གཙོ་ངོས།>> གསར་འགྱུར།>>སི་ཁྲོན་བོད་ཁུལ།

དྲུང་འཚོ་ཨོ་རྒྱན་བསྟན་འཛིན་དང་བདེ་ལྡན། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། ༢༠༡༩ལོའི་ཟླ་བ་༠༩ཚེས་༡༡ཉིན།

མདོ་ཁམས་སྡེ་དགེ་རྫོང་སྨན་རྩིས་ཁང་གི་བགྲང་བྱ་དྲུག་ཅུའི་འོད་མདངས།

        དེ་ཡང་འཛམ་གླིང་གི་གནའ་བོའི་གསོ་རིག་ཐམས་ཅད་ཀྱི་ཉིང་ཁུའམ་སྲོག་ཤིང་ལྟར་གྱུར་པའི་བོད་ཀྱི་གསོ་བ་རིག་པ་ནི་ཆེས་སྔ་བའི་རྒྱུན་རིང་གི་ལོ་རྒྱུས་ལྡན་པ་དང་། དེར་ཆ་ཚང་བའི་རིག་པའི་གཞུང་ལུགས་ཀྱི་མ་ལག་ཡོད་ཅིང་མཐོང་བ་བརྒྱུད་པའི་ཕྱག་ལེན་བར་མ་ཆད་པར་བཞུགས་པའི་འཛམ་གླིང་ཡུལ་གྲུ་ཁག་ཏུ་མཐོང་དཀོན་པའི་གསོ་རིག་རླབས་པོ་ཆེ་ཞིག་ཡིན་པ་མ་ཟད། འཛམ་གླིང་སྲོལ་རྒྱུན་གསོ་རིག་ཆེན་པོ་བཞིའི་ཡ་གྱལ་ཞིག་ཀྱང་ཡིན།

སྡེ་དགེ་རྫོང་སྨན་རྩིས་ཁང་གི་མདུན་སྒོ།


གཅིག  ལོ་རྒྱུས་ཐོག་གི་སྡེ་དགེའི་བོད་སྨན།
        མདོ་ཁམས་སྡེ་དགེའི་བོད་སྨན་ཞེས་རྒྱལ་ཕྱི་ནང་ཀུན་ཏུ་ཡོངས་སུ་གྲགས་པའི་སྨན་རྩིས་ཁང་འདི་ཉིད་ཀྱང་ཆུ་མགོ་གངས་ལ་ཐུག་པའི་དཔེ་བཞིན་ཐོག་མར་ཞང་བོད་རྒྱལ་རབས་རིམ་བྱོན་དུས་ནས་མེད་པ་ཡོད་པ་དང་ཡོད་པ་དར་རྒྱས་སུ་ཕྱིན་པ་གོར་མ་ཆག །བསྟན་པ་སྔ་དར་གྱི་དུས་སུ་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་བླ་སྨན་པ་བོད་སྨན་གྱི་མཁས་པ་མི་དགུའི་གཙོ་བོ་གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོ་མདོ་ཁམས་ཕྱོགས་སུ་ཕེབས་ནས་འགྲོ་བ་ནད་པའི་དོན་དང་གསོ་རིག་གི་བསྟན་པ་སྤེལ། དེ་རྗེས་མཉམ་མེད་དྭགས་པོ་ལྷ་རྗེའི་སློབ་མ་རྗེ་ཕག་མོ་གྲུ་པ་དང་ཀ་དམ་པ་བདེ་གཤེགས་སམ་མཚན་གཞན་ལ་བླ་མ་ཤར་པ་སྤོབས་པ་མཐའ་ཡས་སམ་ཤེས་རབ་སེང་གེ་ཞུ་བ་གཉིས་སྤུན་མཆེད་ཀྱི་ཚུལ་དུ་སྤྱི་ལོ་1110ལོ་དང་1122ལོར་མདོ་ཁམས་ལྷོ་རྒྱུད་དཔེ་ཝར་དང་རྨེ་ཤོད་གཉིས་ཀྱི་མདོ་འབལ་མོ་གསེར་ཁང་ཞེས་པར་(དེང་སང་སྡེ་དགེ་རྫོང་དཔེ་ཝར་ཤང་འབོས་མོ་གྲོང་སྡེར་)འཁྲུངས། 1159ལོར་ཀ་དམ་པ་བདེ་གཤེགས་ཀྱིས་བླ་མའི་ལུང་བསྟན་བཞིན་ཁམས་ཀ་ཐིལ་གྱི་ལུང་པའི་ཕུ་ཡི་གེ་ཀ་འདྲ་བའི་སའི་ཆར་ཀཿཐོག་དགོན་ཆེན་ཐོག་མར་ཕྱག་བཏབ། དེ་ནས་ཀ་ཐོག་དགོན་དུ་བཅུ་ཕྲག་རིག་གནས་ཀྱི་སློབ་གླིང་བཙུགས་ནས་སྨན་པ་གྲྭ་ཚང་དུ་གསོ་རིག་འཆད་ཉན་གྱི་དབུ་ཚུགས། དེ་དང་ད་བར་སྡེ་དགེའི་ས་ཁུལ་དུ་བོད་ལུགས་གསོ་རིག་དངོས་སུ་འཆད་རྩོད་རྩོམ་པ་དར་ནས་བགྲང་བྱ་860ལྷག་གི་ལོ་རྒྱུས་ལྡན།
སྡེ་དགེ་སྨན་རྩིས་ཁང་གི་ཐེངས་དང་པོའི་སྨན་སྦྱོར་ལྟེ་གནས་ཀྱི་ཁང་རྙིང་།
སྡེ་དགེ་སྨན་རྩིས་ཁང་གི་ཐེངས་དང་པོའི་སྒོ་བསྟེན་ཁང་རྙིང་།

