གཙོ་ངོས།>> གསར་འགྱུར།>>སི་ཁྲོན་བོད་ཁུལ།

རྩོམ་སྒྲིག་པ།ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། ༢༠༡༩ལོའི་ཟླ་བ་༠༨ཚེས་༢༣ཉིན།

དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ལུས་རྩལ་འགྲན་ཚོགས་སྐབས་གསུམ་པ་གཉེར་འགོ་ཚུགས།



   ལིའུ་ཁྲེང་མིང་གིས་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་།ཞའོ་ཡིའུ་ཚའེ་ཡིས་ཤིས་ཚིག་ཕུལ།ལི་ཁང་དང་བྱང་ཆུབ་བཅས་མཛད་སྒོའི་ནང་ཞུགས།



    སྤྱི་ཟླ8ཚེས22ཉིན་གྱི་སྔ་དྲོར་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ལུས་རྩལ་འགྲན་ཚོགས་སྐབས་གསུམ་པ་དེ་དར་མདོའི་གཡག་རྭ་ལྟག་སྒོའི་ལུས་རྩལ་ཐང་ཆེན་དུ་འགོ་ཚུགས་པའི་མཛད་སྒོ་སྤེལ་བ་རེད། ཁུལ་ཡོངས་ཀྱི་རྫོང(གྲོང་ཁྱེར)18དང་དུང་དཀར་ལུང་པའི་མཛེས་ལྗོངས་ཁུལ་དོ་དམ་ཅུས། འདབ་པའི་ཉི་སྟེན་མཛེས་ལྗོངས་ཁུལ་དོ་དམ་ཅུས་བཅས་ཀྱི་ལུས་རྩལ་རུ་ཁག20ཡི་ལུས་རྩལ་པ1300ལྷག་དང་། དེ་བཞིན་ལས་རིགས་ཁག་གི་སྐུ་མགྲོན་དང་མང་ཚོགས་མཉམ་འཛོམས་བྱས་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ70འཁོར་བར་རྟེན་འབྲེལ་ཞུས་པ་རེད།
    ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་གིས་འགོ་ཚུགས་མཛད་སྒོར་ཞུགས་ཤིང་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་ལུས་རྩལ་འགྲན་ཚོགས་སྐབས་གསུམ་པའི་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་བ་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཞའོ་ཡིའུ་ཚའེ་ཡིས་འགོ་ཚུགས་མཛད་སྒོར་ཤིས་ཚིག་ཕུལ་བ་རེད། ཁུལ་དམངས་ཆེན་རྒྱུན་ཨུའི་ཀྲུའུ་རེན་ལི་ཁང་དང་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་བྱང་ཆུབ། ཞིང་ཆེན་ལུས་རྩལ་ཅུས་ཀྱི་ལས་ཁུངས་ཏང་ཨུའི་ཧྲུའུ་ཅི་དབྱང་ཧའེ་དབྱི། ཞིང་ཆེན་སློབ་གསོ་ཐིང་གི་རིམ་པ་གཉིས་པའི་སྐོར་ཞིབ་པ་བསོད་པོ། དེ་བཞིན་དུ་ཁུལ་ཨུ་དང་ཁུལ་དམངས་ཆེན་རྒྱུན་ཨུ། ཁུལ་སྲིད་གཞུང་། ཁུལ་སྲིད་གྲོས་བཅས་ཀྱི་དར་མདོར་ཡོད་པའི་འགོ་ཁྲིད་རྣམ་པ་འགོ་ཚུགས་མཛད་སྒོར་ཞུགས་ཡོད་པ་རེད། ཁུལ་ཨུའི་རྒྱུན་ཨུ། ཁུལ་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་བྱམས་བློས་འགོ་ཚུགས་མཛད་སྒོ་གཙོ་སྐྱོང་གནང་བ་རེད།
