གཙོ་ངོས།>> སློབ་གསོ།>>སློབ་གསོའི་ཉམས་མྱོང་།

འབའ་སྨད་རྒྱལ་ལོ་ཚེ་རིང་། རྩོམ་སྒྲིག་པ།ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། ༢༠༡༩ལོའི་ཟླ་བ་༠༩ཚེས་༠༢ཉིན།

༄༅།། སློབ་གསོའི་ལྟ་ཚུལ་ལྷུག་བརྗོད།


—དོ་རྒྱ་བསོད་ནམས་ཚེ་རིང་ལགས་ལ་བཅར་འདྲི་བྱས་པ།
ལྷ་ས། འབའ་སྨད་རྒྱལ་ལོ་ཚེ་རིང་།

འབའ་སྨད་རྒྱལ་ལོ་ཚེ་རིང༌། རྒན་ལགས་ཀྱིས་བསྐྱར་དུ་བདག་གི་བཅར་འདྲི་དང་ལེན་བྱས་པར་ཐུགས་རྗེ་ཆེ་ཞུ།
དོ་རྒྱ་བསོད་ནམས་ཚེ་རིང༌། སྐྱོན་མི་འདུག

འབའ་སྨད་རྒྱལ་ལོ་ཚེ་རིང༌། ཁྱེད་ཀྱིས་ལོ་མང་པོར་སློབ་གསོའི་ཞིབ་འཇུག་གི་གོ་རིམ་མང་པོ་བརྒྱུད་མྱོང་བའི་ཉམས་མྱོང་གཞིར་བཞག་ནས།བོད་ཀྱི་ད་ལྟའི་སློབ་གསོའི་གནས་སྟངས་དང༌།ལེགས་སྐྱོན་ཐད་དུ་རང་གི་དགོངས་འཆར་བཏོན་ན་ག་འདྲ།
དོ་རྒྱ་བསོད་ནམས་ཚེ་རིང་། བོད་ཀྱི་ད་ལྟའི་སློབ་གསོ་ཟེར་ན་ཤིན་ཏུ་རྒྱ་ཆེ་ལ་གཏིང་ཟབ་པ་ཞིག་སྟེ། སློབ་གསོ་མྱོང་ཡུལ་གྱི་ཆ་ནས་དབྱེ་ནའང་སེམས་ཅན་གྱི་སློབ་གསོ་དང་།འབངས་མིའི་སློབ་གསོ།མི་རིགས་ཀྱི་སློབ་གསོ། ཡུལ་མིའི་སློབ་གསོ།སྡེ་མིའི་སློབ་གསོ། ཚོ་མིའི་སློབ་གསོ། ཁྱིམ་མིའི་སློབ་གསོ། སློབ་མའི་སློབ་གསོ། གྲྭ་པའི་སློབ་གསོ། ཇོ་མོའི་སློབ་གསོ་སོགས་མང་དུ་འདུག་ན། ཁོ་བོས་དེ་དག་གི་གནས་སྟངས་འཆད་པ་ནི་བྱ་ཕོའི་ཁ་ནང་ལ་སྲན་མ་བཞག་པ་དང་ཀུན་ནས་མཚུངས་སོ། ། ཡིན་ཡང་ཞིབ་ཏུ་བསམ་བློ་རེ་བཏང་ན་གཏན་ནས་འཆད་རྒྱུ་མེད་པའང་མ་ཡིན་ཏེ། ཁྱེད་ཀྱི་དྲི་བ་ཆེན་པོ་དེ་ཆུང་ཆུང་ཞིག་ལ་བཏང་སྟེ་སློབ་གྲྭའི་སློབ་གསོ་ཁོ་ན་ལ་ཟེར་ཆོག་པར་སྙམ། དེ་ལྟར་ཡང་ལན་གདབ་རྒྱུ་དཀའ་ལས་ཁག་པོ་ཡོད་དེ། བོད་ཀྱི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་གཉུག་གཤིས་དང་ཁ་འཕྲོད་པ་ཞིག་ངེས་པ་དོན་གྱིས་བདག་གིས་མི་ཐོན་ཡང་སློབ་དཔོན་ཆེན་མོ་དག་མི་འཇུག་ཅིང་གཞི་རིམ་དགེ་རྒན་གྱིས་མི་ཡོང་བའི་ལས་འདི་འཆད་ཁུལ་འདྲ་བྱས་ན། སྤྱིར་འཇིག་རྟེན་གྱི་བྱ་དངོས་གང་ལ་ཡང་བཀྲ་ཤིས་པའི་ཕྱོགས་ཤིག་དང་སྣ་ནག་མའི་ཕྱོགས་རེ་ཡོད་ངེས་པས་བོད་ཀྱི་ད་ལྟའི་སློབ་གསོའི་གནས་སྟངས་ཀྱང་དེ་ལས་མ་འདས་སོ། ། དེ་ཡང་བཀྲ་ཤིས་པའི་ཕྱོགས་ནས་རོང་ཕྱོགས་ཀྱིས་སྣ་དྲངས་པའི་སློབ་ཆུང་དང་དམའ་འབྲིང་གི་སློབ་མ་སློབ་གྲྭར་ཞུགས་ཚད་མཐོ་བ་དང་།ད་དུང་མཐོ་འབྲིང་དང་སློབ་ཆེན་ཞེས་པའི་འགྲོ་ས་ཞིག་ཀྱང་ཡོད་པས་དགའོ། ། ལྡོག་ཕྱོགས་ནས་མཐོ་འབྲིང་མན་ཆད་རྒྱུགས་ཀྱིས་བཙིར་དྲགས་པ་དང་། སློབ་གྲྭ་ཆེན་མོ་གསོབ་ཀྱིས་འགྱིངས་རིང་བ་དག་གོ། ། དེའི་ཁར་དགེ་རྒན་དག་གི་ངན་རེ་བཤད་ན། དགེ་རྒན་ཚེ་ན་དང་། དགེ་རྒན་འབུ་རྐོ། དགེ་རྒན་ཤོ་རྒྱག དགེ་རྒན་ལོ་པན། དགེ་རྒན་ཆང་འཐུང་། དགེ་རྒན་དུ་འཐེན། དགེ་རྒན་ཡོག་ལི། དགེ་རྒན་འགྲོ་མ། དགེ་རྒན་ལས་གཞི་ཅན། དགེ་རྒན་ཡང་མོ། དགེ་རྒན་ཚོང་པ་རྣམས་ནི་སློབ་གསོའི“ཞིང་བཅུ”ཚང་བའི་བསྟན་དགྲ་ཁོ་ནའོ། ། ད་དུང་གཙོ་བོ་གཙོ་བོ་ཞིག་བརྗེད་འདུག་སྟེ། དེ་ནི་སློབ་གྲྭའི་མིང་གི་མངོན་བརྗོད་དུ་གྲགས་པའི་སློབ་གཙོའོ། ། སློབ་གཙོ་དགེ་བཤེས་ནི་སློབ་གྲྭ་དགེ་བཤེས། སློབ་གཙོ་བརྟན་འཇགས་ནི་སློབ་གྲྭ་བརྟན་འཇགས། སློབ་གཙོ་ལོ་པན་ནི་སློབ་གྲྭ་ལོ་པན་ནམ། ཡང་ན་སློབ་གཙོ་འདོད་ཆགས་ཅན་གྱིས་སློབ་གྲྭ་གཞིབ། ཞེ་སྡང་ཅན་གྱིས་སློབ་གྲྭ་གཏོར། གཏི་མུག་ཅན་གྱིས་སློབ་གྲྭ་ལྟུང་བར་བྱེད་དོ་ཞེས་ཀྱང་སྨྲ་བར་བྱའོ། ། གཞན་བོད་ཀྱི་སློབ་གསོའི་གནས་སྟངས་ཀྱི་ཆ་ནས། བོད་ཀྱི་སློབ་གྲྭའི་སློབ་གསོ་ནི་ནང་ལོགས་ཀྱི་སློབ་གསོ་ལ་བལྟོས་ཏེ་ཡིག་རྨོངས་སེལ་བ་ཙམ་དང་།སྤྱི་ཚོགས་རྙིང་པ་ལ་བལྟོས་ཏེ་ཁྱབ་ཆེ་བ། དགོན་པའི་སློབ་གསོ་ལ་བལྟོས་ཏེ་ཟབ་ཚད་མེད་པ་ཞིག་ཏུ་མཐོང་ངོ་། །

