྲང་། དམག་སྒར། མཚུན།  → ལྷའམ་ཕ་མེས་ལྟ་བུའོ།། མིང་བརྡས་སྐད་རིགས་ཤིག་གི་གནས་བབ་མཚོན་ཐུབ་ལ། མིང་བརྡ་ཅི་འདྲའི་མང་ལ་ཕུན་སུམ་ཚོགས་པ་ཡིན་ཚེ་སྐད་རིགས་དེ་ཧ་ཅང་འཕེལ་རྒྱས་སུ་ཕྱིན་ཡོད་པའི་རྣམ་པ་དེ་མཚོན་ཐུབ་པ་དང་། བོད་ཀྱི་ཡིག་སྐད་ཁྲོད་བརྡ་རྙིང་པ་དེ་དག་བརྡ་གསར་པས་ཚབ་བྱས་པ་ནི་སྔོན་གྱི་བརྡ་རྙིང་མ་དེའི་རིགས་མིང་གཅིག་དོན་མང་ཅན་ཡིན་པས། དེ་ལ་འགྲེལ་མི་འདྲ་བ་དུ་མ་ཡོད་ཆོག་པའི་ཆོས་ཉིད་ལས་བྱུང་བ་ཡིན་པའང་ཤེས་ཐུབ།
        བརྒྱད། མིང་བརྡའི་གོ་དོན་ལ་འགྲེལ་བཀོད་པ།
        ལི་ཤིའི་གུར་ཁང་གི་ཁྲོད་དུ་རྩོམ་པ་པོས་བརྡ་གསར་རྙིང་གི་རྣམ་པ་ཞིབ་བསྡུར་ལས་གཞན་ད་དུང་མིང་བརྡ་ལ་ལ་ཞིག་ལ་འགྲེལ་བཀོད་ཡོད་དེ། ངུར་སྨྲིག་ལྟ་བུར་མཚོན་ན་གོས་དམར་སེར་ལ་གྲགས་ཀྱང་ཚོས་སྙིགས་མས་བཙོས་པའི་དོན་ཡིན་ལྟ་བུ་དང་། རྣལ་དུ་ཕབ་སྟེ་ལྟ་བུ་ནི་གཞན་གྱི་འཚེ་བ་མེད་པར་རང་དབང་དུ་གནས་པ་ལྟ་བུའོ་ཞེས་འགྲེལ་ཀྱང་བཀོད་ཡོད།
        དྲུག་པ། ལི་ཤིའི་གུར་ཁང་ཁྲོད་ནོར་འཁྲུལ་ཅན་གྱི་མིང་བརྡ་སྐོར་ཞིག་ལ་དག་བཅོས་བྱས་པ།
        སྐྱོགས་སྟོན་ལོ་ཙཱ་བས་ལི་ཤིའི་གུར་ཁང་གི་ཁྲོད་དུ་ནང་དོན་དངོས་ཀྱི་རྗེས་སུ་སྔོན་ཆད་མི་རྣམས་ཀྱིས་བརྡ་རྙིང་པ་སྐོར་ཞིག་ལ་ནོར་འཁྲུལ་དུ་བཏང་ཡོད་པའི་བརྡ་རྙིང་སྐོར་ཞིག་དག་བཅོས་བྱས་ཡོད་དེ།
        གཅིག ལེགས་སྦྱར་གྱི་སྐད་ཟུར་ཆགས་པའི་མིང་བརྡ་སྐོར་ཞིག་བོད་སྐད་ཀྱི་བརྡ་རྙིང་པར་འཁྲུལ་བ། ⑩
        བོད་ཀྱི་ཆོས་གཞུང་བསྟན་བཅོས་མང་ཆེ་ཤོས་ཤིག་སཾ་སྐྲྀ་ཏའི་སྐད་ནས་ཚུར་བསྒྱུར་བ་ཡིན་ལ། སྒྲ་བསྒྱུར་ལོ་ཙཱའི་གོ་རིམ་གྱི་ཁྲོད་སཾ་སྐྲྀ་ཏའི་སྐད་ཀྱི་མིང་བརྡ་འབོར་ཆེན་ཞིག་བོད་སྐད་དུ་གཡར་འོངས་བ་དང་། མིང་བརྡ་འདིའི་རིགས་ནི་འབྱུང་ཁུངས་ཀྱི་སྟེང་བོད་ཀྱི་བརྡ་སྐད་རྙིང་པ་མ་ཡིན་མོད། འོན་ཀྱང་དེའི་རིགས་ཀྱི་འབྲི་ཚུལ་སོགས་བོད་སྐད་དང་ཤིན་ཏུ་ཆ་འདྲ་བས། དུས་ཡུན་རིང་བོར་བཀོལ་སྤྱོད་བྱས་རྗེས་བོད་སྐད་ཁྲོད་ཀྱི་མིང་གི་ཚོགས་པའི་ཆ་ཤས་གལ་ཆེན་དུ་གྱུར་ཡོད་ལ། མིང་བརྡ་དེའི་རིགས་ཀྱི་འབྱུང་ཁུངས་ཀྱང་ནོར་འཁྲུལ་ཅན་དུ་འདོད་ནས་བོད་རང་གི་བརྡ་སྐད་རྙིང་པར་བརྩི་བཞིན་ཡོད་པས། སྐྱོགས་སྟོན་གྱིས་ལི་ཤིའི་གུར་ཁང་གི་ཁྲོད་དུ་ནོར་འཁྲུལ་ཅན་གྱི་ལྟ་བ་དེ་དག་ལ་བཅོས་སྒྱུར་བྱས་ཡོད་ལ། མིང་བརྡ་འདིའི་རིགས་ལེགས་སྦྱར་གྱི་སྐད་ཇི་བཞིན་དུ་ཚུར་བསྡུས་པ་ཡིན་པས་བོད་སྐད་ཀྱི་ཐོག་མའི་མིང་གི་གྲུབ་ཚུལ་དང་གཞི་གཅིག་ཏུ་གནང་བས་ན། བོད་སྐད་དུ་ཀློག་སྦྱོར་བདེ་ཞིང་འབྲི་རྩལ་དུ་གོམས་ལ་བོད་མི་ཡོངས་སུ་དར་ཁྱབ་ཆེ་བ་དང་། རེ་ཞིག་ལ་དེ་དག་གི་འབྱུང་ཁུངས་དང་གཏོགས་ཡུལ་ཀྱང་འབྱེད་དཀའ་བའི་གནས་སུ་ལྷུང་བ་དཔེར་ན། ཨ་ཎུ་ཞེས་པ་ཆུང་ངུའམ་ཕྲ་མོའི་སྐད་དོད་ཡིན་ལ། རྗེས་སུ་ཨ་ནུ་ཞེས་གྲགས་པ་དང་། ས་ཧོ་ར་ཞེས་པ་རྒྱ་གར་གྱི་རྒྱལ་རིགས་ཡན་གར་བ་ཞིག་གི་མིང་ཟུར་ཆགས་པས་ཟ་ཧོར་ཞེས་པ་དང་། ཀ་ཊོ་ར་ཞེས་པ་སྣོད་ཀྱི་སྐད་དོད་ཟུར་ཆགས་པས་ཀ་ཏོ་ར་དང་། ལ་ཧུ་ཞེས་པ་ཡང་བའམ་མྱུར་བའི་སྐད་དོད་ཟུར་ཆགས་པས་ལ་མོ་དང་ལ་གོར་ལྟ་བུ་དང་། ཛ་བྷི་ཟུར་ཆག་པས་འཛབ་ཅེས་སྔགས་ཀྱི་མིང་དུ་འཁྲུལ་བ་དང་། མ་ཧཱི་སར་ཉལ་གྱི་སྐད་དོད་ཟེར་ཆག་པས་མ་ཧེ་ལྟ་བུའི་མིང་བརྡ་སྐོར་ཞིག་ལ་དག་བཅོས་བྱས་ཡོད།
        གཉིས། རྒྱ་ནག་གི་སྐད་བོད་སྐད་ཀྱི་བརྡ་རྙིང་བར་འཁྲུལ་བ། ⑾
        སྐྱོགས་སྟོན་གྱིས་རྒྱ་ནག་གི་བརྡ་སྐད་གཡར་མ་སྐོར་ཞིག་བོད་སྐད་ཀྱི་མིང་བརྡ་མ་ཡིན་པར་རྒྱ་ནག་གི་སྐད་ལས་གཡར་འོངས་བའི་མིང་བརྡ་ཡིན་པ་བདེན་དཔང་བྱས་ཡོད་དེ། མིང་བརྡ་འདིའི་རིགས་བོད་སྐད་དུ་གཡར་རྗེས་བོད་ཀྱི་མིང་བརྡ་དང་འོ་ཆུ་བཞིན་དུ་འདྲེས་ཡོད་ལ། ལོ་རྒྱུས་ཀྱི་དུས་ཡུན་རིང་མོའི་ཁྲོད། ཡིག་སྐད་ནས་ཁ་སྐད་དུ་གྱུར་ལ།བོད་པ་རྣམས་ཀྱིས་མིང་བརྡ་འདིའི་རིགས་རང་མི་རིགས་ལ་ཐོག་མ་ནས་ཡོད་པའི་མིང་བརྡ་ཞིག་ཏུ་བརྩི་བཞིན་པ་ལས།གཡར་ཚིག་ཅིག་ཡིན་པར་འདོད་ཀྱིན་མེད། དེ་བས་སྐྱོགས་སྟོན་ལོ་ཙཱ་བས་མིང་བརྡ་འདིའི་རིགས་ལ་དག་བཅོས་བྱས་ནས་བོད་སྐད་མིན་པར་གསལ་བཤད་བྱས་ཡོད་དེ། གཤམ་དུ་བསྟན་བཅོས་དེ་ལས་དྲངས་བའི་མིང་བརྡ་འགའ་བཀོད་ན། བློན་པོ་ནི་རྒྱའི་སྐད་ཀྱི་ (大臣) ཞེས་པའི་དོན་དུ་འཇུག་ཀྱང་། ཕྱིན་སང་ (承相) ཞེས་པའི་དོན་ཡིན། ཕྱིན་སང་ (承相) ཞེས་པའི་མིང་བརྡར་མི་རྣམས་ཀྱིས་བོད་ཀྱི་བརྡ་སྐད་རྙིང་པར་འདོད་ཀྱིན་ཡོད་ལ། རྒྱ་ནག་སྐད་ཀྱི་གཡར་ཚིག་ཅིག་ཡིན་པ་ཤེས་ཀྱིན་མེད། དེ་བས་རྩོམ་པ་པོས་ནོར་འཁྲུལ་གྱི་ལྟ་བ་དེ་ལ་དག་བཅོས་བྱས་ཡོད། དངུལ་རྫུས་མ་ལ་ཧ་ཡང་ཧ་ལྟ་བུ་དང་། གྲུམ་རྩེ་དང་ཅོག་རྩེ། (桌子)  ཕིང་ཆང་དང་། གཟན་གྱི་མིང་ལ་ཟིན་གཟན། (袈裟) ཅིང་ཕིང་དང་། ཨས་མན་གུར་གུམ།( 藏红花) རྒྱལ་པོའི་ཞལ་ལ་གསེར་ཞལ།( 金颜)བང་ཆེན་ལ་གསེར་ཡིག་པ། (信使) གསེར་སྐྱེམས་སོགས་རྒྱ་ནག་གི་བརྡ་སྐད་ཡིན་པ་བདེན་དཔང་བྱས་ཡོད།
        གསུམ། ཧོར་རམ་སོག་པོའི་བརྡ་སྐད་བོད་ཀྱི་བརྡ་རྙིང་དུ་འདོད་པ། ⑿
        བཙུན་པ། → པག་ཤ། དབང་ཆེ་བ། → དར་ཁ་ཆེ་ལྟ་བུའོ། པག་ཤི་ལྟ་བུ་ནི་དེང་གི་སོག་པོའི་སྐད་དུ་ད་དུང་བཀོལ་སྤྱོད་བྱེད་བཞིན་ཡོད་ལ། དགེ་རྒན་དང་ཡོན་ཏན་ཡོད་པའི་མཁས་དབང་གི་དོན་དུ་འཇུག
        གཞན་བོན་པོའི་བརྡ་སྐད་སྐོར་ཞིག་ཀྱང་གླེང་བརྗོད་མཛད་ཡོད་དེ། ⒀ ལེགས་པ་ལ་གནམ་མཆོད་པ་དང་། མི་ཤི་བ་ལ་གནམ་དུ་གཤེགས་པ། བསོད་ནམས་ཆེ་བ་ལ་གནམ་གྱིས་བསྐོས་བ། དབང་ཆེ་བ་ལ་གནམ་སའི་བདག་ལྟ་བུའོ་ཞེས་མིང་བརྡ་འདིའི་རིགས་ཀྱི་འབྱུང་ཁུངས་ནི་བོན་པོ་ཆོས་ལུགས་ལས་བྱུང་བ་ཡིན་པ་གསལ་བཤད་བྱས་ཡོད།
