གཙོ་ངོས།>> པར་སྐྲུན།>>ཟླ་ཟེར།

བླ་མ་སྐྱབས། (ཀྲུང་དབྱང་མི་རིགས་སློབ་ཆེན) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། ༢༠༡༩ལོའི་ཟླ་བ་༠༨ཚེས་༡༥ཉིན།

ནག་པོ་སྐལ་བཟང་གི 《ཀླུ་འབུམ་མི་རྒོད》ལས་མི་སྣའི་གཤིས་ཀ་ཐུན་མོང་མ་ཡིན་པ་འཛིན་ལུགས་དཔྱད་པ།

【 ནང་དོན་གནད་བསྡུས】 དཔྱད་རྩོམ་འདིའི་ནང་དུ་ནག་པོ་སྐལ་བཟང་གི་དྲག་རྩལ་སྒྲུང་རིང་《ཀླུ་འབུམ་མི་རྒོད》ཀྱི་མི་སྣའི་གཤིས་ཀ་ཐུན་མོང་མ་ཡིན་པ་དམིགས་སུ་འཛིན་ལུགས་ལ་དཔྱད་པ་བཏང་ཡོད། བདག་གིས་《 ཀླུ་འབུམ་མི་རྒོད》ཅེས་པའི་སྒྲུང་གཏམ་ཧྲིལ་བོ་ཆ་ཚང་བའི་གྲུབ་ལུགས་དང་སྤྲོས་བརྗོད་བྱེད་ལུགས་ལ་ཡང་ཡང་བརྟག་རྗེས། ཟུར་སྣེ་མི་འདྲ་བ་གསུམ་ནས་རྩོམ་པ་པོའི་མི་སྣའི་སྒེར་གཤིས་འཛིན་ལུགས་གླེང་བར་བྱ་སྟེ། མི་སྣའི་གཤིས་ཀའི་ཕྱོགས་གཅིག་འུད་ཀྱིས་བརྗོད་པ་དང་། མི་སྣའི་གཤིས་ཀ་རྒྱུན་ལྡན་མ་ཡིན་པ་དམིགས་སུ་འཛིན་པ། བོད་ཀྱི་རྒྱུན་ཆགས་ལྟ་བའི་ཁ་གཏད་དུ་ལངས་པའི་གཏམ་སྤྱོད་འགོད་པ་བཅས་མཐོང་སྣེ་མི་འདྲ་བ་གསུམ་གནད་དུ་བཟུང་ནས། དཀྱུས་གཅིག་ཏུ་ནག་པོ་སྐལ་བཟང་གི་དྲག་རྩལ་སྒྲུང་གཏམ་ཀླུ་འབུམ་མི་རྒོད་ཀྱི་མི་སྣའི་གཤིས་ཀ་ཐུན་མོང་མ་ཡིན་པ་འཛིན་ལུགས་གླེང་ཡོད།

【 བརྡ་ཆད་གཙོ་བོ】 ཀླུ་འབུམ་མི་རྒོད། ནག་པོ་སྐལ་བཟང་། སྒྲུང་གཏམ། མི་སྣའི་སྒེར་གཤིས།

གླེང་གཞི།

ནག་པོ་སྐལ་བཟང་གི《ཀླུ་འབུམ་མི་རྒོད》ནི་སྒྲུང་གཏམ་གྱི་འབྲི་ཐབས་སྤྱད་ནས་བྲིས་པའི་དཔའ་བོའི་ལོ་རྒྱུས་སམ་དཔའ་བོའི་མཛད་རྗེས་མཚོན་པའི་དྲག་རྩལ་སྒྲུང་རིང་ཞིག་ཡིན། རྩོམ་པ་བོ་ནག་པོ་སྐལ་བཟང་གིས་ཆེས་དམིགས་བསལ་གྱི་འབྲི་ཐབས་འདི་འདྲ་ཞིག་སྤྱད་དོན་ནི། ཁོས་བོད་ཀྱི་རྩོམ་རིག་ལོ་རྒྱུས་ཀྱི་སྟོང་ཆ་ཞིག་སྐོང་བའི་འདུན་མ་འཆང་བ་ཡིན་སྲིད་ལ། དེ་བཞིན་དུ་བོད་ཀྱི་རྩོམ་རིག་གི་ལམ་སྣ་འདྲེན་པའི་རེ་ལྟོས་ཀྱང་འཆང་ཡོད་སྲིད། ཡང་ཅིག་བཤད་ན་རྩོམ་པ་བོས་རང་ཉིད་ཀྱི་དགའ་སྐྱོ་ཆགས་སྡང་དེ་ཆེས་རྒྱུན་ལྡན་མ་ཡིན་པར་མཚོན་ཆེད་དང་། བོད་ཀྱི་སྤྱི་ཚོགས་ཀྱི་གནས་སྟངས་ནི་འཆར་ཡན་དང་རྟོག་བཏགས་ཀྱི་ཐབས་ཁོ་ནས་མ་གཏོགས་སྨྲ་བསམ་བརྗོད་འདས་ཀྱི་ཡུལ་དུ་གྱུར་བ་ཀུན་སློང་གང་ཡང་རུང་བ་ཞིག་གིས་འདེམས་པ་ཡིན་སྲིད། གང་ལྟར་ཀྱང་《ཀླུ་འབུམ་མི་རྒོད》ནི་བོད་ཀྱི་སྤྱི་ཚོགས་ཀྱི་གནས་སྟངས་དང་མི་སྣའི་བྱུང་བ་དངོས་དེ་དྲག་རྩལ་སྒྲུང་གཏམ་གྱི་ལམ་ནས་བྲིས་པ་ཐོག་མ་ཡིན་པས། དེ་ལ་དཔྱད་རིན་དང་བརྟག་རིན་ཤིན་ཏུ་ཆེན་པོ་ཡོད། དེ་བས་དཔྱད་རྩོམ་འདིའི་ནང་དུ་ནག་པོ་སྐལ་བཟང་གི《ཀླུ་འབུམ་མི་རྒོད》ལས་མི་སྣའི་གཤིས་ཀ་ཐུན་མོང་མ་ཡིན་པ་འཛིན་ལུགས་གཙིགས་སུ་བཟུང་ནས་དཔྱད་པར་བྱ།

དང་བོ། མི་སྣའི་གཤིས་ཀའི་ཕྱོགས་གཅིག་འུད་ཀྱིས་བརྗོད་པ།

“སྒྲུང་གཏམ་གསར་རྩོམ་གྱི་ལས་ལ་འཇུག་སྐབས། མི་སྣ་གང་ཞིག་གི་གཤིས་ཀའི་ཕྱོགས་ཤིག་འུད་ཀྱིས་བརྗོད་ན། ཀློག་པ་བོར་བག་ཆགས་ཟབ་མོ་བཞག་སྟེ། མི་སྣ་དེ་ཉིད་གཏན་ནས་བརྗེད་མི་སྲིད།”ཞེས་པ་ལྟར། སྒྲུང་གཏམ་འདིར་རྩོམ་པ་བོས་མི་སྣ་ཞིག་བཞེངས་སྐྲུན་བྱེད་སྐབས་དཀར་ཕྱོགས་དེ་ཉིད་ནི་སྐྱོན་ཀུན་ཟད་དང་ཡོན་ཏན་ཀུན་ལྡན་ཞིག་ཏུ་འུད་ཀྱིས་བརྗོད་ཡོད་ཅིང་། ནག་ཕྱོགས་མ་རུངས་པ་ནི་སྡིག་ལས་ཁོ་ནར་གཞོལ་བ་ལས་དེར་མི་གཤིས་ཀྱི་བཟང་ཆ་ཕྲན་བུ་ཙམ་ཡང་མེད་པ་འུད་ཀྱིས་བརྗོད་ནས་ཀློག་པ་བོར་བག་ཆགས་ཤིན་ཏུ་ཟབ་མོ་བཞག་ཡོད་དེ།

