གཙོ་ངོས།>> འཕྲོད་བསྟེན།>>བདེ་ཐང་ཤེས་བྱ།

རྩོམ་སྒྲིག་པ།ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། ༢༠༡༩ལོའི་ཟླ་བ་༠༨ཚེས་༠༥ཉིན།

༄༅།། ཡི་མུག་པའི་ནད་རང་གསོ་རང་བཅོས་བྱེད་ཐབས།

        ཡི་མུག་པའི་སེམས་ཁམས་ནི་ཡི་མུག་པའི་ནད་ཀྱི་ནད་རྟགས་མིན་མོད།འོན་ཀྱང་ཡི་མུག་པའི་ནད་བྱུང་བའི་ནད་པ་ཚང་མར་ཡི་མུག་པའི་སེམས་ཁམས་ལྡན།དེ་ནི་ཆེད་ལས་སྨན་པའི་མཛུབ་སྟོན་ལ་བརྟེན་ནས་གསོ་བཅོས་བྱས་པ་ལས་གཞན་ད་རུང་ནད་པ་རང་ཉིད་ཀྱིས་ཐབས་བརྒྱ་ཇུས་སྟོང་གིས་རང་གསོ་རང་བཅོས་བྱེད་པར་འབད་དགོས།

གཅིག བལ་ལྭ་འཐག་པ།
        ཡི་མུག་པའི་ནད་རྟགས་གཙོ་བོ་ནི་གདེང་འཇོག་བྱེད་ནུས་ལ་གནོད་འཚེ་ཐེབས་པ་དེ་རེད།གདེང་འཇོག་བྱེད་ནུས་ཀྱི་ནང་དུ་དྲན་ཤེས་དང་བསམ་བློ་གཅིག་ཏུ་སྒྲིམ་ཤུགས།ལས་སྣོན་གྱི་མྱུར་ཚད།ལག་བསྟར་ནུས་པ་སོགས་འདུས།
        ཡི་མུག་པའི་ནད་བྱུང་བའི་ནད་པ་མང་པོ་ཞིག་ལ་དྲན་ཤེས་ཉམས་པ་དང་།བསམ་བློ་གཅིག་ཏུ་སྒྲིམ་མི་ཐུབ་པ།ཚོར་ཤེས་རྟུལ་བ།བྱ་བ་སྒྲུབ་པར་སེམས་ཤུགས་མེད་པ།བྱ་བ་ཕྱིར་འགྱངས་བྱེད་པ་སོགས་ཀྱི་སྣང་ཚུལ་འབྱུང་སྲིད།འདི་དག་ཚང་མ་ནི་གདེང་འཇོག་ནུས་པར་གནོད་འཚེ་ཐེབས་པའི་མཚོན་རྟགས་རེད།
        སེམས་ཁམས་དང་གདེང་འཇོག་གཉིས་ཀྱིས་ཕན་ཚུན་ལ་ཤུགས་རྐྱེན་ཐེབས་ཀྱིན་ཡོད།ཡི་མུག་པའི་སེམས་ཤུགས་འོག་ཏུ་རང་ཉིད་ལ་ལྡོག་ཕྱོགས་ཀྱི་གདེང་འཇོག་བྱེད་པ་དང་།ལྡོག་ཕྱོགས་ཀྱི་གདེང་འཇོག་འོག་ཡི་མུག་པའི་སེམས་ཁམས་འབྱུང་སླ།སེམས་ཁམས་གསོ་བཅོས་ཁྲོད་ཀྱི་གདེང་འཇོག་གསོ་བཅོས་ཀྱིས་གདེང་འཇོག་མི་ལེགས་པ་ཡོ་བསྲང་བྱས་ཏེ་གསོ་བཅོས་ཀྱི་དམིགས་ཡུལ་འགྲུབ་ཏུ་འཇུག་ཐུབ།
        བལ་ལྭ་འཐག་པ་ནི་ཧ་ཅང་རྒྱུན་ལྡན་གྱི་བྱ་སྤྱོད་ཅིག་ཡིན་མོད།འོན་ཀྱང་བལ་ལྭ་འཐག་པའི་གོ་རིམ་ཁྲོད་གདེང་འཇོག་བྱེད་ནུས་ཡོད་ཚད་ཕུལ་དགོས་པས།འདི་ནི་དངོས་གནས་བྱ་སྤྱོད་སྟེང་གི་གསོ་བཅོས་ཤིག་རེད།བལ་ལྭ་འཐག་ན་བསམ་བློ་གཅིག་ཏུ་བསྒྲིམས་ཏེ་ལས་ཀ་དེ་ལག་བསྟར་བྱེད་དགོས་པར་མ་ཟད།ལས་སྣོན་མྱུར་ཚད་ཇེ་མགྱོགས་སུ་འགྲོ་བར་འབད་དགོས་པས་ཡི་མུག་པའི་སེམས་ཁམས་གསོ་བཅོས་བྱེད་ཐུབ།