        བཞི། བོད་སྐད་ཉིད་མ་དག་པར་བརྡ་རྙིང་དུ་འཁྲུལ་བ། ⒁
        བདུད་རྩི་ཐབ་སྦྱོར་ལ་བདུད་རྩི་ཐལ་སྦྱོར། ཁོལ་པ་ལ་ཆོལ་པ་དང་། གཡར་དམ་ལ་ཡལ་གམ། རྨ་བྱའི་མིང་མདོངས་མཐའ་ཅན་ལ་མདོངས་ཐལ་ཅན། གཏའ་མ་ལ་གཏེ་པ། སྦྱོན་ལ་བྱོན། ཞག་གི་སོར་རིས་ལ་ཞག་གི་ཟོ་རིས།དྲིང་ལ་ནེ་ལེ་ལྟ་བུའི་རིགས་ནི་བོད་སྐད་ཉིད་མ་དག་པར་བརྡ་རྙིང་དུ་འཁྲུལ་བཞིན་ཡོད་པར་དག་བཅོས་མཛད་ཡོད།
        ལྔ། ཞེ་ས་སྦྱར་བ་མ་གོ་བར་བརྡ་རྙིང་དུ་འཁྲུལ་བ། ⒂
        ཆུ་ལ་ཆབ། མེ་ལ་ཞུགས། རླུང་ལ་བསེར་བུ། ས་ལ་དོག་མོ། རྡོ་ལ་གོར་མོ། གནམ་ལ་དགུང་། གནམ་ལོ་ལ་དགུང་ལོ། བདེན་པ་ལ་མད་པ། བཞུགས་པ་ལ་གཞེས་པ། ལྟོ་བ་ལ་ཕྱལ། ཆབ་ཤོག ཆབ་སྲིད། ཆབ་འབངས་ལྟ་བུའི་མིང་བརྡའི་རིགས་ནི་ཞེ་སའི་ཚིག་སྦྱར་བ་མ་གོ་བར་བརྡ་རྙིང་དུ་འཁྲུལ་བཞིན་པའི་སྣང་ཚུལ་སོགས་ལ་དག་བཅོས་བྱས་ཡོད།།
        དྲུག ཞང་ཞུང་གི་བརྡ་སྐད་བོད་ཀྱི་བརྡ་རྙིང་པར་འཁྲུལ་བར་དག་བཅོས་བྱས་པ། ⒃
        སླེ་དྲེས་དང་ཕྱེ་མ་ལ་ཏྲེ་སམ་དང་། ཞིབ་མོ་ཅུར་ནིས་སོགས་ལྟ་བུའི་མིང་བརྡའི་རིགས་ནི་གནའ་བོའི་ཞང་ཞུང་གི་སྐད་ལས་བྱུང་བ་ཡིན་པ་བདེན་དཔང་བྱས་ཡོད།
        བདུན་པ། སྐྱོགས་སྟོན་གྱིས་བཏོན་པའི་བཀས་བཅད་གསུམ་གྱི་རིག་གནས་རིན་ཐང་དང་བསམ་བློའི་དོན་སྙིང་།
        བཀས་བཅད་ལན་གསུམ་ཞེས་པའི་ལྟ་བ་འདི་ཐོག་མར་འདོན་མཁན་སྐྱོགས་སྟོན་ལོ་ཙཱ་བ་རིན་ཆེན་བཀྲ་ཤིས་ཡིན་ལ། འདི་ནི་བོད་ཀྱི་ལོ་རྒྱུས་ཐོག་སྒྲ་བསྒྱུར་ལོ་ཙཱ་དང་། སངས་རྒྱས་ཆོས་གཞུང་ནང་འདྲེན་བྱས་པའི་ལོ་རྒྱུས་ལ་སྤྱི་སྡོམ་བྱས་པའི་སྡོམ་ཚིག་ཐོག་མ་ཡིན་ཏེ། སྤྱི་ལོ་དུས་རབས་བདུན་པ་ནས་བཅོ་ལྔའི་བར་ཧ་ལམ་ལོ་ངོ་དགུ་བརྒྱ་ལྷག་གི་རིང་ལ་ཐུབ་པའི་བསྟན་པ་བོད་ཁུལ་དུ་དར་བའི་ལོ་རྒྱུས་ལ་སྐྱོགས་སྟོན་ལོ་ཙཱ་བས་སྤྱི་སྡོམ་མཛད་ནས་ཡོངས་གྲགས་སུ་བཀས་བཅད་ལན་གསུམ་ཞེས་བོད་ཀྱི་ལོ་རྒྱུས་དེབ་ཐེར་དུ་བཀོད་ཡོད། དོན་དངོས་སུའང་བཀས་བཅད་ལན་གསུམ་ནི་ཐུབ་པའི་བསྟན་པ་བོད་ཡུལ་དུ་ནང་འདྲེན་བྱས་པའི་ལོ་རྒྱུས་ལ་དུས་རབས་ཀྱི་དབྱེ་མཚམས་བགར་བ་ཡིན་ཏེ། དུས་རབས་ཀྱི་དབྱེ་མཚམས་གསུམ་དུ་བགར་བ་དེ་ལ་ཚན་རིག་རང་བཞིན་དང་རིག་གནས་རང་བཞིན་གྱི་ཁྱད་ཆོས་འབུར་དུ་ཐོན་པ་ཞིག་མཆིས། དུས་རབས་དེ་གསུམ་ནི་དོན་དངོས་སུ་ཆོས་གཞུང་བོད་འགྱུར་གྱི་དུས་རབས་ཆེན་པོ་གསུམ་ཡིན་ལ། ཕྱི་ཡོང་གི་རིག་གནས་ཤིག་དང་བསམ་བློ་གསར་བ་ཞིག་དང་ལེན་བྱས་པའི་དུས་རབས་ཆེན་པོ་གསུམ་ཡང་ཡིན།དུས་སྐབས་རེ་རེའི་ནང་དུ་བོད་ཀྱི་ཡབ་མེས་གོང་མ་རྣམས་ཀྱིས་རྒྱ་གར་བའི་རིན་ཐང་གི་འདུ་ཤེས་དང་། བསམ་གཞིགས་བྱེད་སྟངས། རྒྱ་གར་བའི་སྐད་ཡིག་གི་བརྩམས་པའི་ཆོས་གཞུང་བསྟན་བཅོས་དེ་དག་དུས་རབས་མི་འདྲ་བའི་ནང་དུ་བོད་དུ་བསྒྱུར་ལ། ཆོས་གཞུང་བསྟན་བཅོས་དེ་དག་གི་དགོངས་དོན་མ་ནོར་བར་ཇི་མ་ཇི་བཞིན་དུ་རྟོགས་ཆེད་བཀས་བཅད་ཡང་ནས་ཡང་དུ་མཛད་དེ། དཀའ་སྡུག་གི་དུས་ཡུན་རིང་མོ་བརྒྱུད་དེ་ཆོས་གཞུང་ལོ་ཙཱའི་གོ་རིམ་ཁྲོད་ཀྱི་ནོར་སྐྱོན་ལ་དག་ཐེར་དང་གཙང་ཕྱག་བྱས་ལ། ཁོ་ཚོས་དམིགས་ཡུལ་ཡང་གནའ་བོའི་རྒྱ་གར་བའི་མཚན་ཉིད་རིག་པའི་བསམ་བློའི་ཉིང་བཅུད་མཚོན་པའི་ཐུབ་པའི་བསྟན་པ་དེ་བོད་ཡུལ་དུ་ནོར་བ་མེད་པར་ཁྱབ་བརྡལ་དང་དར་སྤེལ་དུ་གཏོང་བའི་ཆེད་ཡིན། ལོ་ངོ་དགུ་བརྒྱ་ལྷག་གི་བཀས་བཅད་ཀྱི་དུས་ཡུན་བརྒྱུད་ནས་ཐུབ་བསྟན་རིག་གནས་དེ་ཞིབ་པ་དང་དག་པ། གཙང་བ་དང་། ཆ་ཚང་བར་སྤྱན་དྲངས་ཏེ་རྒྱལ་ཁབ་དང་མི་རིགས་སུ་དང་གང་གིས་ཀྱང་འགྲན་མི་བཟོད་ལ། སྤྱིར་རྒྱ་གར་ནི་བོད་ཀྱི་བླ་མ་ཡིན་ལ།བོད་ནི་བླ་མ་རྒྱ་གར་ལས་ལྷག་པའི་སློབ་མ་ཡིན་པའི་ཆུ་ཚད་ལ་སླེབས་ཡོད། ⒄ དེ་ནི་གནའ་དེང་གི་འཛམ་གླིང་རིག་གནས་བརྗེ་རེས་ཀྱི་ལོ་རྒྱུས་དང་སྒྲ་བསྒྱུར་ལོ་ཙཱའི་ལོ་རྒྱུས་སྟེང་གི་སྔོན་མེད་ཀྱི་གསར་གཏོད་ཆེན་པོ་ཞིག་དང་། བོད་མི་རིགས་ཀྱིས་འཛམ་གླིང་རིག་གནས་ལ་བཞག་པའི་རླབས་ཆེན་གྱི་མཛད་རྗེས་ཤིག་ཀྱང་ཡིན།
        གཅིག སྐྱོགས་སྟོན་གྱིས་བཏོན་པའི་བཀས་བཅད་གསུམ་གྱི་རིག་གནས་ཀྱི་རིན་ཐང་།
        རྒྱ་གར་ཀྱི་ཐུབ་པའི་བསྟན་པའི་དགོངས་དོན་ཇི་མ་ཇི་བཞིན་དུ་བོད་ལ་བསྒྱུར་དགོས་ཚེ་ཐོག་མར་ངེས་པར་དུ་ཆོས་གཞུང་གི་བསྟན་བཅོས་དེ་དག་ལ་གོ་བ་ཟབ་མོ་ཞིག་ལེན་དགོས་ལ། དེའི་བསྒྱུར་བྱེད་ཀྱི་མི་རིགས་དེའི་སྐད་དང་ཡི་གེ་ལའང་ངེས་ཤེས་ཟབ་མོ་ཞིག་འདྲོངས་དགོས་ཏེ། བཀས་བཅད་གསུམ་གྱི་དུས་ཡུན་རིང་མོ་བརྒྱུད་ནས་རྒྱ་གར་གྱི་ཐུབ་པའི་བསྟན་པ་བོད་དུ་ནང་འདྲེན་བྱས་ལ། ནང་འདྲེན་བྱས་པ་དེའང་འཛམ་གླིང་གི་རྒྱལ་ཁབ་གཞན་དང་མི་རིགས་གཞན་ན་མེད་པའི་གྲལ་དག་ཅིང་སྤུས་ལེགས་ལ། གྱ་ནོམ་པར་གྱུར་བའི་བསམ་བློའི་རིག་གཞུང་གཙང་སངས་པ་ཞིག་ཏུ་གྱུར་ཡོད། ང་ཚོས་རྒྱ་གར་རིག་གནས་ནང་འདྲེན་གྱི་ལོ་རྒྱུས་ལ་ཕྱི་མིག་གིས་བལྟས་ཚེ། དེ་ལ་ཀྱག་ཀྱོག་གི་བརྒྱུད་རིམ་ལྡན་ལ། དཀའ་སྡུག་གི་ལོ་ཟླ་བརྒྱུད་མྱོང་བ་དང་། ཧ་ལམ་ལོ་ངོ་དགུ་བརྒྱ་ལྷག་གི་དུས་ཡུན་ཁྲོད་ཡང་བསྐོར་བསྐྱར་བསྐོར་གྱིས་བཀས་བཅད་མཛད་ནས་ད་གཟོད་འདི་འདྲའི་ཤེས་རིག་གྱ་ནོམ་པ་ཞིག་ཏུ་གྱུར་པ་ཤེས་ཐུབ། དེ་ཡང་བོད་པ་ཚོ་དང་ཐོག་རྒྱ་གར་རིག་གནས་དང་འབྲེལ་འདྲིས་བྱུང་དུས་ཁོ་ཚོ་སྐད་བརྡའི་བརྩམས་ཆོས་ཧ་ཅང་དབུལ་བོ་ཡིན་པ་དང་། སྐབས་དེར་མཚོན་ན་ཕ་རོལ་དུ་ཕྱིན་པ་དང་ཕལ་བོ་ཆེ། སེམས་ཙམ་པ་ལྟ་བུའི་རྒྱ་གར་བའི་མཚན་ཉིད་རིག་པའི་བསམ་བློའི་ཡང་རྩེར་སོན་ཡོད་པའི་ལྟ་གྲུབ་ཀྱི་ཆོས་གཞུང་དེ་དག་བོད་དུ་བསྒྱུར་བར་དཀའ་ངལ་མི་ཉུང་བ་ཞིག་ཏུ་འཕྲད་ཡོད། དུས་དེར་མཚོན་ན་བོད་ཀྱི་གདོད་མའི་ཆོས་ལུགས་ནི་བོན་པོའི་ཆོས་ལུགས་ཡིན་པ་དང་། ཐུབ་བསྟན་བོད་དུ་དར་བར་ཐོག་