གཙོ་ངོས།>> ཞིབ་འཇུག>>སྐད་ཡིག

དཀོན་མཆོག རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། ༢༠༡༩ལོའི་ཟླ་བ་༠༨ཚེས་༢༧ཉིན།

༄༅།། བོད་ཀྱི་དམངས་ཁྲོད་གཏམ་དཔེའི་ཁྱད་ཆོས་ལ་དཔྱད་པ།

 དཀོན་མཆོག
གླེང་གཞི།
         སྤྱིར་སྐྱེ་སྟོབས་ཀྱི་ཤེས་རབ་ཞན་ཞིང་། སྦྱང་སྟོབས་ཀྱི་ཡོན་ཏན་དབུལ་བའི་ཕྲན་ཆུང་ང་ལྟ་བུ་ཞིག་གིས་གཞུང་ལུགས་རྒྱ་མཚོ་འདོམ་གྱིས་མ་འཇལ་ཞིང་། སྲིད་ཀྱི་ཁྲི་འཕང་རྡོག་པས་མནན་པར། སྤྱིར་གནའ་སྔ་མོ་ནས་ད་ལྟའི་བར་རྒྱུན་མ་ཆད་ཅིང་། རྒྱུན་མ་ཉམས་པར་མི་རབས་ནས་མི་རབས་དུས་རབས་ནས་དུས་རབས་བརྒྱུད་པའི་རང་རེའི་བོད་མི་རིགས་ཀྱི་དམངས་ཁྲོད་སྒྱུ་རྩལ་འདི་འདྲ་ཞིག་ལ་དཔྱད་བསྡུར་་གྱི་ནུས་པ་མེད་ཀྱང་རུང་། རང་རེའི་བོད་མི་རིགས་ཀྱི་གཏམ་དཔེ་ཞིག་ལ་མ་བསླབས་ན་སུས་ཀྱང་མི་ཤེས་པས་མཁས་པར་སློབ། མ་བྱིན་ན་བུ་ཡང་འཁོར་དུ་མི་འདོད་པས་བག་ཙམ་རེ་བྱིན། ཟེར་བའི་དཔེ་བཞིན་དུ། འདིར་ཅོལ་ཆུང་ནས་བགྲེས་པོ་ཉམས་མྱོང་ཅན་དག་གི་གླེང་མོད་ལས་ཐོས་པའི་གདམས་པ་དང་མཁས་དབང་དམ་པ་དག་གི་གསུང་རྩོམ་ལས་འཕྲོས་པའི་བོད་ཀྱི་གཏམ་དཔེ་མོད་པོ་ཞིག་འཚོལ་བསྡུ་བྱས་ནས། གཏམ་དཔེ་དེ་དག་གིས་རང་ཉིད་ལ་བློ་བག་ག་འདྲ་ཞིག་བྱིན་པ་དང་། སྤྱིར་བོད་མི་རིགས་ཀྱི་སྐད་ཆའི་ཕྱོགས་ལ་ནུས་པ་ཅི་འདྲ་ཞིག་འདོན་གྱིན་ཡོད་པ། སྐད་ཆ་དང་གཏམ་དཔེ་གཉིས་གཅིག་ལ་གཅིག་བརྟེན་གྱིས་ཕན་ཚུན་ལ་རམ་འདེགས་ཀྱི་ནུས་པ་གང་འདྲ་ཞིག་འདོན་ཀྱིན་པ་སོགས་ཀྱི་ཕྱོགས་ལ་ཅུང་ཟད་རེ་དཔྱད་ན། ངོ་མ་མི་ཡིས་སྐད་ཆ་རི་མོའི་འཁོད་པ། ཁྱི་བརྒྱགས་སྐར་མར་ཟུག་པའི་ཚུལ་དང་ཡོངས་སུ་མཐུན་ཡང་། སྐུ་ཞབས་ལིའུ་ཞིན་ལགས་ཀྱིས་གསུངས་པ་བཞིན། མི་རིགས་ཤིག་གི་ལས་དོན་ལ་བློ་དཀར་བ། ངུ་དགོས་ས་ནས་ངུས། ཀུ་འདེབས་དགོས་ས་ནས་ཀུ་ཐོབ་ཟེར་བ་བཞིན། དམངས་ཁྲོད་གཏམ་དཔེ་ཡིས་བོད་མི་རིགས་ཀྱི་སྤྱི་ཚོགས་ལ་དངོས་འབྲེལ་གྱི་ཞབས་འདེགས་ཅི་ལྟར་ཞུ་བཞིན་པའི་ཕྱོགས་ཀྱི་བསམ་ཚུལ་ཐུང་ངུ་རེ་ཡོད་པ་འདིར་ཟུར་ཙམ་གླེང་བར་སྤྲོའོ།།
དང་པོ། གཏམ་དཔེ་ཡི་བྱུང་འཕེལ་ཙམ་གླེང་བ།
        བོད་ཀྱི་དམངས་ཁྲོད་གཏམ་དཔེ་འདི་ཉིད་ལ་ལོ་ངོ་སྟོང་ཕྲག་དུ་མའི་སྤྱི་ཚོགས་ཁྲོད་མི་རྣམས་འཚོ་རྟེན་བྱེད་སྐབས། རང་བྱུང་ཁམས་ཆེན་མོའི་སྣང་ཚུལ་སྣ་ཚོགས་ཏེ། ཉི་ཟླ་སྐར་གསུམ་དང་། ཐོག་འབྲུག་གློག་གསུམ། གཟའ་སྐར་འཇའ་ཚོན་སོགས་ངོ་མཚར་ཅན་མཐོང་བ་དང་། ལྷག་པར་དུ་ས་ཆུ་མེ་རླུང་གིས་བསྐྱེད་པའི་རང་བྱུང་ཁམས་ཀྱི་གནོད་སྐྱོན་སྣ་ཚོགས་གཞོལ་ཐབས་བྲལ་བ་སོགས་ལས་ལྟོས་བཅས་ཀྱིས་གནམ་ལ་གནམ་བདག་དང་། ས་ལ་ས་བདག ཆུ་ལ་ཆུ་བདག རླུང་ལ་རླུང་བདག་སོགས་ཡོད་པར་འཁྲུལ་ནས་རྟོག་བཟོ་བྱས་ཏེ་ལྷ་ཀླུ་སྡེ་བརྒྱད་ཡོད་པའི་འདུ་ཤེས་ཀྱིས་གསུར་མཆོད། དམར་མཆོད་བྱས་པས་ཉམས་མྱོང་དང་བག་ཆགས་སོགས་ནི་གཏམ་དཔེ་བྱུང་པའི་རྨང་གཞི་ཡིན་ཚུལ་གྱི་བཤད་ཚུལ་མི་འདྲ་བ་མང་པོ་ཞིག་མཆིས་ཀྱང་། འདིར་མཁས་པ་དག་གི་བཞེད་པ་དང་གསུང་ཚིག་དག་ལ་བལྟས་ནའང་ངལ་རྩོལ་མི་དམངས་ཀྱིས་ཡུན་རིང་གི་ངལ་རྩོལ་དང་སྤྱི་ཚོགས་འཚོ་བའི་ཉམས་མྱོང་དག་ཕྱོགས་བསྡོམས་བྱས་ཏེ་བྱུང་བ་ཞིག་ཡིན་པ་གོར་མ་ཆག  