གཉིས། རི་མོ་འབྲི་བ།
        རི་མོ་འབྲི་བ་ནི་སྐད་ཆའི་ལམ་ནས་བརྗོད་ཐབས་བྲལ་བའི་ནང་སེམས་ཀྱི་འགྱུར་ལྡོག་ཐད་ཀར་ཕྱིར་མངོན་པའི་བྱེད་ཐབས་ཤིག་ཡིན་པས་ན།སེམས་ཁམས་རིག་པ་པའི་སེམས་ཁམས་བློ་འདྲི་དང་སེམས་ཁམས་གསོ་བཅོས་ཀྱི་སྟེང་དུ་བཀོལ་སྤྱོད་མང་པོ་བྱེད་ཀྱིན་ཡོད།ཁ་བརྡའི་རང་བཞིན་གྱི་སེམས་ཁམས་གསོ་བཅོས་དང་བསྡུར་ན།རི་མོ་འབྲི་བའི་གསོ་བཅོས་ལ་བཟང་ཆ་མང་པོ་ལྡན།དེ་ལ་བརྟེན་ནས་སེམས་ཁོང་གི་གསང་བ་རྩད་འདྲི་བྱེད་པར་གཡོལ་ཏེ།བསམ་བློའི་སྟེང་གི་འགོག་སྲུང་གང་ཡང་མེད་པར་ནང་སེམས་ཀྱི་འགྱུར་བ་ཡོད་ཚད་སྟོན་ཐུབ་པས།ཁ་བརྡའི་རང་བཞིན་གྱི་གསོ་བཅོས་ཀྱི་ཞན་ཆ་ཁ་སྐོང་བྱེད་ཐུབ།ནད་པས་སྨྱུ་གུ་དང་ཚོན་མདོག་ལ་བརྟེན་ནས་ནང་སེམས་ཀྱི་ཡི་མུག་པའི་སེམས་ཁམས་ཕྱི་རུ་ཕུད་པ་དང་མཚོན་པར་བྱེད་པ།ཡང་ན་སེམས་ཁོང་གི་མི་འདོད་པ་དང་འགལ་ཟླ་ཡོངས་རྫོགས་ཕྱི་རུ་ཕུད་པ་ལ་བརྟེན་ནས་རང་བཅོས་ཀྱི་དམིགས་ཡུལ་དུ་སླེབས་སུ་འཇུག་དགོས།
        ཨ་མེ་རི་ཁའི་སྒྱུ་རྩལ་གསོ་བཅོས་མཐུན་ཚོགས་ཀྱིས་བསྟན་དོན།རི་མོ་འབྲི་བ་དེས་རང་སྟེང་གི་གཅིག་མཐོང་གཅིག་དྲན་གྱི་ནང་རྐྱེན་བསླངས་ཏེ།སྒྱུ་རྩལ་གྱི་མཛེས་པར་རོལ་མྱོང་བྱེད་པའི་གོ་རིམ་ཁྲོད་རང་གི་སེམས་ཁམས་སྙོམ་སྒྲིག་བྱས་ཏེ་སེམས་ཁམས་ཀྱི་བཀག་རྐྱེན་སེལ་བར་བྱེད་ཐུབ།ང་ཚོར་རྒྱུན་དུ་རང་ཉིད་ཀྱི་སེམས་ཁོང་གི་ཚོར་བ་གང་ཞིག་སྐད་ཆའི་ལམ་ནས་བརྗོད་ཐབས་བྲལ་བའི་ཚོར་སྣང་འབྱུང་མོད།འོན་ཀྱང་རི་མོ་བྲིས་ན་སྐད་ཆའི་ལམ་ནས་བརྗོད་ཐབས་བྲལ་བའི་ཚོར་བ་དེ་དག་ཡང་དག་པར་ཕྱིར་ཕུད་ཐུབ།