མར་བོན་ཆོས་དང་གདོང་ཐུག་དགོས་ལ། ཐུབ་པའི་བསྟན་པ་བརྒྱུད་སྒྲོགས་མཁན་དེ་ཚོས་ཐོག་མར་ཆོས་སྤེལ་སའི་ཡུལ་གྱི་སྐད་དང་ཆོས་ལུགས་ལ་སློབ་སྦྱོང་བྱེད་དགོས་ཤིང་། ཆོས་སྤེལ་ཡུལ་གྱི་མི་རིགས་དེའི་སྐད་དང་ཡི་གེ་བཀོལ་ནས་ཆོས་ལུགས་སྤེལ་བ་ནི་འཛམ་གླིང་སྟེང་གི་ཆོས་ལུགས་བརྒྱུད་སྤེལ་གྱི་ཐབས་ཤེས་གཙོ་བོ་ཞིག་ཡིན་པ་ང་ཚོས་ཤེས་ཐུབ་ལ། ཐུབ་པའི་བསྟན་པ་བོད་ཡུལ་དུ་སྤེལ་བའི་བྱེད་ཐབས་ཀྱང་དེ་ལས་མ་འདས་པ་དང་། བོད་ཀྱི་སྐད་ཟིན་ཐོར་འགོད་བྱེད་ཀྱི་བོད་ཀྱི་ཡི་གེ་དེའང་དང་ཐོག་ཚད་ལྡན་མ་ཡིན་ལ། ཡང་དག་པ་མ་ཡིན་པ་དང་། ཚན་རིག་དང་མི་མཐུན་ལ། འདོད་རྒྱལ་གྱི་རང་བཞིན་ཡོད་པའི་ཡི་གེ་ཞིག་ཡིན་པ་ནི་དུས་དེ་རིང་ཉར་ཚགས་བྱས་ཡོད་པའི་གནའ་བོའི་ཡིག་ཆ་དང་ཏུན་ཧོང་གི་ཡིག་ཆའི་ཁྲོད་ཚད་མི་འདྲ་བའི་ཤུལ་རྗེས་ངོམ་ཡོད་པ་དང་། བཀོལ་སྤྱོད་ཀྱི་གོ་རིམ་ཁྲོད་རིམ་གྱིས་ཚད་ལྡན་དང་ཚན་རིག་ཅན་དང་། གཅིག་གྱུར་ཅན་གྱི་རྣམ་པ་བྱུང་བ་ཡིན་ལ། ཐུབ་པའི་བསྟན་པའི་དར་སྤེལ་དང་འཕེལ་རྒྱས་ནི་བོད་ཡིག་བཀོལ་སྤྱོད་བྱས་པའི་མཇུག་འབྲས་ཀྱང་ཡིན། སྤྱི་ལོ་དུས་རབས་བདུན་པའི་ཕྱི་རྗེས་སུ་བོད་ཡིག་དམངས་ཁྲོད་ཀྱི་བཀོལ་སྤྱོད་ཁྱབ་བརྡལ་དུ་སོང་པའང་བོད་བཙན་པོའི་རྒྱལ་རབས་ཀྱི་ཁྲིམས་ལུགས་དང་རྩ་འཛིན་ངེས་ཅན་ཞིག་ལ་བརྟེན་ནས་ལེགས་གྲུབ་བྱུང་བའང་ཤེས་ཐུབ་སྟེ། བོད་ཡིག་གི་དབྱིབས་གཟུགས་གཏན་ཁེལ་དང་ཚད་ལྡན་དུ་གཏོང་བའི་ལས་ཀའང་ཆོས་གཞུང་ལོ་ཙཱ་བྱེད་པའི་ལོ་ཙཱ་བ་དག་གིས་སྒྲུབ་པ་ཡིན་ལ། ཁོ་ཚོ་ནི་བོད་ཡིག་ལ་ནང་བྱན་ཆུབ་པ་དང་བོད་ཡིག་གི་བཀོལ་སྤྱོད་མཁན་དག་ཀྱང་ཡིན། སྤྱི་ལོ་དུས་རབས་དགུ་བའི་ནང་དུ་བོད་བཙན་པོའི་རྒྱལ་རབས་ཐོར་ཞིག་ཏུ་སོང་ནས་ས་གནས་སོ་སོས་སྲིད་དབང་སྒེར་གཅོད་བྱས་པའི་རྣམ་པ་བྱུང་བས། བཙན་པོས་བཀའ་ལུང་གིས་གཅིག་གྱུར་བྱེད་པའི་ཆ་རྐྱེན་མེད་པས། བོད་ཡིག་གི་གཅིག་གྱུར་དང་ཚད་ལྡན་གྱི་བྱ་བར་ཆོས་གཞུང་གི་བསྟན་བཅོས་བོད་བསྒྱུར་གཅིག་པུར་བརྟེན་པ་ཡིན་པ་ཤེས་ཐུབ། བོད་ཡིག་གི་ཆེས་ཐོག་མའི་རྨང་གཞི་ནི་བོད་བཙན་པོའི་རྒྱལ་རབས་ཀྱིས་ཁྲིམས་ལུགས་ཀྱི་བྱེད་ནུས་ལ་བརྟེན་ནས་ཁྱབ་བརྡལ་དང་། ལོ་ཙཱ་བ་དག་གིས་བཀས་བཅད་གསུམ་གྱི་དུས་ཡུན་རིང་མོའི་ཁྲོད་ཆོས་གཞུང་བོད་འགྱུར་གྱི་གོ་རིམ་ཁྲོད་བཅོས་བསྒྱུར་དང་ཆ་ཚང་དུ་བཏང་བའི་འབྲས་བུ་ཞིག་ཀྱང་ཡིན་ལ། བོད་ཡིག་ནི་རང་རྐྱ་ཐུབ་པའི་སྒྲ་སྦྱོར་གྱི་ཡི་གེའི་མ་ལག་ཅིག་བྱས་ནས་གསལ་བྱེད་ཀྱི་གཟུགས་དབྱིབས་སྟེང་མཛེས་རྩལ་ངོམ་ལ། མ་ལག་ཚན་རིག་དང་མཐུན་པ། བཀོལ་སྤྱོད་སྟབས་བདེ་ཡིན་པ་ཞིག་ཏུ་གྱུར་ཡོད་པས་དེ་ནི་བོད་རིགས་མི་དམངས་ཀྱིས་འཛམ་གླིང་ཤེས་རིག་གི་བང་མཛོད་དུ་བཞག་པའི་བྱས་རྗེས་བླ་མེད་ཅིག་ཀྱང་ཡིན།
        རིག་གནས་ཤིག་གི་ཉིང་བཅུད་དེ་སྤྱན་འདྲེན་བྱེད་པ་ནི་དེ་འདྲའི་ལས་སླ་མོ་ཞིག་ག་ལ་ཡིན། སངས་རྒྱས་ཆོས་ལུགས་དང་མཉམ་དུ་འོངས་བའི་རྒྱ་གར་རིག་གནས་ཀྱིས་བོད་ཀྱི་སྐད་དང་ཡི་གེ་ལས་གཞན་བསམ་བློའི་སྟེང་དུ་ཤན་ཤུགས་མི་ཉུང་བ་ཞིག་ཐེབས་ཡོད་ལ། སངས་རྒྱས་ཆོས་ལུགས་ཀྱིས་བོད་དུ་ས་བཟུང་ལ་རྐང་བཙུགས་པས། སྐབས་དེར་ངེས་པར་དུ་ཐག་གཅོད་དགོས་པའི་གནད་དོན་ནི་ཆོས་ལུགས་དེའི་ལུང་གི་རྒྱབ་རྟེན་དུ་གྱུར་བའི་གསུང་རབ་བསྟན་བཅོས་དག་ཇི་ལྟར་བོད་འགྱུར་བྱེད་དགོས་པ་དང་། ཇི་ལྟར་ཁྱབ་བརྡལ་ཏུ་གཏོང་དགོས་པ། ཇི་ལྟར་འཕེལ་རྒྱས་སུ་གཏོང་དགོས་པ་སོགས་ཀྱི་གནད་དོན་ཞིག་ལ་གདོང་ཐུག་ཡོད་ལ། བཙན་པོས་དབང་ཤུགས་ཀྱི་འོག་ལོ་པཎ་དུ་མ་སྐྱེད་བསྲིང་དང་ཆོས་གཞུང་བོད་འགྱུར་གྱི་བྱ་བར་ཤུགས་སྣོན་དང་རྒྱབ་སྐྱོར་གང་ལེགས་མཛད་ལ། ཆོས་གཞུང་བོད་འགྱུར་གྱི་བྱ་བའི་ཁྲོད་ཀྱང་དང་ཐོག་སྐད་རིགས་གང་ནས་བསྒྱུར་དགོས་བའི་གནད་དོན་ཞིག་ལ་ཐུག་མྱོང་སྟེ། ཉང་ཉི་མ་འོད་ཟེར་གྱིས། ཆོས་པ་ལ་ལ་ནི་རྒྱ་དཀར་པོའི་སྐད། ལ་ལ་ནི་རྒྱ་ནག་པོའི་སྐད། ལ་ལ་ནི་བལ་བོའི་སྐད། ལ་ལ་ནི་ཨོ་རྒྱན་གྱི་སྐད་དུ་ཆོས་སྨྲ་བ། མེས་ཀྱི་ལྷ་དང་ཆོས་སྐད་སྣ་ཚོགས་སུ་འབྱུང་བ་འདི་སློབ་དཀའ་བས་མ་ལེགས་པས།སངས་རྒྱས་རྒྱ་གར་དུ་བྱོན་པ་ནས་ཆོས་རྒྱ་གར་དུ་གསུངས་པ་ཡིན་པས།ད་ཡང་རྒྱ་གར་གྱི་སྐད་དུ། གཞན་གྱི་སྐད་རིགས་ཀུན་བསྒྱུར་ནས་རྒྱ་གར་གྱི་སྐད་ཡུག་གཅིག་ཏུ་འགྱུར་བ་བྱེད་ཅེས་བཀའ་སྩལ་ཏེ་ ⒅ཆོས་ལུགས་ཀྱི་བརྡ་སྐད་ཀྱི་མགོ་ཁུངས་ཀྱང་རྒྱ་གར་ལ་གཏུག་ལ། ཁོ་ཚོར་དུས་ཡུན་རིང་མོའི་ལོ་ཟླའི་ཁྲོད་རྒྱ་གར་གྱི་པཎ་གྲུབ་དག་གི་ཆོས་རྒྱུན་གདམ་ངག་ཟབ་མོས་གསོ་སྐྱོང་དང་སྙན་བརྒྱུད་མན་ངག་གི་དྲོད་ཁོལ་མ་ཡལ་བའི་དྲིན་གྱིས་བསྐྱངས་པས། ཁོ་ཚོས་སཾ་སྐྲྀ་ཏའི་སྐད་ནི་ལྷའི་སྐད་དང་ཆོས་ལུགས་ཀྱི་བརྡ་སྐད་དུ་སེམས་ནས་དེ་ལ་དད་མོས་ཀྱི་ཐུགས་འདུན་ཡང་ཟབ་མོ་འཁྲུངས་ཡོད་པས་བོད་ཀྱི་ཆོས་གཞུང་བསྟན་བཅོས་དག་གི་མགོ་ཁུངས་ཀྱང་རྒྱ་གར་བའི་སྐད་མ་གཏོགས་ས་གནས་གཞན་དང་མི་རིགས་གཞན་གྱི་སྐད་དང་ཡི་གེ་ནི་ཡང་དག་ཏུ་མི་བརྩི་བའི་བསམ་བློ་ཞིག་ངང་ངམ་ཤུགས་ཀྱིས་སྐྱེས་ཡོད་པ་ཤེས་ཐུབ་ལ། བོད་ཡིག་གིས་དུས་ནམ་ཚོད་ཅིག་ནས་བོད་སྐད་ཟིན་ཐོ་རུ་བཀོད་པའི་ལོ་རྒྱུས་ཤེས་དགོས་ན་ངེས་པར་དུ་ཐུབ་པའི་བསྟན་པ་བོད་དར་གྱི་ལོ་ཚིགས་དང་ལམ་བུ་ཤེས་དགོས་པའི་གནད་དོན་ཞིག་ལའང་ཐུག་ཡོད་ལ།་བཀས་བཅད་གསུམ་གྱི་དུས་ཡུན་ནི་ཧ་ལམ་མི་ལོ་དགུ་བརྒྱ་ལྷག་གི་དུས་ཡུན་ཡིན་ལ། འདི་འདྲའི་དུས་ཡུན་རིང་མོའི་ནང་དུ་བཀས་བཅད་དང་པོའི་སྐབས་སུ་བསྒྱུར་གནང་མཛད་པའི་བསྟན་བཅོས་དེ་དག་བཀས་བཅད་གཉིས་པའི་སྐབས་སུ་ཡང་བསྐྱར་ཞུ་དག་དང་། ཆོས་གཞུང་གི་བསྟན་བཅོས་མང་ཆེ་ཤོས་ཤིག་ལ་སྔ་ཕྱི་ཐེངས་གཉིས་ལ་ཞུ་དག་མ་བྱས་པ་མེད་ལ། བཀས་བཅད་རེ་རེའི་ཁྲོད་དུ་ཆོས་ལུགས་ཀྱི་ནང་དོན་ཐེག་ཡོད་པའི་བརྡ་སྐད་ལ་གཙང་ཕྱག་དང་། བྱི་དོར་མཛད་ཡོད་དེ། དཔེར་ན། བཀས་བཅད་དང་པོའི་སྐབས་སུ་བྱུང་བའི་ཡིག་ཆ་དག་ལས་འཁོར་ལོ་འཁོར་བའི་རྒྱལ་བོ་ཞེས་པའི་མིང་བརྡ་དེ་བཀས་བཅད་གཉིས་པའི་སྐབས་སུ་འཁོར་ལོ་བསྒྱུར་བའི་རྒྱལ་བོ་ཞེས་པར་འཕེལ་འགྱུར་བྱུང་ལ། མུར་འདུག་པ་ཞེས་པར་མུ་སྟེགས་ཅན་དུ་འཕེལ་འགྱུར་བྱུང་ཡོད། རྒྱ་ནག་གི་འགྱུར་ལས་བྱུང་བའི་མིང་བརྡ་ 