འབའ་སྨད་རྒྱལ་ལོ་ཚེ་རིང༌། ད་ལྟའི་བོད་ཀྱི་སློབ་གྲྭ་ཆུང་འབྲིང་གི་སློབ་གསོའི་ཁྲོད་དུ་སློབ་ཁྲིད་དང༌།དོ་དམ།དགེ་རྒན་གྱི་དཔུང་ཁག་ཐད་ལེགས་བཅོས་གང་དག་བྱེད་དགོས་ཤིང༌།ཁ་ཕྱོགས་ཅི་ལྟ་བུ་ཞིག་བཟུང་ན་འགྲིག་གམ།
དོ་རྒྱ་བསོད་ནམས་ཚེ་རིང་། དེ་དེ་བཞིན་ཏེ།དགེ་རྒན་བཟང་པོའི་དཔུང་ཁག་ཅིག་ལ་དོ་དམ་བཟང་པོ་ཞིག་ཡོད་ན་སློབ་ཁྲིད་བཟང་པོ་བྱེད་པ་ནི་ཐག་གིས་ཆོད་པའོ། ། སློབ་གཙོ་བཟང་པོས་དགེ་སློབ་ཀུན་གྱི་སེམས་ཀྱི་སྣ།སྲིད་ཀྱི་མགོ།ཤེས་བྱའི་ཁ་གསུམ་པོ་རེ་རེ་ནས་ལེགས་ལམ་དུ་ཁྲིད་ཐུབ་པ་ཞིག་ཅིས་ཀྱང་དགོས། དགེ་རྒན་བཟང་པོས་སློབ་མའི་ལེགས་ཕྱོགས་མཐོང་བ་མ་ཟད་མཐོང་ནས་ཀྱང་ལེགས་ཕྱོགས་ཇེ་མང་དང་ཇེ་ཆེ།ཇེ་རྒྱས་སུ་གཏོང་ཐུབ་པ་ཞིག་ལ་འདོད།དེ་ཡང་གལ་ཆེན་ནང་གི་དོན་ཆེན་ནི་སློབ་གཙོ་དང་དགེ་རྒན་གཉིས་ཀའི་བཟང་པོ་རྒྱུན་འཁྱོངས་བྱ་རྒྱུ་ཉག་ཅིག་ཡིན་པས་དེ་ལ་ཁོ་བོས་ནི་རང་རང་མ་འགུལ་ན་ཁ་ལ་བཟའ་རྒྱུ་མི་ཡོང་བའི་འགན་གཙང་ལེན་ལས་ཐབས་གཞན་ཞིག་མི་རྙེད་དོ། །འགན་གཙང་ལེན་འདིས་སློབ་མའི་བདེན་པ་མཐོང་བའི་སྙིང་སྟོབས་དང་།དགེ་བ་བསྒྲུབ་པའི་ཆོད་སེམས།མཛེས་པར་ཕྱོགས་པའི་བསམ་བློ་གསུམ་པོའི་དཔངས་བསྟོད་རྒྱུ་སྙིང་བོར་འཛིན་དགོས་པར་འདོད་དོ། །