དེ་ན་གངས་ཅན་ཁ་བའི་ལྗོངས་འདིར་འགྲོ་བ་མིའི་རིགས་བྱུང་བ་དང་བསྟུན། རང་བྱུང་ཁམས་ལ་ངོས་འཛིན་དང་བསྒྱུར་བཀོད་བྱེད་པའི་ལག་ལེན་དངོས་ཁྲོད། རིམ་བཞིན་སྤྱི་ཚོགས་འཚོ་བའི་ཉམས་མྱོང་གི་ཉིང་ཁུ་རེ་རེ་བཞིན་བསགས་ནས་མཚར་དུ་དངར་བའི་གཏམ་བཤད་དཔེ་ལ་བཀོད་ནས་བྱུང་བ་ཞིག་ཡིན་པས། བོད་མིས་ངག་རྒྱུན་དུའང་། གཏམ་ཅི་བཤད་གོང་དུ་དཔེ་དགོས། གཏམ་དཔེ་མེད་སྙིང་བོ་མེད་པ་ནི། ཚྭ་མེད་ཟས་ཀྱི་རང་བཞིན་ནོ།། ཞེས་གཏམ་བཤད་སྐབས་བརྗོད་དོན་དཔེ་རུ་བཀོད་པའི་རྣམ་པ་དེ་རྒྱུན་ལྡན་འཚོ་བའི་ཁྲོད་མེད་དུ་མི་རུང་བའི་གལ་ཆེ་བའི་གནས་བབ་ཅིག་བཟུང་ཡོད། གཏམ་དཔེ་རུ་བཀོད་པའི་རྣམ་པ་དེ་རང་རེའི་བོད་ཁ་བ་ཅན་གྱི་དམངས་ཁྲོད་རིག་གནས་ཀྱི་ཁྱད་ཆོས་གཙོ་བོ་ཞིག་ཏུ་གྱུར་འདུག་པས། གཏམ་དཔེ་ནི་བོད་སྤྱི་ཚོགས་ཀྱི་འཚོ་བའི་ཁྲོད་མེད་དུ་མི་རུང་བའི་སྒྱུ་རྩལ་ཞིག་ཏུ་བརྩི་དགོས་དོན་ནི། ཡི་གེ་མ་བྱུང་པའི་སྔ་རོལ་དུའང་བོད་གངས་ཅན་གྱི་ཡུལ་དུ་སྲིད་པ་ཆགས་པའི་ལོ་རྒྱུས་དང་ངོ་མཚར་་གྱི་གཏམ་རྒྱུད། མགུར་གླུ་སོགས་གནའ་བོའི་ངག་རྩོམ་རིང་མོ་བགྲང་གིས་མི་ལང་པ་ཞིག་བྱུང་། དཔེར་ན། ལོ་ངོ་སུམ་སྟོང་གཉིས་བརྒྱའི་ཡར་སྔོན་གྱི་གཏམ་དཔེར། གཉའ་ཁྲི་བཙན་པོ་གནམ་རིམ་པ་བཅུ་གསུམ་གྱི་གོང་དུ་བཞུགས་སྐབས། ལྷ་སྐམ་ཡོལ་སྡེ་ཀྱིས་གཉའ་ཁྲི་ལ།། འོ་སྐོལ་གཉིས་ཀྱང་མེའུ་ཉེ།། ཤིང་སེ་བ་བཞིན།། ཤ་རུས་ཐོགས་ཞིམ།། གོས་གཡང་བལ་དྲོ།། ཞེས་གསུངས་པ་དང་། ཡང་གྲུ་གུམ་བཙན་པོའི་དུས་སུ་བུ་རུ་ལས་སྐྱེས་ཀྱིས་མ་ལ་སེམས་ཅན་ལ་ཕ་ཡོད་ན་ངའི་ཕ་སུ་རེད་ཅེས་དྲིས་ཤིང་ཅིས་ཀྱང་ང་ལ་སྟོན་དགོས་ཟེར་བ་ན། ཨ་མ་ན་རེ། ཁྱོད་མི་ཆུང་ཆུང་ཁ་མ་ཆེ།། རྟེའུ་ཆུང་ཆུང་ཁ་མ་དྲག ཅེས་གསུངས་པ་དང་། ལོ་ངམ་རྟ་རྫི་ཡིས་གྲི་གུམ་བཙན་པོ་བཀྲོངས་པའི་སྐོར་གྱི་གཏམ་རྒྱུད་ལས། བྱ་རོ་རོ་ན་མདུང་གི་རྩེ་རང་ནིག། ཡོས་རོ་རོ་ན་ལྷམ་གྱི་གོང་ར་ནིག། ཡང་གཏམ་རྒྱུད་དེ་ལས། རྗེ་བདེན་གྱིས་ནི་དཀོལ་དུ་དགའ། སྒ་བདེན་གྱིས་ནི་བསྟད་ན་དགའ།།ཞེས་པ་དང་།། ཡང་སྟག་རི་གཉན་གཟིགས་ཀྱི་སྐབས་སུ། གཉན་འཛི་ཟུང་ནག་པོས་ཟིང་བོ་རྗེ་སྟག་སྐྱ་བ་ལ་ཁ་འབུལ་བྱས་ཀྱང་མ་ཉན་པས། ནག་པོ་འཁུས་ཏེ་སྐྱ་བོ་བསད།། དྲེའུ་རྒལ་ཏེ་བསེའུ་སྒ་བཆག་གོ་ཞེས་པ་ལྟ་བུ། སྲིན་བྱ་རྒོད་ཀྱིས་བཏག་སྟེ། ཚེས་པོང་ནག་སེང་གིས་བཏགས་སོ།།ཞེས་སྲིན་བྱ་སྟེ་འུག་པ་རྒོད་ཀྱིས་བཟུང་བའི་དཔེ་དེ་ཟིང་བོ་རྗེ་ལག་ཏུ་ཟིན་ནས་བསད་པའི་དོན་དུ་སྦྱར་ཡོད་པ་དང་། ཁྲི་སྲོང་ལྡེ་བཙན་གྱིས་དཔའས་ཕང་ཏོ་རེ་དབྱི་ཚབ་ལ། མྱི་དྲིན་ཅན་མྱི་ནི་སྙིང་མི་གཆག། རྟ་རྟའུ་རྟ་ནི་སྒལ་མི་འབྱུང་།། ཞེས་གཏམ་དཔེ་ཐོར་བུ་མང་པོ་ཞིག་སུམ་པ་ཡུལ་གྱི་གཏམ་དཔེའམ་སུམ་པའི་ཡུལ་ཤགས་ཆེན་མོ།  