གཙོ་ངོས།>> དེང་རབས་མི་སྣ།>>གསར་འགྱུར་དཔེ་སྐྲུན།

མཁའ་འགྲོ་ཚེ་རིང་། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། ༢༠༡༩ལོའི་ཟླ་བ་༠༧ཚེས་༡༧ཉིན།

༄༅།། ཡེ་ཤེས་རྡོ་རྗེ།

དུས་ཀྱི་ཕོ་ཉ་ཐུགས་ཀྱིས་སྐྱོང་བའི་ཁམས་པའི་ཕོ་རྒོད།    ཁམས་པའི་བརྙན་འཕྲིན་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་གཞོན་པ་ཡེ་ཤེས་རྡོ་རྗེ་ལགས་ཀྱི་གནས་ཚུལ་ཟིན་བཀོད།

མཁའ་འགྲོ་ཚེ་རིང་གིས་བྲིས་ཤིང་ཡེ་ཤེས་རྡོ་རྗེས་པར་མཁོ་འདོན་བྱས།


        མཛུབ་མོ་ནང་དུ་བཀུག་ནས་བརྩིས་ཤིག་བརྒྱབ་ན། ད་ལོ་ནི་ཏག་ཏག་ཁམས་པའི་བརྙན་འཕྲིན་ཁང་བཙུགས་ནས་བགྲང་བྱ་བཅུ་འཁོར་བའི་ལོ་རེད། ཁམས་པའི་བརྙན་འཕྲིན་ཁང་གི་རྒན་རབས་ལས་སྒྲུབ་པ་རྣམས་ལ་མཚོན་ནས་བཤད་ན། བགྲང་བྱ་བཅུ་ནི་དཀའ་སྡུག་དང་རྔུལ་ཆུས་ཁེངས་པའི་འཚོལ་སྙེག་གི་ལོ་ཟླ་ཞིག་ཡིན་ལ། མཚར་སྡུག་དང་གྲུབ་འབྲས་ཀྱིས་གཏམས་པའི་བདེ་སྐྱིད་ཀྱི་ལོ་ཟླ་ཞིག་ཀྱང་རེད། སྤྱི་ལོ་2009ལོའི་གསེར་ལྡན་སྟོན་གྱི་འདུ་འགོད་ཚུར་ལ་རྩེན་པའི་ཟླ་བ་དགུ་པའི་ནང་ལ། མདོ་ཁམས་ཡུལ་གྱི་མི་སེར་ཚང་མས་ཡུན་རིང་རེ་སྒུག་བྱས་པའི་ཁམས་པའི་བརྙན་འཕྲིན་ཁང་དེ་སྤོས་ངད་ལྡན་པའི་ཁྲེན་ཏུའུ་གྲོང་ཁྱེར་དུ་དངོས་སུ་བཙུགས་པ་ནས་བཟུང་། ཕྱི་ཡི་གསར་འགྱུར་ནང་ལ་བསྒྲགས་པ་དང་།  ནང་གི་རིག་གནས་ཕྱི་ལ་སྤེལ་བའི་ལས་ལ་འཇུག་པ་ཡངས་ཤིང་། བློ་སེམས་དཀར་བའི་རྒན་རབས་པ་སྐོར་ཞིག་མཉམ་དུ་འཛོམས་ནས། ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་། ཆོལ་གསུམ་ཁ་བའི་ལྗོངས་ཀྱི་ཡུལ་མི་སྤུན་ཟླའི་རེ་བཞག་ཐུགས་སུ་འཆིང་བཞིན། དཔུང་པ་མཉམ་གཤིབ་དང་རྡོག་རྩ་གཅིག་སྒྲིལ་གྱིས་བོད་མདོ་དབུས་ཁམས་གསུམ་ནས་འོངས་པའི་གཞོན་རབས་ལས་སྒྲུབ་པ་སྐོར་ཞིག་ལ་སྣེ་ཁྲིད་དེ། དཀའ་བ་བརྒྱ་ཕྲག་ཁྱད་དུ་བསད་ཅིང་ངལ་བ་འབུམ་ཕྲག་གདོང་གིས་བསུས་པའི་རྟིང་མ་ལ། ད་སྐབས་ཁམས་པའི་བརྙན་འཕྲིན་ཁང་ནི་བོད་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་མཚར་སྡུག་གི་གཟི་ཉམས་རེ་རེ་འཛམ་གླིང་སྐྱེ་བོ་ཡོངས་ཀྱི་མིག་གི་དགའ་སྟོན་དུ་འབུལ་བ་དང་། རྒྱལ་ཁབ་ཕྱི་ནང་ཡོངས་ཀྱི་གསར་འགྱུར་སྣ་ཚོགས་ཁ་བ་རི་བའི་ཡུལ་ལུང་སོ་སོར་བསྒྲགས་པའི་རིག་གནས་ཀྱི་གར་སྟེགས་ཆེན་མོ་ཞིག་དང་། ཆ་འཕྲིན་གྱི་སྡིངས་ཆ་གལ་ཆེན་ཞིག་ལ་གྱུར་དང་འགྱུར་བཞིན་ཡོད། རླབས་ཆེན་གྱི་བྱ་གཞག་འདི་སྐྱོང་བའི་གོ་རིམ་ཁྲོད་ན་ཁ་སུ་སིམ་མེད་སྒོས་མི་རིགས་ཀྱི་བརྙན་འཕྲིན་ལས་དོན་ལ་ལུས་ཤུགས་དང་སེམས་ཤུགས་འབུལ་བཞིན་པའི་རྒན་དར་གཞོན་གསུམ་གྱི་ལས་སྒྲུབ་པ་མང་ཙམ་གདའ། དེ་རིང་ང་ཚོས་དེ་དག་གི་ཁྲོད་ནས་གུས་པར་འོས་པའི་ཁམས་པའི་བརྙན་འཕྲིན་གྱི་རྒན་རབས་ལས་སྒྲུབ་པ་ཡེ་ཤེས་རྡོ་རྗེ་ལགས་ཀྱི་གནས་ཚུལ་མདོར་བསྡུས་ཤིག་ཞུ་བར་བྱ།