གཅིག དཀར་ཕྱོགས་ནི་སྐྱོན་ཀུན་ཟད་དང་ཕྱོགས་ལས་རྣམ་པར་རྒྱལ་བའི་གཤིས་སུ་གྲུབ་པ།

ཀླུ་འབུམ་མི་རྒོད་ལས་དཀར་ཕྱོགས་ཀྱི་མཚོན་བྱེད་དུ་གྱུར་བའི་མི་སྣ་ནི་ཀླུ་འབུམ་ཡིན་ལ། རྩོམ་པ་བོས་སྒྲུང་གཏམ་གྱི་མགོ་མཇུག་བར་གསུམ་དུ་ཀླུ་འབུམ་གྱིས་དཀར་ཕྱོགས་ཀྱི་དགེ་བའི་ལས་ཁོ་ན་བསྒྲུབས་ཤིང་། ནག་ཕྱོགས་མ་རུང་བ་རྣམས་ཀྱི་གདོང་ལ་བུད་ནས། སྤྱི་ལ་ཁྱབ་པའི་དམིགས་པ་མེད་པའི་བརྩེ་བ་ཆེན་པོས་བསྟན་འགྲོའི་དོན་ལ་འབད་རྩོལ་བྱས་པའི་མཛད་བཟང་བྲིས་ཡོད་ཅིང་། ཀླུ་འབུམ་ནི་སྐྱོན་ཀུན་ཟད་དང་ཡོན་ཏན་ཀུན་ལྡན་གྱི་སྐྱེས་བུ་ཆེན་པོའི་ངང་ཚུལ་འཛིན་མཁན་ཞིག་ཡིན་པའི་ཆ་ནས། ཁོ་ལ་བསྟོད་བསྔགས་དང་ཚིག་རྒྱན་གྱིས་བཅིངས་པ། དྲག་རྩལ་ལ་དོ་ཡ་མེད་པ། དཔའ་རབས་ལོ་རྒྱུས་སུ་གྲགས་པའི་ལྷའམ་འཇིག་རྟེན་སྐྱོབ་པ་བོ་ལྟ་བུའི་སྣང་བརྙན་བཞེངས་ཡོད་ཅིང་། དེ་འདྲའི་དཀར་ཕྱོགས་དཔའ་བོའི་སྣང་བརྙན་བཀོད་འབྲི་བྱས་པ་བརྒྱུད་ནས་མི་སྣའི་གཤིས་ཀའང་རང་ཤུགས་ཀྱིས་ཁྱད་དུ་འཕགས་པ་དང་། གཞན་དང་ཐུན་མོང་མ་ཡིན་པའི་གོ་བསྐོན་བློ་འགུག་གི་ནུས་པ་ལྡན་པ་ཞིག་ཏུ་བཞེངས་བསྐྲུན་བྱས་ཡོད། ཀླུ་འབུམ་ནི་དྲག་རྩལ་ཁྱད་དུ་འཕགས་ཅིང་དཔའ་ལ་དོ་ཟླ་མེད་པ་ཞིག་ཡིན་མོད། འོན་ཀྱང་སྡིག་ལས་ལ་ཤིན་ཏུ་འཛེམས་མཁན་ཞིག་ཡིན་ཏེ། ཀླུ་འབུམ་གྱིས་དོ་བསྡོ་ཨ་ལྔ་བསྒྲལ་བའི་སྐབས་སུ། སྤྱིར་ཨ་ལྔ་ནི་རང་ཉིད་ཀྱི་ཁྱིམ་རྒྱུད་ཚར་གཅོད་བྱེད་མཁན་གྱི་གཏེ་བོ་ཡིན་ལ། ཆུང་བྱིས་པའི་དུས་ནས་བཟུང་རང་ཉིད་དྭ་ཕྲུག་ཏུ་བསྒྱུར་མཁན་གྱི་བྱེད་གཏེ་ནི་ཨ་ལྔ་ཡིན་མོད། ཀླུ་འབུམ་གྱིས་ཨ་ལྔ་དྲག་རྩལ་གྱིས་ཕམ་པར་བརྒྱབ་ནས། “ཨ་ལྔ་ས་ལ་གན་རྐྱལ་དུ་བསྒྱེལ་ནས། བྲང་ཨ་འདྲ་བའི་སྟེང་ལ་པུས་མོ་ཨུ་འདྲ་བ་ཞིག་བཙུགས་ནས་བསྒྲལ་རྩིས་བྱེད་སྐབས། རྒྱུད་ལ་གློ་བུར་དུ་བྱང་སེམས་འཁྲུངས་ནས་ཐེ་ཚོམ་གྱི་ངང་ལ་ཅུང་ཙམ་ལུས།” ཞེས་པ་ལྟ་བུ་ལས་ཁོ་ནི་ནག་ཕྱོགས་མ་རུང་བར་སྡང་སེམས་ཡོད་མོད། རྒྱུད་ཀྱི་བྱམས་སྙིང་རྗེའི་སེམས་དགྲ་གྲོགས་ཀུན་ལ་བཏང་སྙོམས་སུ་ཁྱབ་ཐུབ་པ་ཞིག་ཡོད་པའི་གཤིས་སྤྱོད་བཟང་བོ་ཡོད་པ་བྲིས་ཡོད།

