གཙོ་ངོས།>> གསར་འགྱུར།>>རྒྱལ་ནང་གསར་འགྱུར།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། ༢༠༡༩ལོའི་ཟླ་བ་༠༨ཚེས་༡༤ཉིན།

རྒྱ་མཚོའི་རླུང་འཚུབ“ལི་ཆི་མཱས”ཞིང་ཆེན་དང་གྲོང་ཁྱེར་6གི་མི་ཁྲི་651ལ་གནོད་འཚེ་བཟོས་པ།


 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་8ཚེས་11ཉིན་གློག་འཕྲིན་འབྱོར་གསལ། ཚེས་11ཉིན། གསར་འགོད་པས་འཕྲལ་སྡོམ་དོ་དམ་པུའུ་ནས་ཤེས་རྟོགས་བྱས་པར། ཚེས་11ཉིན་གྱི་ཆུ་ཚོད་17བར། རྒྱ་མཚོའི་རླུང་འཚུབ“ལི་ཆི་མཱས”ཀྲེ་ཅང་དང་། ཧྲང་ཧའེ། ཅང་སུའུ། ཨན་ཧུའེ། ཧྲན་ཏུང་། ཕུའུ་ཅན་སོགས་ཞིང་ཆེན་དང་གྲོང་ཁྱེར་6གི་མི་ཁྲི་651ལ་གནོད་འཚེ་བཟོས་པ་དང་མི་ཁྲི་145.6ཛ་དྲག་ངང་གནས་སྤོས་བཀོད་སྒྲིག་བྱས་པ་རེད།
     འཕྲལ་སྡོམ་དོ་དམ་པུའི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་ཀྱི་རྒྱ་མཚོའི་རླུང་འཚུབ་ཁྲོད་ཁང་པ་3500ཙམ་ཞིག་པ་དང་ཁང་པ་ཁྲི་3.5ལ་ཚད་གཞི་མི་འདྲ་བའི་གཏོར་སྐྱོར་ཕོག་ཡོད། གཞན་ཡང་ཞིང་ལས་སྐྱེ་དངོས་སྤྱི་ཆིང་སྟོང་265.5ལ་གནོད་སྐྱོན་ཕོག་ཅིང་། ཀྲེ་ཅང་དང་། ཧྲང་ཧའེ། ཅང་སུའུ་སོགས་ཀྱི་མེ་གསོད་བཀོད་འཐབ་པ་ཁྲི་3ལྷག་ཙམ་གྱིས་གེགས་སེལ་གེགས་སྐྱོབ་ཀྱི་ལས་འགན་5890ཡི་ཁྲོད་ཞུགས་ཏེ་མང་ཚོགས་6257ཉེན་ཁ་ལས་བསྐྱབས་པ་དང་གནས་སྤོ་བྱེད་དུ་བཅུག་པ་རེད།
     རྒྱལ་ཁབ་འབྲུབ་འགོག་ཐན་འགོག་སྤྱི་ཁབ་བཀོད་འདོམས་པུའུ་དང་འཕྲལ་སྡོམ་དོ་དམ་པུའུ་ཡིས། རྒྱ་མཚོའི་རླུང་འཚུབ“ལི་ཆི་མཱའི”འགོག་ཟོན་དང་ཁ་གཏད་གཅོག་པའི་ལས་དོན་ལ་བསྟུད་མར་བཀོད་གཏོང་དང་བཀོད་སྒྲིག་བྱས་ཤིང་། ཚེས་11ཉིན། རྒྱལ་ཁབ་འབྲུབ་འགོག་ཐན་འགོག་སྤྱི་ཁབ་བཀོད་འདོམས་པུའུ་ཡིས་བརྙན་ལམ་བཀོད་གཏོང་ཚོགས་འདུ་ཐེངས་གཉིས་འཚོགས་ཏེ། རྒྱ་མཚོའི་རླུང་འཚུབ་ཀྱི་རིམ་པ་གཉིས་པའི་འཕྲལ་སྡོམ་དང་ལེན་མུ་མཐུད་རྒྱུན་འཁྱོངས་བྱ་རྒྱུའི་ཐག་བཅད་པ་དང་འབྲེལ། ས་གནས་ཁག་གིས་རྒྱུན་སྲིང་ལྷོད་མེད་ངང་རྒྱ་མཚོའི་རླུང་འཚུབ་བྱང་བསྐྱོད་ལས་ཐོན་སྲིད་པའི་ཉེན་ཁར་ངོས་འཛིན་གང་ལེགས་བྱས་ཏེ། རིམ་པ་གཉིས་པའི་འཕྲལ་སྡོམ་དང་ལེན་གྱི་བྱ་ཐབས་ཁག་མུ་མཐུད་དོན་འཁྱོལ་ནན་པོ་བྱེད་དགོས་པ་དང་། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་ཨང་དང་པོར་བཞག་ནས་ཚེ་སྲོག་གང་ལས་ལྷག་པ་དང་བདེ་འཇགས་གཙོ་བོར་འཛིན་རྒྱུ་མཐའ་འཁྱོངས་བྱེད་དགོས། མཉམ་འགོག་མཉམ་བཅོས་ལ་དམ་པོར་བརྟེན་ནས་ཉེན་ཁ་ཆེ་སར་གྲལ་བཤེར་དང་གྲོང་དུད་དུ་བསྐྱོད་དེ་མང་ཚོགས་གནས་སྤོ་ཉེན་གཡོལ་ལས་དོན་ཡག་པོ་སྒྲུབ་དགོས་པའི་བླང་བྱ་བཏོན་པ་རེད།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1