经 ཞེས་པར་མདོ་སྡེ་དང་ཆོས་ཀྱི་ཡི་གེ་སོགས་ཀྱི་མིང་བརྡ་འགའ་བྱུང་ཡོད་ལ།  如来 ཞེས་པར་དེ་བཞིན་གཤེགས་པ་དང་ཡང་དག་པར་གཤེགས་པ་སོགས་ཀྱི་མིང་བརྡ་བྱུང་ཡོད་པ་དང་། 佛性 ཞེས་པར་སངས་རྒྱས་ཀྱི་རང་བཞིན་དང་སངས་རྒྱས་ཀྱི་ངོ་བོ་ཉིད་ལ་སོགས་པའི་མིང་བརྡ་འགའ་རེ་བྱུང་ཡོད་པ་སོགས་ཀྱིས་སྐབས་དེའི་ཆོས་གཞུང་བོད་འགྱུར་གྱི་ལས་དོན་ཁྲོད་ཆོས་ལུགས་ཀྱི་བརྡ་སྐད་ལ་གཅིག་གྱུར་མིན་པའི་གནས་ཚུལ་བྱུང་ཡོད་པ་ཤེས་ཐུབ།ཆོས་ལུགས་ཀྱི་བརྡ་ཆད་ལ་ལ་ཞིག་བོད་འགྱུར་བྱེད་དུས་བོད་ལ་སྔ་མོ་ནས་ཡོད་པའི་མིང་བརྡ་བེད་སྤྱད་རྗེས། ཕྱིའི་བཀས་བཅད་ཀྱི་སྐབས་སུ་ལོ་ཙཱ་བ་རྣམས་ཀྱིས་གསར་དུ་རྟོག་དཔྱོད་བྱས་ཏེ་མིང་བརྡ་གསར་བཟོ་བྱས་པའི་སྣང་ཚུལ་ཀྱང་མཐོང་ཐུབ་སྟེ། དཔེར་ན། གཡུང་དྲུང་ལྟ་བུའི་མིང་བརྡ་ནི་བོད་ལ་སྔ་མོ་ནས་ཡོད་པའི་མིང་བརྡ་ཞིག་ཡིན་ལ། ཆོས་གཞུང་སྔོན་མ་རྣམས་ཀྱི་ནང་དུ་གཡུང་དྲུང་རྫོགས་པའི་སངས་རྒྱས་ཞེས་བསྒྱུར་ཡོད་ལ། རྗེས་མའི་བཀས་བཅད་ཀྱི་སྐབས་སུ་ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་བསྒྱུར་ཡོད་པ་དང་། གཡུང་དྲུང་གི་ཤེས་རབ་ལ་ཡང་དག་པའི་ཤེས་རབ་ཅེས་བསྒྱུར་ཡོད་པ་ལྟ་བུའོ།། གཞན་ཡང་བརྡ་ཆད་ལ་ལ་ཞིག་རྒྱ་གར་ནག་གི་འགྱུར་ལས་བྱུང་བ་མི་འདྲ་སྟེ། དཔེར་ན།སཾ་སྐྲྀ་ཏའི་སྐད་དུ་balaཞེས་པ་ནི་རྒྱ་ནག་གི་སྐད་དུ་ 愚 ཞེས་པའི་དོན་ལ་འཇུག་ཀྱང་བོད་སྐད་དུ་བསྒྱུར་དུས་རྒྱ་ནག་གི་འགྱུར་ལས་བླུན་པོ་ཞེས་དང་། རྒྱ་གར་གྱི་འགྱུར་ལས་བྱིས་པ་ཞེས་བསྒྱུར་ཡོད་ལ། panca mandalaཞེས་པ་ནི་རྒྱ་ནག་གི་སྐད་དུ་ 五体 ཞེས་པའི་དོན་དུ་འཇུག་ཀྱང་རྒྱ་ནག་གི་འགྱུར་ལས་སྨད་སྒོ་ལྔ་ཞེས་དང་། རྒྱ་གར་གྱི་འགྱུར་ལས་ཡན་ལག་ལྔ་ཞེས་བསྒྱུར་ཡོད། ཕ་རོལ་དུ་ཕྱིན་པ་དང་། ཡོ་ག སྐད་ཅིག་མ། འཇིག་རྟེན། སྟོང་ཉིད། རྟེན་འབྲེལ་ལྟ་བུའི་ཆོས་ལུགས་ཀྱི་བརྡ་སྐད་མང་པོ་ཞིག་བོད་སྐད་ཁྲོད་དུ་དང་ལེན་བྱས་ནས་བོད་སྐད་ཀྱི་མིང་བརྡ་ཕུན་སུམ་ཚོགས་པར་བཏང་ལ། གནམ་དང་འདྲེ་ལྟ་བུའི་བོད་རང་ལ་ཡོད་པའི་མིང་བརྡ་དེ་དག་ཐུབ་བསྟན་པའི་ཡིག་ཆའི་ཁྲོད་བཀོལ་སྤྱོད་བྱེད་དུས་བསྒྱུར་བཅོས་ཀྱིས་ཚུལ་དུ་གནམ་རྒན་མ། གནམ་གྱི་བུ།འདྲེ་སྲིན་ལྟ་བུའི་མིང་བརྡ་བགྲང་ལས་འདས་བ་ཞིག་བྱུང་ཡོད་ལ། འདི་དག་ལས་ཀྱང་ང་ཚོས་བཀས་བཅད་ཀྱི་དུས་རིམ་སོ་སོའི་ནང་དུ་བོད་ཀྱི་ལོ་པན་དག་གིས་མིང་བརྡ་གསར་གཏོད་དང་འཚོལ་ཞིབ་བྱས་ཡོད་པ་ཤེས་ཐུབ། འདི་ལྟར་སངས་རྒྱས་ཆོས་ལུགས་ཀྱི་བསྟན་བཅོས་མང་པོ་ཞིག་འཕྲོ་རིམ་འཕྲོར་བསྒྱུར་བ་དང་བསྟུན་ནས་མིང་བརྡ་ཐ་སྙད་མང་པོ་ཞིག་དང་བསམ་གཞིགས་བྱེད་སྟངས་གསར་བ་དང་། གཞུང་ལུགས་གསར་བ་མང་པོ་ཞིག་བོད་སྐད་ཀྱི་ཁྲོད་དུ་ནང་འདྲེན་བྱས་པས་བོད་མི་རྣམས་ཀྱི་མི་ཚེ་ལྟ་ཚུལ་དང་།རིག་གནས་ཀྱི་སེམས་ཁམས། ཡུལ་སྲོལ་གོམས་གཤིས་སོགས་ལ་འགྱུར་ལྡོག་ཆེན་པོ་བྱུང་ལ། སངས་རྒྱས་ཆོས་ལུགས་ཀྱི་དགོངས་དོན་རྒྱབ་རྟེན་དུ་བྱས་ནས་སྤྱི་ཚོགས་ཀྱི་སྟེང་དུ་བསམ་བློའི་ཀུན་སྤྱོད་ཀྱི་ཚད་གཞི་རྒྱ་ཆེན་པོར་གྲུབ་ལ། ཆོས་ལུགས་ཀྱི་དགོངས་དོན་གྱིས་མི་རྣམས་ལ་བྱམས་སྙིང་རྗེ་དང་ཡང་དག་པའི་ལྟ་བ། བྱང་ཆུབ་ཀྱི་སེམས་སོགས་སྐྱེས་སུ་བཅུག་པའི་བསམ་བློ་ཞིག་ངང་ངམ་ཤུགས་ཀྱིས་གྲུབ་ཡོད། ལོ་ངོ་སྟོང་ཕྲག་ལྷག་གི་རིང་ལ། རྒྱ་གར་གྱི་ནང་བསྟན་རིག་གནས་ཀྱིས་བོད་ཀྱི་སྤྱི་ཚོགས་ཀྱི་ཆབ་སྲིད་དང་དཔལ་འབྱོར།རིག་གནས་སོགས་ཕྱོགས་གང་ཅིའི་ཐད་ལ་ཤན་ཤུགས་ཐེབས་པ་གཏིང་ཟབ་ལ། སྤྱི་ལོ་དུས་རབས་བདུན་པ་ནས་འགོ་བཟུང་སྟེ་ཆོས་ལུགས་ཀྱི་བརྡ་ཆད་དེ་དག་ཆོས་གཞུང་བོད་འགྱུར་གྱི་འགྲོས་དང་བསྟུན་ནས་བོད་དུ་བྱུང་ལ། བརྡ་ཆད་གསར་བ་དེ་དག་དང་ལེན་གྱི་བྱེད་ཐབས་སྟེང་དུའང་དོན་བསྒྱུར་དང་སྒྲ་བསྒྱུར། ཡང་ན་རང་བཟོ་སོགས་ཀྱི་ལོ་ཙཱ་བྱེད་སྟངས་བེད་སྤྱད་ལ། དོན་བསྒྱུར་གྱི་བྱེད་ཐབས་སྤྱད་པ་རིག་གནས་ཆེ་ཆུང་ལྔ་སོགས་ཀྱི་ཁྲོད་དུ་མང་ལ་ཕུན་སུམ་ཚོགས་པ་ཞིག་ཡིན་པ་དང་། སྒྲ་བསྒྱུར་གྱི་བྱེད་ཐབས་སྤྱད་པ་གསང་སྔགས་ཀྱི་སྐོར་ནང་དུ་མང་པོ་མཐོང་ཐུབ། དེ་མིན་ད་དུང་སཾ་བོད་སྒྲ་བསྒྱུར་གྱི་ལོ་རྒྱུས་སྟེང་དུ་ནུས་ཤུགས་གལ་ཆེན་བཏོན་མྱོང་བའི་བསྟན་བཅོས་སྒྲ་སྦྱོར་བམ་པོ་གཉིས་པ་བྱུང་ལ།དེའི་ཁྲོད་དུ་བཙན་པོའི་བཀའ་ཡིག་དང་སྒྲ་བསྒྱུར་ལོ་ཙཱའི་ཚད་གཞི་སོགས་གཏན་ཁེལ་བྱས་ཡོད་པས་དུས་ཡུན་ཧ་ཅང་རིང་བོ་ཞིག་གི་ཁྲོད་དུ་ཁྱབ་བརྡལ་དང་བཀོལ་སྤྱོད་བྱས་མྱོང་པ་དང་། ལོ་རྒྱུས་ཀྱི་དུས་ཡུན་རིང་མོའི་ནང་དུ་སྒྲ་བསྒྱུར་ལོ་ཙཱའི་ལོ་རྒྱུས་ཁྲོད་ཉམས་མྱོང་སྤྱི་སྡོམ་བྱས་ནས་སྒྲ་བྱེ་བྲག་ཏུ་རྟོགས་པ་ཆེན་མོ་བྱུང་ལ། བསྟན་བཅོས་དེའི་ནང་དུ་ཆོས་ལུགས་ཀྱི་བརྡ་ཆད་གཅིག་གྱུར་དང་གཏན་ཁེལ་བྱས་ཡོད་པའི་མིང་བརྡ་མང་པོ་བསྡུས་ཡོད་པས་ཆོས་གཞུང་བོད་འགྱུར་གྱི་བྱ་བའི་ཁྲོད་བྱེད་ནུས་གལ་ཆེན་བཏོན་མྱོང་བར་མ་ཟད།ད་དུང་ཁྲི་ལྡེ་སྲོང་བཙན་ནས་འགོ་བཟུང་སྟེ་འགྱུར་རོ་ཅོག་གི་བསྟན་བཅོས་ལ་རྩིས་ཐོ་ལངས་ནས་བཀའ་བསྟན་ཀྱི་རྨང་གཞིར་གྱུར་བའི་དཀར་ཆག་འཕང་ལྡན་མཆིམས་གསུམ་སོགས་བྱུང་ལ། སྤྱི་ལོ་དུས་རབས་བཅུ་གསུམ་ནས་འགོ་བཟུང་སྟེ་བཅོམ་ལྡན་རིག་རལ་སོགས་ཀྱིས་ས་སྐྱ་ན་བཞུགས་པའི་ཆོས་གཞུང་བསྟན་བཅོས་རྨང་གཞི