འབའ་སྨད་རྒྱལ་ལོ་ཚེ་རིང༌། སྣང་ཚུལ་ཞིག་ལ། དེང་གི་དགེ་རྒན་རྣམས་ཀྱིས་སློབ་མར་བསླབ་དེབ་རྐྱང་བ་གནད་དུ་འཛིན་པ་ལས་བསླབ་ཕྱིའི་དཔེ་ཆ་ལག་ཏུ་ཡོད་པར་མཐོང་ན།དེ་ནི་དུས་ཚོད་ཆུད་ཟོས་དང༌།ཡང་སློབ་མ་ཚོ་རྩོམ་འབྲིའི་ལས་སུ་ཞུགས་ན།དེ་ཡང་ཤོག་བུ་བརླག་བྱེད་ཅིག་ཏུ་ངོས་བཟུང་ནས་སློབ་མའི་མཐོང་སྒོ་མང་པོ་ཞིག་འགོག་གིན་འདུག་པས་ཁྱེད་ལ་ལྟ་ཚུལ་ག་འདྲ་འདུག
དོ་རྒྱ་བསོད་ནམས་ཚེ་རིང༌། དེ་ཡང་སློབ་མའི་ལག་ཏུ་བསླབ་ཕྱིའི་དཔེ་ཆ་མེད་པ་ནི་ཁོ་ཚོར་དེ་ལས་ལྷག་པའི་འགན་ཁུར་ཞིག་སྟེ་རྒྱུགས་ཟེར་བ་ཞིག་ཡོད་པས་ཡིན་རྒྱུ་རེད།རྒྱུགས་འཕྲོད་པ་ནི་དགེ་རྒན་དང་ཁྱིམ་བདག་སློབ་མ་གསུམ་གྱིས་གྲོས་བྱས་ནས“གན་རྒྱ”བཞག་ཡོད་པ་རེད།“གན་རྒྱ”ཡི་ལས་འགན་ཡོངས་འགྲུབ་བྱས་ཡོད་མེད་སྲིད་གཞུང་དང་སློབ་གཙོ་ཁྱིམ་བདག་ཚོས་འཆོར་དུ་འཇུག་པ་མ་རེད།གལ་ཏེ་སློབ་མས་རྒྱུགས་འཕྲོད་ན་ལག་ལ་དཔེ་ཆ་ཅི་ཞིག་བཟུང་རུང་དགེ་རྒན་བླུན་པོ་ཞིག་མིན་ན་དགའ་བས་མི་ཚད་ད་དུང་སྐུལ་ལྕག་གཏོང་ངེས་སུ་ཟད་དོ། །རྩོམ་འབྲི་བ་ནི་སློབ་མའི་ཤེས་བྱ་ཁོ་ན་མ་ཟད་ཡོན་ཏན་ཡོད་མེད་ལའང་ལྟ་ཐུབ་པའི“གཤིན་རྗེའི་མེ་ལོང”ཞིག་ཡིན་མོད།སློབ་མས་རྩོམ་ཏག་ཏག་བྲིས་ནས་རྒྱུགས་མི་འཕྲོད་ན་རྩིས་ཚན་དགེ་རྒན་ཕར་ཟད་སྐད་ཡིག་དགེ་རྒན་ཡང་ཇི་ལྟར་དགའ།ནམ་ཞིག་རྒྱུགས་དང་རྩོམ་གཉིས་ཀའི་ཐོག་ནས་སློབ་མའི་རྒྱུ་སྤུས་ལ་ཕན་འདོགས་ཐུབ་པའི་དུས་ཤིག་ཤར་བ་ན་འགལ་བ་དེ་ཡང་རང་བཞིན་གྱིས་ཞི་ནས་མེད་འགྲོ་བར་གདོན་མི་ཟའོ། །

འབའ་སྨད་རྒྱལ་ལོ་ཚེ་རིང༌། ད་ལྟའི་དུས་འདིར།སློབ་གསོའི་གཞུང་ལུགས་དང་ལག་ལེན་གཉིས་ཁ་མི་འཕྲོད་པའི་ཚུལ་དུ་གནས།རྒྱུ་མཚན། གཞུང་ལུགས་སྟེང་ནས་སློབ་གཉེར་པ་དག་ལ་སློབ་གསོ་བཏང་སྟེ་དཔེ་ཀློག་ལ་སྤྲོ་བས་འཇུག་པར་བསྟན་འདུག ཡིན་ནའང་། བོད་ཀྱི་སློབ་མ་དག་ལ་སློབ་གསོ་ག་འདྲ་བཏང་ཡང་ཕན་ཆེན་མི་ཐོགས་པར།ལྡོག་སྟེ་གཅར་རྡུང་སྣ་ཚོགས་བྱེད་དགོས་ཚོད་འདུག གནད་འདི་ལྟ་བུར་མཚོན་ན་གཞུང་ལུགས་གཙོ་བོར་འཛིན་དགོས་སམ། ཡང་ན་བཅར་རྡུང་གི་ལས་ལ་འཇུག་དགོས། ཇི་ལྟར་ཐག་བཅད་ན་འོས།
དོ་རྒྱ་བསོད་ནམས་ཚེ་རིང༌། ཐོག་མར་གཅར་རྡུང་ནི་འགྲོ་བ་མིའི་ཆེས་གདོད་མར་གྱུར་པའི་མི་བཟང་ལམ་དུ་འཇུག་པའི་ཐབས་ལམ་མོ་ཞེས་ལན་གདབ་རྒྱུ་ཡིན།དེ་ཡང་མི་རྣམས་ཀྱིས་ལག་ལེན་ལས་ར་སྤྲད་པ་ནི་བསྟོད་པས་མི་མགུ་སུ་ཡང་མེད་པས་སློབ་མར་བསྟད་ནས་ཡར་ལ་བསྐོར་བ་ཡང་ཆེས་མཆོག་ཏུ་གྱུར་པའི་སློབ་གསོ་ཞིག་ཏུ་མཐོང་ངོ་། ། ལྷག་པར་དུ་ནུབ་གླིང་གི་དམངས་གཙོ་དང་རང་དབང་འདྲ་མཉམ་གྱི་ཆུ་མིག་གང་སར་བརྡོལ་བ་དང་རྒྱལ་ཁབ་ཀྱི་ཁྲིམས་ལུགས་ཁྲིམས་སྲོལ་གྱི་བསྟན་པ་རྒྱས་པའི་དུས་ལ་དགེ་རྒན་གྱིས་སློབ་མར་གཅར་ཞིང་རྡུང་བ་ན་རང་གི་ལྕགས་ཀྱི་ཅ་ནེ་ནམ་ཚོད་བོར་བ་ཡང་མི་ཤེས་སོ། ། ཡིན་ནའང་འགྲོ་བ་མིའི་ཆོས་ཉིད་ལྟར་ན་གཅར་རྡུང་འདིས་ཀྱང་སློབ་གསོ་གཏོང་མཁན་དག་ཐབས་ཟད་འུ་ཐུག་ཏུ་གྱུར་པའི་ཚེ་སློབ་མ“ཐ་ཤལ”འགའ་ཞིག་ལེགས་ལམ་དུ་འཇུག་པ་ལ་ནི་གོ་ཆོད་ཆོད་དུ་སྣང་ངོ་། །དེའི་དོན་ནི་བཙོན་མའི་དཔེ་གསོན་པོས་ཀྱང་གསལ་བར་བྱེད་དོ། །ལོ་འགའི་སྔོན་ལ་སི་ཁྲོན་ཁྲུང་ཆིན་ནས་རུས་ཝན་ཅན་གྱི་བུད་མེད་ཅིག་གིས་གཅར་ན་ཆོག་པའི་སློབ་གྲྭ་ཞིག་བཙུགས་ཏེ་ལེགས་འགྲུབ་བྱུང་བ་མ་ཟད་གཞན་ལའང་བརྙན་འཕྲིན་ལས་སྒྲོག་ཏུ་བཅུག་གོ། ། དེ་ཤེད་ཅིག་ལ་ཁོ་བོས་ཀྱང་ཁོ་མོར་ཁ་པར་བཏང་སྟེ་རྗེས་སུ་ཡི་རངས་ཕུལ་ཏོ། །