སྤྱིར་ཀླུ་འབུམ་ནི་དཔའ་བོ་དང་སྐྱེས་ཆེན་དམ་པ་ཞིག་གི་སྣང་བརྙན་དུ་བྲིས་ཡོད་ནའང་། རྩོམ་པ་བོས་ཀླུ་འབུམ་ནི་གང་ལ་གང་འཚམ་གྱིས་སོ་སོའི་སྐྱེ་བོ་ཕལ་བ་ནང་བཞིན་གྱི་བརྩེ་དུང་དང་དགའ་སྐྱོ་ཆགས་སྡང་གིས་རྒྱུད་ཡོངས་སུ་གཏམས་ཡོད་པ་ཞིག་ཏུ་བྲིས་ཡོད་པ་ལས། ང་ཚོ་དང་ཀླུ་འབུམ་གྱི་བར་ཐག་ཇེ་ཉེར་བཏང་ཡོད་ལ། ཀློག་པ་བོ་དང་འཇིག་རྟེན་གྱི་རླབས་ཆེན་བྱ་བ་བསྒྲུབ་མཁན་རྣམས་ཀྱི་བར་ཐག་ཇེ་ཉེར་བཏང་ནས། ང་ཚོར་འཇིག་རྟེན་འཇུག་ལྡོག་གི་ལས་ལ་འཇུག་སྐབས་ཁོ་ཚོ་ནང་བཞིན་གྱིས་དཔའ་དང་སྤོབས་པ། ཁྲེལ་དང་ངོ་ཚ། དགེ་སྒྲུབ་སྡིག་སྤོང་གི་གཤིས་སྤྱོད་ལྡན་དགོས་པའི་འབོད་སྐུལ་བཏང་ཡོད། སྒྲུང་གཏམ་ཧྲིལ་བོར་ཀླུ་འབུམ་ནི་དྲག་རྩལ་ལ་ཁྱད་དུ་འཕགས་ཤིང་ནག་ཕྱོགས་ཀྱི་ཁ་གཏད་དུ་ལངས་པའི་དུས་སུ་དགྲ་བོ་སུ་ཞིག་ཡིན་ཡང་འགྲན་མི་བཟོད་པ་ཞིག་ཡིན་མོད། འོན་ཀྱང་འཇིག་རྟེན་གྱི་བརྩེ་དུང་དང་རང་ཉིད་ཀྱི་འཚོ་བར་དངོས་སུ་འཇུག་སྐབས། རྩོམ་པ་བོས་ཁོ་ནི་ཤ་ཁྲག་གདོས་བཅས་ཀྱི་ཕུང་བོ་ལས་གྲུབ་ཅིང་། བརྩེ་དུང་གི་རྣམ་ཤེས་ཀྱིས་འཆིང་དུ་བཅུག་པ་ལས་ང་ཚོས་ད་གཟོད་ཀླུ་འབུམ་ནི་མི་ཞིག་ཡིན་ཞིང་། ཁོ་ཡང་ང་ཚོ་ནང་བཞིན་གྱིས་དགའ་སྐྱོ་ཆགས་སྡང་དང་འཚོ་བའི་བརྡབ་གསིག་གི་ཁྲོད་ན། དཀའ་བ་གདོང་གིས་བསུ་ཞིང་དུང་བ་དང་དུ་ལེན་མཁན་ཞིག་ཡིན་པའི་མི་ཡི་གཤིས་སྤྱོད་དེ་མངོན་ཡོད། དཔེར་ན། ཀླུ་འབུམ་གྱིས་རྒྱ་ནག་རི་བོ་རྩེ་ལྔ་ནས་ཧྭ་ཤང་ཐོང་ཧེ་བསྒྲལ་རྗེས། མྱུར་བ་མྱུར་དུ་ཕྱིར་ལྷ་ས་རུ་འབུམ་སྐྱིད་ལ་ཐུག་ཏུ་ཡོང་སྐབས། “མུན་རུབ་ལ་ཉེ་སྐབས་ཀླུ་འབུམ་བཀའ་བློན་དགྲ་འདུལ་དབང་ཕྱུག་ཚང་གི་སྒོ་དྲུང་དུ་བསླེབས་པ་དང་། བཀའ་བློན་དགྲ་འདུལ་དབང་ཕྱུག་ཚང་གི་ལྕགས་ལོང་སྟེང་དུ་ཤུག་པ་ཞིག་འཛེར་ཡོད་པར་མ་ཟད། སྒོ་འགྲམ་ན་མེ་གཏོ་ཞིག་ཀྱང་འཕངས་འདུག ཁོས་གློ་བུར་དུ་སྲས་མོ་འབུམ་སྐྱིད་ལ་བར་ཆད་འདྲ་བྱུང་བ་མིན་ནམ་སྙམ་ཞིང་། སྐད་ཅིག་དེ་ཉིད་ལ་མགོ་ཐོག་གི་གནམ་དང་རྐང་འོག་གི་ས་བརྡིབས་སོང་བ་ལྟ་བུའི་ཚོར་སྣང་ཞིག་སྐྱེས་པ་དང་མཉམ་དུ་རི་ར་བ་ཁང་ཁྱིམ་སོགས་ཁོའི་མཐའ་ཁོར་ནས་འཁོར་བྱུང་། ཁོ་རང་སྨྲ་མི་ཤེས་པའི་འདྲེན་ཤུགས་ཤིག་གིས་ས་འོག་ནས་ས་འོག་ལ་དྲངས་པ་དང་། མགོ་ནང་ལ་མུན་ནག་ཅིག་འཐིབས་པ་དང་མཉམ་དུ་གཟུགས་མགོ་རྐང་བས་མ་ཐེག་པར་ས་ལ་ཙོག་བྱུང་།” ཞེས་ཀླུ་འབུམ་གྱིས་རང་གི་ཞེ་བསམ་པའི་དུང་བ་འབུམ་སྐྱིད་ལ་འཁོར་ཡོད་པ་དང་། ཡང་སེ་རྒོད་ཕ་བོང་གི་འགྲམ་ནས་འབུམ་སྐྱིད་ལ་ཐུག་པའི་དུས་ཆད་བྱས་ཡོད་པར་སྒུག་སྐབས། ཁོས་རང་ཉིད་ཀྱིས་འབུམ་སྐྱིད་ནམ་ཞིག་ལ་ཆུང་མར་ལེན་པ་དང་། ཆུང་མར་བླངས་རྗེས་བུ་ཞིག་སྐྱེའམ་བུ་མོ་ཞིག་སྐྱེའམ། དེ་དག་གི་མིང་ལ་ཅི་ཞིག་འདོགས་དགོས་པ་སོགས་ཀྱི་བྱིས་པ་ཆུང་ཆུང་ཞིག་ནང་བཞིན་གྱིས་འཆར་ཡན་སྤྲོས་ཡོད། དེ་བཞིན་དུ་སྲས་མོ་འབུམ་སྐྱིད་ལ་ཁོ་མོའི་ཨ་ཕ་བཀའ་བློན་དགྲ་འདུལ་དབང་ཕྱུག་གི་ལྐོག་མདའ་ཕོག་ནས་བསད་པ་དང་། འབུམ་སྐྱིད་ཕྱི་དབུགས་ཆད་ལ་ཁད་དུ་ཀླུ་འབུམ་གྱི་པང་དུ་འཁེན་ནས་འདུག་སྐབས། “ཀླུ་འབུམ་གྱིས་གློ་བུར་དུ་སེང་གེ་གད་རྒྱངས་ཀྱི་ཚུལ་དུ་གདོང་ཨ་སྔོན་དབྱིངས་ལ་ཕྱོགས་ཏེ། མགོ་ཐོག་ན་ཡོད་པ་གནམ་རེད། ཁྱོད་ལས་ཡན་ཞིག་ང་ལ་བཀུར་ས་མེད། ངས་མི་ཚེ་འདིར་བཙན་པོའི་གཉའ་ནས་གནོན་པ་དང་གཉོམ་ཆུང་འདབས་ནས་བསྐྱོར་བར་མ་ཟད། ནམ་ཡིན་ཡང་དྲང་བདེན་གྱི་ཕག་ནས་ཀ་ལངས་ལངས་བྱས་པ་ཡིན། འོན་ཀྱང་ང་ལ་འཐོབ་བྱ་ཞིག་ཡོད་པ་ནི་དོ་དགོང་གི་འདི་ཡིན་ནམ། གནམ་རྒན་མ་ལགས། ང་ལ་བལྟ་ས་དང་རེ་ས་ཞིག་ཡོད་པ་ནི་ཁྱོད་ཡིན། ཁྱོད་ཀྱིས་ཁ་མི་གྲག་དོན་ཅི་ཡིན། འཇིག་རྟེན་ན་དངོས་གནས་ལས་རྒྱུ་འབྲས་ཟེར་བ་ཞིག་མེད་སོང་བ་ཨེ་རེད། ཁྱོད་ཀྱིས་ང་ལ་མ་གསང་མ་སྦས་མ་བསྐུང་བར་དྲང་བཤད་ཅིག་གྱིས་དང་ཞེས་ཁ་ཇོ་ཁང་གི་ཕྱོགས་སུ་འཁོར་ཏེ་ཇོ་བོ་རིན་པོ་ཆེ་ལགས། ཁྱོད་ནི་བོད་གངས་ཅན་གྱི་ལྷ་སྐལ་ཡིན་པས། ཁྱོད་ཀྱིས་ང་ལ་ལན་ཞིག་འདེབས་ཐུབ་བམ་ཟེར་བ་དང་ཡུད་ཙམ་ལ་ཁ་རོག་གེར་བསྡད”པ་དང་། དེ་ནས་རང་ཉིད་ཀྱི་འཇིག་རྟེན་འདིའི་རེ་བ་ཡོད་ཚད་འབུམ་སྐྱིད་ཀྱི་ལས་དབང་དང་ལྷན་དུ་སྦྲེལ་ནས་མཉམ་དུ་སྐྱིད་ཆུར་འཐིམས་ཡོད་དེ། “ཀླུ་འབུམ་གྱིས་སྲས་མོ་འབུམ་སྐྱིད་ཀྱི་བེམ་རོ་ཡར་པང་ཙམ་བྱས་པ་དང་། ཁ་གཡོན་ཕྱོགས་ཀྱི་སྐྱིད་ཆུར་གཏད་དེ་འགྲོ་ཞོར་དུ་ངའི་དྲི་བར་ཁྱོད་ཅག་གིས་ལན་འདེབས་མི་ཐུབ་ན་ལན་ངས་འདེབས། འཇིག་རྟེན་གནམ་འོག་འདི་ན་དྲང་ཐད་དུ་མདུན་ནས་མདུན་དུ་བསྐྱོད་པའི་ལམ་གཅིག་ལས་གཡས་དཀྱོག་གཡོན་དཀྱོག་བྱས་ནས་འགྲོ་སའི་ལམ་ཞིག་གཏན་ནས་མེད། དེ་བས། ང་དང་སྲས་མོ་འབུམ་སྐྱིད་གཉིས་ཀའང་མདུན་ནས་མདུན་དུ་བསྐྱོད་རྒྱུ་ཡིན་ཞེས་བཤད་པ་དང་། ཡོ་འཛུར་སྤུ་ཙམ་ཡང་མེད་པར་སྐྱིད་ཆུའི་ཐད་དུ་སོང་།”ཞེས་པ་ལྟར། མཐར་ཀླུ་འབུམ་གྱིས་རང་ཉིད་ཀྱི་ཚེ་སྲོག་ཀྱང་ལྷད་མེད་པའི་བརྩེ་དུང་ཞིག་ལ་ཕུལ་ཡོད་ཅིང་། རང་ཉིད་ལ་ལྷད་མེད་པའི་བརྩེ་བ་འཆང་ཡོད་པའི་བུད་མེད་ཞིག་ལ་ཞེ་སེམས་འཁྲེང་ནས། ཤི་ན་མཉམ་ཤི་དང་གསོན་ན་མཉམ་གསོན་གྱིས་འབུམ་སྐྱིད་དང་ལྷན་དུ་སྐྱིད་ཆུའི་ནང་དུ་རང་ཤི་བརྒྱབ་སྟེ། ཁོ་དང་འབུམ་སྐྱིད་གཉིས་ཀྱི་ཚེ་གཅིག་གི་སྐྱ་ཡའི་ལས་དབང་དེ་སྐྱིད་ཆུ་ལ་བཅོལ་ཞིང་། སྐྱིད་ཆུའི་ནང་ནས་ཁོ་རང་གཉིས་གཏན་དུ་ལྷན་འཛོམས་བྱུང་བའི་ཡིད་སྨོན་འཆོར་བའི་བརྩེ་དུང་གི་ཞེ་འདང་ཞིག་དང་། ཡིད་སེམས་ཞེ་ནས་སྨྲེང་བའི་ལྡོག་ཏུ་མེད་པའི་ལས་དབང་ཐབས་ཆག་གི་བཀོད་སྒྲིག་དེ་འདྲའི་འོག་ཏུ། ཀླུ་འབུམ་གྱི་བརྩེ་བ་ནི་རྡོ་རྗེའི་མདུད་པ་བཞིན་དུ་འགྱུར་བ་མེད་པ་དང་ལྷད་མེད་པ་ཞིག་ཡིན་པ་མཚོན་ནས། ཁོའི་གཤིས་སྤྱོད་དེ་ཀུན་ལས་ཁྱད་དུ་འཕགས་པ་དང་ཐུན་མོང་མ་ཡིན་པ་ཞིག་ཏུ་བྲིས་ཡོད།