་བྱས་ནས་བཀའ་བསྟན་ཞེས་གླེགས་བམ་གྱི་ཕུང་བོ་རྔམ་མཐུག་པ་དེ་བསྒྱུར་གནང་དང་རྩོམ་པའི་ལས་ལས་བྱུང་བའི་འབྲས་བུའི་གཟུགས་ད་ལྟ་ང་ཚོས་དངོས་སུ་མཐོང་རྒྱུ་ཡོད། དེ་དག་གི་ཁྲོད་ཆོས་གཞུང་བསྟན་བཅོས་མང་ཆེ་ཤོས་ནི་སཾ་སྐྲྀ་ཏའི་སྐད་ལས་བསྒྱུར་བ་ཡིན་ལ། དེ་དག་ནི་འཛམ་གླིང་རིག་གནས་ཀྱི་ཤུལ་བཞག་གལ་ཆེན་ཞིག་ཀྱང་ཡིན། ང་ཚོས་བཀས་བཅད་གསུམ་གྱི་རིག་གནས་ལོ་རྒྱུས་ཀྱི་འཕེལ་འགྱུར་དུས་ཡུན་ལ་ཕྱི་མིག་གིས་བལྟས་ཚེ། རང་ཉིད་ཀྱི་གནའ་བོའི་སྲོལ་རྒྱུན་རིག་གནས་ལས་གཞན་ད་དུང་ནང་འདྲེན་དང་མཉམ་བསྲེས་སོགས་ལས་བྱུང་བའི་ཕྱི་ཡོང་རིག་གནས་ཀྱང་ཡོད་ལ། རྣམ་པ་དང་བྱེད་ཐབས་ཀྱི་ཆ་ནས་གནའ་བོའི་སཾ་སྐྲྀ་ཏའི་གསལ་བྱེད་ཀྱི་འབྲི་སྟངས་དང་སཾ་སྐྲྀ་ཏའི་སྐད་ཀྱི་བརྡ་སྤྲོད་དང་། རྩོམ་རིག་སྒྱུ་རྩལ་གྱི་མཚོན་ཐབས་སོགས་ལ་ལད་མོ་དང་། བསམ་བློའི་ནང་དོན་སྟེང་དུ་བཀས་བཅད་གསུམ་གྱི་དུས་ཡུན་བརྒྱུད་ནས་གནའ་བོའི་རྒྱ་གར་གྱི་སངས་རྒྱས་ཆོས་ལུགས་ཀྱི་དགོངས་དོན་དང་། རིག་གནས་ཆེ་ཆུང་ལྔ་སོགས་གཙོ་བོ་ཡིན་པའི་ནང་བསྟན་རིག་གནས་དང་ལེན་བྱས་ཡོད་པས། བོད་ཀྱི་སྤྱི་ཚོགས་དང་བསམ་བློ། རིག་གནས་འཕེལ་རྒྱས་ལ་ཤན་ཤུགས་ཆེན་པོ་ཐེབས་ཡོད།
        གཉིས། སྐྱོགས་སྟོན་གྱིས་བཏོན་པའི་བཀས་བཅད་གསུམ་གྱི་བསམ་བློའི་དོན་སྙིང་།
        ཐུབ་པའི་བསྟན་པ་ནི་གཏིང་ཟབ་ལ་རྒྱ་ཆེ་བ། དཀྱེལ་ཆེ་ཞིང་ཁོང་ཡངས་པའི་གནའ་བོའི་རྒྱ་གར་གྱི་མཚན་ཉིད་རིག་པའི་གྲས་སུ་གཏོགས་པའི་བསམ་བློའི་རིག་གནས་ཀྱི་ཉིང་བཅུད་ཅིག་ཡིན། ཐུབ་པའི་བསྟན་པའི་འབྱུང་ཁུངས་ནི་རྒྱ་གར་ཡིན་མོད། འོན་ཀྱང་སཾ་སྐྲྀ་ཏའི་སྐད་ཀྱིས་ཟིན་ཐོ་རུ་བཀོད་ཡོད་པའི་ཐེག་པ་ཆེན་པོའི་ཆོས་གཞུང་དག་གི་མ་ཕྱི་ནི་རྒྱ་གར་དུ་ཉར་ཚགས་བྱས་མེད་དེ། རྒྱ་གར་གྱི་ཐུབ་པའི་བསྟན་པ་ནི་སྤྱི་ལོ་དུས་རབས་བཅུ་གསུམ་པའི་སྟོད་རྒྱུད་དུ་ཉམས་དམས་སུ་སོང་བས། རྒྱ་གར་གྱི་ཐུབ་པའི་བསྟན་པ་དང་དེའི་ལོ་རྒྱུས་བསྐྱར་བཟོ་བྱེད་དུས་ཚད་ངེས་ཅན་ཞིག་གི་སྟེང་བོད་ཡིག་གི་བཀའ་བསྟན་དང་བོད་ཡིག་གིས་བྲིས་བའི་ཆོས་ལུགས་དང་ལོ་རྒྱུས་ཀྱི་ཡིག་ཆ་གཞིར་འཛིན་དགོས།བོད་ཡིག་གི་བཀའ་བསྟན་ཁྲོད་དུ་བསྟན་བཅོས་4569ལྷག་བསྡུས་ཡོད་པས་རྒྱ་གར་གྱི་ཐུབ་པའི་བསྟན་པའི་ཆོས་གཞུང་བསྟན་བཅོས་ཡོད་ཚད་འདུ་ལ། ལྷག་པར་དུ་དུས་ཕྱིའི་ཐེག་པ་ཆེན་པོའི་ཆོས་གཞུང་གི་བསྟན་བཅོས་དག་ཆ་ཚང་བར་བོད་འགྱུར་བྱས་ཡོད་ཚད་ནང་དུ་འདུ། གོང་དུ་སྨོས་པ་ཇི་བཞིན་བོད་ཡིག་རང་སྟེང་ནས་བཤད་ན་སཾ་སྐྲྀ་ཏའི་ཡི་གེ་ལ་དཔེ་བྱས་ནས་བཟོས་པ་ཡིན་པས་བརྡ་སྤྲོད་ཀྱི་སྟེང་དང་ཚིག་གྲུབ་ཀྱི་ཆ་ནས་སོགས་ཀྱང་ལེགས་སྦྱར་སྐད་དང་ཧ་ཅང་ཉེ། སྤྱི་ལོ་དུས་རབས་དགུ་བའི་སྟོད་ཀྱི་ཆར་ཆོས་གཞུང་ལོ་ཙཱ་ཚད་ལྡན་དུ་ཡོང་བའི་ཆེད་དུ་བཙན་པོའི་བཀའ་ལུང་གིས་ལོ་ཙཱ་བ་དག་གིས་བོད་ཡིག་དག་སྦྱོར་གྱི་མིང་མཛོད་སྒྲ་བྱེ་བྲག་ཏུ་རྟོགས་པ་ཆེན་མོ་དང་། མིང་ཁུངས་ལ་འགྲེལ་བཤད་བྱས་པའི་མིང་མཛོད་སྒྲ་སྦྱོར་བམ་པོ་གཉིས་པ་སོགས་བརྩམས་གནང་མཛད་པས་བོད་ཡིག་གི་ཡིག་སྐད་དམ་ཡང་ན་ཆོས་སྐད་ཚད་ལྡན་ཅན་དུ་བཏང་བར་ཁག་ཐེག་བྱས་སོང་།དུས་དེ་རིང་གི་ཚེ་ན་བོད་ཡིག་ནི་རྒྱ་གར་གྱི་ཐུབ་པའི་བསྟན་པར་ཞིབ་འཇུག་བྱེད་མཁན་རྣམས་ཀྱིས་ངེས་པར་དུ་སྦྱོང་དགོས་པའི་ལག་ཆའི་སྐད་བརྡ་ལྟ་བུར་གྱུར་ཡོད་ལ། མི་རྣམས་ཀྱིས་བོད་ཡིག་གི་ལོ་ཙཱ་བྱས་ཡོད་པའི་ཆོས་གཞུང་བསྟན་བཅོས་དག་གི་སྟེང་སཾ་སྐྲྀ་ཏའི་སྐད་ཀྱི་མ་དཔེའི་སྐད་བརྡའི་རྣམ་པར་བསམ་བློ་གཏོང་བཞིན་ཡོད། བོད་ཡིག་གི་སྟེང་བསྐྱར་དུ་སཾ་སྐྲྀ་ཏའི་མ་དཔེར་བཟོ་བཀོད་དང་ཡང་དག་པའི་སྒོ་ནས་ཐུབ་པའི་བསྟན་པའི་ཆོས་གཞུང་གི་མ་དཔེའི་དག་གི་དགོངས་དོན་ཟབ་མོ་རྟོགས་ཅི་ཐབས་བྱེད་བཞིན་ཡོད། བོད་བརྒྱུད་ནང་བསྟན་ཆོས་ལུགས་ནི་ནང་བསྟན་ཐེག་ཆེན་པའི་ཐད་ཀར་གྱི་རྒྱུད་འཛིན་པ་ཡིན་ལ། རྒྱ་གར་གྱི་ཐུབ་པའི་བསྟན་པའི་དགོངས་དོན་བོད་ཡུལ་དུ་མཚམས་མ་ཆད་པར་འགྲེལ་བཤད་དང་། རྒྱ་གར་གྱི་ཐུབ་པའི་བསྟན་པས་སྟོན་བཞིན་པའི་མཚན་ཉིད་རིག་པའི་གནད་དོན་སྐོར་བོད་ཡུལ་དུ་གཏིང་རིམ་པའི་སྒོ་ནས་དཔྱད་བསྡུར་དང་ཞིབ་འཇུག་བྱས་ཡོད་དེ། བོད་ཀྱི་ལོ་རྒྱུས་སྟེང་ཕུལ་དུ་བྱུང་བའི་ནང་བསྟན་ཞིབ་འཇུག་པ་ཆེན་མོ་དང་ཚད་མའི་སྐྱེས་བུ་སྐོར་ཞིག་འཕྲོ་རིམ་འཕྲོར་བྱུང་བ་དཔེར་ན།རྔོག་བློ་ལྡན་ཤེས་རབ་(སྤྱི་ལོ་1059-སྤྱི་ལོ་1109)དང་། ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན། (སྤྱི་ལོ་1182-སྤྱི་ལོ་1251) བུ་སྟོན་རིན་ཆེན་གྲུབ། (སྤྱི་ལོ་1290-སྤྱི་ལོ་1364)ཀློང་ཆེན་རབ་འབྱམས་པ། (སྤྱི་ལོ་1308-སྤྱི་ལོ་1364/69) རྗེ་ཙོང་ཁ་པ་བློ་བཟང་གྲགས་པ། (སྤྱི་ལོ་1357-སྤྱི་ལོ་1419)སོགས་སོ།། ཁོ་ཚོས་ཐུབ་བསྟན་རིག་གནས་ཀྱི་དགོངས་དོན་ལ་གོ་བ་གཏིང་ཟབ་ལངས་ཡོད་པར་མ་ཟད། རང་རང་ལ་ཐུན་མོང་མ་ཡིན་པའི་ལྟ་གྲུབ་ཀྱི་ཁྱད་ཆོས་རེ་ཡོད་པས་རྒྱ་གར་གྱི་ཐུབ་པའི་བསྟན་པའི་མཚན་ཉིད་ཀྱི་བསམ་བློ་ཕུན་སུམ་ཇེ་ཚོགས་སུ་བཏང་ཡོད་པས། ཁོ་ཚོའི་གསུང་རྩོམ་ལ་ཞིབ་འཇུག་བྱས་ཚེ་རྒྱ་གར་གྱི་ནང་བསྟན་ཤེས་རིག་ལ་གཏིང་ཟབ་མོས་རྒྱུས་ལོན་བྱེད་པར་རམ་འདེགས་ཆེན་པོར་བྱེད་ཐུབ། གཞན་ད་དུང་བོད་ཀྱི་ཆོས་ལུགས་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་ཡོད་པ་ནི་བོད་ཡུལ་གྱི་ཐུབ་པའི་བསྟན་པས་རྒྱ་གར་གྱི་གསང་སྔགས་ཀྱི་བསྟན་པ་ཇི་མ་ཇི་བཞིན་དུ་དང་ལེན་དང་རྒྱུད་འཛིན། འཕེལ་རྒྱས་སུ་བཏང་ཡོད་ལ། གསང་སྔགས་ཀྱི་བསྟན་པ་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་ཁྱད་ཆོས་གཙོ་བོ་ཞིག་གིས་ཀྱང་གྲུབ་ཡོད། ལ་ལས་གསང་སྔགས་ཀྱི་བསྟན་པ་ནི་བོད་མི་