གཙོ་ངོས།>> ཞིབ་འཇུག>>ལོ་རྒྱུས།

ཀརྨ་རྒྱལ་མཚན་གྱིས་བྲིས། དཀོན་རྡོས་པར་བླངས། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། ༢༠༡༩ལོའི་ཟླ་བ་༠༩ཚེས་༡༡ཉིན།

༄༅།། སྡེ་དགེ་རྒྱལ་པོའི་གདུང་བརྒྱུད་དང་ཁྲི་རབས།


ཀརྨ་རྒྱལ་མཚན་གྱིས་བྲིས། དཀོན་རྡོས་པར་བླངས།
        དཔལ་ལྡན་སྡེ་དགེ་ཆོས་ཀྱི་རྒྱལ་པོའི་གདུང་བརྒྱུད་ཀྱི་དང་པོ་སྔོན་དུས་ལྷ་མི་བར་གྱི་དམུ་ཐག་ལ་བརྟེན། ཤར་མི་ཉག་བཞག་ར་ལྷ་རྩེར་ཕེབས་ནས་དར་ཚུལ་དང་། རུས་ནི་སྒོ་ལྷ་སྡེ་དཀར་པོར་གྲགས། སྡེ་དགེ་ལ་སྔར་ནས་རླངས་དཀར་ནག་གི་ལོ་རྒྱུས་དང་། རླངས་མདོ་དྲུག་ས་བཟུང་ཚུལ་ཏེ། རླངས་རྒོད་ལྡིང་བརྒྱུད་ལ་སྟོང་དགེ་བྱུང་ཞེས་མིང་ཟུར་ཆགས་པ། སྡེ་དགེའམ་སྡེ་ཁེ་ཞེས་གྲགས།
        བསོད་ནམས་རིན་ཆེན་ཞེས་བྱ་བ་ནི་ཡ་རབས་དམ་པའི་སྤྱོད་ཚུལ་སོགས་ཡོན་ཏན་དུ་མ་དང་ལྡན་པ། གང་དེས་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་འགྲོ་མགོན་འཕགས་པའི་ཞབས་པད་བཅར་ཚེ་འགྲོ་མགོན་འཕགས་པའི་ཞལ་ནས། སྡེ་བཞི་དགེ་བཅུའི་ཡོན་ཏན་གྱིས་ཕྱུག་པའི་སྐྱེས་བུ་ཕེབས་ཞེས་བཀའ་བསྩལ། སྡེ་དགེ་ཞེས་པའི་མཚན་ཡང་དེ་ནས་ཐོགས་ཞེས་ཟེར།
        དེའང་ལོ་རྒྱུས་ཀྱི་ཡིག་ཚང་མང་པོའི་ནང་ནས། སྤྱིར་རུས་ཆེན་བཞིར་གྲགས་པའི་སྒོ་ལྷ་སྡེ་དཀར་པོའི་རིགས་ལས། འོད་གསལ་ལྷའི་གདུང་རྒྱུད། འཇིག་རྟེན་སྟོབས་ཀྱི་ཆེ་རྒྱུད། གྲུབ་པ་ཐོབ་པའི་ཆོས་རྒྱུད། རིག་པ་འཕྲུལ་གྱི་མཁས་རྒྱུད། ཅེས་པ་ལྟར། ཐོག་མར་ཉིད་ནས་སྲིད་ཞིའི་ཕུན་ཚོགས་ཀྱི་སྟོབས་འབྱོར་མ་ཉམས་པའི་ཆོས་བློན་མགར་དམ་པའི་བརྒྱུད་པ་ལས་བྱུང་བ་ལ་གདུང་རབས་རིམ་བྱོན་ཟེར།