    འགོ་ཚུགས་མཛད་སྒོ་འགོ་བརྩམས་མ་ཐག རྒྱལ་དར་རུ་ཁག་དང་ཚོགས་དར་རུ་ཁག ཁུལ་ཡོངས་ཀྱི་རྫོང(གྲོང་ཁྱེར) མཛེས་ལྗོངས་ཁུལ་དོ་དམ་ཅུས་སོགས་ཀྱི་འཐུས་མི་རུ་ཁག་དག་གིས་གོམ་སྟབས་བརྟན་པོས་ཚོགས་རར་ཞུགས་ཤིང་རྔམ་བརྗིད་ལྡན་པའི་རྒྱལ་གླུའི་རོལ་དབྱངས་དང་བསྟུན་ནས་རྒྱལ་དར་བསྒྲེངས། ལུས་རྩལ་འགྲན་ཚོགས་ཀྱི་རོལ་དབྱངས་དང་འགྲོགས་ནས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་ལུས་རྩལ་འགྲན་ཚོགས་ཀྱི་ཚོགས་དར་དང་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ལུས་རྩལ་འགྲན་ཚོགས་སྐབས་གསུམ་པའི་ཚོགས་དར་གཉིས་སྐར་ལྔའི་དར་དམར་གྱི་གཡས་གཡོན་ནས་བསྒྲེངས་པ་རེད།
     ཁུལ་དཔོན་ཞའོ་ཡིའུ་ཚའེ་ཡིས་ཤིས་ཚིག་འབུལ་སྐབས་གསུངས་དོན། དཔའ་མཛངས་རྟུལ་ཕོད་ཀྱི་ཁམས་ཀྱི་མིས་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་བཞུར་རྒྱུན་ཁྲོད་ནས་མི་རིགས་ཀྱི་ལུས་རྩལ་རིག་གནས་འདི་ཉིད་ཟབ་ཅིང་རྒྱ་ཆེ་ལ་ཕུན་སུམ་ཇེ་ཚོགས་སུ་བཏང་ནས་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཕུལ་བྱུང་གི་ལུས་རྩལ་རེ་རེ་གྲུབ་ཡོད་པ་རེད། 1953ལོར་རང་ཁུལ་གྱི་ལུས་རྩལ་འགྲན་ཚོགས་ཐོག་མ་དེ་བཙུགས་ཤིང་། 1986ལོར་རང་ཁུལ་གྱི་ལུས་རྩལ་འགྲན་ཚོགས་སྐབས་གཉིས་པ་དེ་དར་མདོར་འཚོགས་ཡོད་པ་རེད། ད་ལོ་ནི་ལུས་རྩལ་འགྲན་ཚོགས་སྐབས་གཉིས་པ་འཚོགས་ནས་ལོ33འཁོར་བའི་ལོ་ཡིན་ལ། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ70འཁོར་བའི་ལོ་ཡང་ཡིན་པས། རང་ཁུལ་གྱི་ལུས་རྩལ་འགྲན་ཚོགས་སྐབས་གསུམ་པ་འདི་གཟབ་རྒྱས་ངང་གཉེར་བར་མ་ཟད། ད་ལོ་ནས་བཟུང་མ་འོངས་པར་ལོ་བཞི་རེའི་ནང་ལ་ཁུལ་ཡོངས་ཀྱི་ལུས་རྩལ་འགྲན་ཚོགས་ཐེངས་རེ་གཉེར་རྒྱུ་ཡིན་པས། འདི་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ལུས་རྩལ་སྟོབས་ཆེའི་རྒྱལ་ཁབ་འཛུགས་སྐྱོང་བྱེད་པའི”རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