གཙོ་ངོས།>> རྩོམ་རིག>>ལྷུག་རྩོམ།

ཀླུ་འབུམ་ཚེ་རིང་། རྩོམ་སྒྲིག་པ།ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། ༢༠༡༩ལོའི་ཟླ་བ་༠༨ཚེས་༢༧ཉིན།

༄༅།། སྐྲ་བྱི་བ་ལས་ངེས་པའི་མི་རྟག་པའི་དྲན་སྐུལ།


▲ མགོ་ལོག ཀླུ་འབུམ་ཚེ་རིང་།
        སྔོན་ཆད་གནག་སྣུམ་གྱི་སྐྲ་རྫོང་མཐུག་པོ་དེ་ད་ནི་བྱི་སྟེ།ཀླད་སྐྱི་དམར་རྗེན་དུ་མངོན་ཡོང་ཚེ།དེ་ནི་སྔོ་ཤིག་ཤིག་གི་ལྗོན་ཤིང་ཞིག་སྟོན་རླུང་གིས་བརྡུངས་ཏེ་ཡལ་འདབ་ཟད་པའི་སྐྱ་ཐལ་ཐལ་གྱི་སྡོང་བུ་ཞིག་ཏུ་གྱུར་པའམ།སྔོ་ལྗང་ལྗང་གི་རྣང་ཞིང་ཞིག་ནས་ཐན་པས་གཙེས་ཏེ་སྔོ་ཐར་ཐོར་ལས་ལྷག་མེད་པའི་རི་མའི་ཞིང་ལྟ་བུ་ཞིག་ཏུ་གྱུར་པ་སྟེ།རང་གི་མིག་གིས་བལྟར་མི་བཟོད་ཅིང་གཞན་གྱི་མིག་ལ་མི་བདེ་བའི་མི་སྡུག་པའི་ཚུལ་ལོ། སྐྲ་བྱི་བ་ན།དངོས་གནས་ལུས་ཀྱི་མཛེས་པའི་ཆ་ཞིག་མར་འགྲིབ་སྟེ།མི་སྡུག་པའི་ཆ་ནི་གོང་དུ་འཕེལ་ཏེ། སྔོན་དང་ད་ལྟའི་མི་གཉིས་མི་འདྲ་ཁ་ཁ་ཞིག་ཏུ་གྱུར་པ་རང་གིས་ཀྱང་མཐོང་ལ།གཞན་གྱིས་ཀྱང་ངའི་སྔོན་ཆད་ཀྱི་པར་ལ་ཅིག་བལྟས།དེ་ནས་གམ་གྱི་ང་ལ་ལྟ་བཞིན་པར་ཐོག་གི་མི་དང་།མིག་མདུན་གྱི་མི་གཉིས་མི་གཅིག་ཡིན་པར་ཐེ་ཚོམ་ཟ་བ་ཁོའི་མིག་གི་ལྟ་སྟངས་དང་སྐད་ཆ་བཤད་སྟངས་ལས་བསྟན་ཡོང་།སྐྲ་བྱི་བ་མངོན་སུམ་མིག་གིས་མཐོང་བར།དང་ཐོག་གློ་བུར་བ་ཞིག་ཏུ་སྣང་མོད།དོན་དུ་འདི་ནི་གློ་བུར་དུ་བྱུང་བ་ཞིག་ག་ལ་ཡིན།ཉུང་ངུ་ནས་རིམ་གྱིས་མང་དུ་འཕེལ་བའི་གོ་རིམ་དང་གྲངས་ཀའི་འགྱུར་ལྡོག་ཅིག་ངས་དངོས་སུ་ཚོར་ཞིང་མྱངས་པ་ཡིན། སྐྲ་རྒྱུ་མ་བཟང་བའི་རྐྱེན་གྱིས་ཡིན་པ་གང་ཡིན་མི་ཤེས་མོད།སྐྲ་གསེབ་ཏུ་གློག་ཤུན་ཇེ་