གཙོ་ངོས།>> ཞིབ་འཇུག>>ལོ་རྒྱུས།

རྩོམ་སྒྲིག་པ།ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། ༢༠༡༩ལོའི་ཟླ་བ་༠༨ཚེས་༢༧ཉིན།

༄༅།། འཛམ་གླིང་ཤེས་རིག་གི་བྱུང་བ་བརྗོད་པ་ལས་གདོད་མའི་ལེའུ།

        ཆེད་ལས་མཁས་པ་དག་གིས་མིའི་རིགས་ཀྱི་འགྱུར་རྡོ་ལ་ཡང་ཡང་བརྟགས་པ་ལྟར་ན། ང་ཚོ་འགྲོ་བ་མི་ནི་གནའ་བོའི་སྤྲ་མི་ལས་ཆད་པར་སྨྲ་བ་དང་། དེ་ཡང་བསྐལ་བ་དུ་མའི་རིང་ལ་རང་བྱུང་ཁམས་དང་འབྲེལ་འདྲིས་རྣམ་པ་སྣ་ཚོགས་བརྒྱུད་པའི་བྱས་འབྲས་སུ་ངོས་བཟུང་འདུག མི་ལོ1000ལྷག་གི་གོང་རོལ་དུ། སའི་གོ་ལའི་གླིང་ཆེན་ཁག་ལྔ་བོར་ཡང་འགྲོ་བ་མིའི་རིགས་ཀྱི་རྐང་རྗེས་ཕབ་ཅིང་ལོ་རྒྱུས་ཀྱི་རི་མོ་གསུབ་མེད་དུ་བྲིས་གནང་མཆིས།
        ས་ཁོངས་མི་གཅིག་པ་དང་ཡུལ་དུས་ཀྱི་ཆ་རྐྱེན་མི་འདྲ་བའི་དབང་གིས་མིའི་རིགས་ཀྱི་ལོ་རྒྱུས་འཕེལ་ཕྱོགས་ཀྱང་གཅིག་མིན་དུ་མར་སྣང་བ་རེད་ལ། ཕྱི་རོལ་ཡུལ་དང་ནང་གི་དུས་བབ་ཁ་ཁར་སོང་བ་ནི་རྒྱུ་རྐྱེན་གཙོ་བོ་ཡིན་པ་དང་། ཕྱི་ཚུལ་ཐ་དད་པ་དེའི་རྐྱེན་པས་མིའི་རིགས་ཀྱི་ལོ་རྒྱུས་སྟེང་རིགས་རྒྱུད་ཀྱི་དབྱེ་བ་མངོན་གསལ་བྱུང་འདུག
        མིའི་རིགས་ཀྱི་སྤྱི་ཚོགས་ཡར་རྒྱས་སུ་འགྲོ་བའི་གོ་རིམ་ཁྲོད་དུ། གནས་ཡུལ་གཞན་དུ་སྤོར་བ་དང་ཕན་ཚུན་འདྲེས་ནས་སྡོད་པའི་གནས་ཚུལ་དུས་རྟག་ཏུ་བྱུང་བ་དང་། ཞིང་ལས་གསར་བརྗེའི་དུས་ནས་བཟུང་། ཐུན་མོང་གི་དཔལ་འབྱོར་དང་རིག་གནས་ཀྱི་འཚོ་བ་རོལ་བའི་མཐུན་རྐྱེན་རིམ་གྱིས་འཛོམས་ཤིང་། ས་ཁོངས་གཅིག་པའི་མངའ་འོག་ཏུ། ཕན་ཚུན་གཅིག་མཚུངས་ཀྱི་སེམས་གཤིས་ཤིག་ངང་གིས་ཆགས། དེས་ནི་གཞན་དང་རྣམ་པར་བཅད་པའི་ཅུང་གཏན་འཇགས་ཀྱི་ཁྱུ་ཚོགས་ཤིག་བསྐྱེད་པ་དང་། ང་ཚོས་མིའི་རིགས་ཞེས་ཐ་སྙད་དུ་བཏགས་པའོ། །