གཉིས། ལྡོག་ཕྱོགས་དང་ནག་ཕྱོགས་ནི་མཆིལ་མ་འཕེན་ས་ཁོ་ནར་བརྩིས་པ།

མི་སྣའི་སྣང་བརྙན་གསར་བཞེངས་བྱེད་སྐབས། དཀར་ཕྱོགས་ཀྱི་ལྡོག་ཕྱོགས་སུ་གྲུབ་པའི་མ་རུངས་པའི་སྣང་བརྙན་ཡང་དཀར་ནག་གྲིབ་མ་འགྲོགས་པ་ནང་བཞིན་དུ་བག་ཆགས་ཆེན་པོ་འཇོག་ཐུབ་པ་ཞིག་ཏུ་འདོད་ལ། དེ་ཡང་འུད་ཀྱིས་བརྗོད་ན་ཀློག་པ་པོར་ཤིན་ཏུ་ཟབ་པའི་བག་ཆགས་འཇོག་ཐུབ་སྙམ། ལྷ་ཆེ་ས་ན་བདུད་ཆེ་ཞེས་པའི་དཔེ་ནང་བཞིན་དུ། དཀར་ཕྱོགས་དགེ་བས་ཡོངས་སུ་ཁྱབ་ཅིང་དང་བདེ་སྐྱིད་རྟག་བརྟན་གྱི་དག་པའི་ཞིང་ཁམས་ཞིག་མི་ཡུལ་ན་གཏན་ནས་ཡོད་མི་སྲིད་ཅིང་། སྡིག་པ་དང་མ་རུངས་པ་ནི་ནམ་ཡང་མཆེ་བ་གཙིགས་གཙིགས་དང་ཨམ་གཙིགས་བསྡམས་བསྡམས་ནས་བསྡད་ཡོད། དེ་བས་ཀླུ་འབུམ་མི་རྒོད་ཀྱི་ནང་དུ་ནག་ཕྱོགས་སམ་མི་དགེ་བའི་བསམ་སྦྱོར་འཆང་མཁན་དག་ནི་ཤིན་ཏུ་སྨད་ཅིང་། མཆིལ་ཞགས་འཕེན་ས་ཁོ་ནའི་ཡུལ་དུ་བཀོད་འབྲི་བྱས་ནས། ཁོ་ཚོའི་ནག་ཕྱོགས་མ་རུང་བའི་གཤིས་སྤྱོད་དེ་ཤིན་ཏུ་གདུག་རྩུབ་ཆེ་བ་དང་། བསམ་ཡུལ་འདས་པའི་ཞེ་གནག་ཅིག་ཡིན་པ་ལས། ཁོ་ཚོའི་སྟེང་དུ་དཀར་ཕྱོགས་ཀྱི་ཆ་སྤུ་ཙམ་རིག་རྒྱུ་མེད་པའི་ཚོད་དུ་བཏང་ནས། ཀློག་པ་བོར་ནག་ཕྱོགས་ཀྱི་མི་སྣའི་གཤིས་ཀ་དེ་མ་རུངས་པ་ཁོ་ནའི་ཡུལ་དུ་གྱུར་བའི་བཀོད་འབྲི་བྱས་ཡོད། དཔེར་ན། རྩོམ་པ་བོས་བཀོད་འབྲི་བྱས་པའི་ནག་ཕྱོགས་པའི་མཚོན་བྱེད་གཙོ་བོ་དོ་བསྡོ་ཨ་ལྔ་དང་། གཟུགས་མེད་སྐྱ་ཐུབ་དང་། རྒྱལ་མོ་སེམས་སྐྱིད་སྒྲོལ་མ་དང་། དར་མདོ་ཧྭ་ཤང་དང་། དྷ་ར་ཏྭ་ཛོ་དང་། ཧྭ་ཤང་ཐུང་ཧེ་སོགས་ནི་དཀར་བོའི་ལས་ནི་སེམས་ལ་ཡང་མི་འཁོར་ཞིང་། སྡིག་པའི་ལས་ནི་ཁ་གྲུབ་ལག་གྲུབ་ཡིན་པའི་ཚོད་དུ་སླེབས་ཡོད་དེ། གཟུགས་མེད་སྐྱ་ཐུབ་ཀྱི་སྤྱི་གཉེར་བ་མི་གསོད་དགུ་གསོད་ཀྱི་གཤིས་སྤྱོད་གདུག་རྩུབ་ཅན་དེ་མཚོན་ཆེད་དུ་གཟུགས་མེད་སྐྱ་ཐུབ་ཀྱི་གཉེར་བ་རྣམ་གསུམ་གྱིས་མིག་རིག་རིག་བྱས་ཏེ་ཚུ་རོལ་ལ་བལྟས་འདུག མི་གསོད་དགུ་གསོད་ཀྱིས་ཐང་ན་གྲོག་ཚང་ཞིག་ཡོད་པ་ལས་གྲོག་མ་རེ་རེ་བཞིན་བཟུང་སྟེ་མཐེབ་མཛུབ་བར་ལ་བཙིར་ནས་གསོད་སྐབས་རྣ་ཡིས་ཉན་པ་དང་། བསད་རྗེས་སྣ་ཡིས་བསྣམས་པ་ལ་བལྟས་ན་རོལ་དབྱངས་སྙན་མོ་ཞིག་ལ་ཉན་པ་དང་ཟས་ཞིམ་པོ་ཞིག་ལ་བསྣམས་ཀྱིན་ལོས་ཡོད་སྙམ།”ཞེས་སོགས་བྲིས་ནས་ནག་ཕྱོགས་མི་སྣའི་གཤིས་ཀ་ནི་སྡིག་ལས་ཁོ་ནར་ཕྱོགས་པ་འུད་ཀྱིས་བརྗོད་ནས། ཀློག་པ་བོའི་སྣང་ངོར་གསུབ་ཏུ་མེད་པའི་བག་ཆགས་ཟབ་མོ་བཞག་ཡོད།

གཉིས་པ། མི་སྣའི་གཤིས་ཀ་རྒྱུན་ལྡན་མ་ཡིན་པ་དམིགས་སུ་འཛིན་པ།

མི་སྣའི་གཤིས་ཀ་རྒྱུན་ལྡན་མ་ཡིན་པ་དེ་ནི་སྨྱོན་པ་དང་བྱིས་བློ་ཅན་ཁོ་ནའི་སྣང་ངོར་རྒྱུན་ལྡན་དུ་སྣང་ཐུབ་པ་ལས། ཀློག་པ་བོ་ཕལ་ཆེ་བར་བག་ཆགས་ཟབ་མོ་འཇོག་ཐུབ་པའི་ཐབས་ལམ་ཞིག་ཡིན་པར་འདོད། སྒྲུང་གཏམ་གསར་རྩོམ་གྱི་ལས་ལ་འཇུག་སྐབས། མི་སྣའི་གཤིས་ཀ་ཐུན་མོང་མ་ཡིན་པ་དེ་དམིགས་སུ་བཟུང་སྟེ། མི་སྣའི་སེམས་ཀྱི་འཆར་སྒོ་དང་འཚོ་བའི་མོས་འདུན། ལུས་ཀྱི་བྱ་བྱེད་དང་ངག་གི་བཤད་སྟངས་སོགས་གང་ཟག་རྒྱུན་ལྡན་རྣམས་ཀྱི་བློ་ཡུལ་ལས་འདས་པའི་སྒོ་ནས་བརྗོད་པར་ནུས་ན། ཀློག་པ་བོའི་ལྟ་ཀློག་གི་འདུན་པ་རྒྱ་ཆེར་སྐྱེད་ཐུབ་པ་མ་ཟད། ཁོ་ཚོའི་མི་གཤིས་ཀྱི་རང་བཞིན་དང་འཚོ་བའི་ངོ་བོ་རྟོགས་པ་ལ་ཕན་པ་ཆེན་པོ་ལྡན་པ་ཡིན། ཞེས་པ་ལྟར། ནག་པོ་སྐལ་བཟང་གིས་ཀླུ་འབུམ་མི་རྒོད་ཀྱི་ནང་དུ་མི་སྣའི་གཤིས་ཀ་ཐུན་མོང་མ་ཡིན་པ་དམིགས་སུ་བཟུང་ཡོད་དེ། ཁོས་མཚང་མིང་གིས་ཐད་ཀར་མི་སྣའི་ཐུན་མོང་མ་ཡིན་པའི་གཤིས་ཀ་མཚོན་པའི་ཐབས་ལམ་དང་། དེ་བཞིན་དུ་མི་གཤིས་ལ་ཆག་གྲུམ་ཤོར་བའི་གཤིས་སྤྱོད་ཡ་མ་བརླ་དམིགས་སུ་འཛིན་པ། དེ་བཞིན་དུ་མི་སྣའི་གཏམ་སྤྱོད་ནང་འགལ་དུ་གྱུར་བའི་གཤིས་སྤྱོད་ངོས་གཉིས་མ་སོགས་ཀྱིས་མི་སྣའི་གཤིས་ཀ་ཐུན་མོང་མ་ཡིན་པ་བཟུང་ཡོད་དེ།

གཅིག མཚང་མིང་བཏགས་ནས་རྗེས་གྲུབ་ཏུ་གྱུར་པའི་གཤིས་ཀ་མངོན་པ།

མཚང་མིང་ངམ་བཏགས་མིང་བཀོལ་སྤྱོད་བྱེད་པ་ནི་དྲག་རྩལ་སྒྲུང་གཏམ་གྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་གམ་དགོས་མཁོ་ཞིག་ཡིན་སྲིད་མོད། ནག་པོ་སྐལ་བཟང་གིས《ཀླུ་འབུམ་མི་རྒོད》ཀྱི་ནང་དུ་མཚང་མིང་གིས་མི་སྣའི་གཤིས་ཀ་དང་སྣང་བརྙན་ཐུན་མོང་མ་ཡིན་པ་མཚོན་པར་དང་དོད་ནན་མོ་བྱས་ཡོད། དཔེར་ན། ཁྱི་རྐོ་ལ་ཕ་མས་མིང་ཡག་པ་ཞིག་བཏགས་ཡོད་ཀྱང་རང་ཉིད་ཀྱི་བསམ་དོན་འགྲུབ་ཆེད་ཕོ་སུ་ལ་ཐུག་ཀྱང་འདོད་ཆགས་ཀྱི་ཟུར་མདའ་འཕེན་པ་དང་། ཆགས་སློང་གི་ཤབ་ཤུབ་བཤད་པ། འཁྲིག་སྤྱོད་ཀྱི་བརླ་ཟུང་རྐྱོང་བ་ཞིག་ཡིན་པས་ན་མི་རྣམས་ཀྱིས་ཁོ་མོ་ནི་ཁྱི་རྐོ་ཁྱི་གང་གི་སྔོན་ལ་བཞག་ཆོག་པ་དང་མཚུངས་པ་ཞིག་རེད་ཅེས་མཚང་མིང་ལའང་ཁྱི་རྐོ་བཏགས་པ་ནས་བཟུང་། ཁོ་མོའི་མིང་ངོ་མ་དེ་སུས་ཀྱང་མི་ཤེས་པར་གྱུར་ཞེས་པ་ལས། ཁྱི་རྐོ་ཞེས་པའི་མཚང་མིང་འདི་བརྒྱུད་ནས་ཤུགས་ལས་བུད་མེད་དེའི་གཞན་དང་ཐུན་མོང་མ་ཡིན་པའི་གཤིས་ཀ་འབུར་དུ་བཏོད་ཡོད། ཡང་དེ་བཞིན་དུ་ཕུན་ཚོགས་བུང་གསེབ་ནི་ཕ་རྒན་གྱི་དབང་ཤུགས་ལ་བརྟེན་ནས་བུ་མོ་རིག་ན་བཙན་གཡེམ་དང་རྒན་གཞོན་རིག་ན་ལག་རྡུང་བྱེད་པའི་སྨྱོན་པ་ལྟ་བུ་ཞིག་ཡིན་པའི་ཆ་ནས་ཚང་མས་ཁོར་ཕུན་ཚོགས་བོང་གསེབ་ཅེས་འབོད་ཅིང་། མི་དེའི་མིང་ཐོས་མ་ཐག་ཏུ་ཤུགས་ནས་ཁོའི་བྱད་གཟུགས་གཤིས་སྤྱོད་རང་ཤུགས་ཀྱིས་དཔོག་ཐུབ་པའི་མཚང་མིང་བཏགས་ཡོད། ཡང་ཀླུ་འབུམ་གྱིས་དཀའ་ཐུབ་རྩིད་བུ་སློབ་མར་ལེན་སྐབས་ཁོའི་མིང་དྲིས་པར། དཀའ་ཐུབ་རྩིད་བུས་ལན་དུ་ངའི་མིང་ལ་དཀའ་ཐུབ་ཟེར། མི་རྣམས་ཀྱིས་ངའི་མཚང་མིང་ལ་དཀའ་ཐུབ་རྩིད་བུ་ཞེས་འབོད། གང་ལྟར་ཀྱང་རི་བཟང་བོར་རྩྭ་མང་བ་དང་། མི་བཟང་བོར་མིང་མང་ཟེར་བ་ཡིན་པས་ཞེས་ལན་བཏབ་ཅིང་། དོན་དུ་རྩོམ་པ་བོའི་སེམས་སུ་མཚང་མིང་གིས་གོ་གནས་ངེས་ཅན་ཞིག་བཟུང་ཡོད་པ་ཟ་ཟུར་ནས་རྟོགས་ཡོང་།