མང་དུ་སོང་ཞིང་།སྣུམ་ཚིལ་གྱིས་སྤུ་ཁུང་བཅད་དེ།སྐྲ་ཉག་ཚོད་མེད་དུ་ལྷུང་མགོ་བརྩམས་པ་ན།རིང་མིན་ཉིད་དུ་སྤྱི་ཐེར་དུ་འགྱུར་བའི་སྔ་ལྟས་དེ་རང་གི་མགོ་རུ་ཡོངས་སུ་ཤར་བས།ང་རང་སེམས་ཁོང་དུ་ཆུད་པར་བྱས་ཡོང་།ལུས་ཀྱི་ཟུངས་ཟད།ལོ་ན་མཐོ་རུ་སོན་པ་ཞིག་ཡིན་ཚེ།སྐྲ་སེང་ཡང་མི་སྐྱོན་མོད།གསར་གཞོན་ལོ་ན་སུམ་ཅུར་སླེབས་མ་ཐག་ཏུ་འདི་ལྟར་སེང་སེང་དུ་གྱུར་ན་སུ་ཡིན་ཡང་རང་ལུས་སྔ་མོ་ནས་རྒུད་པར་ཕྱོགས་སོང་ཞེས་ཡིད་ཁོང་དུ་མི་ཆུད་པ་ག་ལ་སྲིད།ཡིན་ཡང་ཡིད་ཁོང་དུ་ཆུད་ཀྱང་སེང་ཟིན་པའི་སྐྲ་ནི་བཞར་བའི་སྐྲ་བཞིན་ཕྱིར་སྐྱེ་བའི་རེ་བ་ནི་སྟོང་བས།ཇི་ལྟར་ལྷུང་ན་དེ་ལྟར་ཅི་དགར་ལྷུང་དུ་འཇུག་པ་ལས་འོས་ཅི།
        ལོ་ཉི་ཤུའི་ནང་གི་སྐབས་སུ། ངའི་སྐྲ་ནི་ཅུང་འཁྱིལ་འཁྱིལ་ཡིན་པའི་ཁར་རྫོང་ཡང་དེ་བཞིན་དུ་མཐུག་པས།དེ་དུས་སྣང་བ་རྒོད་པའི་ན་གཞོན་ཡོངས་དང་འདྲ་བར་སྐྲ་ལོ་རིང་པོ་འཇོག་རྒྱུར་ཤིན་ཏུ་དགའ་བས།རང་ལུས་ལ་མཛའ་མིན་དང་འཕྲོད་མིན་ལ་ཡང་མི་ལྟ་བར།སྐྲ་ལོ་ཕྲག་སྟོད་དུ་ཁེབས་པར་བྱས་ཏེ།སེང་གེའི་གཡུ་རལ་ལྟ་བུའི་འཇིགས་ཉམས་ཤིག་སྟོན་པར་བྱས།དེ་དུས་འགའ་རེས་ཁྱོད་མ་སྲུ་ཞིག་ཡིན་རྒྱུ་ན་སྐྲ་ཅི་འདྲའི་བཟང་ཨང་ཞེས་ཡིད་སྨོན་གྱི་མིག་གིས་ལྟ་བཞིན་བསྟོད་པ་བྱེད་མཁན་ཡོད་ལ།དེ་ལྟར་སྨྲ་བཞིན་མགོའི་སྐྲ་ལོ་ལ་ལག་པས་ཡང་ཡང་རེག་མཁན་ཡང་ཡོད།སྐྲ་རྫོང་དེ་འདྲའི་མཐུག་པས།དེ་ནི་ནམ་ཡང་དེ་ལྟར་ཡིན་པར་སེམས་པ་ལས་འབྱུང་འགྱུར་ཅི་འདྲ་ཞིག་ཏུ་འགྱུར་བར་བློ་གཏན་ནས་འཁོར་མ་མྱོང་།དེ་དུས་རང་གིས་ཀྱང་མི་གཞན་དང་མཉམ་དུ་མགོའི་སྐྲ་བྱི་བའི་རིགས་ལ་ཐད་ཀར་དུ་ཀླད་དམར་ཞེས་བོས་པ་ཡིན