གཙོ་ངོས།>> སློབ་གསོ།>>སློབ་གསོའི་ཉམས་མྱོང་།

ཡན་ཚེ་བརྟན། རྩོམ་སྒྲིག་པ།ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། ༢༠༡༩ལོའི་ཟླ་བ་༠༨ཚེས་༢༧ཉིན།

༄༅།། དེང་རབས་རྒྱང་བསྟེན་སློབ་གསོའི་སློབ་མ་དོ་དམ་སྐོར་རགས་ཙམ་བཤད་པ།


དཔའ་རིས་བོད་རིགས་རང་སྐྱོང་རྫོང་མི་རིགས་སློབ་འབྲིང་། ཡན་ཚེ་བརྟན།
དང་པོ། དེང་རབས་རྒྱང་བསྟེན་སློབ་གསོའི་དགེ་མཚན།
        དེང་རབས་རྒྱང་བསྟེན་སློབ་གསོ་ནི་མིག་སྔར་རང་རྒྱལ་གྱི་སློབ་གསོའི་རྣམ་པ་གསར་ཤོས་ཤིག་ཡིན། དེ་ནི་དྲ་རྒྱའི་ཆ་འཕྲིན་ལག་རྩལ་དང་། སྨྱན་མང་ལག་རྩལ་གྱི་རྨང་གཞིའི་སྟེང་དར་རྒྱས་བྱུང་བའི་སློབ་གསོའི་རྣམ་པ་ཞིག་རེད། དེང་རབས་རྒྱང་བསྟེན་སློབ་གསོའི་ལས་ཀ་བྱེད་སྟངས་ནི་དྲ་རྒྱའི་ཆ་འཕྲིན་གྱི་གྲངས་ཀ་བརྒྱུད་པ་ལ་བརྟེན་ནས་སློབ་གསོའི་ལས་འགན་ལེགས་སྒྲུབ་བྱེད་པ་དེ་རེད། དེ་དང་སྲོལ་རྒྱུན་གྱི་སློབ་གསོའི་རྣམ་པ་མི་འདྲ་བར། སློབ་མ་རྣམས་སློབ་ཁང་དུ་དངོས་སུ་ཡོང་མི་དགོས་ལ། དགེ་རྒན་གྱིས་དངོས་སུ་སློབ་ཁྲིད་བྱེད་མི་དགོས་པས། དགེ་རྒན་དང་སློབ་མའི་དུས་ཚོད་དང་། ཡུལ་གནས། ཅ་ལག་སོགས་གྲོན་ཆུང་བྱེད་ཐུབ། དེང་རབས་རྒྱང་བསྟེན་སློབ་གསོའི་བརྒྱུད་རིམ་ནི་དྲ་རྒྱའི་ཁོར་ཡུག་ཏུ་སྤེལ་དགོས་པས། དེ་སྲོལ་རྒྱུན་སློབ་གསོའི་རྣམ་པ་དང་བསྡུར་ན་ཧ་ཅང་དགེ་མཚན་དང་ལྡན་པ་ཞིག་ཡིན་ལ། གཙོ་བོ་གཤམ་གྱི་ཕྱོགས་འགའ་འདུས་ཏེ།
(གཅིག)སློབ་ཁྲིད་ཀྱི་ངོས་ཐད་ནས་བཤད་ན་དེང་རབས་རྒྱང་བསྟེན་སློབ་གསོ་ནི་དྲ་རྒྱའི་ཆ་འཕྲིན་ལག་རྩལ་བེད་སྤྱོད་དང་སྨྱན་མང་ལག་རྩལ་ལ་བརྟེན་ནས་སློབ་ཁྲིད་བྱེད་པ་ཞིག་ཡིན་པས། དུས་དང་ཡུལ་གནས་ཀྱི་ཚད་བཀག་ཅི་ཡང་མེད་པར། ཚད་ལྡན་གྱི་ཆ་རྐྱེན་ལྡན་ན་དགེ་རྒན་གྱི་སློབ་ཁྲིད་དང་སློབ་མའི་སློབ་སྦྱོང་བྱེད་སྒོ་ནམ་ཡིན་ཡང་སྤེལ་ཆོག་པ་རེད། དེས་ཀྱང་སྲོལ་རྒྱུན་སློབ་གསོའི་དུས་དང་ཡུལ་གནས་ཀྱི་བཀག་རྒྱ་ལས་གྲོལ་བས་སློབ་སྦྱོང་གི་ཁྱབ་རྒྱ་ཇེ་ཆེར་སྤེལ་ཐུབ།