སུམ་པ་ཨ་མའི་གཏམ་དཔེ་ཞེས་མིང་གི་རྣམ་གྲངས་ཅན་ཏེ། ཏུང་ཧོང་གཏེར་ཡིག་ལས་ཐོན་པའི་བོད་སུམ་པའི་གཏམ་དཔེ་ནི་བོད་ཀྱི་ལོ་རྒྱུས་ཐོག་ཡིག་ཐོག་ནས་བཀོད་པའི་གཏམ་དཔེ་སྔ་ཤོས་སམ་ཆེས་སྔ་བའི་གནའ་བོའི་གཏམ་དཔེ་ཕྱོགས་བསྒྲིགས་ཤིག་ཡིན་པར་གསུངས་པས། དུས་རབས་བཅུ་བཞི་བའི་རྗེས་སུ། བོད་ཀྱི་ཡུལ་དུ་བསྐྱེད་རྫོགས་ཟབ་མོའི་དོན་ལ་གྲུབ་པ་བརྙེས་པའི་བཀའ་བརྒྱུད་དང་ས་སྐྱ། དགེ་ལུགས་སོགས་ཀྱི་གྲུབ་མཐའ་འཛིན་པའི་སྐྱེས་ཆེན་བླ་མ་རིམ་བྱོན་དག་གིས་གནའ་བོའི་གཏམ་བཤད་དཔེ་རུ་བསྐོར་བའི་ངག་ཐོག་གི་སྙན་རྩོམ་ཞིག་ཏུ་བསྒྱུར་བ་དང་བསྟུན། ད་ལྟའི་བར་དུ་བོད་མི་རིགས་ཀྱི་སྐད་ཆའི་སྒྱུ་རྩལ་ཞིག་ཏུ་གྱུར་ནས་ཆུ་གཙང་བོའི་རྒྱུན་བཞིན་དར་ཁྱབ་བྱུང་དང་འབྱུང་བཞིན་ཡོད།།
གཉིས་པ། གཏམ་དཔེའི་གོ་དོན་དང་གཏམ་དཔེའི་ཁྱད་ཆོས།
        བོད་ཀྱི་དམངས་ཁྲོད་གཏམ་དཔེ་ནི་ངལ་རྩོལ་མི་དམངས་ཀྱིས་རང་བྱུང་ཁམས་ལ་འཐབ་རྩོད་བྱེད་པ་དང་སྤྱི་ཚོགས་ཀྱི་ལོ་རྒྱུས་འཕེལ་རིམ་ནང་དུ་དངོས་པོ་དང་བྱ་བ་ལ་ཉམས་ཞིབ་དང་བརྟག་དཔྱད་ཞིབ་འཇུག་བྱས་པའི་བསྡོམས་ཚིག་ཡིན་ལ། བོད་རིགས་ངལ་རྩོལ་མི་དམངས་ཀྱིས་ཡུན་རིང་གི་ངལ་རྩོལ་དང་སྤྱི་ཚོགས་འཚོ་བའི་ཉམས་མྱོང་དག་ཕྱོགས་བསྡོམས་བྱས་ཏེ་ཕྱི་རབས་རྣམས་ལ་བླང་དོར་གྱི་གནས་ཤིག་འདོམས་ནུས་པའམ། ཕྱི་རབས་པ་རྣམས་ལ་བྱ་བ་དང་དངོས་བོ་གང་རུང་གི་ངོ་བོ་དང་ཆོས་ཉིད་གསལ་བོར་བསྟན་ནས་ཕ་རོལ་ལ་ངོས་འཛིན་གྱི་ནུས་པ་དང་སློབ་གསོའི་ནུས་པ་བསྐྱེད་ཐུབ་པ་ཞིག་ལ་ཟེར་ཞིང་།  གཏན་ཚིགས་དང་ཚན་རིག་གི་རང་བཞིན་ཤུགས་དྲག་པ། ཚིག་ཉམས་ཆེ་ཞིང་གོ་དོན་གཏིང་ཟབ་པའི་ཤེས་བྱའི་སྒྱུ་རྩལ་གྱི་རིན་ཐང་ལྡན་པ་ཞིག་ཡིན་པས། བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་སྐད་ཆའི་སྒྱུ་རྩལ་ཞིག་ཏུ་གྱུར་འདུག་པ་དང་། དེ་ལ་ཚིག་འབྲུ་ཉུང་ཞིང་དོན་འདུས་པ། བརྡ་རྙིང་དང་མངོན་བརྗོད་ཀྱིས་མ་བཅིངས་པ། ཚིག་ཉོག་མིན་ལ་དཔེ་དོན་འབྲེལ་ཆགས་པ།  བརྗོད་དོན་ཟབ་ཅིང་རྒྱ་ཆེ་བ། རྣ་བར་སྙན་ཞིང་གོ་བདེ་བ་སོགས་ཀྱི་ཁྱད་ཆོས་ལྡན། གཏམ་དཔེའི་ལུས་ཀྱི་ཁྱད་པར་རྣམ་པ་གཅིག་ཏུ་མ་ངེས་སྟེ། སྤྱིར་གཏམ་དཔེ་ཡི་ལུས་ཞེས་པ་ནི། སྒྲུང་གཏམ་སྨྲ་བ་བོས་བརྗོད་པར་འདོད་པའི་བྱ་དངོས་གང་ཅིའི་དོན་དེ་ཕྱི་ནང་གཟུགས་སམ་ཆོས་ཉིད་འདྲ་བའམ་མཚུངས་པ་རྒྱུ་མཚན་དུ་བཟུང་ནས་རྗོད་བྱེད་ཚིག་གི་ཕྲེང་བར་སྤེལ་བའི་ཚིག་སྦྱོར་ལ་ཟེར་ཞིང་། ཚིག་རྐང་བཅད་པའི་ལུས་ལ་ཚེག་བར་དོ་མཉམ་པ་མི་མཉམ་པ་སྣ་ཚོགས་ཤིག་ཡོད་དེ། འདིར་གཏམ་དཔེ་ལུས་ཀྱི་ཁྱད་པར་མཚོན་པའི་གཏམ་དཔེ་འགའ་དྲངས་ན།
        གཅིག གསུམ་ཚིག་དོ་མཉམ་པའི་རྐང་བ་་གཉིས་ལྡན་གྱི་གཏམ་དཔེ་ལ། མཐོ་ན་དགའ། དམའ་ན་བརླིང་། ལྟ་བུ།
        གཉིས། བཞི་ཚིག་རྐང་བ་བཞི་ལྡན་གྱི་གཏམ་དཔེ་ལ། བཙན་པོ་ཁ་རྒོད།། ཚོང་བ་མགོ་མཁྲེགས།། བྱི་ཕོ་ཚུལ་དམ།། བུ་ལོན་མཐའ་རིང་། མཚར་བ་ཁ་བགད།། མི་མཚར་ཁོག་བགད།། ཁ་མགུ་ཞེ་ཁྲེལ།། མི་མགུ་ཡིད་ཆད།