གཉིས། ཆག་གྲུམ་ཤོར་བའི་གཤིས་སྤྱོད་དམིགས་སུ་བཟུང་བ།

སྤྱིར་མི་སྣའི་གཤིས་སྤྱོད་ནི་མཐའ་གཅིག་ཏུ་དགེ་བ་དང་མི་དགེ་བའི་ཕྱོགས་སུ་ལྷུང་ཡོད་པ་ཞིག་མིན་ལ། རྗེས་གྲུབ་ཀྱི་འཚོ་བའི་ནང་ནས་མི་སྣའི་གཤིས་སྤྱོད་འགྱུར་སྲིད་པ་དང་། དེ་རྩོམ་པ་བོས་མི་སྣ་ཁ་ཤས་ལ་རྗེས་གྲུབ་ཀྱི་འཚོ་བའི་བརྡབ་གསིག་གི་ཁྲོད་ནས་གཤིས་ཀ་ལ་ཆག་གྲུམ་ཤོར་བ་དམིགས་སུ་བཟུང་ནས། དེ་ཉིད་མི་སྣ་ཐུན་མོང་མ་ཡིན་པ་ཞིག་གམ་མི་སྣའི་གཤིས་སྤྱོད་ཐུན་མོང་མ་ཡིན་པ་ཞིག་ཏུ་བྲིས་ཡོད་དེ། དཔེར་ན། ལྷ་རྗེ་འཆི་བདག་ཕར་སྤྲོད་ནི་དང་ཐོག་གསོ་རིག་ལ་ཤིན་ཏུ་མཁས་ཤིང་། བུད་མེད་ལ་ལྷད་མེད་པའི་བརྩེ་བ་འཆང་ཡོད་མཁན་ཞིག་ཡིན་ལ། རྗེས་སུ་ཁོ་རང་ཉིད་ལས་ལོ་བཅུ་ཕྲག་ལས་ཆེ་བའི་བུད་མེད་ཞིག་དང་བརྩེ་བ་ཆགས་ཤིང་། བུད་མེད་དེས་རང་གི་ཁྱོ་ག་དང་བྱིས་པ་སོགས་བསྐྱུར་ནས་ལྷ་རྗེ་འཆི་བདག་ཕར་སྤྲོད་ལ་བརྩེ་བ་སྤྲད་པས། ཁོ་གཉིས་ནི་དེ་མ་ཐག་ཏུ་བརྩེ་དུང་གི་མངར་ཁ་དྲོན་མོ་མྱོང་བར་བྲེལ་ཞིང་། ལྡག་ལ་ཁད་དང་འཇིབ་ལ་ཁད་ཀྱིས་ལོ་གཅིག་ལ་ཁ་འདྲིས་གཏིང་འདྲིས་བྱུང་མཐར། བུད་མེད་དེས་ལྷ་རྗེ་འཆི་བདག་བསྐྱུར་ནས་བྲོས་སོང་བས། ལྷ་རྗེས་རང་ཉིད་ལ་བུད་མེད་དེས་རྒྱབ་འགལ་བྱས་པ་དེ་བུད་མེད་སྤྱི་མཐུན་གྱི་གཤིས་སྤྱོད་ངན་པ་ཞིག་ཏུ་མཐོང་ནས། མཐར་བུད་མེད་ལ་ཡིད་མི་ཆེས་པ་དང་བུད་མེད་ལ་རྒྱང་བསྐྱེད་པའི་ཆག་གྲུམ་ཤོར་བའི་གཤིས་ཀ་བྲིས་ཡོད་དེ། ཀླུ་འབུམ་གྱིས་རྨས་ཕོག་ནས་ཤི་ལ་ཡོད་པའི་དབྱངས་ཅན་ཁྲོ་མོ་ལྷ་རྗེ་འདུག་སའི་ལུང་བར་འཁྱེར་ཡོང་བས། ལྷ་རྗེས་དེར་རྣམ་རྟོག་དང་འཛེམ་དོགས་བྱས་ཏེ་དེ་རིང་གདོན་མོ་དེས་ངའི་ས་ཆ་ཡག་པོ་འདི་བརྫད་བྱུང་། ལུང་བ་འདིར་བུད་མེད་ཀྱི་གྲིབ་ཕོག་བྱུང་བས། ལམ་འདིའི་གྲ་ཁ་གྲུ་ཁ་ཐམས་ཅད་གཅིག་ཀྱང་མ་ལུས་པར་ཐེངས་བདུན་གསུམ་ཉེར་གཅིག་ལ་ཕྱག་དགོས། ཉིན་ཞག་བདུན་བདུན་ཞེ་དགུ་ལ་ཤུག་གདུག་མ་བྱས་ན་ལྷ་ཐམས་ཅད་གཞན་ཡུལ་ལ་འཁྱམ་པ་དང་། ཐ་ན་ང་ཡང་ས་ཆ་འདི་རུ་ཆགས་རྒྱུ་མ་རེད། ད་ནངས་ཁྭ་ཏ་ནག་པོ་གྲགས་པ་ལ་བལྟས་ན་ལྟས་ངན་ཞིག་སྟོན་ཁོ་ཐག་རེད་མོད། འོན་ཀྱང་ལྟས་ངན་སྟོན་ནའང་ལྟས་ངན་འདི་འདྲ་ཞིག་སྟོན་མ་འདོད་ཅེས་ཆིག་ལབ་རྒྱག་བཞིན་ཐང་ཕྱགས་ཞེས་པ་ལས། ལྷ་རྗེས་ཁ་ཞེ་གཉིས་མེད་ཀྱིས་སེམས་བསམ་པའི་གཏིང་ནས་བུད་མེད་ལ་ཞེ་འཁོན་བཅངས་ཡོད་པ་དང་། བུད་མེད་གཅིག་གིས་ཁོ་ལ་རྒྱབ་འགལ་བྱས་པའི་ལེ་ལན་བུད་མེད་ཡོངས་ལ་ཁག་དཀྲིས་ནས། བུད་མེད་སྤྱི་མཐུན་ལ་དམོད་བོར་བ་དང་རྒྱང་བཀྱེད་པའི་ཆག་གྲུམ་ཤོར་བའི་གཤིས་ཀ་ཞིག་བརྗོད་ནས། ཀློག་པ་བོར་ཐུན་མོང་མ་ཡིན་པའི་མི་སྣའི་གཤིས་སྤྱོད་ཅིག་གི་བརྡ་སྤྲད་ཡོད།