སྡེ་དགེའི་ཕོ་བྲང་། 

        དེ་ནས་གདུང་རབས་སོ་ལྔ་པ་བོ་ཐར་ནི་བློ་གྲོས་ཀྱི་སྟོབས་རྩལ་ཕུན་སུམ་ཚོགས་པར་གྱུར་ཅིང་། དེ་ལ་སྲས་མོ་ཤིན་ཏུ་མཛེས་པ་ཞིག་སྐྱེས་པ་དེ་གླིང་དཔོན་གྱི་བཙུན་མོར་བཞེས་པའི་མོ་རིན་དུ་ཟིལ་རྒྱུད་ཕྱོགས་ཀྱི་ས་ཞིང་དང་ཡུལ་གྲུ་བཅས་ཐོབ་སྟེ་བོ་ཐར་བུ་མོས་ཚིམས་ཟེར་བའང་དེ་ནས་བྱུང་། གང་དེ་དབུ་འཕང་དར་རྒྱས་སུ་བཞུགས་སྐབས་དཔལ་གྲུབ་པའི་དབང་ཕྱུག་ཐང་སྟོང་རྒྱལ་པོ་སྤྱན་དྲངས་ཏེ་གོང་དུ་བཀུར། གྲུབ་ཆེན་གྱིས་དངུལ་མདའི་སྲིབ་རིའི་གཤམ་དུ་མཚོ་ཆུང་ངུ་ཞིག་ཡོད་པ་དེར་རས་གཟན་གྱིས་བཀབ་ནས་ལྷ་ཁང་བཞེངས། དེར་གྲུབ་ཆེན་ཉིད་ཀྱིས་དཔལ་མགོན་ཞལ་གྱི་ལྗགས་བསྙེན་མཛད། དེ་ནས་སྲིབ་དགོན་ཕྱག་བཏབ་སྟེ་གཙུག་ལག་གཉིས་ཀའི་རྟེན་འབྲེལ་གྱི་སྒོ་ལྷུན་གྲུབ་ཏུ་འགྲིག་པར་གྱུར་ཏེ། དགོན་པའི་མིང་ལ་ལྷུན་གྲུབ་སྟེང་ཞེས་བསྔགས། བོ་ཐར་གྱི་མཚན་ལ་བཀྲ་ཤིས་སེང་གེ་གསོལ། སྡེ་དགེའི་རྒྱལ་པོའི་རྒྱལ་རབས་ཀྱི་ཐོག་མར་འདི་ནས་བརྩིས།


སྡེ་དགེ་རྒྱལ་པོའི་སྡིག་ཐམ།



སྡེ་དགེ་རྒྱལ་པོའི་འཇའ་ཚོན་སྣ་ལྔ་ཞེས་པའི་ཐམ་ག


        དེ་ནས་ཁྲི་རབས་བདུན་པ་བྱམས་པ་ཕུན་ཚོགས་ཞེས་བྱ་བ་སྟེ་ཆོས་ཁྲིམས་གསེར་གྱི་གཉའ་ཤིང་ལས་དྲང་ལ་ལྕི་བ་ཟུང་དུ་འབྲེལ་བས་མཐོ་བ་གཉའ་ཟམ་གཅིག་གི་འོག་ཏུ་བསྡུས། དམའ་བ་འོག་ནས་བསྐྱངས་ཏེ་རྒན་མོ་གསེར་ཁུར་གྱི་ལམ་ཐོབ། མི་དཔུང་གྲ་སྡེབ་བྱེད་ས་མེད་པས་ཕ་བསད་བུ་དང་། ཕ་ཤི་བུ་གཉིས་ཀྱང་མཛའ་མཐུན་ལག་སྦྲེལ་ཆོག་པའི་རྒྱལ་ཁྲིམས་དང་ཆོས་ཁྲིམས་བསྡམས། ཀུན་གྱིས་ཡོ་དྲང་ཐིག་འདེབས་སྡེ་དགེའི་ཁྲིམས་རྒན་ཞེས་གང་དེའི་བཀའ་དྲིན་གཞལ་དུ་མེད་པར་གྲགས། བླ་ཆེན་འདི་ནས་སྡེ་དགེའི་ཆོས་རྒྱལ་གྱི་གདན་རབས་ཀྱི་དབུ་ཚུགས་པའོ། །དེའང་། ཁྲིམས་ལུགས་ཆོས་བཞིན་མི་སྐྱོང་ན། །རྒྱལ་པོ་ཡིན་ཡང་ཆོས་རྒྱལ་མིན། ། གསེར་གཡུ་མུ་ཏིག་འཆིང་བུ་ཕལ། །ནོར་བུ་ཡིན་ཡང་བསམ་འཕེལ་མིན། །དེ་ཕྱིར་དམ་ཆོས་གཙོར་མཛད་པའི། །གདུང་རབས་དྲི་མེད་བྱུང་བ་དག །ཆོས་ཀྱི་རྒྱལ་པོ་ཞེས་བརྗོད་པ། །མཚན་དང་དོན་གཉིས་མཐུན་པ་ཡིན། །ཞེས་གསུངས་པ་ལྟ་བུའོ། །