་ཡིན་ལ། ཁུལ་ཡོངས་ཀྱི་ལུས་རྩལ་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་ཕྱོགས་ཡོངས་ནས་གཟིགས་ཞིབ་བྱ་རྒྱུ་དང་ཁམས་ཀྱི་བུ་ཕྲུག་དག་གི་རྣམ་རིས་གསལ་མོ་དང་ཕུགས་འདུན་དག་གཅིག་བསྡུས་ཀྱི་མངོན་པར་བྱས་པ་ཞིག་ཀྱང་ཡིན་པ་རེད། ཉེ་བའི་ལོ་འདི་དག་གི་རིང་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཏང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་བཅས་ཀྱིས་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་གནང་འོག རང་ཁུལ་གྱི་མི་རིགས་ལུས་རྩལ་བྱ་གཞག་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་ནས་དམངས་ཡོངས་ཀྱི་ལུས་སྦྱོང་བྱེད་སྒོ་གྲོང་ཁྱེར་དང་གྲོང་གསེབ་ཏུ་ཁྱབ་ཡོད། དེའི་རིང་། རང་ཁུལ་གྱིས་ཡ་གླིང་གཞུང་ཕྱོགས་ཀྱི་དབང་ཆ་ཉག་གཅིག་ཐོབ་པའི “མཁའ་རྒྱུག”ཅེས་པ་དང་། རྒྱལ་ཡོངས་ཀྱི་སྤྱི་ལེ་བརྒྱ་ཅན་གྱི་རྐང་ཐང་བྱེས་བགྲོད་འགྲན་སྡུར་ཐོག་མ་དང་ཞིང་ཆེན་ཡོངས་ཀྱི་རྒྱལ་ཁབ་ལུས་རྩལ་ཡུལ་སྐོར་གྱི་རྩེར་སོན་འགྲན་སྡུར་ཏེ་ཀྲུང་གོའི་དཀར་མཛེས་ཁུལ་གངས་དཀར་རི་བོ་སྤྱི་ལེ་བརྒྱ་ཅན་གྱི་རི་ཀླུང་བསྐོར་བའི་ལུས་རྩལ་འགྲན་སྡུར་སོགས་ལུས་རྩལ་འགྲན་སྡུར་ཆེ་གྲས་རབ་དང་རིམ་པ་གྲུབ་འབྲས་ཐོབ་པའི་ངང་ནས་སྒྲུབ་གཉེར་བྱས་ཡོད་ལ། ལྷག་པར་དུ་དཀར་མཛེས་ཁུལ་དབུ་བརྙེས་ཚུན་གྱི་འགྲན་སྡུར་གྱི་ཚད་གཞི་མཐོ་ཤོས་དང་འགྲན་ཞུགས་ཀྱི་གཞི་ཁྱོན་ཆེ་ཤོས། འགྲན་ཞུགས་པ་མང་ཤོས་བཅས་ཡིན་པའི་ཞིང་ཆེན་གྱི་མི་རིགས་ལུས་རྩལ་འགྲན་ཚོགས་སྐབས་བཅོ་ལྔ་པ་སྒྲུབ་གཉེར་བྱས་པས་རང་ཁུལ་ལ་གྲུབ་འབྲས་དང་ཉམས་མྱོང་གསོག་འཇོག་བཅས་ཐོབ་ཡོད་པས། ལུས་རྩལ་དང་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཕྱིན་པར་མ་ཟད་ཀུན་ལ་བག་ཆགས་ཟབ་མོ་བཞག་ཅིང་ཀུན་གྱིས་གདེང་འཇོག་མཐོན་པོ་ཐོབ་ཡོད་པ་རེད།