སྡེ་དགེ་སྨན་རྩིས་ཁང་གི་ཐེངས་གཉིས་པའི་སྒོ་བསྟེན་ཁང་རྙིང་།

སྡེ་དགེ་སྨན་རྩིས་ཁང་ཐེངས་གསུམ་པའི་ཁྱོན་ཡོངས་ཀྱི་འཛུགས་སྐྲུན་གསར་པའི་སྨན་ཁང་སྤྱི་ཡོངས།
        སྤྱི་ལོ་1450ལོར་བོད་རབ་བྱུང་བརྒྱད་པའི་ལྕགས་ཕོ་རྟའི་ལོར་གྲུབ་ཆེན་ཐང་སྟོང་རྒྱལ་པོས་སྡེ་དགེ་ལྷུན་འགྲུབ་སྟེང་དུ་ཐང་རྒྱལ་ལྷ་ཁང་བཞེངས་པ་དང་དགོན་ཆེན་དགོན་གྱི་དགོན་ས་བཏབ། དེ་ནས་རིམ་བཞིན་དགོན་པས་གྲྭ་མང་སྨན་ཁང་ཞེས་པ་བཙུགས། སྨན་ཁང་འདི་ནི་ཁམས་ཕྱོགས་ཙམ་མ་ཟད་བོད་ཁུལ་ཡོངས་དང་། རྒྱལ་ཕྱི་ནང་ལ་ཡང་སྙན་གྲགས་ཀྱི་བ་དན་གཡོ་བའི་བོད་ལུགས་སྨན་ཁང་ཞིག་ཏུ་ཆགས། སྨན་བཅོས་ལག་རྩལ་དང་སྨན་སྦྱོར་གྱི་སྡེ་ཁ་སྲོལ་རྒྱུན་བཞིན་ལག་ལེན་གྱི་ཆིག་བརྒྱུད་ཟམ་མ་ཆད་པར་ཁུངས་ལྡན་བརྒྱུད་པ་ལྡན་པའི་ཁྱད་ཆོས་སོགས་ཀྱིས་རྒྱལ་ཕྱི་ནང་གི་ནད་པའི་སྲོག་གི་དཔུང་གཉེན་དུ་གྱུར་ལ་ཕན་བདེ་ཉི་ཟླ་ལྟ་བུའི་སྡེ་དགེ་བོད་སྨན་ཞེས་ཀུན་གྱིས་བསྔགས་གཞིར་གྱུར། གནའ་དུས་ནས་སྡེ་དགེའི་ཆོས་རྒྱལ་རིམ་བྱོན་དང་བླ་སྨན་རིམ་བྱོན། ཁྱད་པར་དུ་གྲགས་ཆེ་བའི་སྡེ་དགེའི་སྔོན་བྱོན་ལོ་པཎ་གྱི་བུ་སློབ་རྒྱུ་སྐར་གྱི་གྲངས་ལས་འདས་པ་ཉི་ཟླའི་སྐར་ཚོགས་ལྟ་བུ་བྱུང་ཡོད་པ་སྟེ། དེ་ཡང་རྗེ་ཕག་མོ་གྲུ་པ་དང་། ཀ་དམ་པ་བདེ་གཤེགས། སི་ཏུ་ཆོས་ཀྱི་འབྱུང་གནས། དེའུ་དམར་བསྟན་འཛིན་ཕུན་ཚོགས། ཆོས་རྒྱལ་བསྟན་པ་ཚེ་རིང་། བླ་སྨན་གུ་རུ་འཕེལ། དབོན་བསམ་འཕེལ་ནོར་བུ། དབོན་ཀརྨ་ངེས་ལེགས་བསྟན་འཛིན། དབོན་ཀརྨ་བསམ་གཏན། ཀརྨ་རཏྞའམ་ཀརྨ་ངེས་དོན། གླིང་སྨན་བཀྲ་ཤིས་འབུམ། བེ་ལོ་ཚེ་དབང་ཀུན་ཁྱབ། མཁྱེན་ཀོང་མཆོག་གསུམ། བླ་སྨན་ཆོས་གྲགས་རྒྱ་མཚོ། བླ་སྨན་རིན་ཆེན་འོད་ཟེར། འཇུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོ། འཚོ་བྱེད་ཚེ་རིང་ཕུན་ཚོགས་སོགས་བྱོན་ཏེ་མཁས་དབང་དེ་དག་གིས་བོད་ཀྱི་སྲོལ་རྒྱུན་རིག་གནས་སྤྱི་དང་བྱེ་བྲག་ཟུར་ལུགས་གསོ་རིག་གཙོས་པའི་བོད་ཀྱི་སྨན་རྩིས་རིག་པའི་བསྟན་བཅོས་གྲངས་མང་བརྩམས་ཡོད་པ་དང་། ལག་ལེན་གྱི་ཐད་ནས་ཀྱང་རྒྱུད་འཛིན་དང་། དར་སྤེལ། ཉམས་ཞིབ་སོགས་རྒྱས་པར་མཛད། དེ་དག་གིས་ཐུགས་རྗེའི་འོད་ཟེར་ཁམས་ཁུལ་ཙམ་མ་ཟད་བོད་ཁུལ་ཡོངས་ལ་ཕྱོགས་མེད་དུ་འཕྲོས་པས་འགྲོ་བ་ནད་པའི་ལུས་ཁམས་བདེ་སྲུང་དང་། ནད་རིགས་སྔོན་འགོག །གསོ་བཅོས། ཞིབ་འཇུག །རྒྱུད་འཛིན་མི་སྣ་གསོ་སྐྱོང་གནང་བས་ཁམས་སྡེ་དགེའི་ཡུལ་གྱི་ཆབ་དཔལ་རིག་གསུམ་འཕེལ་རྒྱས་འགྲོ་བར་བསམ་གྱིས་མི་ཁྱབ་པའི་མཛད་རྗེས་རླབས་པོ་ཆེ་བཞག་ཡོད། ཁོང་རྣམ་པའི་སྨན་བཅོས་ལག་རྩལ་ཕུལ་བྱུང་དང་། ཡ་རབས་ཀུན་སྤྱོད་བཟང་པོ། གཞན་ཕན་སྙིང་རྗེའི་སྐུ་དྲིན་ལ་བརྟེན་ནས་གནས་འདི་ནི་ཟུར་ལུགས་གསོ་རིག་གི་འཕེལ་རྒྱས་འགྲོ་བའི་གནས་གཞི་གཙོ་བོར་ལྟ་བུར་གྱུར།


