གཙོ་ངོས།>> འཕྲོད་བསྟེན།>>བདེ་ཐང་ཤེས་བྱ།

རྩོམ་སྒྲིག་པ།ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། ༢༠༡༩ལོའི་ཟླ་བ་༠༩ཚེས་༡༧ཉིན།

༄༅།། མཐོ་སྒང་དུ་འཚོ་ཡུན་རིང་ན་སྙིང་ལ“རྒྱུད་འགྱུར”འབྱུང་བ་རེད།

        གཞིས་དམངས་ཚེ་དབང་རྡོ་རྗེས་བཤད་རྒྱུར།“ཁོ་རང་བྱ་བའི་དབང་གིས་མཚོ་ངོས་ལས་མཐོ་ཚད་ཆེས་མཐོ་བའི་གནས་སུ་ལོ་ངོ་ཉི་ཤུ་ལྷག་གི་རིང་ལ་འཚོ་བ་རོལ་བ་དང་།ཉིན་འདི་འགར་གཞུང་དོན་དུ་ནང་ལོགས་སུ་སོང་བར། གློ་བུར་དུ་སྙིང་མི་བདེ་བའི་ཚོར་སྣང་བྱུང་ཞིང་། ནང་སྒོས་སུ་དགོང་མོ་གཉིད་པའི་སྐབས་སུ། སྙིང་གི་ལྡིང་ཚད་ཇེ་མགྱོགས་སུ་སོང་བར་མ་ཟད། ལན་རེར་ལྡིང་ཞིང་ལན་རེར་མི་ལྡིང་བའི་སྣང་ཚུལ་བྱུང་སྟེ། དབུགས་ལེན་མི་ཐུབ་པའི་ཚོར་སྣང་བྱུང་བས། དེ་ནི་མཐོ་སྒང་དུ་འཚོ་ཡུན་རིང་བའི་དབང་གིས་སྙིང་ལ་རྒྱུད་འགྱུར་བྱུང་བ་ཡིན་ནམ”ཟེར།
        མཚོ་སྔོན་ཞིང་ཆེན་ཀླད་སྙིང་ཁྲག་རྩའི་ཆེད་དམིགས་སྨན་ཁང་གི་ཁྲག་ཤེད་མཐོ་བ་དང་མཐོ་སྒང་ནད་ཚན་ཁག་གི་ཀྲུའུ་རེན་གཞོན་པ་ཡན་ཕིང་གིས་བཤད་པ་ལྟར་ན། མཐོ་སྒང་དུ་འཚོ་ཡུན་རིང་ན། སྙིང་ལ་དངོས་གནས་རྒྱུད་འགྱུར་འབྱུང་སྲིད། མིའི་ལུས་ཕུང་ལ་རྒྱུན་དུ་ཕྱི་རོལ་ཡུལ་གྱི་འགྱུར་ལྡོག་དང་བསྟུན་ནས་འགྱུར་ལྡོག་འབྱུང་བ་དང་། མཐོ་སྒང་ས་ཁུལ་ནི་མཚོ་ངོས་ལས་མཐོ་ཞིང་། དབྱང་རླུང་དཀོན་པའི་དབང་གིས་ནང་ལོགས་ཀྱི་མི་རྣམས་མཐོ་སྒང་དུ་ཡོང་ན་མི་བདེ་བའི་ཚོང་སྣང་འབྱུང་བ་རེད། གལ་ཏེ་དུས་ཡུན་རིང་པོར་མཚོ་ངོས་ལས་མཐོ་བའི་ས་ཁུལ་དུ་འཚོ་བ་རོལ་ན། མིའི་ལུས་པོར་དུས་ཡུན་རིང་པོར་དབྱང་རླུང་མ་འདང་བའི་དབང་གིས་གློ་བའི་འཕར་རྩར་མཐོ་གནོན་འབྱུང་བ་དང་། ཡུན་རིང་འགོར་ན་སྙིང་གཡས་ཁོག་ཆུང་གི་ཁུར་བོ་ཇེ་ལྗིད་དུ་སོང་ནས། རིམ་གྱིས་སྙིང་གི་ནུས་ཤུགས་ཉམས་པ་རེད།
        ཡུན་རིང་པོར་མཐོ་སྒང་དུ་འཚོ་བ་དང་། ནང་སྒོས་སུ་མཚོ་ངོས་ལས་མཐོ་ཚད་ལ་སྨི3000ཡན་ཡོད་པའི་གནས་སུ་འཚོ་བ་རོལ་ན། སྙིང་ལ་རྒྱུད་འགྱུར་འབྱུང་བའི་ཚད་ཧ་ཅང་མཐོ། སྙིང་ལ་རྒྱུད་འགྱུར་འབྱུང་བའི་ཚད་ནི་མཚོ་ངོས་ལས་མཐོ་ཚད་དང་བསྟུན་ནས་ཇེ་མཐོར་འགྲོ་བ་དང་། ནད་དེ་ནི་ལོ་གཅིག་གི་དུས་ཚིགས་བཞི་བོར་ལྡང་བར་མ་ཟད།མཐོ་སྒང་དུ་འཚོ་ཡུན་ཇེ་རིང་དུ་སོང་བ་དང་བསྟུན་ནས།ནད་འབྱུང་ཚད་ཀྱང་རིམ་གྱིས་ཇེ་མཐོར་འགྲོ་བ་རེད།