    ཞའོ་ཡུས་ཚའེ་ཡིས་ད་ཐེངས་ཀྱི་དཀར་མཛེས་ཁུལ་ལུས་རྩལ་འགྲན་ཚོགས་སྐབས་གསུམ་པ་ནི་རང་ཁུལ་གྱི་ལུས་རྩལ་འཕེལ་རྒྱས་ལོ་རྒྱུས་ཐོག་གལ་ཆེ་བའི་ལམ་ཚད་རྡོ་རིང་ཞིག་ཡིན་པར་བརྟེན། ཡུལ་གྲུ་གཅིག་གི་དཔལ་འབྱོར་འཕེལ་རྒྱས་དང་ཡུལ་གྲུ་གཅིག་གི་གཟུགས་བརྙན་མངོན་སྟོན་བྱས་ཤིང་། ལུས་རྩལ་པ་ཁག་གཅིག་གདམ་གསེས་བྱས་ནས་དམངས་ཡོངས་ཀྱི་ལུས་སྦྱོང་ལ་སྐུལ་འདོད་གཏོང་བ་བཅས་ཀྱི་ངོས་ནས་དོན་སྙིང་གལ་ཆེན་ཡོད་པ་རེད་ཅེས་གསུངས་པ་རེད། ཁོང་གིས་ལུས་རྩལ་པ་ཡོངས་ཀྱིས་སྔར་བས་མགྱོགས་པ་དང་། ཆུ་ཚད་དེ་བས་མཐོ་བ། སྟོབས་དེ་བས་ཆེ་བ་བཅས་ཀྱི་ལུས་རྩལ་སྙིང་སྟོབས་དར་སྤེལ་བཏང་ནས་དཀར་མཛེས་ཁུལ་གྱི་མགྱོགས་ཚད་དང་དཀར་མཛེས་ཁུལ་གྱི་མཐོ་ཚད། དཀར་མཛེས་ཁུལ་གྱི་རྣམ་པ་མངོན་སྟོན་བྱ་དགོས། ཤན་འབྱེད་པ་ཡོངས་ཀྱི་དྲང་གཞག་དྲང་བདེན་ལ་བརྟན་སྲུང་བྱེད་པ། སྒྲིལ་སྲོལ་ནན་པོ་སྲུང་བ། འགྲན་བསྡུར་གྱི་སྒྲིག་ལམ་ནན་པོ་གཏོང་བ། འགྲན་བསྡུར་གྱི་སྤྱོད་ཚུལ་ནན་དུ་གཏོང་བ་བཅས་བྱ་རྒྱུ་རེ་བ་ཡོད། ལས་དོན་མི་སྣ་ཡོངས་ཀྱི་ལས་གནས་བརྟན་སྲུང་བྱ་རྒྱུ་དང་ནུས་ཤུགས་ཡོད་རྒུས་སྐབས་འདིའི་ལུས་རྩལ་འགྲན་ཚོགས་དེ་ངོ་མཚར་གྱི་གསར་གཏོད་དང་གོ་རིམ་ལྡན་པ། སྤྲོ་སེམས་ཁེངས་པ་བཅས་ཀྱི་ཆུ་ཚད་མཐོན་པོའི་ལུས་རྩལ་འགྲན་ཚོགས་ཆེན་པོ་ཞིག་སྤེལ་ཐུབ་པའི་རེ་བ་ཡོད། ཁུལ་ཡོངས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཡོངས་ཀྱིས་ལུས་སྦྱོང་བྱེད་སྒོར་ཞུགས་ནས་གཟུགས་གཞི་བདེ་ཐང་དང་། གཟུགས་གཞི་དེ་བས་སྟོབས་ཅན། སྟོབས་ཤུགས་དེ་བས་ལྡན་པ། དེ་བས་གསོན་ཤུགས་ལྡན་པ་བཅས་ཀྱི་ཐོག་ནས་བློ་བརྟན་འགྱུར་མེད་ངང་དཀར་མཛེས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཕྱོགས་ཡོངས་ནས་འབྱོར་འབྲིང་དང་ཡུན་རིང་བདེ་འཁོད་མཉམ་དུ་ཡོང་བའི་རེ་བ་ཡོད་ཅེས་ཐུགས་རེ་གནང་བ་རེད།
    འགོ་ཚུགས་མཛད་སྒོ་ནི་ལང་ཚོའི་གསོན་ཤུགས་ཀྱིས་ཁེངས་པའི་མི་རིགས་ཀྱི་ལུས་སྦྱོང་ལུས་རྩལ་དང་ལུས་རྩལ་རྩལ་སྦྱང་གི་འཁྲབ་སྟོན་གྱི་འོག་ནས་སྤེལ་བ་རེད། འཁྲབ་སྟོན་གྱི་ནང་དོན་ཕུན་སུམ་ཚོགས་ལ་ཕན་ཚུན་འབྲེལ་མཐུད་ནས་དཀར་མཛེས་ཀྱི་བུ་ཕྲུག་གི་བདེ་ཐང་ཡར་ཐོན་གྱི་བསམ་པའི་ཉམས་འགྱུར་གང་ལེགས་མངོན་པས་ལྟད་མོ་བའི་དགའ་བསུ་ཆེན་པོ་ཐོབ་པ་རེད།།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1