སྨན་རྩིས་ཁང་གི་གནའ་སྔ་མོའི་ལས་བཟོ་པའི་མཉམ་པར།
2018ལོར་སྨན་ཁང་རིམ་གཉིས་ཀ་པའི་ཚད་ལེན་ཞིབ་བཤེར་སྐབས་ཀྱི་ཆེད་མཁས་དང་ལས་བཟོ་ཡོངས་ཀྱི་དྲན་རྟེན།
        1727ལོར་སི་ཏུ་ཆོས་འབྱུང་གིས་དཔལ་སྤུངས་ཐུབ་བསྟན་ཆོས་འཁོར་གླིང་ཕྱག་བཏབ་ནས་རིམ་བཞིན་བཅུ་ཕྲག་རིག་གནས་ཀྱི་སློབ་གླིང་བཙུགས་པ་དང་། སྨན་རྩིས་སྐོར་གྱི་བརྒྱུད་པའི་སློབ་འབངས་གྲངས་མང་གསོ་སྐྱོང་གནང་བས། དུས་རབས་བཅོ་བརྒྱད་པའི་ཡས་མས་སུ་ཁམས་སྡེ་དགེའི་ཡུལ་དུ་སྨན་རྩིས་རིག་པ་མཚོན་བོད་ཀྱི་རིག་པའི་གནས་ཀུན་འཕེལ་རྒྱས་ཀྱི་ལྟེ་གནས་གཙོ་བོར་གྱུར། ལྷག་པར་དུ་སྤྱི་ལོ་1729ལོར་ཆོས་རྒྱལ་བསྟན་པ་ཚེ་རིང་གིས་སྡེ་དགེ་པར་ཁང་ཆོས་མཛོད་ཆེན་མོ་གསར་བཞེངས་མཛད་པ་དང་། སྤྱི་ལོ་1767ལོར་སི་ཏུ་ཆོས་འབྱུང་གིས་སྦྱིན་བདག་མཛད་དེ་སྨན་རྒྱལ་དངུལ་ཆུ་བཙོ་བཀྲུ་ཆེན་མོ་དང་རིན་ཆེན་རིལ་ནག་ཆེན་མོ་སོགས་སྦྱར་བས་བོད་ལུགས་གསོ་རིག་ལག་ལེན་ལ་རྨང་གཞི་བརྟན་པོར་བཞག་པ་དང་། དེ་རྗེས་བླ་སྨན་རིམ་བྱོན་གྱིས་དངུལ་ཆུ་བཙོ་བཀྲུ་ཆེན་མོ་ཐེངས་མང་མཛད་པ་དང་སྨན་གྲྭའམ་བཅུ་ཕྲག་རིག་གནས་མཚོན་པའི་སྨན་གྱི་སློབ་གླིང་བཙུགས།
སྡེ་དགེ་རྫོང་སྨན་ཁང་གི་སྒོ་བསྟེན་ཐོག་ཁང་།
གཉིས། ཀྲུང་གོ་གསར་པ་དབུ་བརྙེས་རྗེས་ཀྱི་སྡེ་དགེ་རྫོང་སྨན་རྩིས་ཁང་།
        སྡེ་དགེ་ལྷུན་འགྲུབ་སྟེང་གྲྭ་མང་སྨན་ཁང་གི་རྨང་གཞིའི་སྟེང་། བཅིངས་གྲོལ་ཐོབ་རྗེས། ཏང་དང་སྲིད་གཞུང་གིས་ཤུགས་ཆེའི་ཐུགས་ཁུར་འོག །སྤྱི་ལོ་1959ལོར་སྙན་གྲགས་གོ་ལ་ཟླུམ་པོར་ཁྱབ་པའི་མི་རིགས་སྲོལ་རྒྱུན་རིག་གནས་བོད་ལུགས་གསོ་བ་རིག་པ་འདི་སླར་ཡང་དར་སྤེལ་གཏོང་ཆེད་སྡེ་དགེ་རྫོང་གི་དབུ་ཁྲིད་མཁྱེན་རབ་ཀྱིས་དགོན་སྡེ་དང་རིག་གནས་སྡེ་ཁག་གཉིས་སོ་སོར་ཕྱེས་ནས་དགོན་ཆེན་དགོན་གྲྭ་མང་སྨན་ཁང་གི་རྨང་གཞིའི་སྟེང་པར་ཁང་ཆོས་མཛོད་ཆེན་མོའི་ནང་དུ་བོད་ལུགས་སྨན་བཅོས་ཁང་འཛུགས་རྒྱུའི་འཆར་གཞི་བཞག །དེ་རྗེས་ཁོང་གིས་དར་རྩེ་མདོ་རུ་ཀྲུང་ལུགས་མཉམ་འབྲེལ་སྨན་བཅོས་ཁང་ཞེས་པ་བཙུགས་ཡོད་པ་མཁྱེན་པས། མཚན་ཡང་སྡེ་དགེ་རྫོང་བོད་ལུགས་མཉམ་འབྲེལ་སྨན་བཅོས་ཁང་ཞེས་གསོལ། སྐབས་དེར་སྨན་ཁང་གི་འགོ་འཛིན་པ་འདྲེ་རིག་རྡོ་རྗེ་ཚེ་རིང་དང་། སྨན་པ་གྲྭ་མང་ལྷ་རྗེ་འཇམ་དབྱངས་བཟང་པོ། ནང་ཆེན་ལྷ་རྗེ། སྨན་པ་ཟངས་སྐུ་ཚེ་རིང་ཕུན་ཚོགས། སྨན་པ་ཚེ་རིང་རྡོ་རྗེ་ལྔ་དང་། དེ་ནས་རིམ་བཞིན་ཐམ་ཁ་ངག་དབང་རྒྱ་མཚོ་སོགས་གདན་ཞུས་མཛད་ནས་ནད་ཐོག་སྨན་བཅོས་དང་། རྒྱུད་འཛིན་གསོ་སྐྱོང་། དཔེ་རྙིང་འཚོལ་ཞིབ། སྨན་རིགས་སྦྱར་བཟོ་སོགས་ཉམས་ཞིབ་མི་དམན་པར་གཞི་ཡོངས་སུ་ཚང་ཞིང་མི་རིགས་ཀྱི་ཁྱད་ཆོས་མངོན་པར་གསལ་བའི་སི་ཁྲོན་བོད་ཁུལ་ཡོངས་སུ་ཆེས་སྔ་བའི་སྲིད་གཞུང་གིས་འཛུགས་གཉེར་བྱས་པའི་བོད་ལུགས་མཉམ་འབྲེལ་སྨན་བཅོས་ཁང་ཞིག་ཡིན། ལྷག་པར་རིག་གསར་གྱི་སྐབས་སུ་མཉམ་འབྲེལ་སྨན་བཅོས་ཁང་གིས་པར་ཁང་ཆོས་མཛོད་ཆེན་མོའི་སྲུང་སྐྱོབ་ཀྱི་ཐད་ལ་བླ་ན་མེད་པའི་མཛད་རྗེས་དང་ནད་པའི་འགྲོ་དོན་རྒྱ་ཆེན་མཛད།
1980ལོར་སྡེ་དགེ་རྫོང་ཁྲོ་མཎྜ་དགོན་དུ་མཁན་ཆེན་ཁྲོ་རུ་ཚེ་རྣམ་གྱིས་དངུལ་ཆུ་བཙོ་བཀྲུ་ཆེན་མོ་མཛད་སྐབས་དཔལ་ལྡན་རྒྱུད་བཞིའི་ཆ་ལག་དང་བཅས་པ་ཁྲིད་ལུང་གནང་བཞིན་པ།