འབའ་སྨད་རྒྱལ་ལོ་ཚེ་རིང༌། ད་ལྟའི་དུས་འདིར།བོད་ཀྱི་སློབ་གྲྭ་ཁག་ཏུ་ཇི་ལྟ་བུའི་དགེ་རྒན་དགོས། དགེ་རྒན་གྱི་དཔུང་སྡེ་ག་འདྲ་ཞིག་ཡིན་ན་འགྲིག་གམ།
དོ་རྒྱ་བསོད་ནམས་ཚེ་རིང༌། དེ་ཡང་དགེ་རྒན་ལུས་ཀྱིས་ཁྲིད་ཐུབ་པ་དང་།ངག་གིས་འཁྲོལ་ཐུབ་པ།ལག་གིས་འབྲི་ཐུབ་པ་སྟེ་ཐུབ་པ་རྣམ་གསུམ་ཅན་ཞིག་དགོས།དེའི་གཞུང་ཤིང་ནི་རང་གི་ལས་ཀ་ཡིན་པ་ལས་གཞན་གྱི་ལས་ཀ་མ་ཡིན་ནོ། །

འབའ་སྨད་རྒྱལ་ལོ་ཚེ་རིང༌། ཁྱེད་ཀྱིས་བལྟས་ན།དགེ་རྒན་ཞིག་གིས་འགན་ག་ཚོད་ཅིག་བསྒྲུབས་ཏེ་ལེགས་འགྲུབ་བྱུང་ན་ད་གཟོད་དགེ་རྒན་ཕུལ་དུ་བྱུང་བ་ཞིག་ཡིན།
དོ་རྒྱ་བསོད་ནམས་ཚེ་རིང༌། ཀུན་སློང་མང་པོའི་ནང་ནས་གཅིག་ཡར་བསླངས་ནས་ཕྱིར་ལུས་ངག་ཏུ་མ་མངོན་པ་ལ་ཀུན་སློང་དང་ཕྱིར་མངོན་པ་ལ་ཀུན་སྤྱོད་ཅེས་མིང་དུ་གདགས་སོ། །སློབ་མར་ཤེས་བྱ་ཁྲིད་ཞོར་དུ་ཀུན་སྤྱོད་ཀྱི་ཆ་ནས་བུས་ཕྲུག་ཡ་རབས་ཤིག་དང་། སློབ་མ་བཟང་པོ་ཞིག སྡེ་མི་དགའ་བོ་ཞིག འབངས་མི་ཚད་ལྡན་ཞིག་སྐྱེད་སྲིང་མཁན་ནི་དགེ་རྒན་མཆོག་ཅེས་བྱའོ། །