        གསུམ། ལྔ་ཚིག་རྐང་བ་ཅི་རིགས་ཀྱི་གཏམ་དཔེ་ལ། རི་མཐོ་ན་གཡང་གཟར།། ཁེ་ཆེ་ན་ཉེན་ཆེ།
        བཞི། དྲུག་ཚིག་རྐང་བ་ཅི་རིགས་ཀྱི་གཏམ་དཔེ་ལ། བཟང་དྲིན་ལན་གྱིས་འཇལ་བ།། ཆང་དྲིན་ཆུ་ཡིས་གསོལ་བ།། མཐོ་བའི་གནམ་ལ་སྐས་བཙུགས།། དམའ་བའི་ས་ལ་དོང་དྲུས།། སྲ་བའི་བྲག་ལ་གཟོང་བརྐོས།། འབབ་པའི་ཆུ་ལ་ཟམ་བཙུགས།། ཨ་རུ་ཆུང་ཡང་བཟང་དྲུག། མེ་ཏོག་ཆུང་ཡང་མཆོད་རྫས།།ལྟ་བུ།
        ལྔ། བདུན་ཚིག་རྐང་བ་འདྲ་མིན་གྱི་གཏམ་ཚ་དཔེ། ཕ་གྱོད་ཕ་བོང་རགས་རྒྱུ་མེད།། མ་གྱོད་ཤུག་པ་རུལ་རྒྱུ་མེད།། ལྟ་བུ།
        དྲུག བརྒྱད་་ཚིག་རྐང་བ་རིང་ཐུང་ཅི་རིགས་ཀྱི་གཏམ་དཔེ།  ཝ་རྔ་མ་ཤར་རེ་བྲོས་པ་ལས།། སྟག་འཛུམ་དྲུག་ཉིལ་ལེར་ཤི་ན་དགའ།།ལྟ་བུ།
        བདུན། དགུ་ཚིག་རྐང་པ་གཉིས་ལྡན་གྱི་གཏམ་དཔེ། ཝ་མི་བརྒྱལ་ཀ་མེད་འདྲེ་མོས་འགྲམ་ལྕགས།། ཁྱི་མི་ཟུག་ཀ་མེད་རྐུན་མས་སྒོ་བརྡུང་།།ལྟ་བུ།
        བརྒྱད། བཅུ་ཚིག་དོ་མཉམ་དང་མི་མཉམ་པའི་རྐང་པ་གཉིས་ལྡན་གྱི་གཏམ་དཔེ། ཕོ་ངན་ཕྱི་ལ་སོང་ན་གཏམ་ངན་ཡུལ་དུ་འཁྱེར།།
        དགུ ཚིག་འབྲུ་བཅོ་ལྔ་ཅན་གྱི་གཏམ་དཔེ་ལ། བྱང་སྤྲིན་ལྷོ་ལ་སོང་ན་ལྷོ་ཡི་ཙན་དན་དམར་པོ་མེ་རུ་འབར།། ལྷོ་སྤྲིན་བྱང་ལ་སོང་ན་བྱང་གི་རྒྱ་མཚོ་ཆེན་པོ་དགུང་དུ་འཕྱུར།།ལྟ་བུ་ཚིག་རྐང་ངེས་མེད་དང་ཡིག་འབྲུ་དོ་མཉམ་དང་མི་མཉམ་པའི་གཏམ་དཔེའི་རིགས་ནི་བགྲང་གིས་མི་ལང་པ་མ་ཟད། གཏམ་དཔེའི་བརྗོད་དོན་ཕུན་སུམ་ཚོགས་ལ། ཚིག་འབྲུ་ཉུང་ཞིང་ཚིག་རྐང་གི་རྣམ་པའང་སྣ་ཚོགས་སུ་སྣང་སྟེ། ཚིག་རྐང་གཅིག་ཅན་ནས་ཚིག་རྐང་དྲུག་ཅན་ཡང་ཡོད་དེ། དཔེར་ན། ༡ཚིག་རྐང་གཅིག་ཅན་ལ། རྒྱུ་ཆེན་རྟ་ལ་ཞོན་ན་རྒྱུ་མེད་སེམས་འཁྱག།ལྟ་བུ་དང་། ༢ ཚིག་རྐང་གཉིས་ཅན་ལ། དཔོན་ཆེན་པོའི་ཁ་ཡི་བཙན་གཏམ།། གཞུ་མཆོག་དཀར་སྟེང་གི་མདའ་མོ།། ༣ ཚིག་རྐང་གསུམ་ཅན་ལ། རི་མཐོ་ན་གཡང་གཟར།། ཁེ་ཆེ་ན་ཉེན་ཆེ།། ཆོས་ཟབ་ན་བདུད་ཟབ།།༤ ཚིག་རྐང་བཞི་ཅན་ལ།  བྱིན་རླབས་མེད་པའི་བླ་མ་སྡུག། ཡོན་ཏན་མེད་པའི་བན་རྒན་སྡུག།བརྩི་བཀུར་མེད་པའི་དཔོན་པོ་སྡུག། འགོ་དཔོན་མེད་པའི་མངའ་འབངས་སྡུག། ༥ ཚིག་རྐང་ལྔ་ཅན་ལ། སྟོད་ཀྱི་རླུང་ཤ་སྨད་ལ་བརྒྱབ་ནས།།བྱེ་མ་ལ་བདུན་རླུང་གིས་ཁུར་ཅིང་།།སྨད་ཀྱི་ཆར་ཤ་སྟོད་ལ་བརྒྱབ་ནས།།ཁྲོ་ཆུ་ཕ་བོང་ཐོག་གིས་བཤིག་ན།།ངའི་སྐྱེ་བ་སྔོན་གྱི་ལས་དབང་རེད།།ཅེས་པ་ལྟ་བུའི་ཚིག་རྐང་མི་འདྲ་བའི་གཏམ་དཔེ་དང་།དོན་སྔོན་ན་སྟོན་པ་དང་དཔེ་རྗེས་སུ་དྲངས་བ།ཡང་ན་དཔེ་སྔོན་དང་དོན་རྗེས་སུ་སྟོན་པའི་རིགས་མི་འདྲ་བའི་གཏམ་དཔེ་སོགས་ཧ་ཅང་མང་ངོ།།
        གསུམ་པ། གཏམ་དཔེ་དོན་གྱི་རྣམ་པའི་དབྱེ་བ།
        གཏམ་དཔེ་ཡི་ནང་དོན་ཐད་དུ་གཙོ་བོ་མིའི་སྤྱོད་སྟངས་དང་ཁྱིམ་གྱི་སྤྱོད་ལུགས། སྤྱི་ཚོགས་ཀྱི་མི་ལེགས་པའི་སྣང་ཚུལ་ལ་དགག་པ་བཅས་ཕྱོགས་ཆེན་པོ་གསུམ་དུ་འདུས་ཏེ།