སྨན་པ་རྒན་རབས་ཚོས་སྨན་དཔེ་རྙིང་པ་བསྡུ་སྒྲིག་བྱེད་བཞིན་པ།

སྡེ་དགེ་སྨན་རྩིས་ཁང་གི་སྨན་པ་རྒན་རབས་ཀྱིས་རྩ་ཆུ་བརྟག་བཞིན་པ།

སྨན་རྩིས་ཁང་གི་སྨན་པ་རྒན་རབས་རྣམས་ཀྱིས་ལོ་ཆུང་སྨན་པ་ལ་ཆེད་ལས་སློབ་བཞིན་པ།
གསུམ། བཅོས་བསྒྱུར་སྒོ་འབྱེད་རྗེས་ཀྱི་སྡེ་དགེ་རྫོང་སྨན་རྩིས་ཁང་།
        སྤྱི་ལོ་1978ལོར་བཅོས་བསྒྱུར་སྒོ་འབྱེད་དཔྱིད་ཀྱི་དཔལ་ཡོན་བཞད་དུས་སུ། སྡེ་དགེ་པར་ཁང་ཆོས་མཛོད་ཆེན་མོ་བཀྲ་ཤིས་སྒོ་མང་སྒོ་འབྱེད་བྱེད་པ་དང་དུས་མཚུངས་སུ་རྫོང་སྲིད་གཞུང་གིས་བོད་ལུགས་མཉམ་འབྲེལ་སྨན་བཅོས་ཁང་ཡང་རྒྱ་སྐྱེད་བཏང་བའི་ཆེད་དུ། ས་ཆ་ལོགས་སུ་ཕྱེས་ཏེ་སྡེ་དགེ་རྫོང་དགོན་ཆེན་གྲོང་བརྡལ་སྲིབ་དགོན་རྒྱབ་དུ་གནས་སྤོས་ནས་སྡེ་དགེ་རྫོང་སྨན་རྩིས་ཁང་གསར་དུ་དབུ་བརྙེས། སྐབས་དེར་སྒོ་བསྟེན་ཁང་། ནད་སྡོད་ཁང་། སྨན་སྦྱོར་ཁང་། སྨན་མཛོད་ཁང་། བོད་སྨན་སློབ་གྲྭ སྨན་ལུམས་ཁང་སོགས་ཕྱོགས་ཡོངས་ཀྱི་ཆ་རྐྱེན་འཛོམས་པའི་སི་ཁྲོན་བོད་ཁུལ་གྱི་བོད་ལུགས་སྨན་ཁང་གཅིག་ཁོ་ན་ཞིག་ཏུ་ཆགས་ཡོད་པའོ། 1979ལོར་སི་ཁྲོན་ཞིང་ཆེན་ཀྲུང་ལུགས་དོ་དམ་ཅུས་དང་ཁུལ་རྫོང་བཅས་ཀྱི་འཆར་འགོད་ལྟར། སྡེ་དགེ་རྫོང་སྨན་རྩིས་ཁང་དུ་རྐང་འཛིན་སྨན་པར་དཔལ་སྤུངས་ཡོན་ཏན་ཕུན་ཚོགས་དང་། མཁར་ལེགས་བཟོད་པ། ཚེ་གྲུབ་རྡོ་རྗེ། འཇམ་རྡོ་བཅས་སྨན་དོན་མི་སྣ་དུས་མཉམ་དུ་སྡེ་དགེ་རྫོང་བོད་སྨན་ཁང་དུ་དམངས་ཁྲོད་ནས་འདེམས་བསྐོས་བྱས་པས། སྡེ་དགེ་སྨན་རྩིས་ཁང་སྨན་པའི་དཔུང་ཁག་ཇེ་རྒྱས་སུ་སོང་ཏེ་སྨན་བཅོས་དང་། སྨན་སྦྱོར་། ཚན་རིག་ཉམས་ཞིབ་བཅས་ཕྱོགས་ཡོངས་ཀྱི་ནུས་པ་ཇེ་རྒྱས་ཕྱིན་པ་དང་། དེ་ནས་དཀར་མཛེས་ཁུལ་དང་ཁུལ་ཡོངས་ཀྱི་རྫོང་ཁག་སོ་སོའི་བོད་ལུགས་སྨན་ཁང་ཕལ་མོ་ཆེ་ནི་སྨན་ཁང་འདིའི་རྐང་འཛིན་སྨན་པ་མངག་གཏོང་བྱས་ནས་གསར་དུ་བཙུགས་པ་ཤ་སྟག་ཡིན། 1980ལོར་བོད་སྨན་ཁང་གི་འགོ་འཛིན་པ་ཟླ་བ་ཚེ་རིང་ལགས་ཀྱིས་ངེས་པར་དོན་གྱི་མཁས་པའི་དབང་པོ་ཁྲོ་རུ་མཁན་ཆེན་ཚེ་རྣམ་རིན་པོ་ཆེ་མཆོག་ཀོང་པོ་སྤོ་བོ་རྫོང་ནས་སྡེ་དགེ་ཁྲོ་མནྜལ་དགོན་ཕུན་ཚོགས་བཀྲ་ཤིས་ཆོས་གླིང་དུ་ཆེད་དུ་གདན་དྲངས་པ་དང་ལྷན་དུ་ཐེངས་དང་པོའི་དངུལ་ཆུ་བཙོ་བཀྲུ་ཆེན་མོ་དང་རིན་ཆེན་སྨན་རིགས་བསྡུ་སྦྱོར་སོགས་མཐོང་བརྒྱུད་ཕྱག་ལེན་ཀུན་འཁྲུལ་མེད་སྤེལ་ཅིང་། ཞོར་དུ་རྒྱུད་བཞིའི་ཆ་ལག་ལྷན་ཐབས་སོགས་ཁྲིད་ལུང་སྤེལ་བས། བགྲང་བྱ་དུས་རབས་ཕྱེད་ཙམ་དུ་ཁྲིད་རྒྱུན་ཆད་པའི་སྨན་རྒྱལ་དངུལ་ཆུ་བཙོ་བཀྲུ་ཆེན་མོའི་ལག་ལེན་གྱི་བསྟན་པའི་མེ་རོ་དུས་དེ་ནས་སློང་། 1986ལོར་པཎ་ཆེན་ཨེར་ཏེ་ཎི་སྐུ་ཕྲེང་བཅུ་པ་ཆོས་ཀྱི་རྒྱལ་མཚན་མཆོག་ཁམས་སྡེ་དགེ་སྨན་རྩིས་ཁང་དུ་ཞབས་སོར་འཁོད་ཅིང་《སྡེ་དགེ་དཔལ་ལྡན་གསོ་རིག་ཁང་》ཞེས་མཚན་གསོལ་ཕྱག་བྲིས་གནང་བ་དང་སྨན་དོན་ལས་བཟོ་ཡོངས་ལ་བཀའ་སློབ་དང་ཆོས་འབྲེལ་ཟབ་མོ་གནང་།
པན་ཆེན་སྐུ་ཕྲེང་བཅུ་པས་སྡེ་དགེ་སྨན་རྩིས་ཁང་ལ་ཕྱག་བྲིས་གནང་པ།