        དེ་ནི་མཚོ་ངོས་ལས་མཐོ་བའི་གནས་སུ་དབྱང་རླུང་དཀོན་པའི་དབང་གིས། སྙིང་གི་ཁུར་བོ་ཇེ་ལྗིད་དུ་སོང་བ་ལས་བྱུང་བ་ཡིན་ལ།ནད་དེའི་རིགས་ཀྱི་འབྱུང་ཚད་ཧ་ཅང་དལ་བས།ནད་རྟགས་རིམ་བཞིན་ཇེ་མང་ལ་འགྲོ་བ་རེད།སྔ་དུས་སུ་རྫ་དུག་ཕོག་པ་དང་གློ་བའི་འཕར་རྩ་མཐོ་མནོན་གྱི་ནད་རྟགས་རེ་གཉིས་འབྱུང་བ་སྟེ།དཔེར་ན་མགོ་ན་བ་དང་ཐང་ཆད་པ།ལུས་པོར་ཤུགས་མེད་པ།གཉིད་མི་ཡོང་བ།ཟས་ལ་ཡི་ག་མེད་པ་སོགས་ཀྱི་ནད་རྟགས་འབྱུང་ཞིང་།ནད་གཞི་ཇེ་ལྗིད་དུ་སོང་བ་དང་བསྟུན་ནས།སྙིང་གཡུག་པ་དང་བྲང་ཁོག་ན་བ།དབུགས་ལེན་མི་ཐུབ་པ།མཇིང་རྩ་རྒྱས་པ།མཆིན་པ་སྐྲང་བ།ཁོག་སྨད་སྐྲང་བ་སོགས་སྙིང་གི་བྱེད་ནུས་ཉམས་པའི་ནད་རྟགས་འབྱུང་སྲིད།
        ལོ་ན62ཅན་གྱི་ཨ་ཁུ་སངས་རྒྱས་ལས་འཁྱུར་ངལ་གསོ་བྱས་རྗེས་ནང་ལོགས་སུ་སོང་ནས་འཚོ་བ་རོལ་བ་རེད། མཐོ་སྒང་རང་བཞིན་གྱི་སྙིང་ནད་ཡོད་པའི་ཁོ་རང་ནང་ལོགས་སུ་འཚོ་བ་རོལ་ནས་ཡུན་ཙམ་འགོར་རྗེས།ནད་གཞི་ཇེ་དགའ་རུ་སོང་། ཡན་ཕིང་གིས་བཤད་རྒྱུར། མཐོ་སྒང་རང་བཞིན་གྱི་སྙིང་ནད་ནི་དྲག་སྐྱེད་འབྱུང་ཐུབ་པ་ཞིག་ཡིན་མོད།འོན་ཀྱང་ནད་པ་ངེས་པར་དུ་མཐོ་སྒང་དང་ཁ་བྲལ་ཏེ།དབྱང་རླུང་འདང་ཚོད་ཡོད་པའི་ས་ཁུལ་དུ་སོང་ནས་འཚོ་བ་རོལ་ན་ད་གཟོད་དྲག་སྐྱེད་འབྱུང་ངེས་རེད།རྒྱུ་མཚན་ནི་མཐོ་སྒང་རང་བཞིན་གྱི་སྙིང་ནད་ནི་མཐོ་སྒང་དུ་དབྱང་རླུང་མ་འདང་བའི་དབང་གིས་སྙིང་གི་ཁུར་བོ་ཇེ་ལྗིད་དུ་སོང་བ་དང་།སྙིང་གི་བྱེད་ནུས་ཉམས་ཏེ་སྙིང་གཡུག་པ་དང་སེམས་འཚབ་པ།དབུགས་ལེན་དཀའ་བ།མཆུ་སྒྲོས་སྔོན་པོར་གྱུར་པ་སོགས་ཀྱི་ནད་རྟགས་འབྱུང་ཞིང་།ནང་ལོགས་ཀྱི་དབྱང་རླུང་འདང་ཚོད་ཡོད་པའི་ས་གནས་སུ་སོང་ན། སྙིང་གི་ཁུར་བོ་རིམ་གྱིས་ཇེ་ཡང་དུ་སོང་ནས། ནད་གཞི་ཇེ་དགའ་ནས་ཇེ་དགའ་རུ་འགྲོ་བ་རེད།