        ༡ མིའི་བྱ་བའི་སྤྱོད་སྟངས་ཐད་ཀྱི་གཏམ་དཔེ་ལ། དཔེར་ན། གཉོམ་ཆུང་འདུག་ཤེས་ན།། བཙན་པོའི་སྒུལ་མི་ཚུགས།། ཀ་བ་བཞིན་དུ་དྲངས་དགོས།། ཀ་རྡོ་བཞིན་དུ་བརྟན་དགོས།། ཉིན་དཀར་གྱི་སེམས་བཟང་ན།། མཚན་མོའི་གཉིད་བདེ།། ཐལ་བ་དགུང་ལ་གཏོར་ན།། ཐལ་རྡུལ་རང་མགོ་འཁོར་ལྟ་བུའི་མིའི་བྱ་བའི་སྤྱོད་སྟངས་ཐད་ཀྱི་གཏམ་དཔེ་མིའི་འགྲོ་འདུག་སྤྱོད་སྟངས་སོགས་ལ་བསྒྱུར་བཅོས་བྱས་ཏེ་ཡ་རབས་ཚུལ་ལྡན་གྱི་མི་སྤྱོད་བཟང་ཞིག་བྱེད་དགོས་པའི་སྐུལ་མའི་ཕྱོགས་ཀྱི་གཏམ་དཔེ་མང་པོ་ཞིག་ཡོད།
        ༢ དེ་མིན་ཁྱིམ་སྐྱོང་ལུགས་སྐོར་ཀྱི་གཏམ་དཔེ་ལ་དཔེར་ན། མི་ངན་བཟའ་དཔོན་བྱས་ན།། བཟའ་ཚང་གོང་བོ་འཆི།།  རྟ་འདོ་བ་རང་གི་ཡན་ཞིག།  ཁྱིམ་ཆུང་མ་རང་གི་མན་ཞིག།  ཁྱིམ་མཚེས་བཟང་བོ་རྟ་ཡིས་མི་ཁུག།  བཟའ་ཚང་བཟང་བོ་གསེར་གྱིས་མི་ཁུག།ལྟ་བུའི་གཏམ་དཔེ་ལས་ཁྱིམ་སྐྱོང་བའི་དུས་སྐབས་སུ་བུད་མེད་ཀྱིས་སྐྱེས་པ་བཟང་བོ་ཞིག་དང་སྐྱེས་པས་ཆུང་མ་བཟང་བོ་ཞིག་མ་བཙལ་ན་ཚེ་གང་གི་དོན་དག་ཚང་མ་ནོར་འགྲོ་བ་སོགས་ཀྱི་གདམས་པ་མང་པོ་ཡོད།
        ༣ སྤྱི་ཚོགས་ཀྱི་མི་ལེགས་པའི་སྣང་ཚུལ་ལ་དགག་པའི་ཕྱོགས་ཀྱི་གཏམ་དཔེ་ལ་དཔེར་ན། ཧོར་ཆེན་རྒྱལ་པོའི་མངའ་འོག་ནས། ཧོར་ཞྭ་མི་གོན་ཀ་མེད་ཡིན།། ཙི་གུའི་དཔོན་པོ་ཇེ་ཚོ་རེད།། ཙི་གུའི་འཁོར་ཚོགས་ཇེ་ཉུང་རེད།། དམར་ལ་རི་སྤྱང་སུན་པ་སྐྱེས།། ཤ་ལ་བྱ་རྒོད་ཞེན་པ་ལོག། རྫུན་དཔོན་པོས་བཤད་ན།། ཉེས་པ་གཡོག་ལ་འཁོར།། ལྟ་བུའི་སྐབས་དེའི་སྤྱི་ཚོགས་དང་སྤྱི་ཚོགས་ཀྱི་སྣང་ཚུལ་མི་ལེགས་པའི་གནས་བབ་སོགས་ལ་སུན་སྣང་འབྱིན་དང་། དཔོན་ངན་ཧམ་སེམས་ཅན་དང་ངན་པ་ཕྲག་དོག་ཅན་མང་གྲགས་པས། སེར་སྐྱ་མང་ཚོགས་ཀྱི་ཐབས་ཆགས་འུ་ཐུག་གི་འཚོ་བ་མཚོན་པའི་གཏམ་དཔེ་ཡང་མང་ངོ་།།
        གཏམ་དཔེ་ནི་སྤྱི་ཚོགས་ཀྱི་ཐོན་སྐྱེད་ངལ་རྩོལ་ཁྲོད་བྱུང་བ་ཞིག་ཡིན་ལ། སྤྱི་ཚོགས་ཀྱི་ཐོན་སྐྱེད་ངལ་རྩོལ་ལ་གྲུབ་འབྲས་མངོན་སུམ་ཐོབ་པ་དང་བསྟུན། གཏམ་དཔེ་ཡང་རིམ་བཞིན་དར་ནས། བོད་མི་རིགས་སྐད་ཆའི་ཁྲོད་མེད་དུ་མི་རུང་བའི་ཚིག་གི་རྒྱན་ཆ་ཞིག་གམ་སྐད་ཆའི་སྲོག་ལྟ་བུ་ཞིག་ཏུ་གྱུར་འདུག གཏམ་དཔེ་བརྗོད་དོན་ཕུན་སུམ་ཚོགས་ཤིང་། བརྗོད་བྱའི་དོན་གསལ་བོར་སྟོན་པའི་ནུས་བ་ཁྱད་པར་ཅན་ཡོད་པས། སྤྱི་ཚོགས་འཚོ་བའི་ཁྲོད་དུ།
        ༡ གྲལ་རིམ་འཐབ་རྕོལ་སྐོར་ཀྱི་གཏམ་དཔེ་ལ་དཔེར་ན། ཕྱུག་པོར་རྒྱུ་ངོར་མ་བལྟ།། བཙན་པོའི་ཁ་ངོར་མ་བལྟ།།ཞེས་པའི་འབངས་མིས་སྤྱོད་བཟང་གི་དཔོན་པོ་ཚུལ་ལྡན་ཞིག་ལ་རེ་བ་དང་རེ་སྙེག་བྱེད་བཞིན་པ་མཚོན་པའི་གཏམ་དཔེ་ནི་འདི་ལྟ་བུའོ།།
