གཙོ་ངོས།>> གནའ་ཤུལ།>>རྟོག་ཞིབ།

རྒྱལ་མཚན། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། ༢༠༡༩ལོའི་ཟླ་བ་༠༩ཚེས་༡༢ཉིན།

༄༅།། སྡེ་དགེ་པར་ཁང་གི་བོད་ཡིག་པར་གཞི་རྙིང་པ་འཛམ་གླིང་ཤུལ་བཞག་དྲན་ཤེས་དཀར་ཆག་ནང་འཇོག་པའི་རེ་ཞུ་ཕུལ་བ། རྒྱལ་མཚན།

    དེ་ཡང་པར་ཁང་འདི་ཉིད་ལ་བཞུགས་སུ་གསོལ་བའི་གསུང་རབ་ཀྱི་རྣམ་གྲངས་ཕུན་སུམ་ཚོགས་ཤིང་ཆ་ཚང་བ། དཔེ་རྒྱུན་ཁུངས་བཙན་དག་སྙོམ་མཛེས་གསུམ་ལྡན་པའི་དཔེ་དཀོན་ཡིན་ལ། པར་བརྐོ་འདེབས་ལག་རྩལ་གྱི་བརྒྱུད་པ་ད་བར་མ་ཉམས་པ་གཞན་གང་དུའང་འདི་ལས་གཉིས་སུ་མེད་ཅིང་། པར་ཤིང་དང་པར་ཁང་གི་བཟོ་བཀོད་ལག་རྩལ་ཧ་ཅང་ཞིབ་ཅིང་རིག་གནས་སྒྱུ་རྩལ་དང་། སྐད་ཡིག་ཁྱབ་སྤེལ། དཔེ་ཆའི་མཛེས་ཆ། ལག་ཤེས་ཞིབ་འཇུག་སོགས་རང་བཞིན་ལྡན་པའི་ཁྱད་ཆོས་བོད་ཡོངས་ལ་མེད་པ་མ་ཟད། འཛམ་གླིང་གི་ཡང་རྩེར་སོན་པའོ། ། ད་ཕན་ལོ་སུམ་བརྒྱ་སོང་ཟིན་པའི་ངོ་མཚར་ཆེ་བའི་དངོས་པོ་དང་། དངོས་མིན་རིག་གནས་ཤུལ་བཞག་འདི་དག་ཇི་སྲིད་མི་ནུབ་པར་སྲུང་སྐྱོང་དང་། ཕྱི་རབས་འགྲོ་བ་མིའི་རིགས་ལ་དྲན་ཤེས་སུ་འཇོག་རྒྱུའི་རེ་འབོད། འཛམ་གླིང་ཡོངས་ཀྱི་ཁྱབ་ཁོངས་སུ་དེའི་རིན་ཐང་བརྒྱུད་བསྒྲགས་བྱ་དགོས་པར་བརྟེན། དཀར་མཛེས་ཁུལ་དང་། སྡེ་དགེ་རྫོང་མི་དམངས་སྲིད་གཞུང་གི་འགོ་ཁྲིད་འོག །སྡེ་དགེ་པར་ཁང་དང་། དཀར་མཛེས་ཁུལ་ཡིག་ཚགས་ཁང་། ཁམས་པའི་རིག་གནས་ཞིབ་འཇུག་ཁང་བཅས་ཀྱིས་འཛམ་གླིང་ཡིག་ཚགས་ཤུལ་བཞག་དཀར་ཆག་ནང་ཚུད་པའི་སྙན་ཞུའི་ཡིག་ཆ་དང་པར་རིས་བཅས་ཆ་ཚང་་དང་རྒྱལ་ཁབ་དང་ཞིང་ཆེན་ཡིག་ཚགས་ཁང་སོགས་འབྲེལ་ཡོད་སྡེ་ཚན་བརྒྱུད་ནས། མཉམ་འབྲེལ་རྒྱལ་ཚོགས་སློབ་ཚན་རིག་གསུམ་རྩ་འཛུགས་འཛམ་གླིང་རིག་དངོས་ཤུལ་བཞག་འཆར་འགོད་ཁང་ལ་ཕུལ་ཡོད་པ་རེད། དེའང་སྤྱི་ལོ་2015ལོའི་ཟླ་བ་11པའི་ཚེས་27 ཉིན་དཀར་མཛེས་ཁུལ་མི་དམངས་སྲིད་གཞུང་གིས་འཛམ་གླིང་ཡིག་ཚགས་ཤུལ་བཞག་དཀར་ཆག་སྙན་ཞུ་ཕུལ་བའི་སྐོར་གྱི་བརྡ་ཡིག་ལ། སྔོན་མའི་ཁུལ་དཔོན་ཡེ་ཤེས་ཟླ་བས་ཟླ་བ་12པའི་ཚེས་1 ཉིན་ཅི་མགྱོགས་ཀྱིས་སྙན་ཞུ་འབུལ་རྒྱུའི་ལས་ཀའི་གྲ་སྒྲིག་དགོས་ཚུལ་གྱི་མཆན་བཀོད་མཛུབ་སྟོན་གནང་བའི་བརྡ་ཡིག་དེ་ ཁུལ་སྲིད་གཞུང་གིས་ཁུལ་ཨུ་དྲིལ་བསྒྲགས་པུའུ་དང་། ཁུལ་རིག་གནས་ལུས་རྩལ་རྒྱང་བསྒྲགས་ཁང་། ཁུལ་ཡིག་ཚགས་ཁང་། ཁུལ་བརྙན་འཕྲིན་ཁང་། སྡེ་དགེ་རྫོང་མི་དམངས་སྲིད་གཞུང་བཅས་ལ་བཀྲམ་ཞིང་། ཡེ་ཤེས་ཟླ་བས་གཙོ་འགན་བཞེས་པའི་ལས་སྒྲུབ་འགོ་ཁྲིད་ཚོ་ཆུང་བཙུགས་ཏེ་མིང་ཐོ་རྒྱལ་ཁབ་དང་ཞིང་ཆེན་གྱི་འབྲེལ་ཡོད་ལས་ཁུངས་ལ་ཞུ་འབུལ་བྱས་པ་རེད།

པར་ཁང་གི་པར་འདེབས་ཚོམས་ཆེན།

        སྤྱི་ལོ་2017ལོའི་ཟླ་བ་8པའི་ཚེས་23ཉིན་དཀར་མཛེས་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་ཞའོ་ཡུའུ་ཚའེ་ཡིས་གཙོ་སྐྱོང་གནང་སྟེ། ཤུལ་བཞག་དཀར་ཆག་སྙན་ཞུའི་ལས་ཀའི་ཆེད་དོན་གྲོས་འཚོགས་ཚོགས་ནས། ཚེས་30ཉིན་སླར་ཡང་ཁུལ་དཔོན་ཞའོ་ཡུའུ་ཚའེ་ཡིས་གཙོ་འགན་བཞེས་པའི་ལས་སྒྲུབ་འགོ་ཁྲིད་ཚོ་ཆུང་དང་། ཆེད་ལས་མཁས་དབང་ཚོ་ཆུང་སྒྲིག་འཛུགས་བྱས་པ་དང་། ཁུལ་དཔོན་གྱིས་སྡེ་དགེ་རྫོང་ཨུ་རྫོང་མི་དམངས་སྲིད་གཞུང་དང་། ཁུལ་ཡིག་ཚགས་ཁང་གི་ལས་ཀའི་སྙན་ཞུ་ཉན་པ་དང་ཆེད་དུ་རྒྱལ་ཁབ་ཡིག་ཚགས་ཁང་ལ་ལས་ཀའི་སྙན་ཞུ་ཕུལ་ཡོད་པ་རེད། ལས་ཀའི་མགོ་མཇུག་བར་གསུམ་དུ་ཁུལ་དང་རྫོང་མི་དམངས་སྲིད་གཞུང་གི་ཐུགས་ཁུར་དང། ཆེད་ལས་མཁས་དབང་ཚོ་ཆུང་དང་འགོ་འཛིན་ལས་ཁུངས་བཅས་ཀྱིས་འབད་བརྩོན་ལྷོད་མེད་ཀྱིས་རྒྱབ་སྐྱོར་བྱས་པ་དང་། རྒྱལ་ཁབ་དང་ཞིང་ལྗོངས་ལྔའི་ངེས་པ་དོན་གྱི་མཁས་དབང་རྣམ་པས་སྙན་ཞུའི་འབུལ་ཡིག་ལ་བློ་མཉམ་གྱི་འོས་སྦྱོར་ཡི་གེ་བྲིས་གནང་བ་བཅས་དཀའ་ཚེགས་དང་འགལ་རྐྱེན་རྙོག་འཛིང་ཆེ་བ་གང་མང་བརྒལ་ཏེ་སྤྱི་ཟླ་བརྒྱད་པར་གོང་ཞུས་སྡེ་ཚན་ལ་ཕུལ་ཡོད་པ་རེད།

སྡེ་དགེ་པར་ཁང་གི་བོད་ཡིག་པར་གཞི་རྙིང་པ་འཛམ་གླིང་ཡིག་ཚགས་ཤུལ་བཞག་དྲན་ཤེས་དཀར་ཆག་ནང་འཇོག་རྒྱུའི་སྐོར་གྱི་ཚོགས་འདུ་འཚོགས་བཞིན་པ།

        ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་གི་ཡོན་ཧྲི་དང་། འཛམ་གླིང་ཆོས་ལུགས་ཞིབ་འཇུག་ཁང་གི་སོའོ་ཀྲང་། ཀྲུང་གོ་ཆོས་ལུགས་ཚོགས་པའི་ཚོགས་གཙོ་ཀྲའོ་ཞིང་ཕིང་དང་། སྔོན་མའི་ཀྲུང་གོ་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་དང་། ཀྲུང་གོ་རྩོམ་པ་པོ་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་བསྟན་འཛིན། རྒྱལ་ཁབ་རིམ་པའི་མཛད་རྗེས་དམིགས་བསལ་ཅན་གྱི་མཁས་དབང་གཟན་དཀར་ཐུབ་བསྟན་ཉི་མ། ཀྲུང་གོ་བོད་ཀྱི་ཤེས་རིག་ཞིབ་འཇུག་ལྟེ་གནས་ཀྱི་སྔོན་གྱི་དབུ་ཁྲིད་གཞོན་པ་དགེ་ལེགས། ཀྲུང་གོའི་བོད་བརྒྱུད་ནང་བསྟན་མཐོ་རིམ་སློབ་གླིང་གི་ཞིབ་འཇུག་པ་དོར་ཞི་བློ་བཟང་ཐུབ་བསྟན་ཆོས་འཕེལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྲིད་གཞུང་གི་ཕོགས་སྣོན་གནང་སའི་མཁས་དབང་བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་ཞིབ་འཇུག་པ་པ་སངས་དབང་འདུས་སོགས་ཀྱིས་འོས་སྦྱོར་ཡི་གེ་འབྲི་གནང་མཛད་ཡོད།  


པར་རྐོ་བ་འཇམ་གྲགས་ཀྱིས་ཁྲིད་སྟོན་བྱེད་བཞིན་པ།


39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1