        དེ་བས། མཐོ་སྒང་དུ་འཚོ་བཞིན་པའི་མི་མང་པོ་ཞིག་ལས་འཁྱུར་ངལ་གསོ་བྱས་རྗེས་ནང་ལོགས་སུ་སོང་ནས་འཚོ་བ་རོལ་བཞིན་ཡོད། མི་ཁ་ཤས་ཤིག་གིས་ལོ60ཡི་སྔོན་ལ་ནང་ལོགས་སུ་སོང་ན་ལུས་པོར་ཧ་ཅང་ཕན་མོད།འོན་ཀྱང་ལོ70ཡི་རྗེས་སུ་མཚོ་ངོས་ལས་དམའ་བའི་གནས་སུ་འགྲོ་འཚམ་པར་འདོད་ཀྱིན་ཡོད།
        དེའི་ཐད་ནས་ཡན་ཕིང་གིས་བཤད་རྒྱུར།བཤད་ཚུལ་དེ་ནི་ཚན་རིག་དང་མཐུན་པ་ཞིག་མིན།སྙིང་ལ་རྒྱུད་འགྱུར་འབྱུང་མིན་དེ་མི་རང་ཉིད་ཀྱི་གཟུགས་གཞི་ལ་རག་ལས་པ་དང་།མཐོ་སྒང་དུ་སྡོད་པར་འཚམ་མིན་ཡང་མི་རེ་རེའི་གཟུགས་གཞི་ལ་རག་ལས་པ་ལས།ལོ་ཚོད་ལ་རག་ལས་པ་མིན།མིའི་ལུས་སྟེང་གི་དོན་སྣོད་ཡོངས་རྫོགས་མཚོ་ངོས་ལས་དམའ་བའི་ས་ཆར་ལོབས་རག་བར་དུ་གོ་རིམ་ཞིག་དགོས་པས།སྤྱིར་བཏང་གིས་ལུས་པོ་བདེ་ཐང་ཡིན་པའི་རྒན་པ་རྣམས་ནང་ལོགས་སུ་སོང་ན་གནད་དོན་གང་ཡང་འབྱུང་མི་སྲིད།
        ཡིན་ན་ཡང་སྙིང་ནད་ལྗིད་མོ་ཕོག་ཡོད་པ་དང་ལོ་ཚོད་མཐོ་དྲགས་པའི་རྒན་པ་རྣམས་མཚོ་ངོས་ལས་དམའ་བའི་ས་ཆར་མ་སོང་ན་དགའ།རྒྱུ་མཚན་ནི་མཐོ་སྒང་དུ་འཚོ་ཡུན་རིང་བའི་མི་རྣམས་དམའ་སར་སོང་ནའང་ཐང་ཆད་པ་དང་ལུས་པོར་ཤུགས་མེད་པ།གཉིད་མང་བ།ཟས་ལ་ཞེན་པ།ལུས་པོ་ཇེ་ལྗིད་དུ་འགྲོ་བ།ཁོག་སྨད་སྐྲང་བ་སོགས་ལུས་པོར་མི་བདེ་བའི་ཚོར་སྣང་སྣ་ཚོགས་འབྱུང་སྲིད་ལ།གསོ་བ་རིག་པའི་སྟེང་དུ་དེ་ལ“མཚོ་ངོས་ལས་དམའ་བའི་ཕྱོགས་བསྡུས་ནད་རྟགས”ཟེར།མཐོ་སྒང་གི་ནད་རིགས་ཡོད་པའི་མི་རྣམས་མཚོ་ངོས་ལས་དམར་སར་སོང་ན་སྤྱིར་བཏང་གིས་ཟླ3ནས4ཡི་ནང་དུ་ནད་རྟགས་དེ་དག་མེད་པར་འགྱུར་འགྲོ་མོད།འོན་ཀྱང་ཟླ4ཡི་རྗེས་སུ་ནད་པ་ཁ་ཤས་ལ་ཡང་བསྐྱར་ནད་རྟགས་དེ་དག་བྱུང་སྟེ།ལུས་པོར་མི་བདེ་བའི་ཚོར་སྣང་སྣ་ཚོགས་འབྱུང་བ་དང་།མཐོ་སྒང་རང་བཞིན་གྱི་ཁྲག་ཤེད་མཐོ་བའི་ནད་པའི་ཁྲག་ཤེད་ཇེ་དམའ་རུ་སོང་ནས་རྒྱུན་ལྡན་གྱི་ཁྱབ་ཁོངས་སུ་སླེབས་རྗེས།ཡང་བསྐྱར་ཇེ་མཐོར་འགྲོ་བ་དང་ཡང་ན་རེ་མཐོ་རེ་དམའ་ཡི་གནས་ཚུལ་འབྱུང་བ་རེད།དེའི་རྒྱུ་མཚན་ནི་ད་རག་བར་དུ་གསལ་བོ་ཞིག་ཤེས་མེད་དོ། །

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1