        ༢ ཐོན་སྐྱེད་ངལ་རྩོལ་སྐོར་ཀྱི་གཏམ་དཔེ་ལ་དཔེར་ན།   དཀའ་དུས་ལྷོད་མི་ཉན།། སྐྱིད་དུས་གཡེང་མི་ཉན།། དཔྱིད་གསུམ་ས་བོན་མ་བཏབ་ན་སྟོན་གསུམ་འབྲས་བུ་གང་ནས་ལེན།།ལྟ་བུའི་གཏམ་དཔེ་ལས་ཐོན་སྐྱེད་ངལ་རྩོལ་གྱི་སྐབས་སུ།། དཀའ་བའི་ལས་དང་འཕྲད་རུང་འབད་པའི་གོམ་ཁ་མདུན་དུ་བསྒྱུར་བ་ལས་ལེ་ལོ་དང་སྒྱིད་ལུག་གི་དབང་དུ་འགྲོ་མི་ཉན་པའི་ཕྱོགས་ཀྱི་གདམས་པའི་སྐོར་ཀྱི་གཏམ་དཔེ་ནི་ཆུ་གཙང་བོའི་རྒྱུན་བཞིན་བོད་མི་རིགས་ཀྱི་སྐད་ཆའི་ཁྲོད་ན་དར་བཞིན་ཡོད་པའོ།།
        ༣ ཡུལ་སྲོལ་གོམས་གཤིས་མཚོན་པའི་གཏམ་དཔེ་ལ་དཔེར་ན། རྟ་བཙོངས་ཀྱང་ཐུར་མགོ་མི་བཙོང་།། མཛོ་བཙོངས་ཀྱང་སྣ་གཅུ་མི་བཙོང་།། པ་སངས་ཞིང་བ་འབྲོག་ཕྱོགས་ནས།། བག་མ་བླངས་ན་བུ་མི་སྐྱེས།། ལྟ་བུའི་གཏམ་དཔེ་ལས་རང་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་དང་མཚོན་པའི་གཏམ་དཔེ་ཡང་མང་དུ་ཡོད།
        ༤ གཉེན་དོན་སྐོར་གྱི་གཏམ་དཔེ་ལ་དཔེར་ན། རང་བློ་དྲན་ན་བཞོལ་མེད།། སྙེད་མདོ་ཆད་ན་མཐུད་མེད།། རང་བློ་ཐག་བཅད་ཀྱིས་ལམ་བཙལ།། རང་དབང་རང་འཐད་ཀྱིས་གཉེན་སྒྲིག།ཞེས་པ་ལྟ་བུའི་གཏམ་དཔེ་ལས་རང་དབང་རང་འཐད་ཀྱི་གཉེན་སྒྲིག་ལ་བརྩི་མཐོང་དང་གུས་བཀུར་བྱེད་དགོས་པ་སོགས་མཚོན་བྱེད་ཀྱི་གཏམ་དཔེ་ཡང་ཧ་ཅང་བགྲང་གིས་མི་ལང་ངོ།།
        ༥ དུས་ཚིགས་དང་གནམ་གཤིས་སྐོར་གྱི་གཏམ་དཔེ་ལ་དཔེར་ན། ནངས་སྔ་དྲོའི་སྤྲིན་དམར་ཆུ་རེད། དགུང་ཕྱི་དྲོའི་སྤྲིན་དམར་མེ་རེད།། བྱ་ཁུ་བྱུག་གྲག་པའི་དུས་ཤིག། ནས་སྔོན་མོ་འདེབས་པའི་དུས་སྐབས།། ལྟ་བུའི་གཏམ་དཔེ་ཡི་ནང་དུ་དུས་ཚིགས་རེ་རེ་ཡི་ཁྱད་ཆོས་སོགས་གླེང་ནས་ནམ་མཁའི་སྤྲིན་དང་བྱ།རླུང་བུའི་ལྡིང་ཕྱོགས་བཅས་ཀྱིས་གནམ་གཤིས་ལ་བརྟག་ཅིང་དུས་ཚིགས་རེ་རེ་ཡི་ཁྱད་པར་གསལ་བོར་འབྱེད་ཐུབ།
        ༦ ཡོན་ཏན་སྤྱང་བརྕོན་སྐོར་ཀྱི་གཏམ་དཔེ་ལ་གཏམ་དཔེ་ལ་དཔེར་ན། གཞོན་སོ་དཀར་དུས་ནས་མ་བརྩོན་ན།། མགོ་དཀར་དུས་སུ་འགྱོད་ཀྱང་འཕྱི།། ཨ་མའི་བུ་ལ་ཡོན་ཏན་ཡོན་ན།། དགའ་ལྡན་ཁྲི་ལ་བདག་པོ་མེད།། ལྟ་བུའི་ཆུང་བྱིས་པའི་དུས་ནས་ཡོན་ཏན་ལ་འབད་དགོས་པ་དང་། གསེར་ལས་དཀོན་པའི་བྱིས་དུས་ཀྱི་ལོ་ཚོད་བཟང་བོ་སྤྱད་ནས་རིག་པའི་གནས་ལ་མ་འབད་ན་ལོ་ལོན་ནས་རྒས་པའི་དུས་སུ་འགྱོད་ཀྱང་འཕྱི་སོང་བ་དང་། ཁྱེད་རང་ཉིད་ལ་ཡོན་ཏན་ཡོད་ན་དགའ་ལྡན་གསེར་ཁྲི་ལ་བདག་པོ་མེད་པའི་སྐུལ་མའི་སྐོར་ཀྱི་གཏམ་དཔེ་མང་ངོ་།།
        ༧ འཕྲོད་བསྟེན་དང་བདེ་ཐང་སྐོར་གྱི་གཏམ་དཔེ་ལ། དཔེར་ན། སྔ་དྲོ་དུ་བ་འཐེན་ན།། ཕྱི་དྲོ་གློ་བ་ན།། ལྕགས་གཡའ་སྨན།།   ཟངས་གཡའ་དུག།ལྟ་བུ་ལས་པོའི་བདེ་ཐང་ལ་མཉམ་འཇོག་བྱེད་དགོས་ཚུལ་དང་རྒྱུན་ལྡན་གྱི་འཚོ་བའི་ཁྲོད་ཀྱི་ཡོ་བྱད་ཁ་ཤས་ལས་ལ་ལ་ནི་སྨན་དུ་འགྱུར་བ་དང་། ཡང་ལ་ལ་ནི་དུག་དུ་འགྱུར་སླ་བའི་རྒྱུན་ལྡན་གྱི་འཚོ་བའི་ཁྲོད་ཀྱི་ཤེས་བྱ་ཡང་མང་དུ་སྣང་།།
        ༨ གནའ་རབས་ཀྱི་ལོ་རྒྱུས་མཚོན་པའི་སྐོར་ཀྱི་གཏམ་དཔེ་ལ་དཔེར་ན། ལྷ་ལུང་དཔལ་རྡོར་རི་ལ་བྲོས་ཀྱང་།། རྟ་ཕོའི་རྨིག་རྗེས་ཐང་ན་གསལ།།ལྟ་བུའི་ལོ་རྒྱུས་མཚོན་པའི་གཏམ་དཔེ་འདི་ལས་བོད་རྒྱལ་ཐ་མ་གླང་དར་མས་ཆོས་ལུགས་བསྣུབས་རྗེས་ལྷ་ལུང་དཔལ་རྡོར་གྱིས་མདའ་འཕངས་ཏེ་བཙན་པོ་བཀྲོངས་ཤིང་། རྟ་ཞོན་ནས་རི་ལ་བྲོས་ཀྱང་ར་མདའ་རྣམས་ཀྱིས་རྟའི་རྨིག་རྗེས་དེད་ཚུལ་སོགས་སྐབས་དེའི་ལོ་རྒྱུས་མཚོན་པའི་གཏམ་དཔེ་ཡོད་དོ།།