གསུམ། གཏམ་སྤྱོད་ངོས་གཉིས་མ།

སྒྲུང་གཏམ་ལས་མི་སྣའི་གཤིས་ཀ་ནི་སྣ་གཅིག་ཅན་ཞིག་གཏན་ནས་མེད་མོད། འོན་ཀྱང་མི་སྣ་དེ་ཉིད་གྱ་གྱུ་ཅན་དང་ཁ་ཁོག་མི་གཅིག་པའི་སྣང་བརྙན་དུ་འབྲི་བཞེངས་བྱས་ན། དེ་ནི་གཞན་དང་མི་འདྲ་བའི་ཐབས་ལམ་ཡག་པོ་ཞིག་ཡིན་ལས་ཆེ། ཨོ་སི་ཁྲུ་རུ་ཡའི་སེམས་ཁམས་དབྱེ་ཞིབ་རིག་པ་ཝེ་ཨེར་ཧའེ་མུའུ་ལའེ་ཐེ་ནས་གཤིས་ཀའི་ཆགས་རིམ་ལ་ལྟ་བ་གྲགས་ཆེན་ཞིག་བཏོན་པ་ནི། མིའི་གཤིས་ཀར་བང་རིམ་གསུམ་ཡོད་ཅིང་། རྒྱུན་ལྡན་མིའི་ཕྱི་ཚུལ་གྱི་བང་རིམ་དང་བོ་ནི་བརྩི་བཀུར་དང་སྙིང་རྗེ་ལྡན་པ། འགན་འཁུར་བ། ཀུན་སྤྱོད་ལ་དོ་སྣང་བྱེད་པ། འཇམ་པོ་བག་ཡོད་ཚུལ་ལྡན་ཞིག་ཡིན་ཡང་དེ་རྣམས་ནི་ཚུལ་འཆོས་རེད། བང་རིམ་གཉིས་པ་ནི་གདུག་ཅིང་རྩུབ་པ། འདོད་ཆགས་ཆེ་བ། ཡ་ང་བ། གནག་སེམས་ཆེ་བ། ནོར་ལ་སྲེད་པ། ཕྲག་དོག་དྲག་པོ་སོགས་ཀྱིས་གྲུབ་པ་དང་། བང་རིམ་གསུམ་པ་ནི་ད་གཟོད་མིའི་རྩ་བའི་སྐྱེ་དངོས་སྙིང་བོ་ཡིན་ལ། དེ་ནི་ཟོལ་མེད་དྲང་བོ། བརྩོན་འགྲུས། མཉམ་ལས་འདུན་པ། གཞན་ཕན་བཅས་དགེ་བས་གྲུབ་ཅིང་མི་བདེ་ཐང་འབྱུང་བའི་གཞི་མ་ཡིན་པར་བཤད་ཞེས་པ་སོགས་ལས་མི་སྣའི་གཤིས་ཀ་ནི་མངོན་ལྐོག་གང་རུང་། དེ་ལས་ཀྱང་ཤིན་ཏུ་ལྐོག་ཏུ་གྱུར་པའི་ཆ་ཡོད་པའི་གསལ་ཁ་བཏོན་ཡོད། རྩོམ་པ་བོ་ནག་པོ་སྐལ་བཟང་གིས《ཀླུ་འབུམ་མི་རྒོད》ཀྱི་ནང་དུ་གཏམ་སྤྱོད་ངོས་གཉིས་མའི་ཐབས་ལམ་སྤྱད་ནས་མི་སྣའི་གཤིས་ཀ་ཐུན་མོང་མ་ཡིན་པ་འབྲི་བཞེངས་བྱས་ཡོད་དེ། དཔེར་ན། ཀླུ་འབུམ་སོགས་ཉི་མ་ལྷ་སར་འགྲོ་བའི་ལམ་བར་ནས་དར་མདོ་དཔོན་ཚང་བརྒྱུད་ཅིང་། དར་མདོ་ཧྭ་ཤང་གི་བུ་ཕྲུག་གསུམ་གྱིས་ས་གནས་དེ་ག་ན་རང་མགོ་རང་རྒྱལ་དང་མ་རུངས་སྡིག་ལས་སྣ་ཚོགས་ལས་བཞིན་ཡོད་པས་ཀླུ་འབུམ་སོགས་ཀྱིས་ཁོ་གསུམ་བསད་པ་དང་། དར་མདོ་ཧྭ་ཤང་གིས་རང་གི་བུ་གསུམ་པོ་ཀླུ་འབུམ་སོགས་ཀྱིས་བསད་པའི་གཏམ་ཐོས་འཕྲལ།“ བུ་དེ་དག་བདག་གི་ལན་ཆགས་ཡིན་པས། ཁྱེད་ཅག་གིས་ངའི་ཚབ་བྱས་ཏེ་མི་གསོད་ཀྱི་ལག་དམར་དེ་དག་ཚར་གཅོད་བྱས་པ་ནི་བསྟན་འགྲོ་ཡོངས་ལ་ཆོས་དགེ་རྩ་བསྒྲུབས་པ་དང་གཉིས་སུ་མ་མཆིས་པས། ཁྱེད་ཅག་ནི་བདག་གི་རྩ་བའི་བླ་མ་ཡིན། ཞེས་ཀླུ་འབུམ་གྱི་ལག་ཟུང་ལ་དམ་པོར་འཇུས་ཤིང་མིག་ཟུང་དུ་མཆི་མ་གོ་རོ་རོ་བྱས་པ་དང་། དེ་ནས་ཀླུ་འབུམ་སོགས་ཉི་མ་ལྷ་སར་འགྲོ་བའི་ལམ་རྒྱགས་དང་དངུལ་སྲང་སོགས་ཀྱི་བདག་རྐྱེན་གནང་རྗེས་ལམ་ལ་སོང་ཤུལ་དུ། དར་མདོ་ཧྭ་ཤང་གིས་ཀླུ་འབུམ་སོགས་བསྐྱལ་རྗེས། དཔོན་ཚང་ལ་ལོག་ཅིང་དགའ་འཁྱིལ་གཡང་འཛོམས་ཚོམས་ཆེན་ནས་ཁོ་ལ་རིག་རིག་རིག་ལྟ་བཞིན་པའི་དབུ་བླ་དང་འཁོར་གཡོག་རྣམས་ལ་ཀླུ་འབུམ། ཀླུ་འབུམ། ཁ་བསང་དུད་ལ་གླན་རྒྱུ་དང་མགོ་རྡོ་འོག་ལ་འཇུག་རྒྱུ་དེའི་གསོན་སྙིང་མ་བལ་ན་ང་འཇིག་རྟེན་འདི་རུ་སྡོད་སྲོལ་ཞིག་གང་ན་ཡོད། ངའི་བུ་ཆུང་འཆི་མེད་དུག་རྡོ་སོགས་སྙིང་རེ་རྗེ་ཞེས་རྐན་སྒྲ་ཐག་གེ་དང་སོ་སྒྲ་ཧྲུག་གེ་བྱས། དེ་ནས་ཁོས་རང་གི་འབངས་དམག་ཧྲག་བསྡུས་མངགས་ནས་ཀླུ་འབུམ་གྱི་རྗེས་དེད་ཅིང་ལྐོག་གསོད་བྱེད་ཅི་ཐུབ་བྱེད་པ་སོགས་བྲིས་པ་བརྒྱུད། མི་སྣའི་གཏམ་སྤྱོད་ངོས་གཉིས་མ་དེ་དག་ལས་གྱ་གྱུ་ཅན་དང་ཁ་ཁོག་མི་མཚུངས་པའི་མི་སྣ་ཐ་ཤལ་གྱི་སྣང་བརྙན་དང་གཤིས་སྤྱོད་བྲིས་ཡོད།

གསུམ་པ། བོད་ཀྱི་རྒྱུན་ཆགས་ལྟ་བ་དང་འགལ་བའི་སྤྱོད་པ་བཀོད་པ།

བོད་ཀྱི་སྲོལ་རྒྱུན་གྱི་རྒྱུན་ཆགས་ལྟ་བའམ་འགྲོ་བ་མིའི་རིགས་ཀྱི་སྤྱི་མཐུན་དུ་གྱུར་པའི་ཀུན་སྤྱོད་ཀྱི་ཚད་གཞི་ནི་བདེན་དགེ་མཛེས་གསུམ་ལ་མཆོག་ཏུ་བརྩི་བ་དང་། མ་རུངས་ཐ་ཤལ་ནི་དོར་བའི་གནས་སུ་གྱུར་ཡོད། ནག་པོ་སྐལ་བཟང་གིས་ཀློག་པ་བོའི་འཇིག་རྟེན་ལྟ་བའམ། ལྷག་པར་དུ་བོད་ཀྱི་ཀློག་པ་བོ་ཞིག་ལ་མཚོན་ན་བོད་ཀྱི་སྲོལ་རྒྱུན་གྱི་རྒྱུན་ཆགས་ལྟ་བའི་ལྡོག་ཕྱོགས་སུ་ལངས་ནས་མི་སྣའི་གཤིས་སྤྱོད་འབྲི་བའི་ཐབས་སྤྱད་ནས། མི་སྣ་དེ་ལ་ཀུན་གྱི་དོ་སྣང་ཡོང་བ་དང་མི་སྣ་དེ་གཞན་དང་ཐུན་མོང་མ་ཡིན་པ་ཞིག་ཏུ་མངོན་པའི་ཐབས་སྤྱད་ཡོད་ཅིང་། བོད་པ་ཚོས་རྒྱུན་ཆགས་སུ་གྱུར་བའི་འཇིག་རྟེན་ལྟ་བ་ནི་དགེ་བ་བཅུ་ཡིས་བཟང་ཕྱོགས་ཀྱི་སྤྱོད་ལམ་ལམ་སྟོན་བྱེད་ཅིང་། དྲིན་ཆེན་ཕ་མ་ནི་མཆོག་ཏུ་བརྩི་ཞིང་དྲིན་གཟོ་དགོས་པའི་ཡུལ་ཡིན་པ། སྲོག་ཆགས་གྲོག་འབུ་ཚུན་ཆད་ལ་འཚེ་བ་མི་བྱེད་པར་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཡོད་དགོས་པ་སོགས་ནི་རུས་པའི་རྐང་དང་སེམས་ཀྱི་ཟབ་སར་ཟུག་ཡོད། འོན་ཀྱང་ནག་པོ་སྐལ་བཟང་གིས་གང་ལ་གང་འཚམ་གྱིས་ཀློག་པ་བོར་རིན་ཐང་འཛིན་ཕྱོགས་ཀྱི་ལྟ་བའི་ངོས་ནས་མི་འདོད་པ་དང་མི་སྡུག་པ་སོགས་ཀྱིས་ཀློག་པ་བོའི་སེམས་ལ་རྨ་ཁ་བཟོས་ནས། ཀློག་པ་བོ་མི་སྣ་དེར་དོ་སྣང་མི་བྱེད་རང་བྱེད་ཀྱི་གནས་སུ་གྱུར་ཡོད།

གཅིག ཚུལ་འཆོས་དང་གདོང་འབག་དམར་བཤུ།

རྩོམ་པ་བོས་བོད་ཀྱི་རིན་ཐང་ལྟ་བའམ་མིའི་རིགས་ཀྱི་རིན་ཐང་ལྟ་བ་དང་རྒྱབ་འགལ་དུ་གྱུར་ཅིང་། ཕ་བུ་དང་མ་བུ་ཕན་ཚུན་ནང་འགལ་དང་སྡང་དགྲ་རུ་ལངས་པའི་མཚོན་ཐབས་སྤྱད་ནས་མི་སྣའི་སྣང་བརྙན་དང་གཤིས་སྤྱོད་ཐུན་མོང་མ་ཡིན་པ་བློས་བསླངས་བྱས་ཡོད་དེ། དཔེར་ན་ཁོས་ཁྱི་རྐོ་མ་བུ་གཉིས་ཀྱིས་གཟུགས་མེད་སྐྱ་ཐུབ་ལ་མགོ་འབུལ་ལུས་འབུལ་བྱས་མོད། རྗེས་སུ་རང་ཉིད་ཀྱི་བསམ་ཐོག་ཏུ་མ་ཡོང་བར་གཟུགས་མེད་སྐྱ་ཐུབ་ཀྱི་ལག་ཏུ་ཚུད་ནས་སྲོག་ཁྲིམས་གཅོད་སྐབས། ཁྱི་རྐོ་འཇིགས་ཏེ་མཆུ་སྒྲོས་ལྷབ་ལྷབ་བྱེད་བཞིན་འདི་ཐམས་ཅད་དབང་ལྡན་ཉི་མའི་བྱས་ལས་ཡིན་པས། ཆད་པ་ཡོད་ན་ཁོ་གཅིག་པུར་འབབ་པ་ལས་ང་ལ་འབྲེལ་བ་ཅི་ཡང་མེད། སྤྱི་གཉེར་ཚང་གིས་བདག་ལྟ་བུའི་བུད་མེད་རྒན་མོ་ཞིག་ལ་སྙིང་རྗེ་སྒོམས་རོགས་ཞེས་ལག་ཡས་ཀྱིས་དབང་ལྡན་ཉི་མ་ལ་མཛུ་གུ་བཙུགས་པ་དང་། ལག་ཡས་ཀྱིས་རང་གི་ཨོལ་མ་འཐེན་བཞིན་སྙིང་རྗེ་རྗེའི་སྐད་ཀྱིས་འཇོག་བྱེད་ཀྱི་ཞབས་དང་འཛིན་བྱེད་ཀྱི་ལོང་བུ་མེད་པ་ཞིག་བཤད། དབང་ལྡན་ཉི་མས་ཁྱི་རྐོ་ལ་མཛུ་གུ་འཛུགས་བཞིན་དྲག་རྩལ་གྱི་དཔེ་ཆ་ཁྱོད་ཀྱིས་ཕྲོགས་ཡོང་བ་ཡིན་པས། བདག་གིས་ཅི་ཤེས། མ་ཁྲེལ་མེད་ལ་ང་བུ་ཁྲེལ་ཡོད་ཅིག་ཡོད་དོན་མེད། སྤྱི་གཉེར་ཆེན་པོ་ལགས། སློབ་དཔོན་ཚང་ལ་མགོ་གཡོག་མཁན་ནི་བདག་གི་ཨ་མ་རེད་ཅེས་བྱིའུ་ཕྲུག་གིས་རྒུམ་བུ་འཐུ་བ་བཞིན་མི་གསོད་དགུ་གསོད་ལ་ཕྱག་ཡང་ཡང་བཙལ་ཞེས་པ་ལས། འགྲོ་བ་མིའི་རིགས་ཕར་ཞོག་ཐ་ན་སྲོག་ཆགས་ལའང་ཡོད་པའི་སྤྱི་མཐུན་དུ་གྱུར་བའི་མ་བུའི་བརྩེ་དུང་དང་ཞེན་འདང་ལ་རྩིས་མེད་དང་མགོ་བདེ་འཁྲབ་པའི་མི་སྣའི་གཤིས་སྤྱོད་ཡ་ང་བ་དེ་བྲིས་ནས། ཁྱི་རྐོ་མ་བུ་གཉིས་ཀྱི་གཤིས་ཀ་ཐུན་མོང་མ་ཡིན་པ་དེ་འབྲི་བཞེངས་བྱས་ཡོད།

དེ་བཞིན་དུ་ཕུན་ཚོགས་བོང་གསེབ་ཀྱིས་སྲོག་ཉེན་ལ་འཕྲད་པའི་སྐབས་སུ་རང་ཉིད་ཀྱི་བྱས་ཉེས་ཡོད་ཚད་ལ་ཕ་མ་ལ་ཉེས་འགེལ་བྱས་ཡོད་དེ། ཀླུ་འབུམ་གྱིས་ཟི་ལིང་མཁར་ནས་ཐེན་ཁྱང་རྩལ་དྲངས་ནས་ལག་འོག་ཏུ་བཙུད་རྗེས། ཕུན་ཚོགས་བོང་གསེབ་ལ་ཁྲིམས་ཆད་གཅོད་པའི་སྐབས་སུ། ཕུན་ཚོགས་བོང་གསེབ་ཀྱིས་ཁ་ནས་ཏ་རིན་དྲིན་ཆེན་པོ། བདག་གིས་དཔའ་རྒོད་ཀླུ་འབུམ་ལ་ཐུབ་ཚོད་བྱས་པ་དེར་བཟོད་སྒོམ་གནང་རོགས། དཔའ་རྒོད་ཀླུ་འབུམ་བཙོན་ལ་བཅུག་པ་དེ་ཕྲན་གྱི་ཕ་མ་གཉིས་ཀྱི་བྱས་ལས་ཡིན་པས། བདག་ལ་འབྲེལ་བ་ཅི་ཡང་མེད་ཅེས་ཐོད་པ་ས་ལ་ཡང་ཡང་བརྡབས་ཏེ་ཁྲག་དམར་འཛག་གིན་འདུག་ཅེས་བྲིས་ནས་ཕུན་ཚོགས་བུང་གསེབ་ཀྱི་དེ་ཁོ་ན་ཉིད་ཕྱིར་བསྟན་ཡོད་ཅིང་། དེ་ཉིད་བརྒྱུད་ནས་ཀློག་པ་བོར་དཀྱུས་མ་ཞིག་ཡིན་ཕྱིན་ཤིན་ཏུ་གཅེས་པའི་ཕ་བུ་དང་མ་བུའི་བརྩེ་འདང་དེ་ཉིད་ཕུན་ཚོགས་བོང་གསེབ་ཀྱིས་དེ་ལྟར་རྡོག་བརྫིས་བཏང་སྐབས། སེམས་ནང་དུ་ན་ཟུག་དང་བཟོད་ཐབས་མེད་པའི་སྡང་སེམས་སོགས་སྐྱེ་རུ་བཅུག་ནས། མི་སྣ་དེའི་བག་ལ་ཞ་བའི་གཤིས་སྤྱོད་ངན་པའི་གདོང་འབག་དམར་བཤུ་བྱས་ཏེ་བག་ཆགས་ཤིན་ཏུ་ཟབ་མོ་བཞག་ཡོད།

གཉིས། ཞེན་ལོག་པ་དང་སྐྱུག་མེར་བའི་མཚོན་ཐབས་བཀོལ་བ།

རྩོམ་པ་བོ་མིའི་ཆེས་སྤྱིར་བཏང་གི་གཙང་བཙོག་སོགས་མཛེས་འཛིན་གྱི་ལྟ་བའི་ལྡོག་ཕྱོགས་སུ་ལངས་ནས། ཀློག་པ་བོར་ཞེན་ལོག་པ་དང་སྐྱུག་མེར་བའི་མི་སྣའི་སྣང་བརྙན་བྲིས་ནས་བག་ཆགས་ཟབ་མོ་སྤྲད་ཡོད་དེ། རྒྱལ་མོ་སེམས་སྐྱིད་སྒྲོལ་མ་ནི་སྐྱེས་པ་བྱད་གཟུགས་མཛེས་པ་དང་ཡག་ཕོ་སྒོ་ཡོད་མཁན་ལ་མི་དགའ་བར་ངོ་སྟ་རེ་སྟེ་ཕོ་གསར་དེའི་ཐོད་པ་དང་སྣ་གདོང་། མཆུ་སྒྲོས་སོགས་མདུན་དུ་འབུར་ཞིང་། ཕྱི་ལྟག་གཡས་གཡོན་དུ་འདའ་ཡོད་པར་བརྟེན་ཕ་མས་ཀྱང་ཁོའི་མིང་ལ་ངོ་སྟ་རེ་བཏགས། ངོ་སྟ་རེ་ཕོ་ལོ་སུམ་ཅུར་འབུད་རག་བར་དུ་སྔ་ཕྱིར་ཆུང་མ་བདུན་བླངས་མོད། འོན་ཀྱང་ཆུང་མ་དེ་དག་ཁོའི་གདོང་ལ་འཇིགས་ནས་ལ་ལ་ཆུར་ལྕེབས། ལ་ལ་གྲིས་ལྕེབས། ལ་ལ་བྲག་ལ་ལྕེབས་ནས་ཕོ་ཡུགས་ཐེངས་བདུན་ལ་མི་ལུས་ཀ་མེད་བྱུང་ཞེས་ངོ་སྟ་རེའི་བྱད་གཟུགས་ཤིན་ཏུ་མི་སྡུག་པ་དེ་ཁྱོ་གར་བསུས་པ་དང་། ཁོ་མོའི་ཡུལ་ཁམས་དེ་ཐམས་ཅད་ནི་ཡ་མ་གཟུགས་ཁོ་ནས་གང་བར་བྱས་ཤིང་། མི་ཡ་མ་གཟུགས་མ་ཡིན་པ་ནི་མིག་གིས་རིག་ཚོད་མེད་པར་བྲིས་ནས་རྒྱལ་མོ་སེམས་སྐྱིད་སྒྲོལ་མའི་ཐུན་མོང་མ་ཡིན་པའི་གཤིས་ཀ་མངོན་པར་མཚོན་ཡོད།

