གཙོ་ངོས།>> རྩོམ་རིག>>ལྷུག་རྩོམ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། ༢༠༡༤ལོའི་ཟླ་བ་༡༠ཚེས་༢༠ཉིན།

༄༅། །རྩོམ་རིག་ལ་སྐུལ་བའི་དྲིལ་བརྡ།

       གྲོགས་པོ་ལགས། གལ་ཏེ་ཁྱོད་རང་རྩོམ་པ་པོ་ཞིག་བྱེད་འདོད་ན། དེ་ནི་འཇིག་རྟེན་འདིའི་བྱ་བཞག་མཐའ་དག་ལས་བཟང་ཤོས་ཡིན་པས། ངས་ཀྱང་ཁྱོད་ལ་དགའ་བསུ་དང་འཚམས་འདྲི་ཞུ་རྒྱུ་ཡིན།

       ཀྱེ། གྲོགས་པོ་ལགས། མཁས་པའི་བྱ་བ་ལ་མུ་མཐའ་མེད་ཅིང༌། ཤེས་བྱའི་རྣམ་གྲངས་ལ་རྫོགས་མཐའ་མེད་ཀྱང༌། རྩོམ་རིག་ནི་འཕགས་ཡུལ་གྱི་སྙན་ངག་པ་ཙནྡྲ་གོ་མིས།

གང་ཕྱིར་མཁས་པའི་ལས་གསུམ་ལས།།

རྩོད་འཆད་ངག་ལ་མ་ངེས་པ།།

སྲིད་ཕྱིར་མི་འཁྲུལ་རྩོམ་པ་སྟེ།།ཞེས་པ་དང༌།

རྗེ་ཙོང་ཁ་པ་ཆེན་པོས།

རིགས་ལམ་རྣམ་པར་འབྱེད་པའི་རྣམ་དཔྱོད་དང༌།།

གཞུང་ལུགས་གདམས་པར་ཤར་བའི་ཉམས་ལེན་དང༌།།

ཚིག་སྦྱོར་ཚུལ་ལ་མཁས་པའི་ངག་གི་དཔལ།།

ས་སྟེང་འདི་ན་རིན་ཆེན་རྣམ་གསུམ་སྣང༌།།

          ཞེས་པའི་རྩོམ་ཚིག་འདིས་རྩོམ་རིག་གི་འཇིག་རྟེན་ཉུལ་བ་ནི་མཁས་པའི་བྱ་བ་ཀུན་གྱི་ནང་ནས་རབ་དང་ཕུལ་དུ་བྱུང་བར་ངོས་འཛིན་གནང་ཡོད་པས། ནོར་བུའི་རིན་ཐང་ངོ་ཐག་ཆོད་པ་ཞིག་གནང་དགོས།

                ཀྱེ་གྲོགས་པོ་ལགས། ཁྱོད་རང་རྩོམ་རིག་གི་འཇིག་རྟེན་ཉུལ་ནས་སྒྱུ་རྩལ་དང་ཉམས་འགྱུར་གྱི་ཚེ་སྲོག་འཚོལ་འདོད་ན། གཟབ་དགོས་པ་གཅིག་ཡོད་པ་དེ་ནི། བ་ལང་དང་ར་ལུག་ལ་འཚོ་སྐྱོང་མཁས་པའི་ཕྱུགས་རྫི་སྐོར་གཅིག་གིས། སྒྲ་སྙན་སྨན་རྩིས་སོགས་ལ་མགོ་འཁོར་ན།།གཞུང་ལུགས་རྣལ་མ་སློབ་པའི་གེགས་བྱེད་ཡིན། ཞེས་པའི་རྗེ་གུང་ཐང་ཚང་གི་སྡོམ་ཚིག་དེ་སྐྱོར་ནས་ཁྱོད་ལ་ཁ་བགྲད་སྣ་བསྙེར་བྱེད་ངེས་ཀྱང༌། ཁྱོད་ཀྱིས། སྒྲ་སྙན་སྨན་རྩིས་སོགས་ལ་མགོ་རྨོངས་ན།།རང་ཉིད་ལྐུུགས་པ་ཆགས་པའི་སྔ་ལྟས་ཡིན། ཞེས་པའི་ཤུགས་བསྟན་གྱི་སྡོམ་ཚིག་དེས་ཁོང་ལ་འཛུམ་མདངས་ཀྱིས་སྣེ་བསུས་དང༌། ཁྱོད་ལ་རྒྱལ་བ་མ་ཕམ་པས།