2010ལོའི་ཟླ་བ་དང་པོར་པེ་ཅིན་དུ་པཎ་ཆེན་སྐུན་ཕྲེང་བཅུ་གཅིག་པར་ཁམས་པའི་བརྙན་འཕྲིན་ཁང་བཙུགས་པར་ཤིས་ཚིག་གནང་རོགས་ཞུ་བཞིན་པ།

2010ལོའི་ཟླ་དང་པོར་པེ་ཅིན་ནས་ཕུན་ཚོགས་དབང་རྒྱལ་ལགས་ལ་མཇལ་བ།

2010ལོའི་ཟླ་དང་པོར་པེ་ཅིན་ནས་ཆེད་མཁས་པ་འཇམ་དཔལ་རྒྱ་མཚོར་མཇལ་བ།

ཕུགས་ཀྱི་འདུན་མ་སེམས་སུ་ཉར་ནས་རིག་པའི་ཁྱེའུ་བྱམས་ཀྱིས་སྐྱོང་།
        རྒན་ཡེ་ཤེས་རྡོ་རྗེ་ནི་དུས་རབས་གོང་མའི་ལོ་རབས་དྲུག་ཅུའི་དུས་སྟོད་ཅིག་ལ། འབྲི་ཆུ་སྔོན་མོ་ལྷུང་ལྷུང་དལ་གྱིས་འབབ་པ་དང་། འབའ་གཞས་སྙན་མོའི་འགྱུར་ཁུགས་ཕྱོགས་བཅུར་མཆེད་པའི་འབའ་ཐང་གཡང་གི་ར་བ་ནས་སྐྱེས་ཤིང་འཚར་ལོངས་བྱུང་བ་རེད། ཁོང་གིས་ཆུང་དུས་ནས་བཟུང་རིག་གནས་ལ་བརྟེན་ནས་རང་གི་ལས་དབང་ལ་ཁ་ལོ་བསྒྱུར་བ་དང་།  རིག་གནས་ལ་བརྟེན་ནས་ཕ་ཡུལ་མི་དམངས་ལ་ཞབས་འདེགས་ཞུ་བའི་ཕུགས་འདུན་གཙང་མ་ཞིག་སེམས་ཀྱི་ཞིང་ས་ལ་བཏབ་ཅིང་། སློབ་གྲྭར་འགྲིམས་པའི་གོ་རིམ་ཁྲོད་དུ་བཀའ་དྲིན་ཆེ་བའི་དགེ་རྒན་གང་མང་ཞིག་ལ་བསྟེན་ནས་གཉིད་ཆག་ཟས་བརྗེད་ཀྱིས་བོད་ཀྱི་སྐད་ཡིག་དང་རིག་གནས་ལ་སྦྱངས་པ་གང་ལེགས་བྱས་པས། རྗེས་སུ་མི་རིགས་རིག་གནས་ཀྱི་རེ་བའི་མྱུ་གུ་སྐྱོང་བའི་མཐུན་རྐྱེན་དུ་གྱུར།
        དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་པའི་དུས་མགོར་མཚོན་ན། བོད་རང་གི་རིག་གནས་ཀྱི་ངོས་ཐད་ནས་སྐྱ་ཟད་སྔོ་སྡུག་གི་དུས་ཤིག་ལ་འཁེལ་ཡོད་པས། ཏང་གི་མི་རིགས་སྲིད་ཇུས་ཀྱི་དཔྱིད་རླུང་འཇམ་པོ་ཞིག་བོད་ཡུལ་སྟོད་སྨད་བར་གསུམ་དུ་ལྡང་བའི་འགྲོས་དང་བསྟུན། རེ་ཞིག་བག་ལ་ཞ་བའི་ལོ་ངོ་སྟོང་ཕྲག་རིང་གི་མཚར་སྡུག་འོད་སྟོང་འབར་བའི་གངས་ཅན་གཙུག་ལག་རིག་གནས་ཀྱི་སྒོ་འཕར་ཀུན་ནས་འབྱེད་པའི་རྫོགས་ལྡན་གྱི་དཔྱིད་དཔལ་གསར་པ་ཞིག་ཚུར་ལ་ཤར་བས། དུས་རབས་དེ་དང་ལོ་རབས་དེ་ཡི་བོད་ཀྱི་སྐྱེས་ཆེན་དམ་པ་སྐོར་ཞིག་གིས་ཀ་མད་སུམ་ཅུའི་དབྱངས་རྟ་སྙན་མོ་དེ་ཕྱི་རབས་གཞོན་སྐྱེས་མང་པོ་ཞིག་གི་བསོད་ནམས་ཀྱི་བགོ་སྐལ་དུ་བསྩལ་བ་དང་མཉམ་དུ། ཁ་བ་རི་བའི་རིག་གནས་སླར་གསོ་བྱ་རྒྱུ་ནི་མི་རབས་ཤིག་གི་ན་གཞོན་རྣམས་ཀྱི་ཕྲག་སྟེང་ལ་ལྷུང་བའི་རླབས་ཆེན་གྱི་ལས་འགན་དུ་གྱུར། དེར་བརྟེན་དགེ་རྒན་དམ་པའི་ཐུགས་རེ་སེམས་སུ་བཅངས་པ་དང་། རིག་གནས་ལ་བརྟེན་ནས་མི་རིགས་ལ་ཞབས་འདེགས་ཞུ་བའི་སྙིང་སྟོབས་ཡིད་ལ་བཟུང་སྟེ། དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་པའི་དུས་མགོ་ནས་བཟུང་། རྒན་ཡེ་ཤེས་རྡོ་རྗེ་ཡིས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་སློབ་གྲྭ་ཆུང་འབྲིང་ཁག་ཅིག་གི་ནང་ནས་བོད་ཡིག་དགེ་རྒན་གྱི་ཕྱག་ལས་དོན་དུ་གཉེར་བཞིན། མདོ་སྟོད་མི་ཡི་ཆོལ་ཁའི་མི་རབས་ཤིག་གི་ན་ཆུང་བྱིས་པ་