(གཉིས)སྔོན་ཐོན་གྱི་ལག་རྩལ་ལྡན་པས། སྤྱི་ཚོགས་ཀྱི་འཕེལ་རྒྱས་དང་བསྟུན་ནས་ཆ་འཕྲིན་ལག་རྩལ་མུ་འཐུད་དུ་གོང་འཕེལ་དུ་འགྲོ་བ་དང་ཇེ་ལེགས་སུ་འགྲོ་བཞིན་ཡོད་ལ། དྲ་རྒྱའི་ཆ་འཕྲིན་ཁྱིམ་ཚང་ཀུན་ཏུ་བརྒྱུད་པས་རྒྱང་བསྟེན་སློབ་གསོས་དགེ་རྒན་གྱི་སློབ་ཁྲིད་དང་སློབ་མའི་སློབ་སྦྱོང་ལ་སྟབས་བདེ་གང་མང་བསྐྲུན་ཡོད།

གཉིས་པ། རང་རྒྱལ་གྱི་རྒྱང་བསྟེན་སློབ་གསོའི་སློབ་མའི་དོ་དམ་ཐད་གནས་པའི་གནད་དོན་འགའ།
        དེང་རབས་རྒྱང་བསྟེན་སློབ་གསོ་བེད་སྤྱོད་བྱས་པ་ལས་སློབ་གསོའི་བྱེད་སྒོ་དེ་སློབ་གསོ་པ་དང་། སློབ་སྦྱོང་པ་ནས་སློབ་གསོའི་ཐོན་ཁུངས་བཀོལ་སྤྱོད་བྱེད་པའི་བརྒྱུད་རིམ་ཡོངས་སུ་དམངས་གཙོ་ཅན་དང་སྤྱི་དམངས་ཅན། སྤྱི་ཚོགས་ཅན་དུ་འགྱུར་བའི་སློབ་གསོའི་རྣམ་པ་མངོན་འགྱུར་བྱུང་ཡོད་ལ། འདི་ནི་སྲོལ་རྒྱུན་གྱི་སློབ་གསོ་རྣམ་པས་བསྒྲུབ་མི་ཐུབ་པ་ཞིག་རེད། ཡིན་ན་ཡང་རང་རྒྱལ་གྱི་རྒྱང་བསྟེན་སློབ་གསོའི་ཐད་ལ་ད་དུང་མི་འདང་ས་མང་པོ་ཡོད་པས་རྒྱང་བསྟེན་སློབ་གསོའི་འཕེལ་རྒྱས་ལ་བཀག་འགོག་གཏོང་གིན་འདུག་སྟེ།
(གཅིག) རིགས་པའི་གཞུང་ལུགས་སྐོར་ལ་ཞིབ་འཇུག་བྱེད་པ་རྗེས་སུ་ལུས་པ།
        དེང་རབས་རྒྱང་བསྟེན་སློབ་གསོ་ནི་ཆ་འཕྲིན་ལག་རྩལ་གྱི་དུས་རབས་དང་མཐུན་ཞིང་སློབ་སྦྱོང་རང་བཞིན་གྱི་སྤྱི་ཚོགས་ལ་མཁོ་བའི་སློབ་གསོའི་རྣམ་པ་གསར་པ་ཞིག་རེད།དེ་ཡི་ལོ་རྒྱུས་ཀྱི་ཡུན་མི་རིང་བས་དེའི་ཐད་ལ་ད་དུང་མུ་མཐུད་དུ་ཞིབ་འཇུག་བྱེད་པ་དང་འཚོལ་ཞིབ་བྱེད་པ། གོང་འཕེལ་དུ་འགྲོ་བཞིན་པའི་སྒང་ཡིན་ལ། རང་རྒྱལ་གྱི་རྒྱང་བསྟེན་སློབ་གསོའི་ཞིབ་འཇུག་གི་ཁ་ཕྱོགས་ནི་སློབ་གསོའི་རྣམ་པ་དང་། སྨྱན་མང་། སློབ་གསོའི་འཆར་གཞི་བཅོས་བསྒྱུར་སོགས་ལ་ཕྱོགས་པ་ལས། སློབ་མའི་དོ་དམ་ཐད་ལ་དེ་འདྲའི་དོ་སྣང་བྱེད་ཀྱིན་མེད་རྐྱེན། སློབ་མའི་དོ་དམ་སྐོར་ནས་ཞན་ས་མང་པོ་ཡོད་པས། རྒྱང་བསྟེན་སློབ་གསོའི་ནུས་པ་དངོས་སུ་འདོན་ཐུབ་མེད།
(གཉིས)སློབ་མར་རྩ་འཛུགས་བྱེད་པའི་དོ་དམ་སྟེགས་བུ་བཙུགས་པ་ལྟོས་བཅས་ཀྱིས་ཞན་པ།