1986ལོར་པཎ་ཆེན་སྐུ་ཕྲེང་བཅུ་པ་སྡེ་དགེའི་སྨན་རྩིས་ཁང་དུ་ཕྱག་གཟིགས་གནང་པར་ཕེབས་ནས་རབ་གནས་དང་བཀའ་སློབ་གནང་པ།
        1987ལོར་སི་ཁྲོན་ཞིང་ཆེན་འཕྲོད་བསྟེན་ཐིང་གིས་ཐད་ཀར་སྡེ་དགེ་བོད་གསོ་རིག་ཞིབ་འཇུག་ཁང་གི་ཟུར་གཏོགས་སྨན་རྩིས་ཁང་ཞེས་མཚན་བྱང་ཆོག་མཆན་གནང་བས་སྐབས་དེར་ཞིང་ཆེན་ཡོངས་སུ་བོད་ལུགས་གསོ་རིག་གི་ཞིབ་འཇུག་ཁང་ཐེངས་དང་པོ་དེ་ཡིན། དེ་ནས་རིམ་བཞིན་སྡེ་དགེ་རྫོང་ཁོངས་ཙམ་མ་ཚད་ཁམས་ཁུལ་ཡོངས་ནས་དམངས་ཁྲོད་ཀྱི་བོད་ལུགས་སྨན་པ་གདན་ཞུས་བྱས་པའི་དབུ་ཚུགས་པ་དང་། སྲིད་གཞུང་གིས་མ་དངུལ་གཏོང་ནས་སྒྲིག་ཆས་སོགས་ཉེར་སྤྱོད་རྣམས་བསྐྲུན་པས་སྨན་ཁང་གི་སྐྱེས་སྟོབས་དང་གསོན་ཤུགས་གསར་པ་སྐྱེས་ཏེ་ཡུན་རིང་འཕེལ་རྒྱས་འགྲོ་བའི་རྨང་གཞི་བརྟན་པོར་བཏིང་།
1979ལོའི་སྨན་རྩིས་ཁང་གི་སྨན་ལེན་ཁང་།

ད་ལྟའི་སྨན་རྩིས་ཁང་གི་སྨན་ལེན་ཁང་།

སྔོན་མར་སྨན་པས་སྨན་རིལ་བུ་སྒྲིལ་བཞིན་པ།

ད་ལྟའི་སྨན་སྦྱོར་འཁོར་ཁང་དུ་སྨན་པས་སྨན་རིལ་བུ་སྒྲིལ་བཞིན་པ།
བཞི།དུས་རབས་ཉེར་གཅིག་པའི་སྡེ་དགེ་རྫོང་སྨན་རྩིས་ཁང་།
        དུས་རབས་ཉེར་གཅིག་པའི་སྐལ་བཟང་གི་དུས་སུ་ཏང་དང་རྒྱལ་ཁབ་ཀྱི་བོད་ཀྱི་སྲོལ་རྒྱུན་རིག་གནས་ལ་བརྩི་མཐོང་ཆེན་པོ་གནང་ཞིང་། ལྷག་པར་དུ་བོད་ཀྱི་གསོ་རིག་རྒྱུད་འཛིན་དར་སྤེལ་ཐད་ལ་ལས་གཞིའི་རྣམ་གྲངས་དང་མ་དངུལ་གཏོང་ཚད་ཇེ་མཐོ་བཏང་ནས་ཕྱིའི་ཆ་རྐྱེན་དང་ནང་གི་སྒྲིག་ཆས། སྨན་པ་གསོ་སྐྱོང་སོགས་ཀྱི་ལས་དོན་ལ་འགྱུར་ལྡོག་ཆེན་པོ་བྱུང་དང་འབྱུང་བཞིན་པ་ལྟའོ། །ད་ལྟ་སྡེ་དགེ་རྫོང་སྨན་རྩིས་ཁང་གི་ཕྱི་ནང་གི་ཆ་རྐྱེན་ཕུན་སུམ་ཚོགས་པོར་ལྡན་ཞིང་། སྨན་ཁང་གི་རྒྱ་ཁྱོན་སྨི་གྲུ་བཞི་མ་5542ཡོད་པ་དང་། དེ་ཡང་བོད་ལུགས་གསོ་རིག་གི་སྡེ་ཁག་སོ་སོར་ལྡན་པའི་སྒོ་བསྟེན་ཐོག་ཁང་དང་། མལ་ཁྲི་60ལྡན་པའི་ནད་སྡོད་ཐོག་ཁང་། GMPཚད་ལེན་སྨན་སྦྱོར་ལྟེ་གནས། བོད་སྨན་སློབ་གྲྭ །བོད་སྨན་ཞིབ་འཇུག་ཁང་། བོད་ལུགས་གསོ་རིག་རིག་གནས་འགྲེམ་སྟོན་ཁང་སོགས་ཕྱོགས་བསྡུས་རང་བཞིན་གྱི་རིམ་གཉིས་ཀ་པའི་བོད་ལུགས་གསོ་རིག་གི་སྨན་ཁང་ཞིག་ཡིན། ཕྱོགས་ཡོངས་ཀྱི་འཛུགས་སྐྲུན་རྒྱ་ཁྱོན་སྨི་གྲུ་བཞི་མ་7752ཟིན་ཡོད་པ་དང་སྒྲིག་ཆས་ཀྱང་ཅུང་སྔོན་ཐོན་ཅན་གྱི་ཆ་རྐྱེན་ཚང་། ལས་བཟོའི་སྒྲིག་གཞི་ལ་མི་སྣ་46དང་། ད་ཡོད་ལས་བཟོ་མི་སྣ་56ཡོད། དེ་ཡང་སྨན་པའི་གོ་མིང་ལ་སྨན་པ་འབུམ་རམས་པ་དང་འབུམ་རམས་སྐུ་གཞོན་པ། རབ་འབྱམས་སྨན་པ། བཀའ་བཅུ་སྨན་པ་དང་བསླབ་གནས་ཀྱི་ཐད་ནས་ཞིབ་འཇུག་སློབ་ཐོན་དང་དངོས་ཚན་སློབ་ཐོན། ཆེད་ལས་སློབ་ཆེན་སློབ་ཐོན། ཆེད་ལས་འབྲིང་རིམ་སློབ་ཐོན་ཡན་ཆོད་ཀྱི་ཆེད་ལས་མི་སྣ་ཤ་སྟག་ལྡན། སྨན་ཁང་ལ་ཞིང་ཆེན་རིམ་པའི་ཕོ་ནད་ཆེད་བཅོས་སྡེ་ཁག་གཅིག་དང་། ཁུལ་རིམ་པའི་བོད་ལུགས་དཔྱད་བཅོས་སྡེ་ཁག །སྨན་ལུམས་ཁང་། སྨན་སྦྱོར་ཁ་ཚར་ཁང་དང་རྒྱུན་སྤྱོད་སྨན་སྦྱོར་200ལྷག་བསྡུ་སྦྱོར་བྱེད་ཀྱི་ཡོད་པ་དང་། སྨན་སྦྱོར་རིགས་135ལ་ཞིང་ཆེན་གྱིས་སྨན་ཁང་གི་སྨན་སྦྱོར་ཆོག་མཆན་ཨང་རྟགས་ཐོབ་པ། དེ་ཡང་སྨན་སྦྱོར་ཕལ་མོ་ཆེའི་སྨན་རྒྱུའི་འབྱུང་ཁུངས་བོད་ས་མཐོ་སྡེ་དགེའི་ཕྱོགས་ཀྱི་རང་བྱུང་རྩི་ཤིང་སྔོ་ལྡུམ་རིགས་ཁོ་ན་ཡིན་པས་ཡུལ་མི་རྣམས་ལ་ལོ་རེར་ཡོང་འབབ་སྒོར་ཁྲི་200གཡས་གཡོན་འབྱུང་གི་ཡོད། མདོར་ན་ཉེ་བའི་ལོ་ཤས་རིང་རྒྱལ་ཁབ་དང་ཞིང་ཆེན་ཁུལ་རྫོང་རིམ་པ་སོགས་ཀྱིས་མ་དངུལ་ཁྲི་9000ལྷག་རོགས་དངུལ་བཏང་ནས་སྨན་ཁང་གི་འཛུགས་སྐྲུན་གནང་། སྨན་ཁང་རང་གིས་ལོ་རེ་ཆ་སྙོམས་ནད་པ་ཁྲི་5 གཡས་གཡོན་ལ་བརྟག་དཔྱད་སྨན་བཅོས་བྱེད་ཀྱི་ཡོད་པ་དང་ཡོང་འབབ་སྒོར་ཁྲི་800ལྷག་ཡོད། དེ་སྔོན་སྨན་པ་རྒན་རབས་རྣམས་ཀྱི་སྲོལ་རྒྱུན་སློབ་གསོ་བཞིན་དགེ་ཕྲུག་དྲུང་དུ་ཁྲིད་ནས་གསོ་སྐྱོང་མཛད་པ་དང་། དེ་བཞིན་བོད་སྨན་སློབ་གྲྭ་ཆེ་འབྲིང་ཁག་ནས་ཕེབས་པའི་དངོས་སྦྱོང་སློབ་མའི་ནད་ཐོག་མཛུབ་ཁྲིད། དེང་རབས་སློབ་གྲྭའི་སློབ་གསོ་ལྟར་གསོ་སྐྱོང་གནང་བའི་ཨ་དཀོན་རིན་པོ་ཆེའི་སྡེ་དགེ་བོད་སྨན་སློབ་གྲྭ་དང་། སྡེ་དགེ་བོད་སྨན་ཤེས་ལྡན་མི་སྣ་དཀར་མཛེས་འཕྲོད་བསྟེན་སློབ་གྲྭ་མཉམ་འབྲེལ་བོད་སྨན་སློབ་གྲྭ་སོགས་མདོར་ན་བཅོས་བསྒྱུར་སྒོ་འབྱེད་ཚུན་ཆད་སྔོན་རྗེས་སུ་སློབ་མ་400ལ་ཉེ་བར་གསོ་བསྐྱངས་གནང་ཡོད།
དཀར་མཛེས་ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་དང་སྡེ་དགེ་རྫོང་ཨུའི་ཧྲུའི་ཅི་སྐལ་བཟང་གཡུང་དྲུང་གཉིས་སྡེ་དགེ་རྫོང་བོད་ལུགས་གསོ་རིག་ཤེས་ལྡན་མི་སྣ་གསོ་སྐྱོང་ཟབ་སྦྱོང་སློབ་གྲྭར་གཟིགས་ཞིབ་ཏུ་ཕེབས་པ།

དཀར་མཛེས་སྲིད་གྲོས་ཀྱི་ཀྲུའུ་ཞི་བྱང་ཆུབ་དང་སྡེ་དགེ་རྫོང་གི་རྫོང་ཨུའི་ཧྲུའུ་ཅི་སྐལ་བཟང་གཡུང་དྲུང་། རྫོང་དཔོན་ཧོ་ཅེ་སོགས་སྡེ་དགེ་རྫོང་བོད་སྨན་སློབ་གྲྭར་གཟིགས་ཞིབ་ཏུ་ཕེབས་པ།