རྣམས་ལ་བོད་ཀྱི་གཙུག་ལག་རིག་གནས་སློབ་ཁྲིད་གནང་བའི་ལས་ལ་དབུ་ཁྱུད་བཀོད། ལྷག་པར་དུ་དར་མདོ་དགེ་འོས་སློབ་གྲྭའི་ནང་ལ་ལས་གནས་སྤར་བ་ནས་བཟུང་། མི་རིགས་དགེ་འོས་སློབ་གྲྭ་ལ་བོད་ཡིག་སློབ་དེབ་དཀོན་པ་དང་། སློབ་ཁྲིད་ཀྱི་མཐུན་རྐྱེན་བཟང་པོ་མི་འཛོམས་པའི་དངོས་ཡོད་གནས་ཚུལ་ལ་གདོང་གཏད་དེ། ཞིང་ཆེན་ཕྱི་ནང་ཡོངས་ཀྱི་དགེ་འོས་སློབ་གྲྭ་དག་གི་སྔོན་ཐོན་གྱི་སློབ་གསོའི་ཐབས་ལམ་དང་། སློབ་དེབ་རྩོམ་སྒྲིག་བྱེད་ལུགས་ལ་དཔེ་བལྟས་བྱས་པར་མ་ཟད། ས་གནས་རང་གི་སློབ་མའི་དངོས་ཡོད་གནས་ཚུལ་དང་མི་རིགས་རང་གི་རིག་གནས་དར་སྤེལ་གྱི་དགོས་མཁོ་གཞིར་བཟུང་ནས། སྔ་རྗེས་སུ་ཚོད་ལྟའི་ཚུལ་དུ་《བོད་ཀྱི་སྐད་ཡིག་རིག་གནས།》དང་། 《མཚན་ཉིད་རིག་པའི་རྒྱུན་ཤེས།》 《བོད་ཡིག་རྩོམ་འབྲིའི་མཛུབ་སྟོན།》ཞེས་པ་སོགས་ཀྱི་སློབ་དེབ་རྩོམ་སྒྲིག་མཛད་དེ། ཁམས་ཀྱི་རོང་འབྲོག་ས་ཁུལ་ནས་ཡོང་བའི་བོད་རིགས་སློབ་མ་རྣམས་ལ། མི་རིགས་རང་གི་སྐད་དང་རིག་གནས་སློབ་ཁྲིད་གནང་བའི་མཐུན་རྐྱེན་གང་ལེགས་བསྐྲུན་ཞིང་། མེས་པོའི་ཞལ་གསུང་དྲོན་མོ་དེ་དུས་རབས་ཉི་ཤུའི་ལོ་རབས་བརྒྱད་ཅུ་དང་དགུ་བཅུའི་དུས་ཀྱི་བོད་རིགས་གཞོན་སྐྱེས་རྣམས་ཀྱི་མིག་གི་དཔྱིད་དང་རྣ་བའི་གསོས་སུ་ཕུལ། དེའི་ཞོར་དུ་དགེ་རྒན་ཁོང་གིས་སློབ་མ་རྣམས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་བའམ། ཁོ་ཚོ་རང་རང་སོ་སོའི་ཐུན་མིན་གྱི་འཇོན་ཐང་འདོན་སྤེལ་གང་ལེགས་ཡོང་བའི་ཆེད་དུ། ལོ་རབས་དགུ་པའི་དུས་མགོ་ནས་བཟུང་དར་མདོ་དགེ་འོས་སློབ་གྲྭའི་ནང་ནས་《བུང་བའི་རང་སྒྲ།》ཞེས་པའི་རྒྱང་བསྒྲགས་ཁང་ཆུང་ཆུང་ཞིག་གསར་དུ་བཙུགས་ཤིང་། མདོ་འཛིན་དང་རྒྱང་བསྒྲགས་ཀྱི་ལས་རིགས་ལ་དགའ་ཞེན་ཆེ་བ་དང་འཇོན་ཐང་ལྡན་པའི་སློབ་མ་བདམས་ནས་རྒྱང་བསྒྲགས་བྱེད་དུ་བཅུག་པས། སློབ་གསེང་གི་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་བཏང་བར་མ་ཟད། དཔེར་ན་ད་ལྟའི་ཁམས་པའི་བརྙན་འཕྲིན་ཁང་གི་མདོ་འཛིན་པ་གྲགས་ཅན་འཆི་མེད་དབང་མོ་དང་བྱམས་པ་རྡོ་རྗེ། ཡོན་ཏན། སྐལ་བཟང་དབང་མོ་སོགས་ཀྱང་ཆུང་དུས་སུ་རྒྱང་བསྒྲགས་ཀྱི་སྟེགས་བུའི་འདི་ཡི་སྟེང་ལ་བུད་ནས་སྦྱོང་བརྡར་བྱེད་པའི་གོ་སྐབས་ཐོབ་པས། མདོ་འཛིན་དང་རྒྱང་བསྒྲགས་ཀྱི་ལས་རིགས་ལ་ཐོག་མའི་བག་ཆགས་བཞག་ཅིང་། རེ་བའི་ས་བོན་བཏབ་ལ། རྒན་ཡེ་ཤེས་རྡོ་རྗེ་དང་ཁོ་ཚོའི་བར་དུ་ཐོག་མའི་དགེ་སློབ་ཀྱི་འབྲེལ་བ་ནས་མཐའ་མར་ལས་གྲོགས་སུ་འགྱུར་བའི་རྟེན་འབྲེལ་བཟང་པོའང་འདི་ནས་འགྲིག་པ་རེད། དེ་བཞིན་དུ་དགེ་རྒན་གྱི་ཕྱག་ལས་གཉེར་བའི་ལོ་ངོ་མང་པོའི་རིང་ལ། ཁོང་གིས་སློབ་མ་རྣམས་ལ་ཕ་སྐད་སྲུང་འཛིན་དང་ཕ་ཡུལ་ལ་ཞབས་འདེགས་ཞུ་བའི་ཁ་ཏ་སློབ་གསོ་དང་བཅོལ་གདམས་མང་དུ་གནང་བས། ད་སྐབས་ཁམས་པའི་བརྙན་