        མིའི་རིགས་ཀྱི་བློ་གྲོས་མ་སྨིན་པ་དང་། འཚོ་བ་སྐྱེལ་སྟངས་ཆིག་རྐྱང་ཅན་དང་། ཐོན་སྐྱེད་ནུས་ཤུགས་ཀྱི་ཆུ་ཚད་ཆེས་དམའ་བའི་དབང་གིས་རང་བྱུང་ཁམས་ཀྱི་གནས་ཚུལ་དང་སྣང་ཚུལ་ཅི་རིགས་ལ་གོ་བ་བདེ་བླག་ཏུ་ལོན་མ་ཐུབ་པ་རེད། དེ་དང་དེའི་རྐྱེན་པས་གདོད་མའི་ཆོས་ལུགས་ཀྱི་འདུ་ཤེས་བསྐྱེད་པར་བཤད། གདོད་མའི་སྒྱུ་རྩལ་ནི་མིའི་རིགས་ཀྱི་ཐོན་སྐྱེད་འཚོ་བ་སྒྱུ་རྩལ་གྱི་ལམ་ནས་སླར་མཚོན་བྱས་པ་བདེན་ནའང་། དེར་མ་གཞི་ནས་གདོད་མའི་ཆོས་ལུགས་ཀྱི་བག་ཆགས་ཟབ་མོ་བསྒོས་འདུག་པ་བསྙོན་མེད་རེད།
        བརྡ་འཕྲིན་མངག་གཏོང་དང་ཉམས་མྱོང་སྒྲོག་སྤེལ། བསམ་བློ་བརྗེ་རེས། དྲན་ཤེས་ཡུན་གནས། གཞན་ཡང་ཕན་ཚུན་འབྲེལ་འདྲིས་བྱེད་པའི་ཡུལ་དུས་ཀྱི་བཀག་རྒྱ་བསལ་རྒྱུ་བཅས་ནི་མིའི་རིགས་མུ་ནས་མུ་རུ་འཚོ་གཞེས་དང་གོང་འཕེལ་དུ་འགྲོ་བའི་སྔོན་འགྲོའི་ཆ་རྐྱེན་གལ་ཆེ་ཤོས་དེ་ཡིན་པ་དང་། སྐད་དང་ཡི་གེའང་གནས་བབ་དེ་འདྲའི་འོག་ཏུ་ཐོག་མར་བྱུང་བ་རེད་དེ། སྐད་དང་ཡི་གེ་བྱུང་བས་ནི་འགྲོ་བ་མིའི་བློ་གྲོས་སྔར་བས་རྒྱས་ཤིང་། མི་ཚོས་ཐོན་སྐྱེད་འཚོ་བའི་ཉམས་མྱོང་ཕྱོགས་བསྡོམས་བྱེད་པ་དང་དུས་མཉམ་དུ་ཕན་ཚུན་ཉམས་མྱོང་བརྗེ་རེས་དང་། ད་དུང་ཉམས་མྱོང་དེའི་རིགས་ཕྱོགས་དང་མཚམས་སུ་ཁྱབ་གདལ་དུ་གཏོང་ཐུབ་པའི་སྐལ་བའང་མངོན་པར་ཤར་བ་རེད།
        གདོད་མའི་དུས་རབས་ཀྱི་སྤྱི་ཚོགས་ནི་ཐར་ཐོར་དང་ཁེར་རྐྱང་གི་རྣམ་པ་ཅན་དུ་གྲུབ་ཅིང་། དུས་མཚུངས་སུ་དཔལ་འབྱོར་སྒྲུབ་སྟངས་ཀྱང་ཆེས་སྟབས་བདེ་དང་རྩིང་རགས་སུ་མངོན་ཏེ། སྤྱིར་བཏང་དུ་རི་དྭགས་རྔོན་པ་དང་ཤིང་ཏོག་འཐུས་སྒྲིག་བྱེད་པ་ཙམ་ལས་མ་འདས། རྨང་གཞི་དེའི་སྟེང་ནས་རྡོ་ཆས་རྙིང་མའི་དུས་རབས་ཀྱི་ཤེས་རིག་འཁྲུངས་ཤིང་། ཕྱིས་བྱུང་དཔལ་ཡོན་ཀུན་གྱི་ས་བོན་ཐོག་མར་སྦྲུམ་པར་མཁས་བརྒྱ་མགྲིན་གཅིག་ཏུ་སྨྲ། རྗེས་སོར་ཞིང་ལས་གསར་བརྗེ་སླེབས་པ་དང་བསྟུན། ལས་བགོས་ཅུང་ཞིབ་ཕྲ་དང་སྒྲིག་འཛུགས་ཅུང་གོ་རིམ་ལྡན་པའི་ཞིང་ལས་དཔལ་འབྱོར་དང་ཕྱུགས་ལས་དཔལ་འབྱོར་གྱི་རྣམ་པ་གྲུབ་སྟེ། ང་ཚོ་མིའི་རིགས་འདི་ཡ་ཐོག་གི་མུན་འཐོམས་དང་དམུ་རྒོད་ཀྱི་མཚན་རིང་སྒྲོལ་བར་གྱུར་ཅིང་། ཤེས་རིག་ལོ་རྒྱུས་ཀྱི་ཐེམ་པ་དང་པོར་བརྒལ་བ་རེད།