སྡེ་དགེའི་རྒྱལ་རབས་ཉེར་གསུམ་པ་ལྷ་སྲས་ཚེ་དབང་བདུད་འདུལ།



སྡེ་དགེའི་པར་ཁང་ནང་གི་སྡེ་དགེའི་རྒྱལ་བློན་སྐུ་འཁོར་གྱི་ལྡེབས་རིས། 




        དེའང་སྡེ་དགེའི་སྡིག་ཐམ་བྱུང་ཚུལ་ལ་སྡེ་དགེ་རྒྱལ་རབས་ལས། །སྡེ་དགེ་བླ་མ་ཀུན་དགའ་རྒྱ་མཚོ་ཞེས། །གང་དེས་ཨོ་རྒྱན་སངས་རྒྱས་གཉིས་པ་དངོས། །འཇའ་ཚོན་སྙིང་པོས་བླ་སློབ་ཚོགས་འཁོར་སྐབས། །ཟན་ལས་ཆེ་མཆོག་པདྨ་ཐོད་ཕྲེང་གི །ཕྱག་རྟགས་སྡིག་གཟུགས་བཅོས་ནས་ཁྱེད་རང་གི །བརྒྱུད་པས་འདི་འདྲའི་ཕྱག་རྟགས་འཆང་ན་དགེ། གསུངས་བཞིན་ཕྱིས་སུ་པདྨའི་ལུང་འཛིན་པ། །འཁྲུལ་མེད་གཏེར་ཆེན་ཀློང་གསལ་སྙིང་པོ་ཡིས། །སྡིག་ཐམ་གཏེར་བླངས་སྡེ་དགེར་ཕུལ་མཛད་པས། །སྲིད་དང་ཆོས་ཀྱི་དགེ་ལེགས་འཕེལ་བརྟན་དུ། །གྱུར་ནས་ད་ལྟའང་དེ་རྒྱུན་གནས་འདིའོ། ། ཞེས་གསུངས་པའི་སྡིག་ཐམ་འདིས་མི་ལྟ་ཅི་སྨོས་ལྷ་དང་ལྷ་མ་ཡིན་ཡང་ཟིལ་གྱིས་མནན་པར་ཟེར། དེ་མིན་གནམ་འཇའ་ཚོན་སྣ་ལྔ་དང་ས་སྡིག་པ་རྭ་ཛ་ཞེས་པའི་འཇའ་ཚོན་སྣ་ལྔའི་ཕྱག་ཐམ་ཞིག་ཀྱང་ཡོད་པ་མཐོང་བ་མངོན་སུམ་གྲུབ། །  

 

དཔེ་ཝར་དགོན་པའི་འདུ་ཁང་གི་སྡེ་དགེའི་རྒྱལ་བློན་སྐུ་འཁོར་གྱི་ལྡེབས་རིས།


     

དབོན་སྟོད་དགོན་པའི་འདུ་ཁང་གི་སྡེ་དགེའི་རྒྱལ་པོ་དང་དབུ་བླ་ཁག་ལྔའི་ལྡེབས་རིས།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1