ཚོས་འཛམ་གླིང་གི་ཤེས་རིག་ལ་བཞག་པའི་བྱས་རྗེས་ཆེན་པོ་ཞིག་ཀྱང་ཡིན་ཟེར། དེ་བས་བོད་བརྒྱུད་ནང་བསྟན་ཤེས་རིག་གི་ཆོས་གཞུང་ཡིག་ཆ་དག་ལས་བཀོད་ཡོད་པའི་བོད་བརྒྱུད་གསང་སྔགས་ཀྱི་ཉམས་ལེན་དང་ཆོ་གའི་རིགས་ཀྱིས་གནའ་བོའི་རྒྱ་གར་གྱི་གསང་སྔགས་ཀྱི་བསྟན་པའི་རྣམ་པ་བསྐྱར་དུ་བཞེངས་བཀོད་བྱེད་ཐུབ་ལ། བོད་བརྒྱུད་ནང་བསྟན་གྱི་གསང་སྔགས་ཀྱི་བསྟན་པར་གཏིང་རིམ་པའི་ཞིབ་འཇུག་བྱས་ཚེ་གནའ་བོའི་རྒྱ་གར་གྱི་གསང་སྔགས་ཀྱི་བསྟན་པའི་གདོང་རིས་དངོས་མ་དེ་གསལ་ལྷང་ངེར་ཤེས་ཐུབ། དེ་ལས་གཞན་ད་དུང་ཐུབ་བསྟན་ནང་འདྲེན་བྱེད་དུས་རྒྱ་གར་གཅིག་པུ་མ་ཡིན་པར་རྒྱ་བརྒྱུད་ནང་བསྟན་ཆོས་ལུགས་ཀྱིས་ཀྱང་བོད་ཀྱི་ཐུབ་པའི་བསྟན་པ་འཐུས་ཚང་བར་བཏང་ཡོད་ལ། བོད་ཀྱི་ལོ་རྒྱུས་ཡིག་ཚང་དུ་བཀོད་པ་ལྟར་ན་སངས་རྒྱས་ཆོས་ལུགས་ནི་སྲོང་བཙན་སྒམ་པོའི་དུས་སུ་རྒྱ་བཟའ་དང་བལ་བཟའ་གཉིས་ཀྱིས་བོད་ཡུལ་དུ་སྤེལ་ཞེས་བཀོད་ཡོད་ལ། རྒྱ་བཟའ་བོད་དུ་འཚོ་བཞུགས་ཀྱི་དུས་སུ་ཐང་གི་མངགས་གཏོང་བྱས་པའི་ཧ་ཤང་མང་པོས་བོད་དུ་ཆོས་གཞུང་བོད་བསྒྱུར་དང་ཆོས་ལུགས་སྒྲོགས་སྤེལ་གྱི་བྱ་འགུལ་མང་པོ་སྤེལ་གྱིན་འདུག། སྤྱི་ལོ་དུས་རབས་བརྒྱད་པའི་སྨད་རྒྱུད་ནི་བོད་བཙན་པོའི་རྒྱལ་རབས་ཀྱི་དབང་ཐང་ཆེས་དར་བཞིན་པའི་དུས་སྐབས་ཡིན་ལ། རྒྱ་བོད་ཆོས་ལུགས་ཀྱི་བརྗེ་རེས་ཀྱང་ཆེས་རྒྱུན་ལྡན་གྱི་དུས་སྐབས་ཤིག་ཀྱང་ཡིན། ཆོས་གཞུང་གི་བསྟན་བཅོས་ཀྱི་ཁ་གྲངས་ཀྱང་མི་ཉུང་བ་ཞིག་བསྒྱུར་ཡོད་ལ། བོད་ཡིག་གི་ཆོས་གཞུང་རྒྱ་ཡིག་ཏུ་བསྒྱུར་བའང་ཡོད་དེ། དཔེར་ན་འགོས་ཆོས་གྲུབ་ལྟ་བུའི་བོད་རྒྱ་ཡིག་རིགས་གཉིས་ལ་ནང་བྱན་ཆུད་པའི་ལོ་ཙཱ་བ་བྱུང་མྱོང་ལ། ལྷག་པར་དུ་སྐབས་དེར་རྒྱ་ནག་གི་བསམ་གཏན་པ་བོད་ཡུལ་དུ་དར་ནས་བོད་མི་ཚོས་དད་པ་ཤུགས་དྲག་གིས་བྱས་ལ། བསམ་གཏན་པའི་ཆེས་སྔ་ཤོས་ཀྱི་ཡིག་ཆ་གཙོ་གྲས་དག་བོད་ཡིག་ཏུ་བསྒྱུར་ཡོད། སྟབས་མི་ལེགས་པ་ཞིག་ནི་སྤྱི་ལོ་དུས་རབས་བརྒྱད་པའི་སྨད་རྒྱུད་ཀྱི་ཏོན་རྩེན་རྩོད་གླེང་བྱུང་བ་དང་། སྤྱི་ལོ་དུས་རབས་དགུ་བའི་ཁྲི་དར་མས་བསྟན་སྣུབས་དོན་རྐྱེན་སོགས་ཀྱིས་རེ་ཞིག་ལ་རྒྱ་བོད་ཐུབ་བསྟན་རིག་གནས་འབྲེལ་འདྲིས་ཀྱི་རྒྱུན་ཆད་མོད། འོན་ཀྱང་དུས་དེ་རིང་གི་ཚེ་ནའང་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་ཁྲོད་དུ་རྒྱ་ནག་གི་བསམ་གཏན་པའི་ཤན་ཤུགས་ཐེབས་ཡོད་པས། མི་རིགས་འདི་གཉིས་ཀྱིས་མི་ངོམ་པའི་ཚུལ་དུ་བསམ་བློ་བརྗེ་རེས་རྒྱུན་ཆད་མ་མྱོང་། ང་ཚོས་རྒྱ་ནག་གི་ཆོས་གཞུང་ལོ་ཙཱའི་བྱ་བ་དང་བོད་ཡིག་གི་ཆོས་གཞུང་ལོ་ཙཱའི་བྱ་བ་གཉིས་ཞིབ་བསྡུར་བྱས་ཚེ། རྒྱ་ནག་གི་བཀའ་འགྱུར་ལོ་ཙཱའི་ཁྲོད་གནད་དོན་མི་ཉུང་བ་ཞིག་ཡོད་དེ། ཀྲུང་གོའི་ཆོས་གཞུང་ལོ་ཙཱའི་ལོ་རྒྱུས་སྟེང་དུ་ལོ་ཙཱ་བ་གཞོན་ནུ་སྲོག་( 鸠摩罗什) དང་ཟན་ཙང་ (玄奘) སོགས་སྐད་གྲགས་ཅན་གྱི་ལོ་ཙཱ་བ་བྱུང་མྱོང་ལ། མིང་དོན་མི་མཚུངས་བའི་ལོ་ཙཱ་བ་སྐོར་ཞིག་ཀྱང་བྱུང་མྱོང་སྟེ། དེ་དག་གིས་བསྒྱུར་གནང་མཛད་པའི་ཆོས་གཞུང་བསྟན་བཅོས་དེ་དག་མ་ཕྱི་དང་མི་མཐུན་པའམ་ནང་དོན་གྱི་ཐད་རྒྱབ་འགལ་དུ་སོང་བ། ཚིག་སྦྱོར་གྱི་ཐད་མི་བདེ་བ། ནང་དོན་གྱི་ཐད་གོ་བ་ལེན་དཀའ་བ་སོགས་ཀྱི་གནད་དོན་འདུགརྒྱ་སྐད་དང་སཾ་སྐྲྀ་ཏའི་སྐད་གཉིས་ཀྱི་བར་ལ་ཁྱད་པར་ཅུང་ཆེ་བས། མི་རྣམས་ཀྱིས་གོང་བཀུར་ཚད་མེད་བྱེད་བཞིན་པའི་ཟན་ཙང་གི་འགྱུར་དང་སཾ་སྐྲྀ་ཏའི་མ་ཕྱི་གཉིས་བར་ལའང་ཁྱད་པར་ཅུང་ཆེ་ཟེར། ⒆ དེ་བས་རྒྱ་ཡིག་གི་ཆོས་གཞུང་གི་འགྱུར་ཡང་དག་མ་ཡིན་པ་ལས་རྒྱ་བརྒྱུད་སངས་རྒྱས་ཆོས་ལུགས་ཀྱི་དགོངས་དོན་བདེ་ལེགས་སུ་གོ་བ་ལེན་པར་ཚད་བཀག་བཟོས་ནས། ཆོས་ལུགས་ལོ་རྒྱུས་སྟེང་དུ་རྩོད་གླེང་དོན་རྐྱེན་སོགས་བཟོས་པ་དཔེར་ན། ཐུབ་བསྟན་ཐེག་ཆེན་པའི་ཆོས་ལུགས་ཀྱི་བསམ་བློའི་རྟེན་གཞིར་གྱུར་བའི་ཁམས་བདེ་གཤེགས་སྙིང་པོའི་ཐད་ལྟ་བ་འདྲ་མིན་སྣ་ཚོགས་བྱུང་ལ། དེ་དག་ཡོད་ཚད་ཀྱི་འབྱུང་རྐྱེན་གཙོ་བོའང་ཆོས་གཞུང་ལོ་ཙཱའི་འགྱུར་སྐྱོན་ལས་བྱུང་བ་ཡིན་པ་ནི་སྨོས་མ་དགོས་པ་ཡིན། དེ་དང་བསྡུར་ན་བོད་ཀྱི་ཆོས་གཞུང་ལོ་ཙཱ་ནི་བཀས་བཅད་གསུམ་གྱི་དུས་ཡུན་བརྒྱུད་ནས་ངོས་གཙང་ཚད་ལྡན་དང་། སཾ་སྐྲྀ་ཏའི་མ་དཔེ་ཀྱི་དགོངས་དོན་དང་གཉིས་སུ་མ་མཆིས་པའི་ཆུ་ཚད་ལ་སླེབས་ཡོད། དེ་བས་སྒྲ་བསྒྱུར་ལོ་ཙཱ་ནི་མི་རིགས་མི་འདྲ་བ་དང་། རྒྱལ་ཁབ་མི་འདྲ་བའི་བར་གྱི་བསམ་བློའི་རིག་གནས་བརྗེས་རེས་ཀྱི་ཐབས་ལམ་ཉག་ཅིག་ཡིན་ལ། སྤྱིར་སྒྲ་བསྒྱུར་ལོ་ཙཱ་ལ་མིག་སྔར་རིག་གཞུང་ཉམས་ཞིབ་པ་ཚོས་ལྟ་ཚུལ་མི་འདྲ་བ་གསུམ་བཟུང་ཡོད་དེ། གཅིག་ནི་མི་རིགས་ཤིག་དང་རྒྱལ་ཁབ་ཅིག་གི་ངེས་གཏན་གྱི་སྐད་དང་ཡི་གེ་ཞིག་གིས་མཚོན་པའི་བསམ་བློའི་རིག་གནས་ནི་མི་རིགས་གཞན་ཞིག་གི་སྐད་དང་ཡི་གེར་ཡོངས་སུ་བསྒྱུར་མི་ནུས་བར་བསམ་ལ། གལ་ཏེ་བསྒྱུར་བའི་ཚེ་ཡང་དཀྱོགས་བཤད་དང་དབྱིབས་དང་རྣམ་པ་འགྱུར་བའི་རིག་གནས་མི་འདྲ་བ་ཞིག་གི་འགྱུར་འགྲོ་ལ། ཁོ་རང་ཕྱིར་དང་ཐོག་གི་རྣམ་པར་བསྒྱུར་མི་ཐུབ་པ་དང་ཡང་ན་དང་ཐོག་གི་བསམ་བློའི་རིག་གནས་དང་ཐག་ཉེ་བར་གཏོང་མི་ཐུབ་སྟེ། དེ་ནི་མ་ཕྱི་དང་འགྱུར་ཡིག་གཉིས་ལ་ཐུན་མོང་གི་ཆ་རྐྱེན་མེད་པ་དང་། ལྷག་པར་དུ་སྙན་ངག་དང་ཆོས་ལུགས། མཚན་ཉིད་རིག་པ་སོགས་ནི་དེ་ལྟར་ཡིན་ཟེར། གཉིས་པ་ནི་སྒྲ་བསྒྱུར་ལོ་ཙཱས་དང་ཐོག་གི་བསམ་བློའི་རིག་གནས་ཀྱི་ཕྱེད་ཀ་མ་གཏོགས་ཡོངས་སུ་མཚོན་མི་ཐུབ་པས་ལོ་ཙཱ་བྱས་ཟིན་པའི་ཡིག་ཆའི་བསམ་བློའི་ཕྱེད་ཀར་སྒྲ་བསྒྱུར་ལོ་ཙཱ་བྱེད་མཁན་གྱི་རིག་གནས་ཀྱི་རྨང་རྡོ་དང་བསམ་བློའི་ཤུལ་བཞག་གིས་ཤན་ཞུགས་ངེས་ཡིན། རྒྱུ་མཚན་ནི་ལོ་ཙཱ་བས་མ་ཕྱི་དང་འགྱུར་ཡིག་གི་བར་ལ་རང་རང་གི་འདོད་མོས་ལྟར་བསྒྱུར་བཅོས་བྱེད་ངེས་ཡིན་ཞེས་གསུངས་ཡོད། གསུམ་ནི་འཛམ་གླིང་སྟེང་གི་མི་རིགས་གང་དང་གང་ཞིག་ཡིན་རུང་རྒྱལ་ཁབ་གང་དང་གང་རུང་གི་བསམ་བློ་མཚོན་པའི་ཡིག་ཆ་དེ་དག་མི་རིགས་གཞན་དང་རྒྱལ་ཁབ་གཞན་གྱི་སྐད་དང་ཡི་གེ་གང་རུང་ཞིག་ཏུ་བསྒྱུར་ཆོག་སྟེ། མཚན་ཉིད་རིག་པ་དང་། རྩོམ་རིག