་ལ།ཟངས་སྐྱོགས་སམ་གླ་རྩི་མགོ་ཞེས་མཚང་མིང་གིས་འཛེམ་མེད་དུ་བོས་མྱོང་།ཡིན་ཡང་དགོད་བྲོ་བ་ཞིག་ལ།སྐབས་རེར་བཏགས་མིང་འདི་དག་གིས་མི་གང་ཞིག་དེ་འཕྲལ་ངོ་ཟིན་པར་མཚམས་སྦྱོར་གྱི་ནུས་པ་བླ་ལྷག་ཏུ་ཐོན་གྱིན་འདུག དཔེར་ན་ང་ཚོའི་སྡེ་བའི་ནང་དུ་ལྷ་ལུང་ཞེས་འབོད་པའི་ཕོ་སྐྱེས་རྒན་དར་བཞི་ཡོད་པ་ལ།རེ་རེ་ལ་མིང་གཞན་པ་རེ་བཏགས་ཡོད།དེ་ནི་ལྷ་ལུང་སྐེ་རིང་།ལྷ་ལུང་རྙིད་པ།ལྷ་ལུང་ཐོད་ཆེ།ལྷ་ལུང་ཀླད་དམར་བཅས་བཞི་ཡིན། སྡེ་བའི་ནང་གི་མི་སུ་ཞིག་གམ་ཁྱིམ་མཚེས་སྡེ་བའི་མི་ཞིག་གིས་ལྷ་ལུང་ཞེས་མིང་རྐྱང་རྐྱང་གིས་འབོད་ཀྱིན་གླེང་ན་ལྷ་ལུང་གང་ཞིག་སྟོན་པ་ཉན་པ་པོའི་ཡིད་དུ་འབབ་མི་སྲིད་མོད།འོན་ཏེ་དངོས་མིང་གི་རྗེས་སུ་མཚང་མིང་དེ་སྦྱར་ཏེ་བོས་ཚེ་ཉན་པ་པོའི་ཡིད་ལ་ལྷ་ལུང་གང་ཡིན་པ་དེ་མ་ཐག་ཏུ་ཝ་ལེར་འཆར་ངེས།ང་རང་དངོས་སུ་ཕྲད་པའི་དོན་ཞིག་ནི།ང་ཚོའི་སྡེ་བར་འོང་བཞིན་པའི་ཉིན་སའི་སྡེ་བའི་བུད་མེད་ཅིག་གིས་ང་ལ་ཨ་ཁུ་ལྷ་ལུང་ཚང་ལ་གང་ནས་འགྲོ་དགོས་ཞེས་དྲིས་པར།ངས་ཕར་ལ་ཨ་ཁུ་ལྷ་ལུང་སྐེ་རིང་ངམ་ལྷ་ལུང་རྙིད་པ།ཡང་ན་ལྷ་ལུང་ཀླད་དམར་ཟེར་བ་ཡིན་ཞེས་དྲིས་པ་ན།མོས་ཨ་ཁུ་ལྷ་ལུང་ཀླད་དམར་ཚང་ལ་འགྲོ་བཞིན་ཡོད་ཅེས་སྐད་མགོ་དམའ་མོས་སྨྲ་བཞིན་དོགས་མི་བདེ་བའི་འཛུམ་ཆུང་ཞིག་དམུལ་བར།ང་ཡང་རང་གི་གུས་ལུགས་མེད་པའི་བཤད་སྟངས་ལ་བག་ཚ་ཅུང་ཟད་སྐྱེས་བྱུང་།ད་ནི་རང་ཡང་འདི་ལྟར་སྐྲ་ལོ་བྱི་སྟེ་ཀླད་པ་དམར་པོར་འགྱུར་བར་ཉེ་བ་ན།སྔོན་ཆད་རང་གིས་གཞན་ལ་གང་བྱུང་དུ་སྦྱར་བའི་མིང་དེ་དག་ཕྱིར་རང་གི་ཐོག་ལ་འབབ་ཀྱིན་ཡོད་དེ།ངོ་ཤེས་སམ་གྲོགས་པོ་ཚོས་ངས་སོར་མོ་བཟུང་སྟེ་སྐྲ་ལོ་ཤད་པ་མཐོང་ན།ད་ཤད་མ་ཤད་ཅི་ཡོད།སྤུ་ཉག་དེ་ཚོ་འབལ་ཡག་བྱས་ན་མི་བཟང་ངམ་ཞེས་མིག་ཟུང་ཟུམ་མེར་དགོད་ལ།འགའ་རེས་ངའི་མགོ་རུ་ལྟ་བཞིན་གླ་རྩི་མགོ་ཞེས་ཁ་ཟུམ་མི་ཐུབ་པར་དགོད།ཁོ་ཚོ་ཧབ་ཆ་དིར་དིར་སྒྲོག་ཚུལ་དེ་ནི་བྱིས་པ་ཞིག་གིས་རང་དང་འཁོན་དུ་སོང་བའི་རྩེད་གྲོགས་གང་གློ་བུར་དུ་ཐང་ལ་འགྱེལ་བ་མཐོང་ན་རང་གི་བསམ་ཐོག་ལ་ཁེལ་ཏེ།དགའ་བ་ཁོང་ནས་འབྱིན་པ་དང་ཀུན་ནས་མཚུངས།ད་དུང་གྲོགས་པོ་ཞིག་གིས་མཐོང་ས་འཕྲད་ས་ནས་ང་ལ་ནག་ཅིང་མཐུག་པའི་སྐྲ་ལོ་ཞིག་འདོད་ན།སྐྲ་སྐྱེས་བདུད་རྩི་རིལ་བུ་འཐུངས་ཞེས་བརྙན་འཕྲིན་ནང་གི་བརྡ་ཁྱབ་དེ་སྐད་ལྷང་ལྷང་གིས་འདོན་བཞིན་ང་ལ་འཕྱ་དགོད་ཅི་དགར་བྱས་པ་ན། ངས་ཀྱང་ཁོའི་སྐྲ་རྫོང་སྲབ་བུ་སྟོན་རྩྭ་ལེབ་ཉལ་འདྲ་བ་དེར་ལྟ་བཞིན་ཁྱོད་དགོད་རྒྱུ་མ་སྔ།ཁྱོད་ཀྱང་ངའི་རྗེས་སུ་ཆོད་སྲིད་ཅེས་རང་དགར་ལབ།དངོས་གནས་ལོ་གཅིག་ལྷག་མ་སོང་བར།གྲོགས་པོ་དེའི་མགོའི་སྐྲ་ནི་དཔྲལ་བའི་སྐྲ་མཚམས་ནས་སེང་སྟེ་ཀླད་པའི་གཙུག་དང་ཉེ་བྱུང་བས།ང་ཡང་རང་དང་མཉམ་པ་ཞིག་ཡོད་སོང་སྙམ་བཞིན་བགད་པ་ན།ཁོས་ཀྱང་རང་སྐྱོན་ཁས་ལེན་བྱེད་པ་བཞིན་རང་གི་ཐོད་པར་རེག་གིན་ངོ་མས་བཀོད་པ་མི་གདའ་ཞེས།སྐྲ་བྱི་བར་འགོག་ཐབས་བྲལ་ཞིང་བློ་ཕམ་པའི་རྣམ་འགྱུར་གདོང་ལ་ཤར་དུ་འཇུག དེས་ན་མིའི་སྐྲ་ལོ་བྱི་བའི་མི་སྡུག་པ་དེ་བསྒྲིབ་པར་དེ་ལ་ཞྭ་མོ་གྱོན་པ་ལས་འོས་མེད་པས།ངས་ཀྱང་སྤྱི་ཐེར་བྱིངས་དང་འདྲ་བར་ཞྭ་མོ་གཅིག་ཉོ་གཉིས་ཉོ་བྱས་ཤིང་།མགོར་གཡོགས་ཏེ་མི་སྡུག་པ་དེ་སྒྲིབ་ཐབས་བྱས་པ་ཡིན།སྐྲ་མེད་ཚོས་འདི་ལྟར་མགོར་ཞྭ་མོ་གྱོན་པ་དང་།མིག་དང་ཁའི་དབང་པོ་གཉིས་ལ་སྐྱོན་ཡོད་པའམ་ཆེ་ཆུང་དབང་པོ་གཞན་དང་དོ་མི་མཉམ་པ་ཚོས་ནམ་ཡང་གང་ས་གང་དུ་ཤེལ་མིག་དང་ཁ་ཐུམ་རྒྱག་པ་སོགས་ནི།ངོ་བོའི་ཆ་ནས་ཁྱད་པར་སྤུ་ཙམ་མེད་དེ།ཚང་མ་འུ་ཐུག་པའི་བྱེད་སྟངས་ཙམ་ལས་མ་འདས་པས་ང་རང་སེམས་སུ་དགོད་རྒྱུ་ཞིག་ཀྱང་སྐྱེ་འོང་།སྐབས་རེར་མགོའི་ཞྭ་མོ་བགེགས་ལ་ཡང་འཕྲད་སྲིད་དེ།གར་འོང་མི་ཤེས་པའི་རླུང་ཞིག་ལྡང་བ་དང་།མགོའི་ཞྭ་ནི་ལག་པས་ནོན་ཙམ་བྱས་མ་ཐག་ལ།སྔོན་ཞིག་ནས་སྐྲ་མེད་ཀླད་པ་དམར་པོ་དེ་ལ་སུན་སྣང་སྐྱེ་ཡོད་པ་བཞིན་ཡལ་ཏེ་ཐང་དུ་འགྲིལ་བའམ་རླུང་ཁྲོད་དུ་གར་དུ་རྩེན་དུས།བདག་པོ་གང་གིས་རྐང་ལག་ཀྲབ་ཀྲབ་དང་མིག་གིས་རིག་རིག་གིས་ལྟ་བཞིན་ཞྭ་མོའི་རྗེས་སུ་རྒྱུག་སྐབས།སྣང་བ་ཞིག་ལ་སྐབས་དེར་མཐོང་བའི་མིས་ཁོ་ལ་འཕྱ་དམོད་གཏོང་བཞིན་པ་གདོན་མི་ཟ་ཞེས་ངོ་གདོང་དབང་མེད་དུ་ཚ་ལམ་ལམ་དུ་གྱུར་འགྲོ།དེ་བས་ཉིན་ཞིག་ཁོམ་ལོང་བྱུང་བའི་དུས་སུ་ངས་རང་གིས་རང་ལ་རྩེད་མཚར་དུ།སྐྲ་མེད་ཞྭ་ཅན་རླུང་ལ་སྐྲག ། ཁྲག་ཤེད་མཐོན་པོ་ཤ་ལ་སྐྲག ། རླངས་འཁོར་གོང་ཅན་སེར་བར་སྐྲག །ཆུང་མ་ལོ་གཞོན་རྐུ་ལ་སྐྲག །ཅེས་རང་གི་མྱོང་བརྒྱུད་དང་ད་ལྟའི་མཐོང་ཐོས་གཞིར་བྱས་པའི་ཚིགས་བཅད་ཅིག་བྲིས་ཏེ།སྐད་འཕྲིན་ནས་རང་གི་གྲོགས་པོ་འགར་བསྐུར་བར།གྲོགས་པོ་གཅིག་གིས་བློར་བབས་པའི་ཚུལ་དུ་མཐེ་བོང་ཤུགས་ཀྱིས་སྒྲེང་བའི་འགུལ་རིས་ཤིག་བསྐུར་བྱུང་མོད།གཞན་དག་གིས་རང་གི་མཚང་དུ་ཕོག་སྟེ་མ་དགའ་བའམ་ཡང་ན་དོན་མེད་སྣང་མེད་དུ་བསྐྱུར་བ་ལྟར་ལན་ཅི་ཡང་མ་འབྱོར།སྐབས་རེར་འདང་རེ་བརྒྱབ་ན།མི་ཟེར་བ་འདི་སེམས་ཅན་དུད་འགྲོ་དང་བསྡུར་བ་ཙམ་གྱིས།མིའི་ལུས་སྟེང་གི་མི་སྡུག་པའི་ཞན་ཆ་སོགས་རྗེན་པར་ཤར་ཡོང་།དུད་འགྲོའི་རིགས་ནི་མགོའི་རྭ་ལ་ཆག་སྐྱོན་ཤོར་བ་དང་། ཡང་ན་མིག་ཡས་ཞར་བའམ་རྣ་གཅིག་མ་ཚང་ཡང་།མིའི་མིག་ལ་དེ་འདྲ་མི་ཐོགས་ལ།ཐོགས་ཀྱང་དེ་འདྲའི་མི་སྡུག་པར་མི་མཐོང་མོད། མི་ནི་དེ་ལྟར་མིན་པར་དབང་པོ་མ་ཚང་བ་བཤད་ཅི་དགོས།ཐ་ན་ཆེ་ཆུང་ཤོར་བའམ་སྐྱོན་ཅུང་ཙམ་ཡོད་པ་ཙམ་གྱིས་ཀྱང་།མི་གང་ལ་ཕངས་སེམས་སྐྱེ་བའི་སྐྱོན་ཞིག་ལུས་སྟེང་དུ་ཡལ་མེད་དུ་འབྱར་ཏེ།ཉིན་གྱི་ཉི་འོད་དང་མཚན་མོའི་གློག་འོད་གསལ་ས་གང་རུང་ནས། མི་སྡུག་པའི་ཆ་དེ་ཀུན་གྱི་མིག་ལམ་དུ་ཐོགས་མེད་དུ་རྒྱུ་ངེས།ཡང་ཞིབ་ཏུ་བསམས་ན།སྨྲ་ཤེས་དོན་གོ་བའི་མི་ནི་མ་གཞི་ནས་སྒྲིབ་གཡོགས་ཙམ་ལ་བརྟེན་ཏེ།སྒྲ་འབྱིན་ཞིང་ལུས་པོ་འགུལ་གྱིན་ཡོད་པ་ཁས་མི་ལེན་ཐབས་མེད་ཡིན།ཁྱོད་ཀྱིས་སོམས་དང་།གལ་ཏེ་གོས་ཀྱི་སྒྲིབ་གཡོགས་དོར་ཚེ།མི་ནི་གདོད་མའི་ནགས་ཀྱི་སྤྲ་མི་ལས་ཀྱང་བལྟར་མི་བཟོད་ཅིང་ཞེ་མེར་དགོས་པ་ཞིག་མིན་ནམ།ཡང་མིའི་ཤ་ཁྲག་གདོས་བཅས་ཀྱི་ཕུང་པོ་འདི་དང་པོ་ཞིག་ནས་འཇིག་པའི་ཆོས་ཅན་ཉིད་དེ།མའི་མངལ་སྒོ་ནས་གྲོལ་བ་ནས་བཟུང་སྐད་ཅིག་སྐད་ཅིག་ཏུ་འཇིག་བཞིན་པས་ན།ང་ཚོ་གང་ཟག་མི་ལ་ཟློག་ཐབས་ཅི་ཡོད།མདོར་ན་མགོའི་སྐྲ་སེང་བ་དང་།སོའི་ཚགས་ལྷོད་པ།མིག་མཐར་གཉེར་རིས་བབས་པ་སོགས་ཀྱིས་ཀྱང་མིའི་ལུས་པོ་འདི་ཉིད་སྐད་ཅིག་མི་སྡོད་འཇིག་པའི་གཡང་དུ་ཕྱོགས་བཞིན་པའི་བརྡ་སྟོན་པས་ན།མགོའི་སྐྲ་འདི་ལྟར་སེང་བ་ཡང་ཆོས་ཉིད་འདི་ལས་མ་འདས་པས་ན།ལན་གཅིག་རྙེད་པའི་དལ་འབྱོར་ལུས་རྟེན་འདི་སྐར་ཆ་འགར་ཡང་ཆུད་འཛའ་བ་ཕངས་སོ་ཞེས་རང་གིས་རང་ལ་དྲན་བཏབ་བོ། །

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1