རིགས་རྒྱུད་དང་མི་རིགས།
        ང་ཚོ་མིའི་རིགས་ནི་ད་ལྟ་ཤུལ་ཆད་དུ་གྱུར་པའི་གནའ་བོའི་སྤྲ་མིའི་རིགས་ཤིག་ལས་མཆེད་པ་དང་། གོ་རིམ་དེའི་ཁྲོད་དུ་ངལ་རྩོལ་གྱི་བྱེད་ནུས་འགངས་ཆེན་ཐོན་པ་རེད། ངལ་རྩོལ་བྱས་པ་བརྒྱུད་ཡུན་གྱིས་ལག་ཆ་སྣ་ཚོགས་བཟོ་ཤེས་ཤིང་། བློ་རིག་ཡང་རིམ་གྱིས་རྒྱས་ཏེ་སྲོག་ཆགས་དུད་འགྲོ་སོགས་ལས་འགོངས་པར་གྱུར།
        ལོ་ངོ10000སྔོན་གྱི་ཡས་མས་སུ། ཧྥེ་གླིང་དང་ཡོ་རོབ་གླིང་དང་། ཡ་གླིང་དང་ཨོ་གླིང་། མེ་གླིང་ལྷོ་བྱང་བཅས་སུ་མིའི་རིགས་འཚོ་གཞེས་ཀྱི་རྗེས་ཤུལ་མངོན་པར་གསལ་བ་དང་། ས་བབ་མི་གཅིག་པ་དང་རང་བྱུང་ཆ་རྐྱེན་མི་འདྲ་བའི་དབང་གིས་གནའ་དུས་ཀྱི་མེས་པོ་དག་གིས་རང་རང་གི་འཚོ་སྟངས་བསྐྱངས་ཏེ་ཚད་ངེས་ཅན་ཞིག་ཏུ་སླེབས་པ་ན། རིགས་རྒྱུད་ཀྱི་ཁྱད་པར་ཤོར་བ་རེད། དེའི་འཕྲོར་གནས་ཡུལ་སྤོས་པ་དང་ཞིང་ལས་གསར་བརྗེ་བྱུང་བའི་དུས་མཚུངས་སུ། རིགས་རྒྱུད་འདྲ་མིན་སྣ་ཚོགས་ཡུལ་གྲུ་ཀུན་ཏུ་རིགས་མེད་དུ་ཁྱབ་པའི་ལོ་ངོ་སྟོང་ཕྲག་གི་ལོ་རྒྱུས་མཇུག་རྫོགས་ཏེ། མི་སེར་དང་མི་དཀར་དང་མི་ནག་གསུམ་གྱི་རིགས་རྒྱུད་དེ་གཞན་བྱིངས་དང་བསྡུར་ན་ཕྱོགས་གང་ཐད་ནས་དར་བར་མངོན།
        རིགས་རྒྱུད་གཅིག་པའི་མི་དེ་དག་ཀྱང་ལོ་ཟླ་རིང་མོའི་ནང་སྐད་དང་ས་ཁོངས། དཔལ་འབྱོར། སྤྱི་ཚོགས་ཀྱི་རྣམ་པ། རིག་གནས། སེམས་གཤིས་བཅས་མི་གཅིག་ཐ་དད་དུ་སོང་བ་རྐྱེན་བྱས་ཏེ་མི་རིགས་སྣ་ཚོགས་སུ་གྱེས་མགོ་བརྩམས།

མིའི་རིགས་དང་རིགས་རྒྱུད་ཀྱི་བྱུང་བ།
        “མིའི་རིགས་དང་ད་ལྟའི་མི་མ་སྤྲ་ནི་མེས་པོ་གཅིག་ལས་ཆད་པ་རེད”ཅེས་གསུངས་འདུག་པ་ལྟར། མིའི་རིགས་ཀྱི་མེས་པོ་ནི་ཤུལ་ཆད་དུ་གྱུར་པའི་གནའ་བོའི་སྤྲ་མིའི་རིགས་ཤིག་ཡིན་པ་ཤིན་ཏུ་གསལ། དེང་རབས་སུ་མཐོང་དུ་ཡོད་པའི་མི་མ་སྤྲའི་རིགས་ལ་སྤྲ་ལག་རིང་དང་སྤྲ་ནག་དང་མི་རྒོད་ཆེ་ཆུང་གཉིས་མཆིས་ཤིང་། དེ་དག་གི་གཟུགས་གཞི་གྲུབ་སྟངས་ནི་ང་ཚོ་མིའི་རིགས་དང་ཤིན་ཏུ་ཉེ་བ་དང་གཉེན་ཉེའི་འབྲེལ་བ་གང་རུང་མཆིས་པར་མངོན། གནའ་བོའི་སྤྲ་མི་དེ་མི་རུ་གྱུར་དོན་ནི་རང་བྱུང་ཁམས་ཀྱི་འགྱུར་བ་དང་བསྟུན་པར་འབྲེལ་བ་དམ་ཟབ་མཆིས་ལ། དེའི་ཁྲོད་ཀྱི་རྒྱུ་རྐྱེན་གཙོ་བོ་ནི་ངལ་རྩོལ་ལ་རག་ལས་པ་རེད། དེ་ཡང་སྤྲ་ནས་མིར་གྱུར་པའི་དུས་མཚམས་གསུམ་དུ་བགོས་ཆོག་སྟེ། དང་པོ་ནི་ལྗོན་ཤིང་དུ་གནས་འཆའ་བའི་སྤྲ་ཡི་ཚོགས་དང་། གཉིས་པ་ནི་བར་བརྒལ་གྱི་ཁྱུ་ཚོགས་ཏེ། སྤྲ་ནས་མིར་འགྱུར་བཞིན་པའི་བར་བརྒལ་གྱི་སེམས་ཅན་རིགས་ཤིག་ལ་གོ་ཞིང་། གསུམ་པ་ནི་གྱུར་ཟིན་པའི་གནས་སྐབས་ཞེས་པ་སྟེ། གསལ་བོར་སྨྲས་ན་ལག་ཆ་བཟོ་ཤེས་པའི་གདོད་མའི་མིའི་རིགས་ལ་བརྗོད་ཅིང་། དེར་ཡང་ནང་གསེས་སུ་སྔ་ཕྱི་གོ་རིམ་གསུམ་བརྒྱུད་པར་ཀུན་གྱིས་སྨྲའོ། །