རིག་པའི་གནས་ལྔ་དག་ལ་མཁས་པར་མ་སྦྱངས་ན།།

འཕགས་མཆོག་གིས་ཀྱང་ཐམས་ཅད་མཁྱེན་པ་ཐོབ་མི་སྲིད།།

དེ་ལྟ་བས་ན་གཞན་དག་ཚར་གཅོད་རྗེས་འཛིན་ཕྱིར།།

བདག་ཉིད་ཀུན་མཁྱེན་བྱ་ཕྱིར་དེ་ལ་དེ་བརྩོན་བྱ།།

ཞེས་པའི་གསུང་དབྱངས་སྙན་མོས་མི་མངོན་དགའ་ལྡན་ཆོས་ཀྱི་དབྱིངས་ནས་རྒྱལ་ཁའི་བདེན་དཔང་ཞིག་གནང་ངེས་ལ། ས་པཎ་གྱིས།

རང་བློ་ཤེས་བྱའི་གནས་ལ་མ་བསླབས་ན།།

ཐམས་ཅད་མཁྱེན་པ་ནམ་མཁའི་མཐའ་ལྟར་རིང༌།།

ཞེས་པའི་རྡོ་རྗེ་ཕ་ལམ་གྱི་ཐོ་བ་ལྕི་མོ་འདིའི་རིན་ཐང་དང་ནུས་ཤུགས་ཀྱིས་ཁྱོད་ལ་བདེན་ཁ་སྦྱིན་པ་མ་ཟད། ཕྲག་དོག་དང་རྨོངས་རྫོང་བརྩེགས་པའི་སེམས་ཁམས་ཀྱི་བྲག་རི་གཏོར་བའི་རྣོ་ལྕགས་ཀྱི་མེ་ལྕེ་ཞིག་ཀྱང་འབར་ངེས།

                ཀྱེ་གྲོགས་པོ་ལགས། ཚིག་ཕྲད་དང་རྣམ་དབྱེ་ལྟ་ཅི། ཐ་ན་བཅད་མཚམས་དང་སྦྱོར་ཀློག་ལ་རྨོངས་ཤིང༌། ས་རྟགས་དང་རང་མིང་སྨྱུག་རྩེ་ནས་མི་འཐོན་པའི་རིག་པའི་དབང་ཕྱུག་པཎྜིཏ་དེ་ཚོས་ཤེས་བྱའི་གནས་ལུགས་དང་རང་གི་མི་ཚེ་བདེན་པར་མ་གྲུབ་པར་ཐག་བཅད་རྗེས། རང་ཉིད་གང་གི་མཚན་གཞི་ཡིན་པ་མི་མཁྱེན་པས། ཁྱོད་ཀྱིས་ཁོང་ལ་བསྟན་དར་ལྷ་རམས་པས།

མང་དུ་ཐོས་ཀྱང་འཆད་ལ་མི་མཁས་ན།།

སྨན་གྱིས་དབུལ་བའི་སྨན་པ་མཁས་པ་བཞིན།།

རྩོད་ལ་མཁས་ཀྱང་རྩོམ་ཚུལ་མི་ཤེས་ན།།

ལྕེ་བརྒྱ་སྤྲུལ་ནས་སྨྲས་ཀྱང་ལྐུགས་པ་ཡིན།།

རྩོམ་པ་ལེགས་ཀྱང་སུག་བྲིས་མི་འབྱོར་ན།།

དཔའ་རྩལ་ཆེ་བའི་དཔའ་བོ་ལག་རྡུམ་འདྲ།།ཞེས་པ་དང༌།

ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས།

རིག་པ་དཔེ་ཐོག་འགོད་པའི་ལག་ལེན་དཀའ།།

མ་སྦྱངས་སྨན་རྐྱལ་ཐོགས་པས་ནད་པ་བསླུ།།

ཞེས་པའི་གཏན་ཚིགས་འདིའི་ཐོག་ནས་རང་ཉིད་གང་གི་མཚན་གཞིར་སོང་བའི་གནས་ལུགས་མཛུབ་སྟོན་ཐེངས་གཅིག་གནོངས་དང༌། ཁྱོད་ལ་ལེགས་གསོལ་གྱི་དངོས་འབུལ་མེད་ཀྱང༌། དགོངས་དག་ཅེས་པའི་ཚིག་འབྲུ་གཉིས་པོ་འདི་འབོད་སྒྲ་མེད་པའི་སེམས་ཁོང་ནས་འབབ་ངེས། གལ་ཏེ་ཁྱོད་རང་དགུན་གསུམ་གྱི་འཁྱགས་རྒོད་དང་གཙང་འགྲམ་གྱི་རྡོ་ལོག་ལམ་མཁྲེགས་པའི་ཀླད་རྙིང་གི་རྒྱ་རྫོང་ལ་གཏན་ཚིགས་ཀྱི་མེ་སྒྱོགས་ཇི་ཙམ་རྣོ་ཡང་འཐོར་ཞིག་མི་ཐུབ་པར་གཞི་ནས་སུན་སྣང་ཞིག་སྐྱེ་སྲིད་ཀྱང༌། དེ་ནི་ཁྱོད་ཀྱི་ལས་དབང་གི་བགོ་སྐལ་གཅིག་པོ་མིན་ཏེ། དབྱངས་ཅན་མའི་མགྲིན་པ་ལ་འཁྱུད་ཉེས་ནས་ཛམ་བྷ་ལའི་བཀའ་ཆད་ཕོག་པའི་ཁེར་རྐྱང་གི་རྩོམ་པ་པོ་ཞིག་གིས།

མངོན་གྱུར་མཛུབ་མོས་སྟོན་ན་མིག་ཟུང་བཙུམས།།

ལྐོག་གྱུར་རྟགས་ཀྱིས་སྒྲུབ་ན་རྣ་བ་འགེབས།།

ཡིན་ལུགས་ཁད་ཀྱིས་འཚོལ་ན་ཁྲེལ་དགོད་བྱེད།།

སྲ་མཁྲེགས་གོར་མའི་ཀླད་རྒྱ་ཅན་དེ་མཚར།།

ཞེས་པའི་སྙིང་ཁོང་གི་སུན་སྣང་མཚོན་པའི་ཟིན་ཐོ་ཉིན་དེབ་ལ་བཀོད་མྱོང་བ་དེས་ཁྱོད་ལ་རམ་འདེགས་དང་སེམས་གསོ་ཞིག་གནང་ངེས།

                ཀྱེ་གྲོགས་པོ་ལགས། ཁྱོད་ཉིད་ཕེབས་སའི་རྩོམ་རིག་གི་ལམ་སྣེ་དེ་ན། རྙིང་ལུགས་མཁྲེགས་འཛིན་གྱི་འགག་འཕྲང་དང༌། དེང་ལུགས་ཨ་གསར་གྱི་གཡང་གཟར་ཤིན་ཏུ་མང་བས། ཁྱོད་ཀྱིས་དུས་རབས་ཀྱི་བྱེས་འབྱོར་སྙན་ངག་པ་སྨྱོན་པའི་མིང་ལ་དགའ་བ་ཞིག་གིས་བྲིས་པའི།