འཕྲིན་ཁང་མ་ཟད། དཀར་མཛེས་ཁུལ་གྱི་རྫོང་ཁག་བཅོ་བརྒྱད་ན་ཁོང་གི་སློབ་མ་རྣམས་ནི་སྐར་ཚོགས་ལྟར་བཀྲམས་ཤིང་། རྒྱང་བསྒྲགས་བརྙན་འཕྲིན་དང་བཅས་པའི་ལས་རིགས་དང་ལས་གནས་སོ་སོ་ན་ཕ་ཡུལ་མི་དམངས་ལ་ཞབས་འདེགས་ཞུ་བ་དང་། བོད་ཀྱི་སྐད་དང་རིག་གནས་འཛིན་སྐྱོང་སྤེལ་གསུམ་བྱེད་པའི་ལས་ལ་ཞུགས་དང་འཇུག་བཞིན་ཡོད་པས། འབྲི་ཆུ་སྔོན་མོའི་འགྲོས་དང་བསྟུན་ནས་ལམ་ལ་ཆས་པའི་འབའ་ཐང་གི་ཕོ་རྒོད་འདི་ཡི་ཆེས་ཐོག་མའི་ཕུགས་འདུན་ཡོངས་སུ་གྲུབ་པ་རེད། འདི་ནི་དུས་རབས་ཉི་ཤུ་ལོ་རབས་བརྒྱད་ཅུའི་དུས་ཀྱི་བོད་རིགས་ན་གཞོན་ཞིག་གི་སེམས་སུ་ཉར་བའི་རེ་བའི་ཕུགས་འདུན་ཡིན་ལ། འདི་ནི་མདོ་སྟོད་མི་ཡི་ཆོལ་ཁའི་ཁམས་པའི་ཕོ་རྒོད་ཅིག་གིས་དུས་ཀྱི་འགན་འཁྲི་ཕྲག་ལ་བླངས་ནས། མེས་པོའི་རིག་གནས་ཕྱོགས་སུ་སྤེལ་བའི་ལང་ཚོའི་ཉམས་འགྱུར་ཞིག་ཀྱང་རེད།
2007ལོའི་ཟླ་བ་7པར་ཁྲེན་ཏུའུ་རུ་《རྒྱ་བོད་དབྱིན་གསུམ་གསར་བྱུང་རྒྱུན་བཀོལ་མིང་མཛོད།》ཞིབ་བཤེར་གཏན་འབེབས་གནང་བཞིན་པ།

དུས་ཀྱི་འཕོ་འགྱུར་གདོང་གིས་བསུས་ནས་རིག་གནས་རླུང་འཕྲིན་ཕྱོགས་བཅུར་སྤེལ་བ།
        དུས་རབས་ཉེར་གཅིག་པའི་གོམ་ཁ་ཚུར་ལ་བསུས་པའི་སྤྱི་ལོ་ཉིས་སྟོང་ཐམ་པ་ལོའི་ལོ་མགོར། སི་ཁྲོན་རླུང་འཕྲིན་ལས་ཁུངས་ཀྱིས་གདན་ཞུས་ལྟར། རྒན་ཡེ་ཤེས་རྡོ་རྗེ་ལགས་ནི་རང་ཉིད་ཀྱི་ལང་ཚོ་དང་སེམས་ཤུགས་གང་མང་ཕུལ་མྱོང་བའི་མི་རིགས་སློབ་གསོའི་ལས་གནས་དང་ཁ་བྲལ་ཞིང་། ནང་སྒོས་སུ་ཆུང་དུས་ཀྱི་ཕུགས་འདུན་ལ་རེ་བའི་གཤོག་ཟུང་བསྐྲུན་མྱོང་བའི་དར་མདོ་དགེ་འོས་སློབ་གྲྭ་དང་རེ་ཞིག་ཞལ་གྱེས་ནས། ཁྲེན་ཏུའུ་གྲོང་ཁྱེར་ན་ཡོད་པའི་སི་ཁྲོན་རླུང་འཕྲིན་ལས་ཁུངས་ཀྱི་བོད་སྐད་སྡེ་ཁག་ནང་ལ་ལས་གནས་སྤར་བ་རེད། རྒན་ཡེ་ཤེས་རྡོ་རྗེ་ཡིས་སི་ཁྲོན་རླུང་འཕྲིན་ལས་ཁུངས་ནང་ནས་དུས་ཡུན་རིང་པོར་བོད་སྐད་ཡིག་གི་དགེ་རྒན་གྱི་ཕྱག་ལས་དོན་དུ་གཉེར་བའི་དགེ་མཚན་དང་འཇོན་ཐང་ལ་བརྟེན་ནས། རྒྱལ་ཁབ་ཕྱི་ནང་གི་གསར་འགྱུར་གལ་ཆེན་རྣམས་བོད་ཡིག་ལ་བསྒྱུར་ཅིང་བོད་སྐད་ཀྱི་ལམ་ནས་ཁ་བ་ཅན་གྱི་ཞིང་ཁམས་སུ་ཁྱབ་བསྒྲགས་བྱས་པ་དང་། ནང་སྒོས་སུ་བོད་ཀྱི་རིག་གནས་ཤེས་བྱའི་ཉིང་བཅུད་སྣ་ཚོགས་ཤིག་ཕ་ཨ་ཁུའི་བློ་ཁ་དང་མཐུན་ཞིང་། བུ་ཚ་བོའི་མོས་པ་དང་བསྟུན་པའི་སྒོ་ནས་ཕྱོགས་བསྒྲིགས་དང་ཁྱབ་སྤེལ་གང་ལེགས་བྱས་ཏེ་གེ་སར་སྒྲུང་གི་རྟོགས་བརྗོད་རིང་མོའི་ཁྲོད་ནས། ཕ་ཡུལ་མི་དམངས་ལ་བསམ་པའི་རྒྱགས་ཕྱེ་གྱ་ནོམ་པ་ཞིག་ཕུལ་བ་དང་བསྟུན། རིམ་བཞིན་སི་ཁྲོན་རླུང་འཕྲིན་ལས་ཁུངས་ཀྱི་བོད་སྐད་འཕྲིན་ལམ་ནི་ཁོ་དང་བཅས་པའི་མི་རིགས་ལ་དུངས་ཞེན་ཟབ་པའི་ལས་སྒྲུབ་པ་སྐོར་ཞིག་གིས་འབད་བརྩོན་བྱས་པར་བརྟེན་བོད་ཁུལ་ཡོངས་དང་། སྒོས་སུ་སི་ཁྲོན་གྱི་རྔ་བ་ཁུལ་དང་དཀར་མཛེས་ཁུལ་སོགས་ནས་དགའ་བསུ་ཐོབ་པའི་འཕྲིན་ལམ་ཞིག་ལ་གྱུར་པ་རེད། དེ་དང་བསྟུན་ནས་རྒན་ཡེ་ཤེས་རྡོ་རྗེ་ཡང་རིམ་བཞིན་སི་ཁྲོན་རླུང་འཕྲིན་ལས་ཁུངས་ཀྱི་བོད་སྐད་སྡེ་ཁག་གི་འགན་འཛིན་པར་བསྐོ་བཞག་གནང་བས། ཁོ་རང་སི་ཁྲོན་ཞིང་ཆེན་གྱི་ཚོགས་ཆེན་གཉིས་དང་རྒྱལ་ཡོངས་ཚོགས་ཆེན་གཉིས་གཙོ་བྱས་པའི་རྒྱལ་ཁབ་ཀྱི་བྱེད་སྒོ་གལ་ཆེན་དག་གི་ལོ་ཙཱའི་བྱ་གཞག་ནང་ལ་ཞུགས་པར་མ་ཟད། ད་དུང་གསར་འགྱུར་ལོ་ཙཱ་གནང་བའི་ལག་ལེན་དངོས་དང་སྦྱར་ནས། 《བོད་སྐད་རླུང་འཕྲིན་གྱི་བརྡ་ཆད་གསར་པའི་ལོ་ཙཱ་བྱེད་སྟངས་སྐོར་གླེང་བ།》ཞེས་པ་དང་། 《བོད་སྐད་གསར་འགྱུར་ལོ་ཙཱ་བྱེད་སྟངས་སྐོར་གྱི་ཐོག་མའི་དཔྱད་ཞིབ།》ཅེས་པ་སོགས་ཀྱི་རིག་གཞུང་ཞིབ་འཇུག་གི་ལས་དོན་དང་དུ་བླངས་པས། མི་རིགས་རླུང་འཕྲིན་ལས་ཁུངས་དང་བཅས་པའི་གསར་འགྱུར་ལོ་ཙཱའི་བྱ་གཞག་འཕེལ་རྒྱས་འགྲོ་བར་གཞུང་ལུགས་ཀྱི་མཛུབ་ཁྲིད་གནང་གང་ཐུབ་བྱས་པ་རེད། ཁྱད་པར་དུ་མི་རིགས་རླུང་འཕྲིན་ལས་ཁུངས་ནང་ནས་གསར་འགྱུར་ལོ་ཙྭའི་ཕྱག་ལས་གནང་བའི་གོ་རིམ་ཁྲོད་ནས། རྒན་ཁོང་གིས་བོད་ཀྱི་བརྡ་ཆད་གསར་པའི་གནད་དོན་ནི་མི་རིགས་རང་གི་སྐད་དང་ཡི་གེ་དེ་དུས་རབས་ཀྱི་འགྲོས་དང་བསྟུན་ནས་འཕེལ་རྒྱས་འགྲོ་བའི་བཀག་རྡོ་ལྟ་བུར་འགྱུར་བཞིན་ཡོད་པར་སེམས་ཁྲལ་ཆེན་པོ་ཞིག་བྱུང་བས། ཁོང་གིས་སི་ཁྲོན་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་དང་ཀྲུང་དབྱང་ཡིག་སྒྱུར་ཅུས་སོགས་ཀྱི་འབྲེལ་ཡོད་དབུ་ཁྲིད་ལ་གནས་ཚུལ་འདི་ཡར་ཞུ་བྱས་ནས་ཁོ་ཚོའི་རྒྱབ་སྐྱོར་བརྩོན་ལེན་བྱས་པར་མ་ཟད། བོད་ཀྱི་རིག་གནས་ལ་ནང་བྱང་ཆུད་པའི་སྐྱེས་ཆེན་དམ་པ་བཀྲ་ཤིས་ཚེ་རིང་དང་ཐུབ་བསྟན་ཉི་མ་སོགས་ལ་བཀའ་འདྲི་ཞུས་པ་དང་། གཙོ་སྒྲིག་པ་ཚུལ་ཁྲིམས་བློ་གྲོས་མཆོག་དང་མཉམ་པོས་བོད་ཁ་བའི་རིག་གནས་ལ་དུངས་ཞེན་ཟབ་པའི་མདོ་དབུས་ཁམས་གསུམ་གྱི་མཁས་དབང་གདན་འདྲེན་བྱས་པ་སོགས་གྲོང་ཚིག་སྐམ་པོ་ཞིག་གིས་མཚོན་དཀའ་ཞིང་། བརྗོད་པ་དུམ་བུ་ཞིག་གིས་གསལ་བཤད་མི་ཐུབ་པའི་དཀའ་སྡུག་གང་མང་བརྒྱུད་ནས། སྔ་རྗེས་སུ་《རྒྱ་བོད་དབྱིན་གསུམ་གསར་བྱུང་རྒྱུན་བཀོད་མིང་མཛོད།》དང་། 《རྒྱ་བོད་དབྱིན་གསུམ་གསར་བྱུང་རྒྱུན་བཀོལ་རིས་འགྲེལ་མིང་མཛོད།》སོགས་ཀྱི་གཙོས་པའི་བརྡ་ཆད་གསར་པའི་མིང་མཛོད་རབ་དང་རིམ་པ་ཞིག་རྩོམ་སྒྲིག་དང་པར་སྐྲུན་འགྲེམས་སྤེལ་གྱི་གོ་རིམ་ཡོངས་ལ་ཞུགས་ནས་འབད་བརྩོན་དཔག་ཏུ་མེད་པ་གནང་བས། དུས་རབས་གསར་པའི་ནང་ལ་བོད་ཀྱི་སྐད་དང་ཡི་གེ་གོང་དུ་སྤེལ་བར་བྱས་རྗེས་གང་ལེགས་ཤིག་བཞག་པར་མ་ཟད། ད་དུང་དུས་ནམ་ཡང་རང་ཉིད་དགེ་རྒན་ཞིག་ཡིན་པའི་ཐོབ་ཐང་འདི་ལོགས་སུ་བསྐྱུར་མེད་པར་ས་གང་ཞིག་དང་དུས་ནམ་ཞིག་ཡིན་རུང་། བོད་ཀྱི་རིག་གནས་འཛིན་སྐྱོང་སྤེལ་གསུམ་བྱ་རྒྱུ་དེ་སེམས་ཀྱི་གཏིང་ལ་ཉར་ཡོད་པས། སྔ་རྗེས་སུ་བོད་ཀྱི་མཁས་དབང་ཆེན་པོ་བཙན་ལྷ་ངག་དབང་ཚུལ་ཁྲིམས་སོགས་ལ་བསྟེན་ནས་བོད་ཡིག་གི་སྒྲ་གདངས་དང་སྒོས་སུ་སྦྱོར་ཀློག་གི་ཕྱོགས་ནས་ཞིབ་འཇུག་གང་མང་གནང་བར་མ་ཟད། བོད་ཀྱི་སྐད་གདངས་གཅིག་གྱུར་ཡོང་དགོས་ན་ཐོག་མར་རང་ཉིད་ནས་འགོ་རྩོམ་དགོས་པའི་འདུ་ཤེས་དང་རྣམ་འགྱུར་དྲང་མོ་ཞིག་ལ་བརྟེན་ནས། དུས་ནམ་ཡང་ཚོགས་འདུ་ཆེ་ཆུང་ཅི་རིགས་ཀྱི་ཐོག་ནས་གཏམ་བཤད་གནང་དུས་དང་མི་གཞན་ལ་གླེང་མོལ་བྱེད་དུས་ཀྱང་ཕ་ཡུལ་གྱི་ལུང་སྐད་ལོགས་སུ་བཞག་ནས་མདོ་དབུས་ཁམས་གསུམ་གྱིས་གོ་སླ་བའི་སྐད་གདངས་ཤིག་སྦྱོར་ཅི་ཐུབ་བྱས་ཤིང་། རང་ཉིད་ཀྱི་ཞིབ་འཇུག་གི་གྲུབ་འབྲས་དང་སྦྱོར་ཀློག་གི་ཤེས་བྱ་དེས་མི་གང་མང་ཞིག་ལ་ཕན་ཐོགས་ན་སྙམ་པའི་ལྷག་བསམ་གཙང་མ་ཞིག་ལ་བརྟེན་ནས། ལས་ཞོར་གྱི་ངལ་གསོའི་དུས་ཚོད་མང་པོ་ཞིག་གཏན་ནས་ཆུད་ཟོས་སུ་མ་བཏང་བར་ཧུར་ཐག་འབད་ཐག་གིས་《བོད་ཡིག་སྒྲ་སྦྱོར་གསལ་བའི་མེ་ལོང་།》དང་། 《བོད་ཀྱི་བརྡ་སྤྲོད་འགྲེལ་བཤད།》ཅེས་པ་སོགས་སྨྱན་སྦྱོར་ཀུན་འདུས་ཀྱི་བོད་ཡིག་སློབ་དེབ་རྩོམ་སྒྲིག་དང་དེའི་སྐོར་གྱི་མུ་འབྲེལ་འཆད་ཁྲིད་གནང་བ་སོགས་ཀྱི་ཐབས་ལམ་བརྒྱུད་ནས་གང་ཐུབ་ཅི་ཐུབ་ཀྱིས་བོད་ཀྱི་སྐད་དང་རིག་གནས་གོང་དུ་སྤེལ་བས། ཁོང་ནི་ཕྱི་ཡི་གསར་འགྱུར་ནང་ལ་བསྒྲགས་ཤིང་། ནང་གི་རིག་གནས་ཕྱི་ལ་སྤེལ་བའི་དུས་ཀྱི་ཕོ་ཉ་ཞིག་ཡིན་པར་མ་ཟད། ནམ་ཡང་མི་རིགས་རང་གི་སྐད་དང་ཡི་གེ་གཅེས་སུ་བཟུང་ནས་རིགས་ཀྱི་བདག་པོ་སྲུང་སྐྱོབ་བྱེད་པའི་རིག་པའི་དེད་དཔོན་ཞིག་ལ་འགྱུར་བ་རེད།
རྒྱ་གར་དུ་རྟོག་ཞིབ་ཕེབས་སྐབས་བསྐྱོན་པའི་འདྲ་པར།

རིག་གནས་སྒྱུ་རྩལ་དམིགས་སུ་བཟུང་ནས་ཁམས་པའི་བརྙན་འཕྲིན་ཐུགས་ཀྱིས་སྐྱོང་བ།
        སྤྱི་ལོ་2009ལོ་ནི་བོད་ཀྱི་བརྙན་འཕྲིན་ལས་རིགས་ཀྱི་ཁྱབ་ཁོངས་ནང་ནས་བཤད་ན་དམིགས་བསལ་གྱི་དོན་སྙིང་ལྡན་པའི་ལོ་ཞིག་རེད། རྒྱུ་མཚན་ནི་ལོ་དེར་ཁམས་པའི་བརྙན་འཕྲིན་ཁང་དངོས་སུ་བཙུགས་པས། བརྙན་འཕྲིན་འཁོར་སྐར་གྱི་ནང་ན་ཁམས་སྐད་ཀྱི་འཕྲིན་ལམ་མེད་པའི་ལོ་རྒྱུས་ལ་རྫོགས་ཚིག་བཀོད་པ་དང་བསྟུན། ཁམས་སྐད་ཀྱི་བརྡ་ལ་བརྟེན་ནས་རྒྱལ་ཁབ་ཕྱི་ནང་གི་གསར་འགྱུར་ཤེས་བྱ་སྣ་ཚོགས་ཤིག་བོད་ཁ་བའི་ཡུལ་ལུང་སོ་སོར་གཏོང་བའམ། བོད་ཀྱི་གཙུག་ལག་རིག་གནས་སྤྱི་དང་། སྒོས་སུ་ཁམས་ཕྱོགས་ཀྱི་ཐུན་མོང་མ་ཡིན་པའི་དམངས་སྲོལ་རིག་གནས་སྣ་ཚོགས་ཤིག་རྒྱལ་ཁབ་ཕྱི་ནང་གི་སྐྱེ་བོ་ཡོངས་ཀྱི་འདྲེན་བྱེད་མིག་གི་དགའ་སྟོན་དང་དར་ལུང་རྣ་བའི་གསོས་སུ་འབུལ་བའི་སྐལ་བ་བཟང་པོ་ཞིག་ཚུར་ལ་བསུས། འདི་ནི་ཁམས་ཀྱི་རོང་འབྲོག་མང་ཚོགས་ཁྲི་མ་འབུམ་གྱིས་ཡུན་རིང་རེ་སྒུག་བྱས་པ་དང་། རང་རིགས་ལ་ཤ་ཞེན་ཆེ་བའི་སྐྱེ་བོ་བློ་གྲོས་ཅན་སྐོར་ཞིག་གིས་ལོ་ངོ་མང་པོར་གོང་རིམ་ལ་ཡར་ཞུ་བྱས་པའི་དཀའ་སྡུག་གི་འབྲས་བུ་ཞིག