འབའ་སྨད་རྒྱལ་ལོ་ཚེ་རིང༌། ཉིད་ཀྱིས་བལྟས་ན་དེང་སྐབས་བོད་ཀྱི་སློབ་གསོ་ཁྲོད་གནས་པའི་སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་རྣམས་ཀྱི་གནད་དོན་ཚབས་ཆེ་བ་དེ་གང་རེད་འདོད།ཇི་ལྟར་སྙོམ་སྒྲིག་བྱེད་དགོས་སམ།
དོ་རྒྱ་བསོད་ནམས་ཚེ་རིང༌། དེ་ཚིག་གཅིག་གིས་བཤད་ན་དགེ་རྒན་ལ་བྱང་སེམས་མེད་པའོ། ། སྐྱ་བོའི་སྐད་ལྟར་ན་གཞན་ཕན་གྱི་ལྷག་བསམ་མེད་པ་དེ་རེད། དེ་ཡང་ཡིན་ཏེ་ད་ལྟ་དགེ་རྒན་དག་ནི་སློབ་ཆེན་ལས་མཐར་ཕྱིན་པ་ཁོ་ན་ཡིན་རུང་། སྔོན་མའི་དགེ་རྒན་དགེ་ཐོན་པ་ལྟར་སློབ་མ་ལ་ཕན་མི་ཐོགས་པ་ནི་གང་གིས་ལན་ནམ།དེ་ལ་བོད་ཀྱི་སེམས་དཔའ་ཆེན་པོ་རྫ་དཔལ་སྤྲུལ་གྱིས།བླ་མ་བརྟག་པར་བྱ་བ་དེ་ཡང་སྤྱིར་མདོ་རྒྱུད་ནས་གང་བཤད་པའི་ཡོན་ཏན་ཚང་བ་ཞིག་དགོས་པ་ཡིན་ཡང་།ཁྱད་པར་ཐུགས་རྒྱུད་བྱང་ཆུབ་ཀྱི་སེམས་དང་ལྡན་པ་ཞིག་ནི་ངེས་པར་དགོས་པ་ཡིན་པས།མདོར་བསྡུས་ན་བརྟག་པ་གཅིག་པོ་བྱང་ཆུབ་ཀྱི་སེམས་དང་ལྡན་མི་ལྡན་འདི་ལ་འདུས།ཐུགས་རྒྱུད་བྱང་ཆུབ་ཀྱི་སེམས་དང་ལྡན་པ་ཞིག་ཡིན་ཕྱིན་སློབ་མ་ལ་ཡང་འདི་དང་ཕྱི་མར་གང་ཕན་པ་དེ་ལྟ་དེ་ལྟར་བྱེད་པས་དོན་དུ་མི་འགྱུར་བ་མི་འོང་ཞིང་།བླ་མ་དེས་བསྟན་པའི་ཆོས་ཀྱང་ཐེག་པ་ཆེན་པོའི་ལམ་དང་འབྲེལ་བས་ཅིས་ཀྱང་ཡང་དག་པའི་ལམ་དུ་འགྲོ་བ་ཡིན།བྱང་ཆུབ་ཀྱི་སེམས་དང་མི་ལྡན་ཕྱིན་བླ་མ་ལ་རང་འདོད་ཀྱི་འཁྲིས་ཡོད་པས་སློབ་མའི་རྒྱུད་ཀྱང་ལེགས་པར་མི་ཐུལ་ཞིང་།ཆོས་བསྟན་པ་ཡང་ཅི་ཙམ་ཟབ་ཟབ་མོ་དང་མཚར་བ་ལྟར་འདུག་ཀྱང་མཐར་འཇིག་རྟེན་ཚེ་འདི་འབའ་ཞིག་གི་ཆེད་དུ་འཆོར་བ་ཡིན།དེས་ན་བླ་མ་བརྟག་པའི་གནད་ཐམས་ཅད་འདིར་འདུ་བས་ཐུགས་རྒྱུད་བྱང་ཆུབ་སེམས་ཀྱིས་གང་བ་ཞིག་འདུག་ན་ཆ་ལུགས་སོགས་ཇི་ལྟར་འདུག་ཀྱང་བསྟེན་པར་བྱ། རྒྱུད་བྱང་ཆུབ་ཀྱི་སེམས་དང་བྲལ་བ་ནི། འཕྲལ་དུ་ངེས་འབྱུང་དང་སྐྱོ་ཤས་སྒྲུབ་ཚུགས་དང་ཀུན་སྤྱོད་སོགས་ཅི་ཙམ་བཟང་བ་ལྟར་སྣང་ཡང་བསྟེན་བྱ་མིན་ནོ། ། ཞེས་གསུངས་པ་ལྟར། ཁོ་བོས་དགེ་རྒན་དག་གིས་ཀྱང་མཐའ་གཅིག་ཏུ་འདི་ལྟར་བྱེད་དགོས་པའི་དོན་མ་ཡིན་གྱི།རང་རང་གི་ལས་ཀ་དང་འཚམས་པའི་ཆོས་རེ་ཟ་དང་ཟུར་ནས་ལེན་ཤེས་དགོས་པར་བསྟན་པ་ཡིན་ནོ། །དེ་ལྟར་ཡང་ཡིན་ཏེ།འགའ་ཞིག་ལྟར།བཤེས་གཉེན་དུལ་བ་ཞི་བ་ཉེར་ཞི་བ། །ཡོན་ཏན་ལྷག་པ་བརྩོན་བཅས་ལུང་གིས་ཕྱུག །དེ་ཉིད་རབ་ཏུ་རྟོགས་ལ་སྨྲ་མཁས་ལྡན། །བརྩེ་བའི་བདག་ཉིད་སྐྱོ་ངལ་སྤངས་ལ་བསྟེན། །ཞེས་པ་འདི་ཐེག་པ་ཆེན་པོའི་ཆོས་སྒོར་འདྲེན་པའི་བླ་མ་ཞིག་གི་ཚད་གཞི་ཡིན་པ་མ་ཤེས་པར་དེང་རབས་ཀྱི་སློབ་གྲྭའི་དགེ་རྒན་དག་ལ་སྦྱོར་ཅི་ཐུབ་བྱེད་པ་ནི་ཆོས་པ་དག་དགོད་ཁ་འཆོར་བའི་གནས་སུ་ཟད་དོ། །ཡིན་ནའང་མདོ་རྒྱུད་དག་ལས་དགེ་བའི་བཤེས་གཉེན་བསྟེན་ཚུལ་དང་སློབ་མ་སྐྱོང་ཚུལ།སེམས་བསྐྱེད་ཚུལ་སོགས་རང་གི་ལས་སྐལ་དང་མཐུན་པར་ལེན་ཤེས་ན་ཕྱེ་ལེན་ལེན་བྱས་ཆོག་པ་ནི་འུ་ཅག་གི་བསོད་ནམས་སུ་འདོད་དོ། །

འབའ་སྨད་རྒྱལ་ལོ་ཚེ་རིང༌། གཞི་རིམ་དགེ་རྒན་མང་ཤོས་ལ་དཔེ་ཀློག་གི་འདུ་ཤེས་དང་གོམས་སྲོལ་མེད་པར་མ་ཟད།དགེ་རྒན་རེ་གཉིས་ཀྱིས་དཔེ་ཀློག་དང་སློབ་མའི་སློབ་སྦྱོང་གི་ཐད་དུ་ཤི་འཐམ་རོ་འཐམ་བྱས་ཀྱང་དགེ་རྒན་གཞན་རྣམས་ཀྱིས་མཐོང་ཆུང་དང༌།ཕྲག་དོག་གི་ཨ་འཐས་འཛིན་པར་ལྟ་ཚུལ་ཅི་ཡོད།
དོ་རྒྱ་བསོད་ནམས་ཚེ་རིང༌། གཞི་རིམ་དགེ་རྒན་མང་ཤོས་ལ་དཔེ་ཀློག་གི་འདུ་ཤེས་དང་གོམས་སྲོལ་མེད་པར་མ་ཟད།དགེ་རྒན་རེ་གཉིས་ཀྱིས་དཔེ་ཀློག་དང་སློབ་མའི་སློབ་སྦྱོང་གི་ཐད་དུ་ཤི་འཐམ་རོ་འཐམ་བྱས་ཀྱང་དགེ་རྒན་གཞན་རྣམས་ཀྱིས་མཐོང་ཆུང་དང་ཕྲག་དོག་བྱེད་པ་དེ་སྒྲ་ཞིག་ཡིན་ན་བྲག་ཅ་རུ་སྒོམས།མི་ཞིག་ཡིན་ན་གྲོགས་སུ་ལྟོས།ལས་ཤིག་ཡིན་ན་མཐུན་རྐྱེན་དུ་སྒྲུབས་དང་དེ་ནི་ཆོས་སྲིད་གང་གིའང་གདམས་པ་ཡིན་ནོ། ། ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་ཡང་ཁམས་པའི་མི་འགས་བརྙས་པའི་གནས་ཚུལ་དེ་འདྲ་ལ་འཕྲད་ནས།མི་སོགས་སྡང་བས་ཆོས་དང་འཕྲད་པ་དེ། །ཕན་བདེ་རྙེད་པས་སྡང་བྱེད་བཀའ་དྲིན་ཆེ། ། ཞེས་ཉམས་སུ་བླངས་ཏེ་བསླབ་བྱ་མཛད་འདུག་གོ། །