རིགས་རྒྱུད་ཀྱི་དབྱེ་བ་དང་ཁྱབ་ཁོངས།
        མིའི་རིགས་ཡང་ནས་ཡང་དུ་གནས་སྤར་བ་དང་། ལྷག་ཏུ་ཞིང་ལས་གསར་བརྗེའི་དཔྱིད་དཔལ་གང་སར་ཤར་བ་དེའི་རིགས་རྒྱུད་ཀྱི་འགྱུར་ལྡོག་ལ་ཤུགས་རྐྱེན་ཟབ་མོ་ཐེབས་སུ་བཅུག འགྱུར་ལྡོག་དེས་ནི་ཞིང་ལས་གཉེར་མཁན་གྱི་མི་སེར་དང་མི་དཀར། མི་ནག་བཅས་ལ་ཆར་བ་ཆུ་གྲོགས་ཀྱི་མཐུན་རྐྱེན་བསྐྲུན་པ་རེད་མོད། ཉ་ལས་གཉེར་མཁན་གྱི་རིགས་རྒྱུད་སྐོར་ཞིག་སྟེ། དཔེར་ན་ཨོ་སི་ཁྲུ་ལི་ཡའི་རིགས་རྒྱུད་ལྟ་བུར་མཚོན་ན། བཀག་སྡོམ་གྱི་གནས་སུ་གྱར་བ་དང་འཕེལ་མེད་སོར་གནས་ཀྱི་ངང་ཚུལ་དུ་ལུས་པ་རེད། དེ་བས་ཞིང་ལས་གསར་བརྗེ་བྱུང་བ་དེས་ལོ་ངོ་སྟོང་ཕྲག་དུ་མའི་རིང་གི་རིགས་རྒྱུད་དོ་སྙོམས་ཀྱི་རྣམ་པ་ཡོངས་སུ་གཏོར་བ་དང་། མི་སེར་དང་མི་དཀར། མི་ནག་བཅས་ནི་གཞན་ལས་སྟོབས་ཤུགས་ཆེ་བའི་གནས་བབ་གྲུབ།
        སྤྱི་ལོ1950ལོར། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གསལ་བསྒྲགས་བྱས་པ་ལྟར་ན། འཛམ་གླིང་ཧྲིལ་བོ་རིགས་རྒྱུད་གསུམ་དུ་འདུ་ཞིང་། དེའི་ཁྲོད་མི་སེར་གྱི་རིགས་ནི་གཙོ་ཆེ་བ་ཡ་གླིང་གི་ཤར་ཕྱོགས་དང་ཤར་ལྷོ་དང་མེ་གླིང་དུ་ཁྱབ་ཡོད། མི་དཀར་གྱི་རིགས་ནི་གཙོ་ཆེ་བ་ཡོ་རོབ་གླིང་དང་མེ་གླིང་ནུབ་མ་དང་ཧིན་རྡུ་སོགས་སུ་ཁྱབ་འདུག་ལ། མི་ནག་གི་རིགས་ནི་གཙོ་ཆེ་བ་ཧྥེ་གླིང་དང་རྒྱ་མཚོ་ཆེན་པོའི་གླིང་དང་མེ་གླིང་དུ་ཁྱབ་ཡོད། །

《འཛམ་གླིང་ཤེས་རིག་གི་བྱུང་བ་མདོ་ཙམ་བརྗོད་པ》ལས་བཏུས།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1