གསུམ། སྡིག་གི་རྒྱ་ཁ་མི་གང་བའི་གཏམ་སྤྱོད།

གཞན་ལ་མི་འཚེ་བ་ནི་བོད་མིའི་ཀུན་སྤྱོད་ཀྱི་ཆེས་གཏིང་རིམ་དུ་ཟུག་ཅིང་ཆེས་བརྩི་མཐོང་ཆེ་བ་ཞིག་ཡིན་མོད། རྩོམ་པ་བོས་གང་ལ་གང་འཚམ་གྱིས་མི་སྣ་ཁ་ཤས་ལ་སྲོག་ཆགས་གྲོག་འབུ་ཚུན་ཆད་ལ་འཚེ་བ་བྱེད་པའི་གཏམ་སྤྱོད་ཡོད་པ་བྲིས་ནས། ཀློག་པ་བོར་མི་སྣ་དེ་རིགས་ཀྱི་ཐུན་མོང་མ་ཡིན་པའི་གཤིས་སྤྱོད་ལ་དོ་སྣང་ཡོང་བ་བྱས་ཡོད་དེ། དཔེར་ན། གཟུགས་མེད་སྐྱ་ཐུབ་ཀྱི་སྤྱི་གཉེར་བ་མི་གསོད་དགུ་གསོད་འབྲི་བའི་སྐབས་སུ། གཟུགས་མེད་སྐྱ་ཐུབ་ཀྱི་གཉེར་བ་རྣམ་གསུམ་གྱིས་མིག་རིག་རིག་བྱས་ཏེ་ཚུར་རོལ་ལ་བལྟས་འདུག མི་གསོད་དགུ་གསོད་ཀྱིས་ཐང་ན་གྲོག་ཚང་ཞིག་ཡོད་པ་ལས་གྲོག་མ་རེ་རེ་བཞིན་བཟུང་སྟེ་མཐེབ་མཛུབ་བར་ལ་བཙིར་ནས་གསོད་སྐབས་རྣ་ཡིས་ཉན་པ་དང་། བསད་རྗེས་སྣ་ཡིས་བསྣམས་པ་ལ་བལྟས་ན་རོལ་དབྱངས་སྙན་མོ་ཞིག་ལ་ཉན་པ་དང་ཟས་ཞིམ་པོ་ཞིག་ལ་བསྣམས་ཀྱིན་ལོས་ཡོད་སྙམ་ཞེས་བྲིས་ཤིང་། བོད་པའི་དགེ་སྡིག་གི་ལྟ་བ་ལས་སྲོག་ཆགས་འབུ་གྲོག་ཚུན་ཆད་ལ་འཚེ་བ་མི་བྱེད་མོད། མི་གསོད་དགུ་གསོད་ཀྱིས་སྲོག་ཆགས་གྲོག་འབུའང་རང་དགར་མི་འཇོག་པར། གདུག་རྩུབ་དང་བཅས་གསོད་པ་དེ་ཉིད་ཁོ་ལ་མཚོན་ན་རོལ་དབྱངས་སྙན་མོར་ཉན་པ་དང་ཟས་ཞིམ་པོ་ལ་སྣོམ་བཞིན་པའི་ཡ་ང་བའི་གཤིས་སྤྱོད་བཀོད་འབྲི་བྱས་པ་བརྒྱུད་ནས་ཀློག་པ་བོར་མི་གསོད་དགུ་གསོད་ཀྱི་གཤིས་སྤྱོད་ཐུན་མོང་མ་ཡིན་པ་དེ་མིག་ལམ་དུ་གསོན་ཉམས་ལྡན་པའི་ངང་ནས་བསྟར་ཡོད།

མཇུག་བསྡུ་བ།

ནག་པོ་སྐལ་བཟང་ནི་བོད་ཀྱི་རྩོམ་རིག་ལོ་རྒྱུས་སྟེང་གི་ཀླུ་འབུམ་མི་རྒོད་ལྟ་བུ་ཡིན། ཁོང་ཉིད་བདེ་བ་ཅན་དུ་གཤེགས་ནའང་ཁོང་ཉིད་ནི་ཀླུ་འབུམ་མི་རྒོད་བཞིན་དུ་ཀློག་པ་བོ་ཀུན་གྱི་སེམས་ཁོང་དུ་ནམ་ཡང་དཔའ་བོ་བཞིན་དུ་གསོན་ཡོད། སྒྲུང་གཏམ་ལས་མི་སྣ་ནི་ཆེས་གཙོ་ཆེ་བ་ཡིན་ལ་སྒྲུང་གཏམ་གྱི་བྱུང་བ་ཡོད་ཚད་མི་སྣ་དཀྱིལ་སྙིང་དུ་བཟུང་ནས་ཕྲེང་བསྟར་བརྒྱུས་ཡོད་ཕྱིན། དཔྱད་རྩོམ་འདིའི་ནང་དུ་ནག་པོ་སྐལ་བཟང་གིས《ཀླུ་འབུམ་མི་རྒོད》ཅེས་པའི་སྒྲུང་གཏམ་ལས་མི་སྣའི་གཤིས་ཀ་ཐུན་མོང་མ་ཡིན་པ་འཛིན་ལུགས་ལུང་རིགས་དཔེ་གསུམ་གྱིས་དཔྱད་པ་གཏོང་ཅི་ཐུབ་བྱས་ཤིང་། རྩོམ་པ་བོས་དྲག་རྩལ་སྒྲུང་རིང་འདི་ཉིད་འབྲི་བའི་སྐབས་སུ་སྤྱད་པའི་མི་སྣའི་སྣང་བརྙན་ཐུན་མོང་མ་ཡིན་པ་དང་། མི་སྣའི་གཤིས་སྤྱོད་ཐུན་མོང་མ་ཡིན་པ་མང་བོ་བཀོད་འབྲི་བྱས་པ་བརྒྱུད་ནས། ཀློག་པ་བོ་རྣམས་ལ་བག་ཆགས་ཟབ་མོ་བཞག་ཡོད་ཅིང་། རང་ཉིད་ཀྱི་སྒྲུང་གཏམ་ལ་སྔར་ལས་ལྷག་པའི་ལེགས་ཆ་འབུར་དུ་བཏོད་པའོ།།


དཔྱད་གཞིའི་ཡིག་ཆ།

གཅིག བོད་ཡིག་གི་དཔྱད་གཞིའི་ཡིག་ཆ།

[1]ནག་པོ་སྐལ་བཟང་། 《ཀླུ་འབུམ་མི་རྒོད》སྟོད་ཆ། [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༣ལོའི་ཟླ༡༢པར་དཔར་ཐེངས་དང་བོ་དཔར།

[2]ནག་པོ་སྐལ་བཟང་། 《ཀླུ་འབུམ་མི་རྒོད》སྨད་ཆ། [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༣ལོའི་ཟླ༡༢པར་དཔར་ཐེངས་དང་བོ་དཔར།

[3]བཀྲ་བྷ།《སྒྲུང་གཏམ་གསར་རྩོམ་ལ་འཇུག་པའི་སྒོ》[M]ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པ་ཞིབ་འཇུག་སློབ་གླིང་གི་ནང་ཁུལ་ཁྲིད་གཞི།

[4]བདུད་ལྷ་རྒྱལ།《བོད་ཀྱི་རྩོམ་རིག་གསར་བའི་བརྩམས་ཆོས་བདམས་བཀོད་དང་དེ་དག་གི་དཔྱད་པ》[M]ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༡༩༩༨ལོའི་ཟླ༡༠དཔར།

[5]རྒྱ་ཡེ་བཀྲ་བྷ་སོགས།《བོད་ཀྱི་རྩོམ་རིག་ལོ་རྒྱུས་སྐལ་བཟང་མིག་སྒྲོན》[M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༢ལོའི་ཟླ༢པར་དཔར།

[6]རྣམ་སྲས།《བོད་ཀྱི་དེང་རབས་རྩོམ་རིག་ཞིབ་འཇུག》[M]མི་རིགས་དཔེ་སྐྲུན་ཁང་། ༢༠༠༩ལོའི་ཟླ༧པར་པར་ཐེངས་དང་བོ་བཏབ།

[7]ལྷག་པ་ཆོས་འཕེལ།《རྩོམ་རིག་གི་རྩོམ་ལུས་རྣམ་བཤད》[M]མི་རིགས་དཔེ་སྐྲུན་ཁང་། ༡༩༩༧ལོའི་ཟླ༡༠བར་དཔར།

[8]ནག་པོ་སྐལ་བཟང་།《དམྱལ་ཟངས་ནང་ན་ཀུ་རེ་མེད》[M]མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༢ལོའི་ཟླ༣པར་དཔར་ཐེངས་གཉིས་པ་དཔར།

[9]ཀུན་དགའ།《རྩོམ་རིག་གཞུང་ལུགས་བསྐོར་གྱི་རྣམ་བཤད》[M]བོད་ལྗོངས་མི་རིགས་དཔེ་བསྐྲུན་ཁང་། ༡༩༩༩ལོའི་ཟླ་དང་བོར་དཔར།

[10]རྡོ་རྗེ་རིན་ཆེན།《རྩོམ་རིག་གཞུང་ལུགས་གནད་བསྡུས》[M]བོད་ལྗོངས་མི་རིགས་དཔེ་བསྐྲུན་ཁང་། ༡༩༩༨ལོའི་ཟླ༡༠བར་དཔར།

[11]བློན་ཕྲུག་གནམ་ལྷ་རྒྱལ།《བོད་ཀྱི་རྩོམ་ལུས་རྣམ་བཤད་བློ་ཡི་ལྡེ་མིག》[M]ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༡༩༩༨ལོའི་ཟླ༥བར་དཔར།

[12]བཀྲ་ཤིས་ཚེ་རིང་།《བོད་ཀྱི་དྲག་རྩལ་སྒྲུང་རིང<ཀླུ་འབུམ་མི་རྒོད>ལ་དཔྱད་པ》[D]མཚོ་སྔོན་མི་རིགས་སློབ་ཆེན་གྱི་རབ་འབྱམས་པའི་བསླབ་གནས་དཔྱད་རྩོམ། ༢༠༡༦ལོའི་ཟླ༥བའི་ཚེས༩ཉིན།

གཉིས། རྒྱ་ཡིག་གི་དཔྱད་གཞིའི་ཡིག་ཆ།

[1]曹文轩:《中国八十年代文学现象研究》,北京大学出版社,1988年9月。

[2]高尔纯:《短篇小说结构理论与技巧》,西北大学出版社,1985年8月。

[3]童庆炳主编:《20世纪中国文论经典》,北京师范大学出版社,2004年1月。

[4]曹文轩:《小说门》,作家出版社,1988年9月。

[5]乔纳森·卡勒:《当代学术入门文学理论》,辽宁教育出版社,1998年11月。

[6]马振方:《小说艺术论》,北京大学出版社,2004年7月。

[7]韦勒克:《文学理论》,江苏教育出版社,2005年8月。

[8]张未民等编选:《新世纪文学研究》,人民文学出版社,2007年11月。

[9]胡经之:《西方文艺理论名著教程》,北京大学出版社,2003年6月。

[10]刘叔成:《文学概论四十讲》,中央广播出版社,1983年8月。

[11]朱光潜,《谈文学》,安徽教育出版社,1996年1月。

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1