ཆོས་ལུགས།སྒྱུ་རྩལ། སྙན་ངག་སོགས་བརྗོད་བྱ་ཡིན་པའི་བརྩམས་ཆོས་གང་དང་གང་ཞིག་བསྒྱུར་ཆོག་སྟེ། འགྱུར་ཡིག་གི་སྤུས་ཀའི་གནད་དོན་ནི་གཙོ་བོ་ལོ་ཙཱ་བ་གང་ཞིག་རྒྱལ་ཁབ་གཞན་དང་མི་རིགས་གཞན་གྱི་རིག་གནས་དང་རང་གི་རིག་གནས་གཉིས་ལ་ནང་བྱན་ཆུད་པའི་ཆུ་ཚད་ལ་རག་ལས་ཟེར།ང་ཚོས་གོང་གི་ལོ་ངོ་དགུ་བརྒྱ་ལྷག་གི་རིང་ལ་རྒྱ་གར་གྱི་ཐུབ་བསྟན་རིག་གནས་བོད་བསྒྱུར་གྱི་ལོ་རྒྱུས་ལ་ཕྱིར་བལྟ་བྱས་ཚེ་མི་རིགས་མི་འདྲ་བ་དང་རྒྱལ་ཁབ་མི་འདྲ་བའི་བར་གྱི་གཅིག་མཚུངས་མ་ཡིན་པའི་བསམ་བློའི་རིག་གནས་ཀྱི་ཡིག་ཆ་སོ་སོ་ནི་ཡོངས་སུ་སྒྲ་བསྒྱུར་ལོ་ཙཱ་བྱས་ཆོག་ལ། ལོ་ཙཱ་བྱས་པ་བརྒྱུད་ནས་དར་སྤེལ་ཡང་བྱས་ཆོག་པའི་ཆོས་ཉིད་ཅིག་བདེན་དཔང་བྱས་ལ། རིག་གནས་མི་འདྲ་བའི་རྒྱབ་ལྗོངས་འོག་གནས་བའི་མི་རྣམས་ཀྱིས་ཀྱང་དང་ལེན་བྱེད་ཐུབ་པའི་གནས་ཚུལ་དངོས་ཤིག་ར་སྤྲོད་བྱས་པར་མ་ཟད།མ་ཕྱི་དང་འགྱུར་ཡིག་གཉིས་ཡོངས་སུ་ཆ་འདྲ་བའི་མཇུག་འབྲས་བྱུང་ཐུབ་པའི་དངོས་དོན་ཞིག་ཀྱང་གསལ་བཤད་བྱས་ཡོད། གནའ་བོའི་ཆོས་རྒྱལ་ལོ་པཎ་རྣམས་ཀྱི་སྐུ་དྲིན་འོག་ཏུ་བོད་མི་རིགས་ཀྱི་སྐད་དང་ཡི་གེ་ཡིས་གཞུང་ལུགས་ཀྱི་མ་ལག་འདི་ལྟ་བུའི་རྒྱ་ཆེ་བ། མཚན་ཉིད་ཀྱི་བསམ་བློ་འདི་ལྟ་བུའི་གཏིང་ཟབ་པ། བརྡ་ཆད་ཀྱི་རྣམས་གྲངས་འདི་ལྟ་བུའི་ཕུན་སུམ་ཚོགས་པའི་རྒྱ་གར་གྱི་སངས་རྒྱས་ཆོས་ལུགས་ཆ་ཚང་ལ་དགོངས་དོན་མ་ནོར་བར་བོད་འགྱུར་བྱས་པ་ནི་འཛམ་གླིང་ན་གཉིས་སུ་མེད་པའི་ལོ་རྒྱུས་ཀྱི་དངོས་དོན་ཞིག་ཀྱང་ཡིན། སྒྲ་བསྒྱུར་ལོ་ཙཱའི་གོ་རིམ་ཁྲོད་ཡུལ་དུས་དང་བསྟུན་པའི་ (时域融合) གནད་དོན་ཞིག་ཀྱང་གནས་ཏེ། མི་རིགས་གཞན་གྱི་ཆོས་གཞུང་བསྟན་བཅོས་ལོ་ཙཱ་བྱེད་དུས་ལོ་ཙཱ་བ་རང་ཉིད་ཀྱི་ཕ་སྐད་རིག་གནས་ཀྱི་ཤན་ཤུགས་དང་ཚད་བཀག་གི་རྒྱུ་རྐྱེན་སོགས་ཀྱང་གནས་པས། ཚུལ་འདི་ལ་སྐུ་ཞབས་ཧྥུན་ཡིག་ལན་ (冯友兰) ལགས་ཀྱིས་ཀྲུང་གོའི་མཚན་ཉིད་རིག་པའི་ལོ་རྒྱུས་རགས་བསྡུས་དབྱིན་འགྱུར་མའི་ཁྲོད་དུ་སྔོན་ན་མེད་པའི་ལྟ་བ་ཁྱད་པར་བ་ཞིག་བཏོན་ཡོད་མོད། ⒇ འོན་ཀྱང་ང་ཚོས་སྒྲ་བསྒྱུར་ལོ་ཙཱས་མི་རིགས་ཤིག་གི་བསམ་བློའི་རིག་གནས་ཇི་མ་ཇི་བཞིན་དུ་མཚོན་མི་ཐུབ་བསམ་ནས་མི་རིགས་གཞན་དང་རྒྱལ་ཁབ་གཞན་གྱི་ཕུལ་དུ་བྱུང་བའི་རིག་གནས་དང་ལེན་དང་ནང་འདྲེན་མ་བྱས་ཚེ་ག་ལ་འགྲིག ང་ཚོའི་ཡབ་མེས་རྣམས་ལའང་དེ་འདྲའི་བསམ་བློ་ཞིག་ཡོད་པ་དང་། བྱེད་ཐབས་དེ་འདྲ་ཞིག་བེད་སྤྱོད་བྱས་ཚེ། དེ་རིང་གི་ང་ཚོར་ཡང་འདི་འདྲའི་རྒྱ་ཆེ་ལ། གཏིང་ཟབ་པ། ལོ་རྒྱུས་ཀྱི་རྒྱུན་རིང་བ། འཛམ་གླིང་ན་གཉིས་སུ་མེད་པའི་ཁྱད་ཆོས་ལྡན་པའི་བསམ་བློའི་རིག་གནས་འདི་འདྲ་ཞིག་ག་ལ་ཡོད། དེ་བས་འདིས་ཀྱང་སྐད་བརྡའི་ཁོར་ཡུག་མི་འདྲ་བའི་གནས་ཚུལ་འོག་གྲུབ་པའི་སྐད་བརྡའི་བརྡ་རྟགས་དང་། དེའི་ཐེག་ཡོད་པའི་བསམ་བློའི་ཡང་སྙིང་དེ་སྒྲ་བསྒྱུར་ལོ་ཙཱ་ཞེས་པའི་ཟམ་ལམ་འདི་བརྒྱུད་ནས་བརྗེ་རེས་དང་ནང་འདྲེན་བྱེད་ཐུབ་པ་བདེན་དཔང་བྱས་ཡོད། ལོ་རྒྱུས་ཀྱི་སྟེང་དུ་བོད་མི་རིགས་ཀྱིས་སྐད་དང་ཡི་གེ་གཉིས་ལ་བརྟེན་ནས་ཞིབ་གཙང་ཆ་ཚང་དང་གཏིང་ཟབ་ཀྱི་སྒོ་ནས་རྒྱ་གར་གྱི་སངས་རྒྱས་ཆོས་ལུགས་ཀྱི་མདོ་རྒྱུད་དགོངས་འགྲེལ་རྣམས་སྒྲ་བསྒྱུར་ལོ་ཙཱ་བྱས་ལ། རྒྱ་གར་གྱི་སངས་རྒྱས་ཆོས་ལུགས་ཀྱི་བསམ་བློའི་ལྟ་གྲུབ་སོགས་ཆ་ཡོངས་ནས་དང་ལེན་བྱས་པ་ཡིན་ཞེ་ན། དེ་ལ་འཇར་མན་གྱི་སྐད་བརྡ་རིག་པ་སྨྲ་བ་ 洪宝特(1767-1835) (21) ཡིས་ཀྱང་འདིའི་ཐད་ལ་ལྟ་བ་ཁྱད་པར་བ་ཞིག་བཏོན་ཡོད་ལ། ང་ཚོས་ཁོའི་གཞུང་ལུགས་འདི་བཀོལ་ནས་ལོ་རྒྱུས་སྟེང་གི་ནང་བསྟན་བོད་འགྱུར་ལ་དབྱེ་ཞིབ་བྱས་ཚེ། འཛམ་གླིང་གི་སྒྲ་བསྒྱུར་ལོ་ཙཱའི་ལོ་རྒྱུས་སྟེང་གི་མིག་དཔེ་ལྟ་བུ་གྱུར་ཡོད་པར་མ་ཟད། སྒྲ་བསྒྱུར་ལོ་ཙཱའི་ལོ་རྒྱུས་སྟེང་གི་སྐད་བརྡའི་བརྡ་རྟགས་བསྒྱུར་ཆོག་པའི་དཔེ་མཚོན་རང་བཞིན་ཞིག་གིས་ཀྱང་གྱུར་ཡོད། རྒྱུ་རྐྱེན་ཡང་རྒྱ་གར་བ་དང་བོད་རིགས་གཉིས་འཛམ་གླིང་ཤར་ཕྱོགས་ཀྱི་གནའ་བོའི་མི་རིགས་གཉིས་ཡིན་ལ། གནའ་བོའི་ཤེས་རིག་དང་བློ་གྲོས་ཀྱི་དུས་ཡུན་རིང་མོ་ལྡན་ལ། འཚར་སྡུག་འོད་སྟོང་ལྡན་པའི་གནའ་བོའི་ཤེས་རིག་གསར་གཏོད་བྱས་པས། གནའ་བོའི་ཤེས་རིག་འདི་ཐེག་ཡོད་པའི་སཾ་བོད་ཀྱི་སྐད་དང་ཡི་གེ་ལའང་ཡིག་རིགས་གཞན་ལ་མེད་པའི་ཁྱད་ཆོས་འབུར་དུ་ཐོན་པ་ཡོད་དེ། རྒྱ་གར་དང་བོད་ཀྱི་ཡི་གེ་གཉིས་ལ་འབྲེལ་བ་ཧ་ཅང་དམ་ལ། སྲོལ་རྒྱུན་རིག་གནས་དང་སྐད་བརྡའི་སྒྲིག་གཞིའི་སྟེང་བར་ཁྱད་ཅུང་ཆེ་མོད། མི་རིགས་དེ་གཉིས་ནི་ས་བབ་ཁོར་ཡུག་གིས་འདབས་སྦྲེལ་ཞིང་། ཁྱིམ་མཚེས་ཡིན་པ་དང་། བསམ་བློའི་རིག་གནས་ཕན་ཚུན་ཐག་ཉེ་བ། ལོ་རྒྱུས་ཀྱི་སྟེང་དུ་འབྲེལ་འདྲིས་རྒྱུན་ལྡན་ཡིན་པ་སོགས་ཀྱིས་མི་རིགས་འདི་གཉིས་ཀྱི་མི་གཤིས་དང་རིན་ཐང་གི་འདུ་ཤེས་སོགས་ཐག་བཅད་པ་ཡིན་ལ། ཆོས་གཞུང་བོད་འགྱུར་གྱི་གོ་རིམ་ཁྲོད་སཾ་སྐྲྀ་ཏའི་སྐད་དང་ནང་བསྟན་ཤེས་རིག་ལ་བྱང་ཆུབ་པའི་པཎྜི་ཏ་དག་གིས་ཐོག་མཐའ་བར་གསུམ་དུ་བཀའ་སློབ་དང་མཛུབ་སྟོན་གནང་བཞིན་ཡོད་ལ། སློབ་མས་བླ་མ་མཚན་ལྡན་དུ་ཤེས་ཤིང་། བླ་མས་སློབ་མ་སྣོད་ལྡན་དུ་རྟོགས་ནས་ཕན་ཚུན་དགའ་མགུ་ཡི་རང་གིས་འབྲེལ་བ་ཆགས་ཡོད་པའང་ (22)གསལ་བོ་ཡིན། ད་ལྟའི་བོད་བརྒྱུད་ནང་བསྟན་རིག་གནས་ཞེས་པའི་ཁྱད་ནོར་འདི་ཡང་བོད་རིགས་ཀྱིས་རྒྱ་གར་གྱི་སངས་རྒྱས་ཆོས་ལུགས་དེ་ལ་ལད་མོ་དང་འདྲ་བཤུས་ཙམ་མ་ཡིན་པར་རང་གི་ཡུལ་དང་ཡུལ་གྱི་སྐྱེ་བོ་རྣམས་ཀྱི་ཁྱད་ཆོས་མངོན་པར་གསལ་བའི་ཐུན་མོང་མ་ཡིན་པའི་རིག་གནས་ཤིག་ཏུ་གྲུབ་ཡོད། སྤྱིར་བཀས་བཅད་ནི་རིག་གནས་གསར་པ་ཞིག་དང་བསམ་བློ་གསར་པ་ཞིག་ནང་འདྲེན་བྱས་པའི་གོ་རིམ་ཁྲོད་བྱུང་བའི་ལོ་རྒྱུས་ཀྱི་དོན་ཆེན་ཞིག་ཡིན་ལ། རྒྱ་གར་དང་བོད་རིགས་གཉིས་ཀྱི་རིག་གནས་བརྗེ་རེས་ཀྱི་ལོ་རྒྱུས་སྟེང་བྱུང་བའི་དོན་ཆེན་ཞིག་ཀྱང་ཡིན། དེ་བས་ཚུལ་འདི་ལ་རྒྱ་བོད་རིག་པའི་མཁས་དབང་ཆེན་མོ་བང་སུན་ (王森)ལགས་ཀྱིས་འདི་ལྟར་གསུང་ཡོད་དེ། དེང་གི་དུས་སུ་ཉར་ཚགས་བྱས་ཡོད་པའི་བོད་ཡིག་གི་བཀའ་བསྟན་ནི་བསྟན་བཅོས་བཞི་སྟོང་ལྔ་བརྒྱ་ལྷག་གིས་གྲུབ་ལ། འགྱུར་ཡིག་གི་སྟེང་དུ་བསྒྱུར་བ་ཚགས་དམ་པ་དང་། གྲལ་དག་པ། བོད་ཡིག་གི་འགྱུར་དེ་ཕྱིར་སཾ་སྐྲྀ་ཏའི་སྐད་ལ་བསྒྱུར་ཚེ་དང་ཐོག་གི་མ་ཕྱི་དང་གཅིག་མཚུངས་ཀྱི་རྣམ་པར་འགྱུར་བའི་ཆུ་ཚད་ལ་སླེབས་ཡོད་ (23)ཅེས་གདེང་འཇོག་ཚད་མཐོན་པོ་བྱས་ཡོད།
        མཆན་འགྲེལ།
①སྐྱོགས་སྟོན་རིན་ཆེན་བཀྲ་ཤིས། 《བརྡ་གསར་རྙིང་གི་རྣམ་གཞག་ལི་ཤིའི་གུར་ཁང》 མི་རིགས་དཔེ་སྐྲུན་ཁང་། 2005ལོ། པེ་ཅིན། ཤོག་གྲངས་26རུ་གསལ།
②སྐྱོགས་སྟོན་རིན་ཆེན་བཀྲ་ཤིས། 《བརྡ་གསར་རྙིང་གི་རྣམ་གཞག་ལི་ཤིའི་གུར་ཁང》 མི་རིགས་དཔེ་སྐྲུན་ཁང་། 2005ལོ། པེ་ཅིན། ཤོག་གྲངས་26རུ་གསལ།
③安世兴著:《评价古藏文词书(丁香帐)》,北京:民族出版社1981年出版。
④《བོད་ཀྱི་བཅུ་ཕྲག་རིག་མཛོད་ཆེན་མོ》 《དཔལ་ལྡན་ས་སྐྱ་པའི་གསུང་རབ》 པོད་གཉིས་པ། སུམ་རྟགས་དང་དག་ཡིག མི་རིགས་དཔེ་སྐྲུན་ཁང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2004ལོ། པེ་ཅིན། ཤོག་གྲངས་413ནས་440བར་གསལ།
⑤གོང་གི་དཔེ་དེབ་འདིའི་ཤོག་གྲངས་413རུ་གསལ།
⑥《བོད་ཀྱི་བཅུ་ཕྲག་རིག་མཛོད་ཆེན་མོ》 《དཔལ་ལྡན་ས་སྐྱ་པའི་གསུང་རབ》 པོད་གཉིས་པ། སུམ་རྟགས་དང་དག་ཡིག མི་རིགས་དཔེ་སྐྲུན་ཁང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2004ལོ། པེ་ཅིན། ཤོག་གྲངས་439-440བར་གསལ།
⑦《བོད་ཀྱི་བཅུ་ཕྲག་རིག་མཛོད་ཆེན་མོ》 《དཔལ་ལྡན་ས་སྐྱ་པའི་གསུང་རབ》 པོད་གཉིས་པ། སུམ་རྟགས་དང་དག་ཡིག མི་རིགས་དཔེ་སྐྲུན་ཁང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2004ལོ། པེ་ཅིན། ཤོག་གྲངས་439རུ་གསལ།
⑧⑨ཨ་མེས་ཀུན་དགའ་བསོད་ནམས། 《གསར་རྙིང་གི་བརྡའི་རྣམ་དབྱེ་ལེགས་པར་བཤད་པ་གསུང་རབ་ཀུན་ལ་ལྟ་བའི་སྒྲོན་མེ་ཞེས་བྱ་བ་བཞུགས་སོ》 བལ་ཡུལ་པར་མ། སྣ་རིང་། ཤོག་གྲངས་277དང་། ཤོག་གྲངས་278རུ་གསལ།
⑩སྐྱོགས་སྟོན་རིན་ཆེན་བཀྲ་ཤིས། 《བརྡ་གསར་རྙིང་གི་རྣམ་གཞག་ལི་ཤིའི་གུར་ཁང》 མི་རིགས་དཔེ་སྐྲུན་ཁང་། 2005ལོ། པེ་ཅིན། ཤོག་གྲངས་20—23བར་གསལ།
⑾⑿⒀སྐྱོགས་སྟོན་རིན་ཆེན་བཀྲ་ཤིས། 《བརྡ་གསར་རྙིང་གི་རྣམ་གཞག་ལི་ཤིའི་གུར་ཁང》 མི་རིགས་དཔེ་སྐྲུན་ཁང་། 2005ལོ། པེ་ཅིན། ཤོག་གྲངས་23-24བར་དང་། ཤོག་གྲངས་24-25བར། ཤོག་གྲངས་24བཅས་སུ་གསལ།
⒁⒂⒃སྐྱོགས་སྟོན་རིན་ཆེན་བཀྲ་ཤིས། 《བརྡ་གསར་རྙིང་གི་རྣམ་གཞག་ལི་ཤིའི་གུར་ཁང》 མི་རིགས་དཔེ་སྐྲུན་ཁང་། 2005ལོ། པེ་ཅིན། ཤོག་གྲངས་24དང་། ཤོག་གྲངས་25 ཤོག་གྲངས་25བཅས་སུ་གསལ།
⒄རྒྱ་ཡེ་བཀྲ་བྷོ། 《རྒྱ་གར་འཕགས་པའི་ཡུལ་གྱི་རིག་གནས་བོད་གངས་ཅན་གྱི་རྩོམ་རིག་དང་ཇི་ལྟར་འབྲེལ་བའི་ཚུལ་ལ་དཔྱད་པ་དཔྱོད་ལྡན་ཡིད་ཀྱི་དགའ་སྟོན》 《ནུབ་བྱང་མི་རིགས་སློབ་ཆེན་གྱི་ཞིབ་འཇུག་སློབ་མའི་དཔྱད་རྩོམ》 སྣུམ་པར་མ། ཤོག་གྲངས་305རུ་གསལ།
⒅ཉང་ཉི་མ་འོད་ཟེར། 《ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད》 བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2010ལོ། ལྷ་ས། ཤོག་གྲངས་389རུ་གསལ།
⒆林世田著:《敦煌遗书研究论文集》,中国藏学出版社,2010年版,北京,第5页,该书中说:汉文大藏经的翻译可以说是问题百出。虽然于中国的译经史上出现过像鸠摩罗什、玄奘这样杰出的大师,然而亦出现过许多名不副实的译师,他们所翻译的佛教不但文字佶屈聱牙,而且语义多妄自分别,令人不知所云,无法卒读。由于汉语文与梵文间的差距太大,以致即使是备受推崇的玄奘的翻译实际上亦常常与梵本有较大的距离,更不用提那些滥竽充数的译师们所翻译的作品了。汉文佛经翻译的不正确,严重影响了汉传佛教徒对佛法之微言大义的理解,引起了佛教史上一次次的争论。例如作为大乘佛教根本思想之入来藏学说,亦正由于汉译佛典的种种纰漏,近数十年不断受到歪曲,甚至批判。
⒇冯友兰著,赵复山译:《中国哲学简史》,天津:天津社会科学出版社,2005年,第12页。该文章中说道:“任何人如果不能用原文阅读某种哲学著作,要想完全理解原著,的确有困难,这是由于语言的障碍。中国哲学著作由于它们的提示性质,语言的困难就更大。 中国哲学家的言论和著作中的种种提示,很难翻译。当它被翻译成外文时,它由提示成一种明确的陈述。失去了提示的性质,就失去了原著的味道。”“任何翻译的文字,说到底,只是一种解释,当我们把《老子》书中的一句话译成英文时,我们是在按照自己的理解来阐述它的含义。译文通常只能表达一种含义,而原文却可能还有其他层次的含义。原文是提示性质的,译文则不可能做到这一。于是,原文中的丰富含义,在翻译过程中大部分丢失了。《老子》和《论语》都有许多中译本。每个译者都不免认为其他译本不够满意。但是,无论一个译本如何力求完美,它总不及原著。只有把《老子》和《论语》的所有译本,加上将来的各种新译本,才可能显示《老子》和《论语》原书的风貌。”“五世纪的佛教高僧鸠摩罗什是把佛教经典译成中文的一位翻译大家,他曾说:翻译工作恰如嚼饭喂人。如果一个人自己不能吃饭,要吃别人的唾余,所吃到嘴里的当然没有原来那饭的香味和鲜味。”
(21)人类语言的结构之所以会有种种差异,是因为各民族的精神特性本身有所不同,而“有必要把民族精神力量看作真实地解释原则,看作决定着语言差异的实际原因。他还说“语言中限制、确定中的异物只是有异于我瞬时的个人本性,而非有异于我原初的真正本性。”
(22)རྒྱ་ཡེ་བཀྲ་བྷོ། 《རྒྱ་གར་འཕགས་པའི་ཡུལ་གྱི་རིག་གནས་བོད་གངས་ཅན་གྱི་རྩོམ་རིག་དང་ཇི་ལྟར་འབྲེལ་བའི་ཚུལ་ལ་དཔྱད་པ་དཔྱོད་ལྡན་ཡིད་ཀྱི་དགའ་སྟོན》 《ནུབ་བྱང་མི་རིགས་སློབ་ཆེན་གྱི་ཞིབ་འཇུག་སློབ་མའི་དཔྱད་རྩོམ》 སྣུམ་པར་མ། ཤོག་གྲངས་305རུ་གསལ།
(23)王森:《谈谈西藏文》,载《中国语文》,1953年4月号,第26页,该文中说:“现存的藏文《大藏经》,共有四千五百多种书,这些译本,就文字方面讲,都非常谨严,十分忠实,几乎能顺着藏文还原成梵文(藏文译本的原文,印度古文)。
39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1