        མཐོ་རིམ་སློབ་གསོའི་རྒྱང་བསྟེན་སློབ་གསོའི་རྣམ་པ་སྒྲིག་འཛུགས་བྱེད་པ་ནི་ཧ་ཅང་གལ་ཆེན་ཡིན། དེའི་ཁྲོད་ཁོར་ཡུག་ལེགས་པོ་ཞིག་ཡོད་རྒྱུ་ནི་དོ་དམ་པས་དོ་དམ་ལེགས་པོ་བྱེད་ཐུབ་པའི་གཞི་རྩ་ཡིན། རང་རྒྱལ་གྱིས་རྒྱང་བསྟེན་སློབ་གསོ་དོ་དམ་གྱི་རྩ་འཛུགས་སྒྲིག་འཛུགས་བྱས་ཡོད་མོད། འོན་ཀྱང་དེ་ནི་དེ་འདྲའི་སྤུས་ལེགས་པོ་འཐུས་ཚང་བ་ཞིག་མིན་པས་རྒྱང་བསྟེན་སློབ་གསོའི་འཕེལ་རྒྱས་ལ་བཀག་འགོག་ཐེབས་འདུག
(གསུམ) རྒྱང་བསྟེན་སློབ་གསོའི་ཐོན་ཁུངས་མི་འདང་བ།
        རྒྱང་བསྟེན་སློབ་གསོ་ལེགས་སྤེལ་གཏོང་བར་སློབ་གསོའི་ཐོན་ཁུངས་དང་འབྲལ་ཐབས་མེད། ཕྱོགས་གཅིག་ནས་བཤད་ན་རྒྱང་བསྟེན་སློབ་གསོའི་ཐོན་ཁུངས་རྒྱ་ཆེ་མིན་ནི་སློབ་གསོའི་ཕན་འབྲས་ལེགས་མིན་ལ་རག་ལས་པ་རེད། ཕྱོགས་གཞན་ཞིག་ནས་བཤད་ན། ཐོན་ཁུངས་ཀྱི་རྒྱུ་ཆ་ལེགས་མིན་ནི་རྒྱང་བསྟེན་སློབ་གསོའི་ཕན་འབྲས་ལེགས་མིན་གྱི་གཙོ་གནད་ཡིན། རང་རྒྱལ་དུ་དྲ་ཐོག་ཐོན་ཁུངས་ཉུང་བ་དང་།མ་ལག་ཡོ་བྱད་ཚད་ལྡན་མིན་པས་ཐོན་ཁུངས་མཉམ་སྤྱོད་བྱེད་དཀའ་བ་དང་སློབ་མས་དྲ་ཐོག་ནས་དེ་བས་མང་པོའི་ཤེས་བྱ་བསླབ་དཀའ་བ་རེད།
(བཞི)སློབ་མས་དྲ་ཐོག་ཏུ་སློང་སྦྱོང་བྱེད་པའི་ནུས་པ་ཞན་པ།
རྒྱང་བསྟེན་སློབ་གསོའི་ལག་རྩལ་བེད་སྤྱོད་བྱེད་མཁན་གཙོ་བོ་ནི་དགེ་རྒན་དང་སློབ་མ་ཡིན་ལ། མིག་སྔར་རང་རྒྱལ་གྱི་མཐོ་རིམ་སློབ་གསོའི་སློབ་མ་མང་ཆེ་བས་སྲོལ་རྒྱུན་སློབ་ཁྲིད་ལ་བརྟེན་ནས་སློབ་སྦྱོང་བྱེད་རྒྱུར་གོམས་པས་རྒྱང་བསྟེན་སློབ་གསོར་གོམས་མེད་ལ། དེང་རབས་རྒྱང་བསྟེན་སློབ་གསོར་བརྟེན་ནས་སློབ་སྦྱོང་བྱེད་པར་ཐོག་མར་ཆ་འཕྲིན་ལག་རྩལ་ལ་བྱང་ཆ་ཡག་པོ་ཡོད་དགོས་པ་དང་། དེའི་ཕྱོགས་ལ་བྱང་ཆ་ལྡན་དགོས་མོད། སློབ་མ་ཡོད་དོ་ཅོག་ལ་དྲ་ཐོག་ནས་སློབ་སྦྱོང་ཡག་པོ་བྱེད་པའི་ནུས་རྩལ་བྱང་ཆུབ་པ་མེད་པས།རྒྱང་བསྟེན་སློབ་གསོའི་སློབ་ཁྲིད་ཕན་འབྲས་ལ་ཤུགས་རྐྱེན་ཐེབས་པ་རེད།
གསུམ་པ། རྒྱང་བསྟེན་སློབ་གསོའི་སློབ་མའི་དོ་དམ་གྱི་གནད་དོན་སེལ་ཐབས།
        (གཅིག)རྒྱང་བསྟེན་སློབ་གསོའི་གཞུང་ལུགས་ཞིབ་འཇུག་རྗེས་ལུས་ཀྱི་གནད་དོན་སེལ་ཐབས།