གསུམ། རང་བྱུང་ཁམས་དང་ཉེ་བར་བཅར་བ།
        རང་བྱུང་ཁམས་དང་ཉེ་བར་བཅར་བ་སྟེ།ཕྱི་རོལ་དུ་སོང་ནས་བྱ་འགུལ་སྤེལ་བ་ནི་ཡི་མུག་པའི་ནད་གསོ་བཅོས་དང་སྔོན་འགོག་བྱེད་པའི་ཐབས་ལམ་ཆེས་གལ་ཆེན་ཞིག་རེད།རྒྱུ་མཚན་ནི་ཕྱི་རོལ་དུ་སོང་ནས་བྱ་འགུལ་མ་སྤེལ་གོང་།ཇུས་འགོད་དང་བཀོད་སྒྲིག་བྱེད་དགོས་ལ།ཕྱི་རོལ་དུ་སོང་ནས་བྱ་འགུལ་སྤེལ་བའི་སྐབས་སུ།ལག་བསྟར་ནུས་པ་བཟང་པོ་ཞིག་དགོས་པས་རེད།
        ཕྱི་རོལ་གྱི་བྱ་འགུལ་ནི་ལུས་སྦྱོང་གལ་ཆེན་ཞིག་ཡིན་ཏེ།ཆོས་ཉིད་ཡོད་པའི་སྒོ་ནས་ཕྱི་རོལ་གྱི་བྱ་འགུལ་ལ་ཞུགས་ན།སེམས་སྟེང་གི་གནོན་ཤུགས་ཇེ་ཡང་དུ་གཏོང་ཐུབ་པར་མ་ཟད།ཡི་མུག་པའི་སེམས་ཁམས་མེད་པར་གྱུར་ཏེ་རང་རྟོན་ནུས་པ་ཇེ་བརྟན་དུ་གཏོང་ཐུབ།
        ཕྱི་རོལ་གྱི་བྱ་འགུལ་ལ་ཞུགས་ན་ད་རུང་ཉི་མར་ལྡེ་བའི་གོ་སྐབས་ཇེ་མང་དུ་འགྲོ་བ་དང་།ཉི་མར་ལྡེ་བ་དེ་ཡང་ཡི་མུག་པའི་སེམས་ཁམས་མེད་པར་བཟོ་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན།ཕྱི་རོལ་དུ་སོང་ནས་བྱ་འགུལ་སྤེལ་ན་ད་རུང་གྲོགས་པོ་གསར་བ་བསྒྲིགས་ཏེ་མི་དང་མིའི་བར་གྱི་འབྲེལ་བ་ཇེ་ལེགས་སུ་གཏོང་བ་དང་།གྲོགས་པོའི་བར་གྱི་མཛའ་བརྩེ་ཇེ་ཟབ་ཏུ་འགྲོ་ལ།སྤྱི་ཚོགས་ཀྱི་རྒྱབ་སྐྱོར་མ་ལག་འཛུགས་པ་དང་ཇེ་བརྟན་དུ་གཏོང་ཐུབ།
        དེ་ལས་གཞན་ད་རུང་ཕྱི་རོལ་གྱི་བྱ་འགུལ་ལ་མང་དུ་ཞུགས་ནས་རང་བྱུང་ཁམས་དང་ཉེ་བར་བཅར་ན།མིའི་ཚོར་དབང་མ་ལག་ལ་ངར་ལངས་ཏེ།“རེ་ཞིག་སྐྱིད་ན་སྐྱིད་ནི་རེད”སྙམ་པའི་སེམས་ཁམས་འབྱུང་སྲིད་པས།རང་ཉིད་དང་འབྲེལ་འདྲིས་བྱེད་པའི་གོ་སྐབས་བསྩལ་ཏེ།རང་ཉིད་ཀྱིས་རང་ཉིད་ལ་རྒྱུས་ལོན་དང་ཡིད་ཆེས་པར་བྱས་ཏེ།ཡིད་རྟོན་གྱི་ནུས་པ་ཇེ་དྲག་ཏུ་འགྲོ་བར་ཕན།

བཞི། གླུ་དབྱངས་ལ་ཉན་པ།
        གླུ་དབྱངས་ཀྱིས་ཡི་མུག་པའི་སེམས་ཁམས་ལ་ཐེབས་པའི་ནུས་པ་ནི་ལུས་ཁམས་དང་སེམས་ཁམས་གཉིས་ཀའི་སྟེང་དུ་གནས།ལུས་ཁམས་ཀྱི་སྟེང་ནས་བཤད་ན་གླུ་དབྱངས་ཀྱིས་མཁལ་མགོའི་རྨེན་རྩི་འབྱུང་བར་ཚོད་འཛིན་བྱེད་པ་དང་།དབྱང་གཅིག་ཐཱན་འགྱུར་འབྱུང་བར་སྐུལ་ཁྲིད་བྱེད་པར་མ་ཟད།ན་ཟུག་ཆེ་བའི་ནད་པའི་ན་ཟུག་ཇེ་ཡང་དུ་གཏོང་བ་དང་སྐུལ་རྩི་ནག་པོའི་འབྱུང་ཚད་ཇེ་དལ་དུ་གཏོང་ཐུབ་པས།གཉིད་སྐྱིད་པོ་ཁུག་པ་ལ་བརྟེན་ནས་ཡི་མུག་པའི་སེམས་ཁམས་ཞི་ལྷོད་དུ་གཏོང་ཐུབ།