སྨན་རྩིས་ཁང་གི་ཕྱོགས་བསྡུས་གཞུང་ལས་ཁང་། 

སྨན་རྩིས་ཁང་གི་ནོར་སྲིད་གཞུང་ལས་ཁང་།

སྨན་ཁང་གི་ཏང་ཀྲི་པུའུ་ཡིས་ལས་དོན་ལ་གྲོས་བསྡུར་བྱེད་བཞིན་པ།

སྨན་རྩིས་ཁང་སྨན་དོན་སྡེ་ཁག་གི་སྨན་པས་ལས་དོན་སྒྲུབ་བཞིན་པ།
ལྔ། སྡེ་དགེ་རྫོང་སྨན་རྩིས་ཁང་གི་བགྲང་བྱ་དྲུག་ཅུའི་གྲུབ་འབྲས།
        དེ་སྔོན་ལས་བཟོ་ཡོངས་ཀྱིས་མཐུན་སྒྲིལ་གྱི་རྡོག་རྩ་གཅིག་ཏུ་སྒྲིལ་ཞིང་ལྷག་བསམ་ཟོལ་མེད་ཀྱིས་ལྷོད་མེད་འབད་འབུངས་བྱས་པར་བརྒྱུད། སྔ་ཕྱི་བར་གསུམ་དུ་མཚན་སྙན་དང་སྔོན་ཐོན་གྱི་བྱ་དགའ་དང་མིག་དཔེ་མི་ཉུང་བ་ཡང་ཐོབ་པ་སྟེ། 1988ལོར་རྒྱལ་ཁབ་འཕྲོད་བསྟེན་པུའུ་ཡིས་སྔོན་ཐོན་འཛུགས་སྐྲུན་འཕྲོད་བསྟེན་ལས་ཁུངས་ཀྱི་མཚན་སྙན་བསྩལ། 1990ལོར་རྒྱལ་ཁབ་རིམ་པའི་གལ་ཆེའི་ཚན་རྩལ་ཞིབ་འཇུག་རྣམ་གྲངས་ཀྱི་དཔེ་དཀོན་བསྡུ་སྒྲིག་དོན་ཆེན་གྲུབ་སྟེ་སི་ཁྲོན་ཞིང་ཆེན་ཀྲུང་ལུགས་དོ་དམ་ཅུས་ཀྱིས་ཚན་རྩལ་ཞིབ་འཇུག་སྔོན་ཐོན་སྡེ་ཁག་གི་གཟེངས་བསྟོད་གནང་། 1996ལོར་ཐེངས་གཉིས་པའི་དངུལ་ཆུ་བཙོ་བཀྲུ་ཆེན་མོ་དང་རིན་ཆེན་རིགས་སྦྱོར་བཟོ་ལེགས་འགྲུབ་བྱུང་བ་དང་1997ལོར་རྒྱལ་ཁབ་རིམ་པའི་རྩ་ཆེའི་ཚན་རིག་ཞིབ་འཇུག་གི་རྣམ་གྲངས་《རིན་ཆེན་གཏེར་མཛོད་ལས་གསོ་རིག》གི་སྐོར་ཞུ་དག་གློག་རྡུལ་བསྡུ་སྒྲིག་པར་སྐྲུན་ལས་གཞི་ལེགས་འགྲུབ་བྱུང་བ་དང་། 1998ལོར་ཞིང་ཆེན་ཀྲུང་ལུགས་དོ་དམ་ཅུས་ནས་ཚན་རྩལ་སློབ་གསོ་སྔོན་ཐོན་གྱི་ལས་ཁུངས་ཞེས་མཚན་སྙན་གསོལ། 2000ལོར་སི་ཁྲོན་ཞིང་ཆེན་ཚད་ལེན་བོད་སྨན་ཁང་ཞེས་གཟེངས་བསྟོད་དང་། 2002ལོར་གསར་འཛུགས་བྱས་པའི་སི་ཁྲོན་ཞིང་ཆེན་གྲོབ་གསེབ་ཀྲུང་སྨན་ལས་དོན་སྔོན་ཐོན་རྫོང་ཞེས་ཞིབ་བཤེར་རྩིས་ལེན་ཐོབ། 2003ལོར་ཐེངས་གསུམ་པའི་དངུལ་ཆུ་བཙོ་བཀྲུ་སོགས་ལེགས་འགྲུབ་བྱུང་། 2003ལོར་ཞིང་ཆེན་རིམ་པའི་དཔལ་ཡོན་ལྡན་པའི་སྨན་ཁང་གཟེངས་བསྟོད་ཐོབ། 2006ལོར་ཞིང་ཆེན་རིམ་པའི་ཕོ་ནད་ཆེད་བཅོས་སྨན་ཁང་གི་ཆོག་མཆན་ཐོབ་པ་དང་ལོ་དེར་GMPཚད་ལེན་སྨན་སྦྱོར་ལྟེ་གནས་ཆོག་མཆན་ཐོབ། 2011ལོར་ལས་བཟོ་ཡོངས་ཀྱི་འབད་བརྩོན་ལ་བརྟེན་ནས་རིན་ཆེན་རིལ་ནག་ཆེན་མོ་བསྡུ་སྦྱོར་ལེགས་པོར་གྲུབ་པ་དང་ཐེངས་བཞི་པའི་དངུལ་ཆུ་བཙོ་བཀྲུ་ལེགས་འགྲུབ་བྱུང་།
སྨན་རྩིས་ཁང་གི་བཤམས་སྟོན་ལྟེ་གནས།