        རྒྱང་བསྟེན་སློབ་གསོའི་སྤུས་ཀ་གོང་འཕེལ་དུ་གཏོང་དགོས་ན་དེ་ཡི་རྩ་བའི་གནད་དོན་གྱི་འབྱུང་རྐྱེན་བཙལ་ནས་དཀའ་གནད་སེལ་དགོས། དྲ་ཐོག་སློབ་སྦྱོང་སྐོར་གྱི་སློབ་མའི་དོ་དམ་ཐད་ལ་ཞིབ་འཇུག་བྱས་པའི་གཞུང་ལུགས་ཀྱིས་རྒྱབ་སྐྱོར་བྱས་ཏེ་རྒྱང་བསྟེན་སློབ་གསོར་ཞུགས་པའི་དགེ་སློབ་རྣམ་པར་གསོ་སྦྱོང་བྱེད་པ་དང་བདེ་བླག་ངང་རྒྱང་བསྟེན་སློབ་གསོ་གོང་ནས་གོང་དུ་སྤེལ་དགོས།

(གཉིས)དགེ་སློབ་བར་གྱི་མཛའ་བཤེས་ཀྱི་འབྲེལ་བ་ཇེ་དམ་དུ་གཏོང་དགོས།
        རྒྱང་བསྟེན་སློབ་ཁྲིད་དང་སྲོལ་རྒྱུན་སློབ་ཁྲིད་མི་འདྲ་སྟེ། སྲོལ་རྒྱུན་སློབ་ཁྲིད་ནི་ཡུལ་གནས་དང་དུས་ཚོད་གཏན་འཁེལ་བྱས་པའི་ཡུལ་དངོས་སུ་བྱེད་སྒོ་སྤེལ་དགོས་པས། དགེ་སློབ་བར་ཉིན་ལྟར་མཛའ་བཤེས་ཀྱི་འབྲེལ་བ་བྱེད་བཞིན་ཡོད། དགེ་རྒན་གྱིས་དུས་དང་པོར་སློབ་མའི་སྦྱོབ་སྦྱོང་གི་གནས་ཚུལ་རྟོགས་ཐུབ་ལ་དུས་ལྟར་སློབ་མར་མཛུབ་སྟོན་བྱེད་ཐུབ་པ་རེད། དེ་བས་རྒྱང་བསྟེན་སློབ་གསོ་ལ་ཡང་དགེ་སློབ་བར་འབྲེལ་བ་བྱེད་པའི་སྟེགས་བུ་བསྐྲུན་དགོས་པ་དང་། སློབ་མས་སློབ་ཁྲིད་ལ་མཉན་རྗེས་རང་གི་དོགས་གཞི་དང་མྱོང་ཚོར་སོགས་དགེ་རྒན་ལ་བཤད་དེ་དགེ་སློབ་བར་འབྲེལ་བ་བྱས་ཆོག དེ་བས་དགེ་རྒན་གྱིས་སློབ་མའི་སློབ་སྦྱོང་གི་གནས་ཚུལ་རྟོགས་པ་དང་། གནས་ཚུལ་དེ་ལ་བརྟེན་ནས་སློབ་ཁྲིད་རྗེས་མའི་སློབ་ཁྲིད་ཀྱི་ནང་དོན་གྲ་སྒྲིག་བྱས་ན་འབྲས་བུ་ལེགས་པོ་ཐོབ་ཐུབ། སློབ་ཁྲིད་བྱེད་སྒང་དུ་དགེ་རྒན་གྱིས་འདྲི་གཞི་རེ་གཉིས་བཏོན་ནས་སློབ་མར་ལན་བསློག་ཏུ་བཅུག་ན་ཡང་ཆོག དེ་ལྟར་བྱས་ན་སློབ་མས་སློབ་ཁྲིད་ལ་མཉམ་འཇོག་བྱེད་པས་སློབ་ཁྲིད་ཀྱི་ཕན་འབྲས་ཡང་ཇེ་ལེགས་སུ་འགྲོ་ཐུབ།
        མདོར་ན། རྒྱང་བསྟེན་སློབ་གསོར་ད་དུང་མི་འདང་ས་མང་པོ་ཡོད་པས་རྒྱ་ཆེའི་དགེ་རྒན་རྣམ་པ་དང་ཆེད་མཁས་པ་རྣམ་པས་མུ་མཐུད་དུ་ཞིབ་འཇུག་བྱས་ནས་ཇེ་ལེགས་ཇེ་རྒྱས་སུ་གཏོང་རྒྱུ་ནི་ཁ་ཚ་དགོས་གཏུག་ཏུ་གྱུར་པའི་གནད་ཀྱི་དམ་པའོ། །

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1