གངས་ཅན་རང་མོས་སྲོལ་འབྱེད་དོན་འགྲུབ་རྒྱལ།།

སྒྱུ་རྩལ་རིག་པའི་དབང་ཕྱུག་སྨན་བླླ་སྐྱབས།།

རྩོམ་རིག་དབུ་མའི་ལམ་སྟོན་འཇུ་སྐལ་བཟང༌།།

ཨ་མའི་བུ་རྒོད་གསུམ་ལ་གསོལ་བ་འདེབས།།

ཞེས་པའི་དྲན་རྟེན་གྱི་སྡོམ་ཚིག་འདི་ཉིད་ལམ་ཡིག་མཛད་ནས། གནའ་རབས་མཁས་པ་ཚོར་ཁྲེལ་དགོད་དང༌། དེང་རབས་སྒྱུ་རྩལ་བ་ཚོར་མཐོང་ཆུང་མེད་པའི་ལམ་ཕྲན་དེ་བརྒྱུད་ནས་ཕེབས་དང༌། ཁྱོད་ཉིད་རྩོམ་རིག་གི་ཞིང་ཁམས་ལ་སླེབས་ངེས་ལ། སྒྱུ་རྩལ་གྱི་དགའ་མ་ལ་འཐམ་འཁྱུད་ཀྱང་བྱེད་ནུས་པས། དེ་དུས་ཁྱོད་ཀྱིས་སྙིང་ཁྲག་དང་མིག་ཆུ་བསྲེས་པའི་རྩོམ་བྲིས་རེ་རེས་འཇིག་རྟེན་ཟླུམ་པོ་འདིའི་གསང་བ་བརྟོལ་ནས་ཨ་མེས་དང་ཡང་མེས་ཚོའི་གདོད་མའི་བླླ་སྲོག་དང་ཞབས་རྗེས་རྙེད་པ་ཡིན་ལ། འཛམ་གླིང་ཟླུམ་པོ་འདིའི་ཆགས་འཇིག་ཀྱི་དབྱངས་རྟར་སྐྱོན་པའི་རྩོམ་པོའི་རུ་སྣེ་དེར་ཚུད་པ་ཡིན།

                ཀྱེ་གྲོགས་པོ་ལགས། འཇིག་རྟེན་འདིར་མཐོང་ཚད་འཁོར་བའི་འཆིང་རྒྱ་དང་ཐོས་ཚད་ཐར་བའི་བཀག་རྡོར་འཛིན་པའི་དཔུང་སྡེ་ཁྱུ་གཅིག་གིས། ཁྱོད་ལ་ལྟས་ངན་དང་ལྟ་ལོག ཀླ་ཀློ་དང་ཆོས་མེད། འདུ་འཛི་དང་ཆོ་མེད་སོགས་ཀྱི་ཁ་དམག་བྱ་རྒོད་འཚུབ་པ་ལྟར་རྒྱག་ངེས་ཀྱང༌། དགེ་ཆོས་སྨྱོན་པས། གང་ལ་ཡང་སྙིང་པོ་མེད་ཟེར་བའི་ངེས་འབྱུང་ཅན་རྣམས་ཀྱི་ཁ་ལ་མ་ཉན་པར། རིག་པ་འཚོལ་བའི་ལམ་དུ་འཇུག་པར་གྱིས་ཤིག །ཅེས་པའི་བཟི་གཏམ་གྱི་ལེགས་བཤད་འདི་བཙན་རྫོང་མཛོད་དང༌། ཁྱོད་ཀྱི་དམ་བཅའི་ཚེ་སྲོག་ལ་གཞོམ་གཞིག་མི་ནུས་པ་མ་ཟད། གང་ལའང་སྙིང་པོ་མེད་པར་ལྟ་བའི་མཐའ་མཇུག འཇིག་རྟེན་འདིར་སྙིང་པོ་ཡོད་པའི་བྱ་བཞག་སྣ་གཅིག་ཀྱང་བསྟན་རྒྱུ་མེད་པར་མི་ཚེའི་རིན་ཐང་སྟོང་པ་ཉིད་ལ་ཐིམ་པའི་ཕམ་ཁའི་རྡོག་ཁྲེས་ལྕི་བོ་ཞིག་ཁུར་ནས་མི་ཡུལ་གྱི་འཇིག་རྟེན་འདིར་གྱེས་མཇལ་བྱེད་སའི་ལམ་སྣེ་དེ་ནས་ཁྱོད་ལ་སླར་ཡང་ཁ་བཏགས་དང་མཎྜལ་མེད་ཀྱང་ནོངས་འགྱོད་ཀྱི་བཤགས་སྡོམ་ཞིག་འབུལ་སྲིད།

                ཀྱེ་གྲོགས་པོ་ལགས། ཁྱོད་རང་རྩོམ་པ་པོའི་དཔུང་སྡེ་ལ་ཞུགས་པའི་ཉི་མ་དེ་ནས་ཁྱོད་ཀྱི་ཕྱག་ཏུ་སྒྱུ་རྩལ་དང་ཚོར་བ་བརྡར་བའི་སྨྱུ་གུའི་མཚོན་ཆ་ཞིག་ཐོབ་པས། དེ་ནས་བཟུང་ཁྱོད་ཀྱིས་སྤྱི་ཚོགས་དང་ཁོར་ཡུག་གི་སྐྱོན་ཡོན་ཡོ་སྲོང་དང༌། དགེ་འདོན་སྐྱོན་སེལ། གོ་སྐོན་ར་སྤྲོད། སྙིགས་འདོར་བཅུད་ལེན་སོགས་ཀྱི་ཆེད་དུ་རང་གི་ཚེ་སྲོག་དང་ཟུངས་ཁྲག་གཏའ་མ་ལ་བཞག་ནས་མདུན་མཆོང་གནང་བ་ལས། སྒེར་དོན་གཅེས་འཛིན་དང༌། ངོ་དགའ་སྤྲེལ་ལད། རང་རྒྱལ་གཞན་ཕམ་སོགས་ཀྱི་བྱང་ཐང་གི་ཁ་བའི་སླུ་བྲིད་དང༌། བྱེ་ཐང་གི་སྨིག་སྒྱུའི་གཡོ་འཕྲུལ་ལ་རེ་བཅོལ་དང་ཡིད་ཆེས་རྨི་ལམ་དུ་ཡང་གནང་མི་ཉན། སྨྲ་བརྗོད་དང་རྩོམ་རིག་གི་རང་དབང་འདིའི་ཆེད་དུ་རང་གི་ཟུངས་ཁྲག་དམར་པོས་གཤིན་ཐང་བརླན་མྱོང་བའི་གདོང་མཆོང་གི་གསར་བརྗེའི་སྙན་ངག་པ་ལུའུ་ཞུན་གྱིས། དབང་འཛིན་པའི་དགྲ་བོ་ལྟེ་བ་དེ་རྩོམ་པ་པོ་ཡིན། ཞེས་པའི་གཏན་ཚིགས་འདི་ཁྱོད་ཀྱི་སྨྱུག་རྩེ་དང་ཁ་བྲལ་ཐབས་མེད་པའི་རྩ་ཚིག་ཡིན་ལ། དེ་ནི་རྩོམ་པོའི་ཚེ་སྲོག་དང་འབྲེལ་བའི་དབང་རྩ་ཞིག་ཀྱང་ཡིན་པས། ཁྱོད་ཀྱིས་སྨྱུག་རྩེའི་མེ་མདའ་ཁ་ཕྱོགས་གང་ལ་གཏད་དགོས་པའི་ལམ་སྟོན་ཀྱང་ཡིན་ནོ།།

                ཀྱེ་གྲོགས་པོ་ལགས། སླད་ནས་མཇལ་ཡོང༌། སྒྱུ་རྩལ་དང་ཚོར་བ་བརྡར་བའི་ཞིང་ཁམས་ནས་མཇལ་ཡོང༌། སྙིང་ཁྲག་དང་མིག་ཆུས་བརླན་པའི་སྨྱུག་རྩེ་ནས་མཇལ་ཡོང༌། བདེན་རྫུན་གྱི་དབྱེ་མཚམས་དང་ལོ་རྒྱུས་ཀྱི་མཇུག་སྣེ་ནས་མཇལ་ཡོང༌། མིག་ཆུ་དང་དགོད་སྒྲ་བསྲེས་པའི་གཞིས་བྱེས་མཉམ་འཛོམས་ཀྱི་ཉིན་མོ་དེར་མཇལ་ཡོང༌། ཅིས་ཀྱང་མཇལ་ཡོང༌། ཀྱེ་གྲོགས་པོ་ལགས། བཀྲ་ཤིས་བདེ་ལེགས།།

39.7K

རྩོམ་ཡིག་སྔོན་མ།
༄༅། །ཚད་མ་རིག་པ།
རྩོམ་ཡིག་རྗེས་མ།
༄༅། །དཔེ་ཀློག་དང་དཔེ་ཆ།

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1