གཙོ་ངོས།>> ཞིབ་འཇུག>>ཀུན་འདུས།

བན་ཤུལ་དཔལ་མཁར་རྒྱལ། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། ༢༠༡༩ལོའི་ཟླ་བ་༠༩ཚེས་༠༢ཉིན།

༄༅།། སྐར་ཆུང་གཙུག་ལག་ཁང་གི་ཁྲི་སྲོང་ལྡེ་བཙན་བླ་མ་འབུམ་སྐོར་གྱི་གླེང་གཞི།


བན་ཤུལ་དཔལ་མཁར་རྒྱལ།

        དེ་ལ་སྐར་ཆུང་གཙུག་ལག་ཁང་ནི་བཙན་པོ་ཁྲི་ལྡེའུ་སྲོང་བཙན་སད་ན་ལེགས་མཇིང་ཡོན་གྱི་སྐུ་དུས་སུ། ལྷ་སའི་སྐྱིད་ཤོད་ཀྱི་ལྷོ་ནུབ་ར་མ་སྒང་གི་ཉེ་འདབས་སུ་བཞེངས་ཡོད་པ་དང་། གཙུག་ལག་ཁང་འདིའི་རྟེན་གཙོ་ལ་རྡོ་རྗེ་དབྱིངས་ཀྱི་ལྷ་ཚོགས་ཚང་བར་བཞུགས་པས་མཚན་ཡང་སྐར་ཆུང་རྡོ་རྗེ་དབྱིངས་ཞེས་ཐོགས་ཡོད་ལ། དེའི་མདུན་དུ་བཙན་པོའི་དུས་སུ་བློན་འབངས་ཐམས་ཅད་ཀྱིས་དམ་པའི་ཆོས་མི་གཞིག་ཅིང་། དཀོན་མཆོག་གསུམ་གྱི་དབང་བཙན་པར་བྱས་པའི་བཀའ་གཙིགས་ཀྱི་རྡོ་རིང་མི་འདྲ་བ་གཉིས་ཀྱང་བཞེངས་ཡོད།
        དེ་ལྟ་བུའི་བདག་ཉིད་དུ་གྱུར་བའི་བཙན་པོའི་གཙུག་ལག་ཁང་དེར་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་ཐུགས་དམ་བླ་འབུམ་ཅི་རིགས་ཤིག་བཞུགས་ཡོད། དེའི་ཁུངས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བམ་པོ་དང་། ལེའུ་དང་། ཤད་དང་། ཚག་དང་། གྲངས་བཞུགས་པའི་ཚད་བསྟན་པ་ཞེས་པའི་དཔེ་རྙིང་དབུ་མེད་ཕྱག་བྲིས་མའི་ནང་དུ། རྒྱལ་སྡེ་སྐར་ཆུང་ན་བླ་འབུམ་དུམ་པ་དྲུག་བཞུགས་ཚུལ་འཁོད་ཡོད་པ་དང་། གཞན་ཡང་ཀོང་སྤྲུལ་ཤེས་བྱ་ཀུན་རིག་1367-1449ལོར་མཛད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་བའི་རྣམ་འགྲེལ་དུ་སྐར་ཆུང་ན་ཡུགས་འབུམ་དུམ་པ་དགུ་བཞུགས་ཚུལ་འཁོད་ཡོད། ལུང་འདི་རྣམས་ལ་བརྟག་ན་དེ་སྔོན་སྐར་ཆུང་རྡོ་རྗེ་དབྱིངས་ཀྱི་གཙུག་ལག་ཁང་དུ་བཙན་པོའི་དུས་ཀྱི་ཐུགས་དམ་བླ་འབུམ་བཞུགས་ཡོད་པའི་སྐོར་ར་སྤྲོད་བྱེད་པ་ཤིན་ཏུ་གསལ་པོ་གནང་ཐུབ་པ་ཡིན།
        དེ་ལ་ཉེ་ཆར་འབྲས་སྤུངས་མི་དབང་ལྷ་ཁང་དུ་བཞུགས་པའི་ཚལ་བའི་བཀའ་འགྱུར་གྱི་གསེབ་ལས་ཁྲི་སྲོང་ལྡེ་བཙན་གྱི་ཐུགས་དམ་གླེགས་བམ་འཁྲུལ་མེད་ཅིག་རྙེད་སོན་བྱུང་ཡོད་ལ། དེའི་དབུ་ཤོག་ཏུ།༄༅།། དཔལ་ལྷ་བཙན་པོ་ཁྲི་ལྡེ་སྲོང་བཙན་གྱི་ཐུགས་དམ་གླེགས་བམ་བཞི་པ་འདི། སྐར་ཆུང་གཙུག་ལག་ཁང་མེས་ཚིག་པ་ཐལ་བའི་གསེབ་ནས་མ་ཚིག་པར་བྱིན་རླབས་ཤིན་ཏུ་ཆེ་བ་ཡིན་ནོ་།
        ཨེ་མའོ། རྒྱལ་བའི་ཐུགས་དམ་འབུམ་པོ་ཆེ། འདི་ཀ་སྒྲོག་པའི་མཆོད་གནས་པ་རྣམས་ཀྱིས་གཟབ་པར་ཞུ། གོ་ཞིང་ཆེ་བ་དང་དྲི་མས་ཟོས་པ་དེ་ལྷག་པར་སྙི་བར་གདའ་བས་ཟུར་ནས་བཟུང་ལ། ཕྱག་གཉི་གས་བསྒྱུར་བར་ཞུ། བམ་པོའི་ཁྲིད་དེ་མ་བྱས་ན་ལེགས། འདི་ཀུན་ལ་གཅེས་པ་ལགས་སོ། །ཞེས་འཁོད་ཡོད།
        ལོ་རྒྱུས་ཀྱི་སྟེང་ནས་སྐར་ཆུང་རྡོ་རྗེ་དབྱིངས་ལ་མེ་སྐྱོན་ཚབ་ཆེན་ལན་འགར་བྱུང་ཡོད་པ་དང་། དེའི་གོ་རིམ་ཁྲོད་ནས་ཐུགས་དམ་གླེགས་བམ་འདི་ནི་སྲུང་སྐྱོབ་བྱས་ཏེ་དཔལ་ལྡན་འབྲས་སྤུངས་དགོན་དུ་ཇི་ལྟར་སླེབས་ཚུལ་གྱི་བརྒྱུད་རིམ་ཐད་ལ་ཞིབ་འཇུག་ནན་ཏན་གནང་དགོས་སྙམ། འདི་ལྟ་བུའི་བཙན་པོའི་དུས་ཀྱི་ཐུགས་དམ་གླེགས་བམ་སྟེ་བླ་འབུམ་རྣམས་ནི་ལོ་རྒྱུས་ཀྱི་དཔང་རྟགས་ཤིན་ཏུ་གལ་ཆེ་བ་ཡིན།
        དེ་ལ་སྤྱིར་བླ་འབུམ་ཞེས་པ་ནི། སྤུ་རྒྱལ་བཙན་པོའི་དུས་སུ་ཕོ་བྲང་གི་ནང་ཁུལ་ནས་རྒྱལ་པོའི་སྐུ་བླར་དམིགས་ཏེ་བླ་ནས་འགྲོ་གྲོན་བཏང་ནས་བཞེངས་པའི་ཐུགས་དམ་གྱི་གླེགས་བམ་གང་ཞིག་འབུམ་གྱི་རྐང་གྲངས་ལྟར་བཅད་པའི་ཤེར་ཕྱིན་རྒྱས་འབྲིང་བསྡུས་གསུམ་གསེར་དངུལ་སོགས་ཀྱིས་བཞེངས་པའི་གླེགས་བམ་ལ་བླ་འབུམ་ཞེས་སུ་བཏགས་པ་ཡིན།