        ༩ ཀུན་སྤྱོད་དང་གཤིས་ཀ་སོགས་མཚོན་པའི་གཏམ་དཔེ་ལ། དཔེར་ན། ཀ་བ་བཞིན་དུ་དྲང་དགོས།། ཀ་རྡོ་བཞིན་དུ་བརྟན་དགོས།།བསམ་པ་དཀར་བོ་དུང་།། ཡིད་སེམས་དྲང་མོ་མདའ།། ཟེར་བའི་ཀུན་སྤྱོད་བཟང་བོ་དང་གཤིས་ཀ་འཇམ་པོ་ཞིག་ཡོད་དགོས་པ་མ་ཟད། དུས་ནམ་ཡིན་ཡང་སེམས་དང་བསམ་པ་དཀར་པོའི་སྒོ་ནས་འཚོ་བསྡོད་བྱེད་པ་ལས། བྱ་བ་ངན་པ་དང་སྤྱོད་པ་མི་ལེགས་པའི་བྱ་སྤྱོད་སོགས་རང་ཉིད་དང་རིང་དུ་གྱེད་དགོས་ཚུལ་གྱི་གཏམ་དཔེའོ།།
        ༡༠ བསླབ་བྱའི་སྐོར་གྱི་གཏམ་དཔེ་ལ་དཔེར་ན། མི་ཞིམ་སྨན་གྱིས་ནད་གསོ་ཐུབ།།མི་སྙན་གཏམ་གྱིས་ཕན་ཐོགས་ཐུབ།།ལྟ་བུ་ཡིན་ལ། སྤྱིར་གཏམ་དཔེ་ཐམས་ཅད་ལ་བསླབ་བྱ་དང་སྐུལ་མའི་ནུས་བ་ལྡན་ཡང་། གཏམ་དཔེ་འདི་དང་འདི་ལྟ་བུ་ནི་ཤ་ཚ་ཞིང་སྙིང་ཉེ་བ་དག་གིས་བཤད་པའི་དག་གཙང་གི་ལྷག་བསམ་དང་གཞན་སྐྱེས་ཀྱི་ནུས་བ་ཆེ་ཆེར་ལྡན་པའི་གཏམ་དཔེའོ།།
        ༡༡ གཟི་བཤད་དང་གྱོད་བཤད་སྐོར་གྱི་་གཏམ་དཔེ་ལ་དཔེར་ན། འགྲོ་རུ་བཅུག་ནས་རྗེས་ལ་བལྟས།། ཟ་རུ་བཅུག་ནས་ཁ་ལ་བལྟས།།གཏམ་དཔེ་འདི་ལྟ་བུ་ནི་གཟི་བཤད་པ་དང་གྱོད་བཤད་སྐབས་མང་དུ་འཇོག་ལ་ཕ་རོལ་བོའི་ཉམས་ལ་བལྟས་ནས་གཏམ་དཔེ་མི་འདྲ་བ་མང་པོ་འཇོག་སྲོལ་ཡོད།
        ༡༢ གདུག་དམོད་དང་འཕྱ་དམོད་སྐོར་གྱི་གཏམ་དཔེ་ལ་དཔེར་ན། བཟང་བྱས་ན་ངན།། ཇ་བླུགས་ན་གཅིན།། ཁྱོད་འདྲ་བོར་ཐུག་གི་ཐུག་གི་སོང་།། བྲག་དམར་པོ་ལྡིང་གི་ལྡིང་གི་སོང་།། འགྲོ་མ་ཤེས་རྐང་སྣེ་རྡོ་ལ་ཐོགས།། བཤད་མ་ཤེས་ཚིག་སྣེ་སྐྱོན་ལ་ཐོགས།། གཏམ་དཔེ་འདི་དག་ཟུར་ཟ་སོགས་བྱེད་པའི་རྣམ་པའང་ཧ་ཅང་ངོ།།
        ༡༣ ས་བསྟོད་ཆུ་བསྟོད་སྐོར་གྱི་གཏམ་དཔེ་ལ་དཔེར་ན། མགོ་ཀླད་རིས་གཏད་རི་བཅོལ་ས།། ཆུ་གཙང་བོའི་བཞུར་རྒྱུནཡག་ས།། རྐང་སག་ལྷམ་གཏད་་རི་བཅོལ་ས།། འབྲུ་སྣ་སྔའི་ལོ་ལེགས་འཁྲུངས་ས།། ས་བསྟོད་ཆུ་བསྟོད་སྐོར་གྱི་གཏམ་དཔེ་འདི་དག་ལས་རང་ཉིད་ཀྱི་ཆོས་སྐྱོང་སྲུང་མ་དང་གནམ་རི་འགངས་ཆེན་གྱི་གཞི་བདག་ལ་སོགས་པར་བསྟོད་པའི་སྐོར་ཀྱི་གཏམ་དཔེའང་བགྲང་གིས་མི་ལང་ངོ།།
        ༡༤ རང་ཉིད་ཀྱི་ཕ་མེས་ཡང་མེས་རྣམས་ཀྱི་མཛད་བཟང་ལ་བསྟོད་པའི་སྐོར་གྱི་གཏམ་དཔེ་ལ་དཔེར་ན།  བྱུ་རུ་དམར་པོ་ཏོག་ཅན་ཞིག། གསེར་ནག་གྲུབ་བཞིའི་ཐམ་ཀ་ཅན་ཞིག། བྱུ་རུ་དམར་པོ་འཐོར་ཤུལ།། ཙན་ཏན་དམར་པོ་སྐྱེས་ཤུལ།། ཕ་བཟང་བོ་ཞིག་གི་རྒྱུད།། གཡག་བཟང་བོ་ཞིག་གི་གོ། གཏམ་དཔེ་འདི་དག་ལྟ་བུ་ནི་རང་ཉིད་ཀྱི་ཕ་མེས་ཡང་མེས་རྣམས་ཀྱི་མཛད་བཟང་ལ་བསྟོད་པ་དང་བསྟོད་བསྔགས་བྱས་ནས་རང་ཉིད་ཀྱི་ངོ་སོའི་ཆེད་དུ་རང་ཉིད་མཐོ་རུ་བཏེགས་པའི་གཏམ་དཔེ་ཡང་ཡོད་དོ།།