སྨན་ལུམས་ཁང་གི་གསོ་བྱ་སྣེ་ལེན་ཁང་།

ལྕགས་ཁམས་ཐལ་བཟོ།

སྨན་མཛོད་ཁང་།
        སྨན་པ་གསོ་སྐྱོང་བྱ་བ་ནི་བོད་སྨན་ཁང་དེས་ཐོག་མཐའ་བར་གསུམ་དུ་ལྷོད་དུ་མི་གཏོང་བའི་དོན་ཆེན་ཨང་དང་པོ་བརྩིས་ནས་ 2012ལོར་མཁས་དབང་གོ་འཇོ་དབང་འདུས་མཆོག་གདན་ཞུས་བྱས་ནས་སྡེ་དགེ་དང་། ཆབ་མདོ། སྐྱེ་དགུ་མདོ། དར་རྩེ་མདོ། དཔལ་ཡུལ་སོགས་ཉེ་འཁོར་གྱི་སློབ་མ་170ཙམ་ལ་༧འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེའི་ཟིན་ཏིག་འཆད་ཁྲིད་གནང་ནས་འགྲོ་དོན་བསྐྱངས། 2014ལོར་རྒྱལ་ཁབ་རིམ་གཉིས་པའི་སྨན་ཁང་འཛུགས་སྐྲུན་བྱས། 2016ལོར་བོད་ལྗོངས་སྨན་རྩིས་ཁང་དབུ་བརྙེས་ནས་ལོ་ངོ་100འཁོར་བའི་ལེགས་སྐྱེས་《གངས་ལྗོངས་སྨན་རྩིས་རིག་མཛོད་ཆེན་མོ།》 དཔེ་རྙིང་དེབ་130འཚོལ་སྒྲིག་སྐབས་སུ་མཉམ་འབྲེལ་བསྡུ་སྒྲིག་མཛད་པས་བོད་ལྗོངས་ཚན་རྩལ་ཐིང་གིས་བྱ་དགའ་གནང་། 2016ལོར་རྒྱལ་ཁབ་ཀྲུང་ལུགས་དོ་དམ་ཇུས་མི་རིགས་གསོ་རིག་དཔེ་ཚོགས་བསྡུ་སྒྲིག་ལས་གཞི་ལས་《སི་ཏུ་ཆོས་འབྱུང་གི་སྨན་རྩིས་གསུང་རྩོམ་ཕྱོགས་བསྒྲིགས》ལེགས་འགྲུབ་བྱུང་བས་སི་ཁྲོན་ཚན་རྩལ་ཐིང་སོགས་ཀྱི་བྱ་དགའ་ཐོབ།
སྡེ་དགེའི་སྨན་རྩིས་ཁང་གཞི་རིམ་དུ་བསྐྱོད་པའི་བྱེད་སྒོའི་ཡུལ་དངོས།

        2017ལོའི་ཟླ་9པའི་8ཉིན་སྡེ་དགེ་རྫོང་ཟུར་ལུགས་གསོ་རིག་ཤེས་ལྡན་མི་སྣ་གསོ་སྐྱོང་ཟབ་སྦྱོང་སློབ་གྲྭ་བཙུགས། 2018ལོར་རྒྱལ་ཁབ་རིམ་གཉིས་ཀ་པའི་སྨན་ཁང་འཛུགས་སྐྲུན་བྱས་པ་སོགས་མདོར་ན་སྡེ་དགེའི་བོད་ལུགས་གསོ་བ་རིག་པའི་སྨན་པའི་རྒྱུད་འཛིན་པ་དག་གིས་མི་རབས་ནས་མི་རབས་བར་ཐོག་མཐའ་བར་གསུམ་དུ་ནད་པ་གཙོ་བོར་བྱེད་པ་དང་། སྨན་བཅོས་སྤུས་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ། ཕྱོགས་ཡོངས་ནས་ནད་པར་ཞབས་ཞུ་བྱེད་པའི་དམིགས་ཡུལ་མཐའ་འཁྱོངས་བྱེད་པ། བྱམས་བརྩེ་ཟོལ་མེད་ཀྱིས་སྨན་པའི་སྙིང་སྟོབས་སྤེལ་བ། བོད་ལུགས་གསོ་རིག་གི་བསྟན་བཅོས་རྒྱུན་འཛིན་གསར་བཏོད་བྱེད་པ་བཅས་བྱེད་ཅིང་། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཐའ་འཁྱོངས་བྱེད་པ། བློ་བརྟན་འགྱུར་མེད་ཀྱིས་ཞིང་ཆེན་དང་ཁུལ་ཨུའི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་བྱས་ཏེ། བདེ་ཐང་སྡེ་དགེའི་དམིགས་ཚད་མངོན་འགྱུར་བྱེད་པ། འཚོ་བའི་དམིགས་འབེན་འགྲུབ་པ། མང་ཚོགས་ལ་ཞབས་འདེགས་ཞུ་བ། འབད་འབུངས་ཀྱིས་མདུན་སྐྱོད་བྱེད་པ་བཅས་ཀྱིས་བོད་ལུགས་གསོ་རིག་དང་བོད་སྨན་གྱི་བྱ་གཞག་རྒྱུན་འཛིན་དང་འཕེལ་རྒྱས་སུ་གཏོང་བ་དང་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གྱིས་འབྱུང་འགྱུར་ལ་རྒྱང་ལྟ་བྱས་ནས་སྡེ་དགེའི་བོད་ལུགས་གསོ་བ་རིག་པ་རྒྱུན་འཛིན་གསར་བཏོད་བྱས་ཏེ། ནན་ཏན་ངང་ཁྱད་ཆོས་ལྡན་པའི་ལེགས་ཆ་མངོན་གསལ་དོད་པ། རྫོང་རིམ་པའི་བོད་ལུགས་སྨན་ཁང་གི་ཞིང་ཆེན་ལས་སྔོན་གྲལ་དུ་སླེབས་པ་དང་། རྒྱལ་ཕྱི་ནང་ལས་སྐད་གྲགས་ཆོད་པ། སྲོལ་རྒྱུན་རྒྱུད་འཛིན་དང་། དེང་རབས་ལེགས་ཆ་གསར་གཏོད། མཁའ་མཉམ་འགྲོ་ཕན། གྲུབ་འབྲས་མཉམ་སྤྱོད་ཀྱི་རྩ་དོན་འཛིན་ནས་ཚད་ལྡན་རང་བཞིན་གྱི་དེང་རབས་ཕྱོགས་བསྡུས་རིམ་གཉིས་ཀ་པའི་སྨན་ཁང་ལུགས་ཀྱིས་སྡེ་དགེ་རྫོང་སྨན་རྩིས་ཁང་ཉིད་ཀྱི་མ་འོངས་པ་སྔར་བས་མཛེས་སྡུག་ལྡན་པ་དང་སྤྱི་དམངས་བདེ་ཐང་འགན་ལེན་བྱ་ཆེད་འབད་འཐབ་ལྷོད་མེད་བྱས་དང་བྱེད་མུས་སུ་མཆིས་སོ། །



1991ལོར་གསར་དུ་བཙུགས་པའི་སྡེ་དགེའི་བོད་སྨན་སློབ་གྲྭའི་དབུ་འཛུགས་མཛད་སྒོའི་ཡུལ་དངོས།

དཀར་མཛེས་འཕྲོད་བསྟེན་སློབ་གྲྭ་སྡེ་དགེ་དངོས་སྦྱོང་གནས་གཞི་ལྟེ་གནས་ཀྱི་བོད་སྨན་འཛིན་གྲྭ་ལ་སློབ་ཁྲིད་བྱེད་བཞིན་པ།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1