        དེས་ན་བླ་འབུམ་གྱི་ཟླས་དྲངས་པའི་བླ་ལ་གོ་བ་གཉིས་བླངས་ཆོག་ཏེ། རྒྱལ་པོའི་སྐུ་བླ་བརྟན་པའི་ཆེད་དུ་བྱས་པའི་བླ་དང་ཡང་ན་བླའམ་རྒྱལ་རབས་གཞུང་ལ་བླ་ཞེས་བཏགས་པ་དེར་ཡང་གོ་ཆོག་པ་ཡིན། དེ་ལ་རྒྱལ་པའི་སྐུ་བླ་བརྟན་པའི་ཆེད་དུ་བྲག་དང་རྡོ་རིང་ལ་གཟུངས་སྔགས་དང་གཏན་ཚིགས་འབྲི་བ་ཡོད་ལ། བླ་ནས་བཀའ་ཕབ་པ་དང་གཞུང་ནས་འགྲོ་གྲོན་བཏང་སྟེ་བཞེངས་ཞིང་བླའི་ཕྱག་སྦལ་དུ་ཉར་བ་ལ་བླ་དཔེ་ཞེས་འདོགས་པ་ཡིན། དེ་བཞིན་དུ་འབུམ་ཞེས་པ་ནི་ལེགས་སྦྱར་སྐད་ཀྱི་ངོ་བོར་ཡོད་པའི་ཤེར་ཕྱིན་ལ་ཤོ་ལོ་ཀ་སྟོང་ཕྲག་བརྒྱའམ་འབུམ་ཡོད་པས་དེ་ལྟར་དུ་མཚན་ཐོགས་པ་ཡིན།
        དེ་ཡང་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་དུས་ནས་བཟུང་དང་ཤིང་ཏཱ་ལའི་ལོ་མར་བྲིས་པའི་ལེགས་སྦྱར་གྱི་གླེགས་བམ་རྣམས་བོད་དུ་སྤྱན་དྲངས་ཤིང་། བསམ་ཡས་སྒྲ་བསྒྱུར་གླིང་བཙུགས་ནས་བོད་ཕྲུག་ལོ་ཙཱ་བ་རྣམས་བསྐྱེད་བསྲིང་ཏེ་རྒྱལ་བའི་བཀའ་དང་དེ་འབྲེལ་གྱི་བསྟན་བཅོས་རྣམས་བོད་དུ་འགྱུར་ཡོད་ལ། དེའི་ཁྲོད་དུ་ས་སྐྱའི་མཁས་པ་གཡག་ཕྲུག་སངས་རྒྱས་དཔལ་1350-1414གྱིས་ཡུམ་རྒྱས་པ་སྟོང་ཕྲག་བརྒྱ་པ། འབྲིང་པ་ཉི་ཁྲི། བསྡུས་པ་བརྒྱད་སྟོང་པ་ཞེས་གསུངས་ཡོད། དེ་ལྟར་ཁྲི་སྲོང་ལྡེ་བཙན་ཡབ་སྲས་ནས་རིམ་བཞིན་ཁྲི་གཙུག་ལྡེ་བཙན་རལ་པ་ཅན་ལ་ཐུག་པའི་བར་ཏུ་ཐུགས་དམ་གླེགས་བམ་གྱི་ངོ་བོར་ཡོད་པའི་བླ་འབུམ་སྣ་ཚོགས་བྱུང་ཡོད་ལ། ངོར་མཁན་པོ་སངས་རྒྱས་ཕུན་ཚོགས་1627-1700ཀྱི་དཀར་ཆག་ངོ་མཚར་དཔལ་གྱི་ཕྲེང་བ་ན་ཤེར་ཕྱིན་འབུམ་པ་བྱུང་ཚུལ་མང་པོ་ཡོད་གསུངས་པ་ལྟར། ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་སྐབས་སུ་བྱུང་བའི་ཐུགས་འགྱུར་བླ་འབུམ། རེག་ཟིག་དམར་སྔོན། ལྕགས་ཐུར་ཅན། ཤ་སྒྲོ་ཅན། ཕ་ཝང་ཅན། སྐར་ཆུང་མ། ཞལ་སེར་ཅན་སོགས་རིམ་པར་བྱུང་པའི་བླ་འབུམ་རྣམས་དེང་གི་ས་ཆ་གང་དུ་ཇི་ལྟར་བཞུགས་ཚུལ་སོགས་ཀྱི་ལོ་རྒྱུས་ལ་དུས་རབས་དང་མཐུན་པའི་བསྐྱར་ཞིབ་ཅིག་ནན་ཏན་འགྲོ་དགོས་སྙམ། ། 

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1