གཙོ་ངོས།>> རྩོམ་རིག>>སྙན་རྩོམ།

གཅན་ཚང་རིན་ཆེན་རྒྱལ། རྩོམ་སྒྲིག་པ།ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། ༢༠༡༩ལོའི་ཟླ་བ་༠༨ཚེས་༡༣ཉིན།

༄༅།། ཁྲོ་ལ་རི་བོ།


དཀར་མཛེས། གཅན་ཚང་རིན་ཆེན་རྒྱལ།
ཉི་ནུབ་ཀྱི་མཚམས་སུ་ལྷོད་ཀྱིས་བལྟས་ན།
ཁྱོད་ནི་ཟུངས་ཁྲག་རྒྱས་ནས་གཟུགས་ཅན་དུ་མངོན་འོངས་པ་སྟེ།
དངུལ་དཀར་གྱི་སྐྲ་ལོ་དཔུང་བར་དཔྱངས་པའི།
ངར་ལ་གཏུམ་པའི་བགྲེས་པོ་ཁེར་ཧྲེང་ཞིག་དང་མི་འདྲ་འམ།
ཐག་རིང་གི་སྨུག་པའི་ཀློང་ནས།
ལག་ཡས་ཤིང་རྟེན་སྒུལ་ཙམ་སྒུལ་ཙམ་གྱིས།
ནམ་མཁའི་མུ་མཐའ་ཡོངས་སུ་བསྒྲིབས་ཤིང་།
མཐོ་ས་ནས་མཐོ་སར་བསྙེགས་པའི།
ཕ་དྲིན་ཆེན་ཁོང་གི་སྒམ་བརླིང་དང་ཡང་མི་འདྲ་འམ།
ནམ་རྒྱུན་གནས་ལུགས་ཡིད་ཚིམ་པ་ཞིག་ཡོད་སྙམ་གྱིས།
ནམ་ཟླ་ཇི་ལྟར་ཇེ་རྩུབ་ཏུ་སོང་ཡང་།
དུས་ཚིགས་ཇི་ལྟར་འགྱུར་སྐྱེན་ནའང་།
ང་ལ། དུས་སྐབས་གང་རུང་ནས།
འཁྱག་སིབ་སིབ་ཀྱི་སྐྱོ་བ་ཏོག་ཙམ་ཡང་བྱིན་མ་མྱོང་ཨང་།
ཁྱོད་ལ་དམིགས་ཡུལ་ལོས་ཡོད་དེ།
ངའི་རྨི་ལམ་དུ་བསྟན་པའི་མན་ངག་ཡོད་ཚད།
ངས་སང་ཉིན་ལ་སྟ་གོན་བགྱི་ཐུབ་པའི་དྲན་ཕྱོགས་རེ་རེ།
དྲོད་དང་འོད་ལ་འགྲོགས་པའི་གནམ་གྱི་བྱིའུ་ཆུང་བཞིན།
ཁེར་རྐྱང་ཡིན་རུང་ང་ལ་སེམས་ཁྲལ་ཞིག་ག་ན་འདུག
ང་ལ་ད་དུང་བསོག་འདོད་པ་ཤིན་ཏུ་མང་བས།

ཁྱེད་ནི། བསྐལ་བའི་བར་དུ།

མཛུབ་མོ་ཀེར་ཤེས་པའི་བགྲེས་པོ་ཞིག་གི་ཟོལ་གྱིས།

ངའི་ལུས་ཀྱི་རྟེན་ས་བཀན་མོ་དེ་ཡིན་པར་སྨོན།

རྣམ་ཤེས་ཀྱི་གཟུངས་ཐག་དེའང་ཡིན་པར་སྨོན།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1