ལྔ།ཉིན་ཐོ་འབྲི་བ།
        ཞིབ་འཇུག་ལས་མངོན་པ་ལྟར་ན།ཉིན་ཐོ་འབྲི་བའི་གོ་རིམ་ནི་རང་གསོ་རང་བཅོས་བྱེད་པའི་གོ་རིམ་གལ་ཆེན་ཞིག་རེད།ཡི་མུག་པའི་གནས་བབ་འོག མི་ལ་གདེང་འཇོག་མི་ལེགས་པ་འབྱུང་བ་སྟེ།དངོས་པོ་དང་ཡང་ན་རང་ཉིད་གང་ལའང་ལྡོག་ཕྱོགས་ཀྱི་གདེང་འཇོག་བྱེད་ངེས་རེད།ཉིན་ཐོ་བྲིས་ན་སེམས་ཤུགས་ངན་པ་དེ་དག་སྦ་གསང་མེད་པར་ཕྱིར་ཕུད་ཆོག་པ་དང་།མི་གཞན་ལ་བརྗོད་ཐབས་མེད་པའི་རང་ཉིད་ཀྱི་གཏམ་རྒྱུད་དང་གསང་བ་ཡོད་ཚད་ཡི་གེར་ཕབ་ཆོག་པར་མ་ཟད།གསང་བ་ཕྱིར་མི་ཤོར་བར་ཁག་ཐེག་བྱེད་ཐུབ།
        ཉིན་ཐོ་བྲིས་ན་ད་རུང་རང་སྟེང་གི་མྱོང་ཚོར་ཇེ་དྲག་ཏུ་འགྲོ་བ་དང་།མི་ཚེའི་ཚོར་སྣང་ཡོད་ཚད་ཡི་གེར་ཕབ་ཆོག་པས།མི་ཚེའི་དོན་སྙིང་ཇེ་མཐོར་གཏོང་ཐུབ།

དྲུག ཉི་མར་ལྡེ་བ།
        དར་ཁྱབ་ཆེ་བའི་ནད་རིགས་ལ་བརྟག་དཔྱད་བྱས་པ་ལས་ཤེས་པ་ལྟར་ན།ཡི་མུག་པའི་ནད་མང་ཆེ་ཤོས་སྟོན་དགུན་གཉིས་ལ་འབྱུང་བ་དང་།ནང་སྒོས་སུ་འཕྲེད་ཐིག་གི་ཏུའུ་གྲངས་མཐོ་བའི་རྒྱལ་ཁབ་ལ་མཚོན་ན།དགུན་ཁར་གནམ་གཤིས་འཁྱགས་ཤིང་ཉི་འོད་དཀོན་པའི་དབང་གིས་ཡི་མུག་པའི་ནད་འབྱུང་ཚད་ཤིན་ཏུ་མཐོ།
        ལུས་སྟེང་དུ་ཉི་འོད་ཕོག་ན་ལུས་ཁམས་ལ་འགྱུར་ལྡོག་མང་པོ་འབྱུང་སྲིད།དམར་ཕྱིའི་ཉི་འོད་ཀྱིས་ལུས་སྟེང་གི་ཁྲག་རྩ་ཕྲ་མོ་ཇེ་ཆེར་བཏང་ནས།ཁྲག་གི་འཁོར་རྒྱུག་ཇེ་མགྱོགས་སུ་གཏོང་ཐུབ་པ་དང་།དམར་ཕྱིའི་ཉི་འོད་ཀྱིས་ལུས་སྟེང་གི་མདོག་རྒྱུ་ནག་པོ་དབྱང་འགྱུར་བྱེད་ཐུབ་ལ།སྐྱི་པགས་ནང་གི་འཚོ་བཅུདDདང་ཕོ་བའི་ཆུ་སྐྱུར་ཟགས་ཐོན་བྱེད་ཚད་ཇེ་མགྱོགས་སུ་གཏོང་བ་དང་།དེའི་མི་ཚད་ད་རུང་ཁྲག་རྒྱུན་ཁྲོད་ཀྱི་ཁྲག་དམར་སྤྲི་དཀར་གྱི་འདུས་ཚད་ཇེ་མཐོར་གཏོང་ཐུབ་པ་རེད།ལུས་སྟེང་དུ་ཉི་འོད་འདང་ཚོད་ཅིག་ཕོག་ན།ལུས་སྟེང་གི་མཁལ་མགོའི་རྨེན་རྩི་དང་ཨོལ་གོང་གཤེར་རྨེན་རྩི་སོགས་ཇེ་མང་དུ་འགྲོ་བར་ཡང་ཕན་པ་ཆེན་པོ་ཡོད། །

39.7K

རྩོམ་ཡིག་སྔོན་མ།
༄༅།། ཨ་མ་དང་ངའི་སློབ་ཆུང་།
རྩོམ་ཡིག་རྗེས་མ།
ས་སྲོས་ཀྱི་གུ་གེ

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1