        གཞན་ཡང་བོད་ཀྱི་གཏམ་དཔེ་ལ་དཔེ་དང་དཔེ་ཅན་གཉིས་ལྡོག་ཟླའི་སྒོ་ནས་བཤད་པའང་ཡོད་དེ་དཔེར་ན། ཁ་མཁས་ན་སྡེ་བའི་དཔོན་པོ།། ལག་མཁས་ན་སྡེ་བའི་གཡོག་པོ།། རྒྱལ་བོའི་རྒྱལ་ས་མ་བདེ་ན།། སྤྲང་བོའི་ཉལ་ས་མི་བདེ།། རྒྱུ་མི་རྟག་རྩྭ་ཁའི་ཟིལ་བ་འདྲ།། སྐྱིད་མི་རྟག་ཕ་ཕྱུག་བུ་མོ་འདྲ།།ལྟ་བུ་དང་། བོད་ཀྱི་དམངས་ཁྲོད་གཏམ་དཔེ་ལ་ཚིག་རྐང་དང་ཡིག་འབྲུ་མང་ཉུང་མི་ཉུང་འདྲ་ཞིང་ཚིག་གི་བཅད་མཚམས་ཀྱང་རྣམ་པ་མི་འདྲ་བའི་ཁྱད་ཆོས་སྣ་ཚོགས་ལྡན་པ་མ་ཟད། རྣམ་པའི་ཆ་ནས་ཀྱང་ཚིག་བསྡུས་ཤིང་དོན་འདུས་ལ།དཔེ་འཇོག་དང་གཤིབ་སྡུར་གྱི་ཐབས་ལ་བརྟེན་ནས་བརྗོད་དོན་གཟུགས་སྣང་ལྡན་པ། བརྗོད་བྱའི་དོན་ཕུན་ཚོགས་པ་ཞིག་ལ། ཕྱི་རོལ་ཡུལ་གྱི་འཇིག་རྟེན་དུ་གནས་པའི་རི་ཀླུང་ནགས་ཆུ་དང་། རླུང་སྤྲིན་ཆར་གསུམ། ཉི་ཟླ་གཟའ་སྐར། རི་དྭགས་གཅན་གཟན། རྟ་ནོར་ལུག་གསུམ། བྱ་རིགས་སྣ་ཚོགས་ཚང་མར་དཔེ་བླངས་ཏེ་རྗོད་བྱེད་ཀྱི་ཚིག་སྙན་ཞིང་། གཤིབ་སྡུར་གྱི་ཐབས་ལ་བརྟེན་ནས་བརྗོད་བྱའི་དོན་རྣམས་གོ་བདེ་བར་སྟོན་པ་ཞིག་ཡིན།
མཇུག་གི་གཏམ།
        སྤྱིར་རྩོམ་ཡིག་འདི་འདྲ་ཞིག་འབྲི་དོན་ནི་བོད་རང་གི་ཐུན་མོང་མ་ཡིན་པའི་སྲོལ་རྒྱུན་དང་། ནང་སྒོས་སུ་དེ་ལས་གཏམས་པའི་དམངས་ཁྲོད་གཏམ་དཔེའི་ཁྱད་ཆོས་དང་དགེ་མཚན་སོགས་གླེང་བ་བརྒྱུད་ནས། དེས་བོད་མི་རིགས་ཀྱི་སྤྱི་ཚོགས་ལ་ཐོན་པའི་ནུས་པ་དང་ཁྱབ་ཁོངས་བཅས་གལ་ཆེན་རང་བཞིན་དགོས་པ་བསྟན་ལ། ང་ཚོས་སྔར་ལས་ལྷག་པའི་སྒོ་ནས་རང་རིགས་ཀྱིས་གཞན་ལ་ངོམས་རིན་ཡོད་པའི་མཛེས་ཆས་བཟང་བོ་འདི་དར་སྤེལ་དང་འཕེལ་རྒྱས་སུ་གཏོང་ཆེད་ཡིན་ལ། གནས་བབ་འདི་འདྲ་ཞིག་ལ་བསམ་ནས་རང་གི་རྒྱན་དུ་གྱུར་བའི་སྲོལ་རྒྱུན་གཏམ་དཔེ་འདི་རིང་དུ་མི་འདོར་བར། རང་གི་མཛེས་ཆས་སུ་སེམས་ནས་ནམ་ཡང་གཙིགས་སུ་འཛིན་དགོས་ལ། གལ་ཏེ་མ་བཟུང་ཚེ་མོན་ཡུལ་རྡོར་སྤྱོད་དུ་འགྱུར་འགྲོ་བ་དང་།  མཁས་པ་ནོར་ན་འདོམ་གང་དང་བློན་པོ་ནོར་ན་ཁྲུ་གང་གི་ཚུལ་དུ་མི་འགྲོ་བར། འདིའི་ཐད་ལ་རྗེས་འཛིན་དང་དར་སྤེལ། ཞིབ་འཇུག་སོགས་བྱ་བའི་ཆེད་དུ་འབྲི་ཁུལ་བྱས་པའོ།།
        དཔྱད་གཞི་ཡིག་ཆ།
        ༡ 《བོད་ཀྱི་གཏམ་དཔེ་ཕྱོགས་བསྒྲིགས》1998ལོར་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།
        ༢ 《བོད་ལྗོངས་ཞིབ་འཇུག》ཤོག་གྲངས་95ནས103། 2010ལོར་བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་མི་རིགས་ཞིབ་འཇུག་ཁང་།
        ༣ 《བོད་ཀྱི་དམངས་ཁྲོད་རྩོམ་རིག་སྤྱི་བཤད་བློ་གསར་འདྲེན་པའི་སྐྱ་རེངས་ཞེས་བྱ་བ》འབའ་སྟོད་པདྨ་དབང་རྒྱལ་དང་བཅུད་རྫ་གཡང་མོ་སྐྱིད། མི་རིགས་དཔེ་སྐྲུན་ཁང་།2005ལོའི་ཟླ1བོར་པར་དུ་སྐྲུན།
        ༤ 《གཏམ་དཔེ་འཕྲུལ་གྱི་ལྡེ་མིག》རྡོ་རྗེ་བཀྲ་ཤིས་ཀྱིས་བསྒྲིགས།
        ༥ 《གཏམ་དཔེ 》རིག་འཛིན་གྱིས་བསྒྲིག
        ༦ 《ཨ་མདོའི་གོམས་སྲོལ་ཉུང་བསྡུས》ཚེ་བརྟན་རྒྱལ་གྱིས་བརྩམས། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1