འབའ་སྨད་རྒྱལ་ལོ་ཚེ་རིང༌། གཞན།ད་ལྟའི་སྙིགས་མའི་དུས་འདི་ལ་ཡོན་ཏན་མེད་པའི་མི་སྐོར་ཞིག་རང་ལ་རིག་པའི་སྣོད་ཡང་མོ་ཡིན་བཞིན་དུ་སློབ་གསོའི་ལས་གནས་སྟེང་འཚང་ཁ་རྒྱག་བཞིན་པའི་སྣང་ཚུལ་བོད་ཡུལ་དུ་དར་ཁྱབ་ཆེ་བས།མི་འདིའི་རིགས་སློབ་གསོའི་ལས་གནས་སྟེང་དུ་འཚངས་ན་འོས་སམ་མི་འོས།
དོ་རྒྱ་བསོད་ནམས་ཚེ་རིང༌། ཐོག་མར་འདི་ནས་སྙིགས་མའི་དུས་ཞེས་པ་འདི་རགས་རིམ་ཞིག་བཤད་འདོད། དེ་ཡང་སྙིགས་མ་ཞེས་པ་ཧ་ཅང་བཙོག་པའམ་མི་ལེགས་པའི་དོན་ཏེ།དབྱེ་བ་ཕྱེ་ན།སྲོག་རྒུད་པ་ཚེ་ཡི་སྙིགས་མ།ཁྱིམ་པའི་དགེ་ཕྱོགས་རྒུད་པ་ཉོན་མོངས་པའི་སྙིགས་མ།རབ་བྱུང་གི་དགེ་ཕྱོགས་རྒུད་པ་ལྟ་བའི་སྙིགས་མ།ལོངས་སྤྱོད་རྒུད་པ་དུས་ཀྱི་སྙིགས་མ།བསོད་ནམས་དམན་པ་སེམས་ཅན་གྱི་སྙིགས་མ་བཅས་ལྔའོ། །དེ་ཡང་དེང་སང་གི་སྤྱི་ཚོགས་དང་སྦྱར་ན།
1.ནད་གདོན་ཅ་ལག་རླངས་འཁོར་སོགས་འཆི་རྐྱེན་གྱི་ཁ་དར་བ། 2.སྡེ་བ་དང་ལས་ཁུངས་ན་རང་འདོད་ཅན་དང་ཁོང་ཁྲོ་ཅན་རྨོངས་པ་དག་གིས་བཀང་བ། 3.གྲྭ་པའི་ནང་ན་ཆོས་ཤེས་མཁན་ཉུང་བ། 3.ས་ཆུ་མེ་རླུང་ནམ་མཁའི་སྤུས་ཀ་ཇེ་ཞན་དུ་སོང་བ། 4.བླ་མ་གྲྭ་པ་ལོག་པ་དང་དཔོན་པོ་ལས་བྱེད་ལྷུང་བ་ཡོད་པོ་འཛོམས་པོ་སྤྲང་བ་སོགས་ཆེས་རྒྱུན་ལྡན་དུ་གྱུར་པའོ། །ཡང་རང་གི་མྱོང་བ་ལྟར་བཤད་ན།ང་རང་ལོ་ངོ་བཅུ་བདུན་ལ་སློབ་གཙོར་བསྡད་པའི་རིང་ནི་དགེ་རྒན་གྱི་གྲངས་ཀ་འདང་དུ་འཇུག་མ་ཐུབ་པའི་སློབ་གཙོ་ནུས་མེད་ཀྱི་ལོ་བཅུ་བདུན་ཡིན་ན།རྒྱུ་སྤུས་ཀྱིས་འདང་བར་འཇུག་པ་ནི་སློབ་གཙོ་གྲིམ་པོ་ཞིག་དང་།ཅུས་ཀྲང་ངར་བ་ཞིག རྫོང་དཔོན་བཙན་པོ་ཞིག ཧྲུའུ་ཅི་སེམས་དཔའ་དག་གི་འཇུག་སེམས་ཁོ་ན་ལས་ཡོང་རྒྱུ་ཞིག་ཡིན་ལས་ཆེའོ། ། དེ་ལྟར་མ་ཡིན་པར་ཧྲུའུ་ཅི་བརྣབ་སེམས་ཅན་དང་རྫོང་དཔོན་སྟོང་བཤད་རྒྱག་མཁན་ཞིག ཅུས་ཀྲང་རང་འདོད་ཅན་ཞིག སློབ་གཙོ་བརྟན་ལྷིང་དམ་ལྡན་ཞིག་གིས་ནམ་ཡང་བབ་ས་མ་རེད་ལགས།དེ་སྔོན་ཡུལ་ཚོ་ཞིག་ནས་སློབ་མའི་མིང་ཡང་འབྲི་མི་ཤེས་པའི་དགེ་རྒན་ཞིག“འཐུས་མི”དག་གིས་ཞང་ཀྲང་ལ་བདམས། སྡེ་བའི་ཀྲི་པུའུ་ཧྲུའུ་ཅི་ཞིག་གིས་ཚུལ་དེ་མཐོང་ནས། འོ། མ་གཞི་ཞང་ཀྲང་ལ་ཡོན་ཏན་དགོས་ས་མི་འདུག་ཟེར་ནས་བརྩད་བརྩད་ནས་དེ་ཡང་ཞང་ཀྲང་ལ་བསྡད་ནས་རྒྱུན་ལྡན་ཞིག་ཏུ་གྱུར་པ་མ་ཟད། རྫོང་དཔོན་ཞིག་གིས་དེ་བློར་བབས་ནས་བལྡག་ལ་ཁད་བྱས་སོ། །དེ་ལྟ་ན།མཁས་པ་ཉིད་ནི་མེད་ན་བློ་གྲོས་རྣམས་ཉམས་མི་རྣམས་འཚོ་བ་དོན་ཡོད་མིན། ། ཞེས་པའི་ལེགས་བཤད་འདི་ལ་ངེས་ཤེས་མི་འདྲོངས་ཀ་མེད་དོ། །

འབའ་སྨད་རྒྱལ་ལོ་ཚེ་རིང༌། སློབ་གྲྭ་ཆུང་འབྲིང་གི་སློབ་མ་རྣམས་ཀྱི་མི་གཤིས་དང་བསམ་བློ།བྱ་བ་བྱེད་སྟངས།དཔེ་ཀློག་གི་གོམས་གཤིས་བཅས་སུ་སློབ་མ་རང་ཉིད་ཀྱིས་ནུས་པ་ཇི་ལྟར་བསྒྲུབ་དགོས་ཚུལ་དང༌།གཞན་དགེ་རྒན་གྱིས་རྩལ་ནུས་གང་དག་བཏོན་ན་འོས་པར་མཐོང༌།
དོ་རྒྱ་བསོད་ནམས་ཚེ་རིང༌། སྔོན་དགེ་བཤེས་པོ་ཏོ་བའི་དྲུང་དུ་མི་རེ་འོང་ཙ་ན་མི་གཞི་ཅི་འདྲ་གསུངས།དེ་མི་གཞན་གྱིས་མི་གཞི་རང་འབྲིང་ངེ་བ་ཞིག་གདའ།ཤེས་རབ་ནི་ཆེ་བ་ཞིག་གདའ་བྱས་ཙ་ན།ཁོ་བོ་སློབ་མས་དམྱལ་བར་བསྐྱུར་བའི་གཉེར་མ་མཆིས།ད་ལྟ་ནས་ཁྲེས་པོ་ཁུར་ལ་རྒྱུག་གསུངས།མི་གཞི་ནི་གྲོས་སུ་བཏུབ་པ་ཞིག་གདའ།དད་པ་དང་ཤེས་རབ་ཆུང་ངུ་གདའ་བྱས་ཙ་ན།དད་པ་འདུས་བྱས་ཡིན་པས་སྐྱེས་འཚལ།ཤེས་རབ་ཆུང་ཡང་མ་ཤེས་ན་ངས་ལན། མི་བྱེད་ན་ཁོས་ལན་གསུངས་སྐད། དེས་ན་ཡོན་ཏན་གཞན་མ་ཚང་ན་ཡང་། མི་གཞི་བཟང་པོ་ལྷ་འདྲ་བ་ཞིག་གལ་ཆེ།ཞེས་གསུངས་སོ། །མདོ་ལས།སེམས་དག་པས་ནི་ལུས་དག་པར་འགྱུར་གྱི། །ལུས་འཆའ་བས་ནི་སེམས་མ་ཡིན་ནོ། །ཞེས་དང་།ཡང་།ཡིད་གཙོ་ཡིད་ནི་ཀུན་ཏུ་འགྲོ། ། ཞེས་དང་། སེམས་རྒྱལ་པོར་བསྡད་ན་ལུས་ངག་གཉིས་བྲན་དུ་འཁོལ། ཞེས་གསུངས་པ་ལྟར་འགྲོ་བ་མིའི་སེམས་འདི་གཙོ།སེམས་འདི་ཐམས་ཅད་མཁྱེན་པར་འགྲོ་དགོས།སེམས་ཀྱི་རྣམ་དཔྱོད་ཡོད་མེད་ཀྱིས་དུད་འགྲོ་དང་མིའི་དབྱེ་བ་བྱུང་།ཞེས་གསུངས་པ་ལྟར་ནང་བསམ་བློ་སྨིན་རྒྱུ་ནི་ཐོག་མཐའ་བར་གསུམ་གྱི་དོན་པོ་ཉག་གཅིག་ཡིན་ནོ། ། བཀྲ་ཤིས་བརྩེགས་པ་ལས།གང་ཡང་མ་འགགས་ཐབས་ཀྱི་ཕ་རོལ་ཕྱིན། །ཞེས་པ་ནི་ཐབས་ཀྱི་གདམས་པ་ཡིན།དགེ་རྒན་གྱིས།སློབ་མའི་ན་ཚོད་དང་མཐུན་པའི་ཤེས་བྱ་ཁྲིད་པའི་ཞོར་ལ་དཔེ་ཆ་རེ་ཡང་ངོ་སྤྲོད།རྒྱུད་དང་རན་པའི་རྟོགས་པ་སྤོས་ཞོར་ལ་ཀུན་སྤྱོད་གནད་དུ་ཟུངས། དུས་དང་འཚམ་པའི་སྙིང་སྟོབས་བསྐྱེད་ཞོར་ལ་ནུས་པ་ལག་ཏུ་ལེན་པར་བྱའོ། ། མདོར་ན་བརྩོན་འགྲུས་ནི་དགེ་བ་དང་སྤྲོ་བ་དང་རྒྱུན་འཁྱོངས་ཀྱི་ཐོབ་གྲངས་སུ་ཤེས་པ་འདི་གལ་ཆེའོ། །

འབའ་སྨད་རྒྱལ་ལོ་ཚེ་རིང༌། ཁྱེད་ཀྱིས་སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་རྣམས་ཀྱིས་དཔེ་ཀློག་བྱེད་དགོས་པའི་གལ་ཆེན་དང་ཚད་ལྡན་གྱི་དཔེ་ཆ་སྐོར་ཞིག་མཚམས་སྦྱོར་དང་བཅས་བཅར་འདྲི་མཇུག་རྫོགས་ན་ཅི་འདྲ།
དོ་རྒྱ་བསོད་ནམས་ཚེ་རིང༌། དགེ་རྒན་གྱིས་དཔེ་ཆ་མི་ཀློག་པ་ནི་ཨ་མས་ཟ་མ་མ་ཟོས་པར་ནུ་མར་འོ་མ་མི་འབབ་པ་དང་ཀུན་ནས་མཚུངས།དེ་ཡང་དཔེ་ཆ་གང་ཞིག་ལ་བལྟ་ཟེར་ན་ཐོག་མར་རང་རང་གི་རིག་ཚན་དེའི་ལོ་རྒྱུས་ལ་ཅིས་ཀྱང་བལྟ་བར་བྱ་སྟེ། དཔེར་ན། བོད་ཡིག་འཕེལ་བའི་ལོ་རྒྱུས་དང་།རྒྱ་ཡིག་འཕེལ་བའི་ལོ་རྒྱུས།དབྱིན་ཡིག་འཕེལ་བའི་ལོ་རྒྱུས།རྩིས་རིག་འཕེལ་བའི་ལོ་རྒྱུས།རྫས་འགྱུར་འཕེལ་བའི་ལོ་རྒྱུས།དངོས་ལུགས་འཕེལ་བའི་ལོ་རྒྱུས་སོགས་སོ། ། དེའི་འཕྲོ་ནས་སྐད་ཡིག་ལ་མཚོན་ན་རྒྱ་ཡིག་གི་སྐད་ཡིག་སྣ་བརྒྱ་མའི་དཔེ་ཚོགས་དང་། ཉེ་རབས་ཀྱི་ཝུན་ཡུའུ་ཏའོ་དང་།ཐའོ་ཞིན་ཀྲི། ཚའེ་ཡོན་ཕེ། དེང་རབས་ཀྱི་སུང་ཧྲའོ་ཀྲིན། ཝའེ་ཧྲུའུ་ཧྲིན། ཆན་ལི་ཆུང་སོགས་མཁས་པ་ཆེན་པོ་དག་གི་གསུང་རྩོམ།ད་དུང་ཧྲང་ཧེའི་སྐད་ཡིག་སློབ་སྦྱོང་སོགས་དུས་དེབ་ཉོས་དང་གཏེར་ཁ་རྙེད་པ་དང་འདྲ་བར་གང་ཞིག་ལ་བལྟ་དགོས་པ་གཅིག་འཕྲོ་གཅིག་ལ་ཤེས་ནས་འོངས།རིག་ཚན་གཞན་དག་ཀྱང་དེ་བཞིན་ནོ། ། ཁོ་བོས་ནི་རང་ལོ་ཉེར་བདུན་ནས་བཟུང་རྒྱ་ཡིག་གི《སློབ་གྲྭ་ཆུང་འབྲིང་གི་དོ་དམ》དང་། 《སློབ་གཙོའི་དོ་དམ་སྒྱུ་རྩལ》 《ཀྲུང་གོའི་ཁྱིམ་གྱི་སློབ་གསོ》སོགས་དུས་དེབ་སྣ་ཚོགས་དང་། 《འཛམ་གླིང་གི་སློབ་གསོ་འཕེལ་བའི་ལོ་རྒྱུས》 《ནུབ་གླིང་གི་སློབ་གསོའི་གྲགས་རྩོམ》 《ནུབ་གླིང་གི་སློབ་གསོའི་བསམ་བློ་འཕེལ་བའི་ལོ་རྒྱུས》 《ཕྱི་གླིང་གི་སློབ་གསོ་འཕེལ་བའི་ལོ་རྒྱུས》 《རྒྱ་ནག་གི་སློབ་གསོ་འཕེལ་བའི་ལོ་རྒྱུས》སོགས་ལ་བལྟས་ནས་སློབ་གྲྭར་ལག་ལེན་དུ་བཏབ་ནས་ཀྱང་ཉམས་སུ་བླངས་ཤིང་ཕྱོགས་སུ་བསྡམས་པ་ཡིན་ནོ། ། དེ་བཞིན་དུ་རང་གི་སྲོག་འཚོ་བ་ལ་མེད་དུ་མི་རུང་བའི་གསོ་རླུང་ལྟར་གྱུར་པའི་བོད་ཡིག་གི་དཔེ་ཆ་དག་ལ་བལྟས་པ་ནི་ལྟ་ཅི་སྟེ་གྲངས་ཀ་མ་བླངས་སོ། ། དེ་ལས་རྩོད་པ་དགའ་ན་རྩོད་པ་ཤེས།དེ་ཉིད་ལ་དགའ་ན་དེ་ཉིད་རྟོགས།སློབ་གསོ་ལ་དགའ་ན་སློབ་གསོ་ཐོབ་པས།དགེ་རྒན་དག་གིས་རང་རང་གི་ལས་སྐལ་དུ་གྱུར་པའི་རིག་ཚན་གང་གི་ཁ་འཕྲོ་ལྟར་བལྟ་བར་བྱ་སྟེ།བལྟ་ཤེས་ན་བལྟས་མི་ཆོག་པ་དང་གོ་མི་ཆོད་པའི་དཔེ་ཆ་ཞིག་འཇིག་རྟེན་ན་མེད་ཚོད་དུ་སྣང་ངོ་། ། ཡིན་ནའང་མི་ཡི་ཚེ་དང་མིག་ལ་ཚད་ཡོད་པས་ངང་པས་ཆུ་ལས་འོ་མ་ཕྱེས་པ་བཞིན་དཔེ་ཆའང་དེ་བཞིན་བཀླག་པར་བྱའོ། །

འབའ་སྨད་རྒྱལ་ལོ་ཚེ་རིང༌། མཐར་དགེ་རྒན་ཁྱེད་ཀྱིས་རླབས་ཆེ་བའི་བསམ་དོན་དག་ལ་བར་ཆད་མེད་པ་དང་བཅས་རྗེས་མར་ཡང་བདག་གི་བཅར་འདྲི་དང་ལེན་བྱེད་པར་རེ་བ་བཏོན་པ་ཡིན། བཀའ་དྲིན་ཆེ།
དོ་རྒྱ་བསོད་ནམས་ཚེ་རིང༌། བཀའ་དྲིན་ཆེ།

འབའ་སྨད་རྒྱལ་ལོ་ཚེ་རིང་། ཚེ་རིང་ལོ་བརྒྱ། སླར་ཡང་མཇལ། །

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1