་རེད། གལ་སྲིད་ཁམས་པའི་བརྙན་འཕྲིན་ནི་བརྡ་འཕྲིན་ཤེས་བྱའི་ལྡིང་ཁང་ནས་འཁྲུངས་པའི་དུས་ཀྱི་བུ་ཆུང་ཞིག་ཡིན་པའི་དབང་དུ་བཏང་ན། བུ་ཆུང་འདི་གཉོར་སྐྱོར་གང་ལེགས་བྱས་ནས་བདེ་ཐང་ངང་འཚར་ལོངས་ཡོང་བ་བྱ་རྒྱུ་ནི་ཁམས་པའི་བརྙན་འཕྲིན་གྱི་དབུ་ཁྲིད་རྒན་པ་དག་གི་ཕྲག་སྟེང་ལ་ལྷུང་བའི་ལས་འགན་ལྕི་མོ་ཞིག་རེད། ཉིས་སྟོང་དགུ་ལོའི་ཟླ་བ་དྲུག་པའི་ཚེས་སུམ་ཅུ་ཉིན། ཁམས་པའི་བརྙན་འཕྲིན་ཁང་འཛུགས་པའི་གྲ་སྒྲིག་ཨུ་ལྷན་དབུ་བརྙེས་པ་ནས་བཟུང་། རྒན་ཡེ་ཤེས་རྡོ་རྗེ་ཡིས་འདི་ནི་མི་རིགས་རང་གི་རིག་གནས་འཛིན་སྐྱོང་སྤེལ་གསུམ་བྱེད་པའི་རིག་པའི་སྡིངས་ཆ་གལ་ཆེན་ཞིག་ཡིན་པ་ཐུགས་ལ་དགོངས་ནས། དཀའ་སྡུག་གི་མདུན་ནས་མགོ་མི་སྒུར་བ་དང་དཀའ་ངལ་གྱི་ཁྲོད་ནས་དཔའ་མི་ཞུམ་པའི་སྙིང་སྟོབས་བརྟན་པོ་ཞིག་ཡིད་ལ་བཅངས་ཏེ། ཐོག་མའི་དུས་ཀྱི་མི་སྣ་རྩ་འཛུགས་དང་ལེ་ཚན་བཀོད་སྒྲིག་སོགས་ཀྱི་ལས་འགན་ཚང་མ་ཕྲག་ཏུ་བཞེས་ནས། ཁམས་པའི་བརྙན་འཕྲིན་ཟེར་བའི་དུས་ཀྱི་བུ་ཆུང་འདི་གཅེས་སྐྱོང་གང་ལེགས་གནང་པའི་ལམ་ལ་སྤོབས་པ་ཆེན་པོས་ཞུགས་པ་རེད།
ཁམས་པའི་བརྙན་འཕྲིན་ཁང་གི་《བྱམས་པའི་ཁ་བརྡ།》ལེ་ཚན་གྱི་ནང་དོན་སྐོར་ལ་བགྲོ་གླེང་གནང་བཞིན་པ།
        ཏག་ཏག་བགྲང་བྱ་བཅུ་ཡི་རིང་ལ། རྒན་ཡེ་ཤེས་རྡོ་རྗེ་དང་བཅས་པའི་བློ་མཐུན་རྒན་པ་སྐོར་ཞིག་གིས་འཚོལ་ཞིབ་ཀྱི་ཁྲོད་ནས་ལག་ལེན་དང་། ལག་ལེན་གྱི་ཁྲོད་ནས་མདུན་སྐྱོད་བྱེད་པའི་ཐབས་ལམ་ཞིག་གཞིར་བཟུང་སྟེ། བོད་ལ་བརྙན་འཕྲིན་ཆེད་ལས་མི་སྣ་དཀོན་པའི་དངོས་ཡོད་གནས་ཚུལ་གྱི་མདུན་ནས་སྤོབས་པ་དང་རེ་བས་ཁེངས་པའི་བོད་མདོ་དབུས་ཁམས་གསུམ་གྱི་ན་གཞོན་ཤེས་ཡོན་ཅན་མང་པོ་ཞིག་ཚུར་ལ་བསུས་ཤིང་། ཁོ་ཚོ་རང་རང་སོ་སོའི་འཇོན་ཐང་དང་དགའ་ཁ་འཁྱེར་ཕྱོགས་ལྟར་ལས་གནས་བཀོད་སྒྲིག་བྱས་ཏེ་མཛུབ་མོས་རིས་སྟོན་དང་ལག་ལེན་དམར་ཁྲིད་ཀྱི་ལམ་ནས་མི་སྣ་རེ་རེ་བཞིན་གསོ་སྐྱོང་བྱས་པས། རིམ་བཞིན་བོད་ཡུལ་སྟོད་སྨད་བར་གསུམ་དང་རྒྱལ་ཁབ་ཕྱི་ནང་ཡོངས་ལ་སྙན་པའི་གྲགས་པ་རྒྱས་པའི་མདོ་འཛིན་པ་སྐོར་ཞིག་ཐོན་པར་མ་ཟད། བོད་རང་གི་ལོ་ཙཱ་བ་དང་བརྙན་ལེན་པ། སྐད་སྦྱོར་བ། སྒྲིག་བཟོ་པ་སོགས་ཀྱི་ཆེད་ལས་མི་སྣ་གང་མང་ཞིག་རིམ་བཞིན་འཚར་ལོངས་བྱུང་བས། བོད་ཀྱི་བརྙན་འཕྲིན་ལས་རིགས་གོང་དུ་སྤེལ་བར་ལེགས་པའི་མཐུན་རྐྱེན་གྱ་ནོམ་པ་ཞིག་བསྐྲུན་པ་རེད། ནང་སྒོས་སུ་རྒན་ཡེ་ཤེས་རྡོ་རྗེ་ཡིས་ཁམས་པའི་བརྙན་འཕྲིན་ཁང་ནས་ཆེད་དུ་རིག་གནས་སྒྱུ་རྩལ་སྐོར་གྱི་བྱ་གཞག་ཁུར་དུ་བླངས་ཏེ། ཁོང་གིས་ཐད་ཀར་དུ་མཛུབ་སྟོན་གནང་བའི་འོག་ནས་《བྱམས་པའི་ཁ་བརྡ།》དང་《འཆད་ཁྲིད་སྒྲོན་མེ།》ལྟ་བུའི་རིག་གནས་ལེ་ཚན་སྒྲིག་བཟོ་བྱས་ནས། འཕྲལ་ཕུགས་གཉིས་སུ་མཁོ་བའི་ཤེས་བྱ་རེ་རེ་ནི་གོ་སླ་ཞིང་ཉན་སྤྲོ་བའི་ལམ་ནས་རྒྱལ་ཁབ་ཕྱི་ནང་ཡོངས་ཀྱི་བོད་པའི་རིག་གནས་ལ་དུངས་ཞེན་ཟབ་པའི་ལྟད་མོ་བ་དག་གི་མིག་གི་དཔྱིད་དང་རྣ་བའི་གསོས་སུ་ཕུལ་བས། ཁོ་ཚོ་ལ་རིག་གནས་ཀྱི་གསོལ་སྟོན་རྒྱ་ཆེན་པོ་ཞིག་བཤམས་པར་མ་ཟད། བོད་མདོ་དབུས་ཁམས་གསུམ་གྱི་ཆེད་ལས་མཁས་པ་བགྲང་ལས་འདས་པ་ཞིག་གདན་དྲངས་ནས་མ་རྟོག་ལོག་རྟོགས་དང་མ་དག་རྒྱུན་འབྱམས་ཀྱི་གནད་དོན་རེ་རེ་གསེད་དཀྲོལ་བྱས་ཏེ་ཁ་བ་རི་བའི་རིག་གནས་ཀྱི་ངོ་བོ་གཙང་མ་སྲུང་སྐྱོབ་བྱས་པས། བོད་ཀྱི་སྐད་དང་རིག་གནས་གོང་དུ་སྤེལ་བའི་དུས་ཀྱི་སྡིངས་ཆ་གལ་ཆེན་ཞིག་ལ་གྱུར། དེ་མ་ཟད་བོད་ཁམས་ནི་གླུ་གར་གྱི་རྒྱ་མཚོ་ལྟ་བུ་ཞིག་དང་། དེ་ལས་ཀྱང་ཁམས་ཀྱི་ས་ཕྱོགས་འདི་ནི་གླུ་གཞས་ཀྱི་ཕ་ས་ལྟ་བུ་ཞིག་ལ་བསྔགས་པས། ཁོང་གིས་མཛུབ་སྟོན་གནང་བའི་འོག་ནས་《ཁམས་པའི་དགའ་ཚལ།》ལྟ་བུའི་བོད་ཀྱི་གླུ་གཞས་སྒྱུ་རྩལ་འགྲེམས་སྟོན་བྱེད་པའི་གར་སྟེགས་ཤིག་བསྐྲུན་པར་མ་ཟད། ཁྱད་པར་དུ་རྒན་ཡེ་ཤེས་རྡོ་རྗེ་ཡིས་ཐད་ཀར་དུ་ཇུས་འགོད་དང་མཛུབ་སྟོན་གནང་བར་བརྟེན་ནས་《བཀྲ་ཤིས་ལོ་སར།》དང་།《དགའ་སྐྱིད་ཤམ་བྷ་ལ།》 《འབའ་བའི་རང་སྒྲ།》སོགས་བོད་ཁམས་ཡོངས་དང་རྒྱལ་ཁབ་ཕྱི་ནང་གི་ལྟད་མོ་བ་རྣམས་ཀྱིས་དགའ་བསུ་ཐོབ་པའི་ལོ་སར་དགོང་ཚོགས་དང་ཆེད་སྒྲིག་དགོང་ཚོགས་སྤེལ་ནས། བོད་པའི་དམངས་སྲོལ་རིག་གནས་ཀྱི་མཚར་སྡུག་གི་གཟི་ཉམས་རེ་རེ་རྒྱ་ཆེ་བའི་ལྟད་མོ་བའི་མིག་གི་དགའ་སྟོན་དུ་ཕུལ་ལ། དགོང་ཚོགས་ཀྱི་བརྗོད་དོན་དང་སྒྲིག་བཟོ་བྱེད་སྟངས་གང་གི་ཐད་ནས་ཀྱང་ཁྱད་དུ་འཕགས་ཤིང་འབུར་དུ་ཐོན་པས། དཔེར་ན་《བཀྲ་ཤིས་ལོ་སར།》དང《འབའ་བའི་རང་སྒྲ།》ལྟ་བུ་ལ་རྒྱལ་ཡོངས་དཔྱིད་གསར་དུས་ཆེན་གྱི་བརྙན་འཕྲིན་དགོང་ཚོགས་ཀྱི་འགྲན་རིམ་ཁྲོད་ནས་ཨང་དང་པོའི་བྱ་དགའ་ཐོབ་པ་རེད། འདི་ཡི་གོ་རིམ་ཁྲོད་ནས་ཁོང་གིས་མཛུབ་སྟོན་དང་སྒྲིག་འཛུགས་ཀྱི་ལས་འགན་བཞེས་པར་མ་ཟད། ད་དུང་རང་ཉིད་དགའ་ཞེན་ཆེ་བའི་གླུ་གཞས་སྒྱུ་རྩལ་གྱི་འཇོན་ནུས་རྩལ་དུ་སྤྲུགས་ནས། དཔེར་ན་《ལྷོ་འཛམ་བུ་གླིང་གི་རྒྱན་ཆ།》དང་།《དཀར་གསལ་ཟླ་འོད།》 《འཛམ་གླིང་ཡང་རྩེ།》 《ཀ་ཁའི་གླུ།》《ཉི་མ་ལྷ་ས།》ཞེས་པ་སོགས་གོ་བདེ་ཞིང་ཉན་སྤྲོ་བའི་གླུ་ཚིག་གང་མང་ཞིག་གསར་རྩོམ་གནང་བ་ལ་བོད་རིགས་ཀྱི་གླུ་པ་གླུ་མ་དང་རྒྱ་ཆེའི་ལྟད་མོ་བ་དག་གིས་དགའ་བསུ་ཐོབ་པས་བོད་ཀྱི་གླུ་གར་ལས་རིགས་གོང་དུ་སྤེལ་བར་ཕྱོགས་གང་ཅིའི་ཐད་ནས་རང་གི་འཇོན་ཐང་འབུལ་བ་དང་བྱས་རྗེས་བཞག་པ་རེད། མ་གཞི་བརྙན་འཕྲིན་གྱི་ལས་དོན་འདི་ནི་ཧ་ཅང་ཞིབ་ཚགས་ཆེ་བའི་ལས་ཀ་ཞིག་ཡིན་པས་ཁོམ་ལོང་གི་དུས་ཚོད་ཅིག་གཏན་ནས་མེད་རུང་། ཕ་ཡུལ་འབའ་ཐང་ནས་རྒྱང་བཞུད་ཀྱི་གོམ་ཁ་སྤོས་པའི་ཉིན་མོ་དེ་ནས་བཟུང་། རང་གི་སྐད་དང་ཡི་གེ་ལ་བརྟེན་ནས་མི་རིགས་ཀྱི་རིག་གནས་འཛིན་སྐྱོང་སྤེལ་གསུམ་བྱེད་པའི་ཕུགས་འདུན་བརྟན་པོ་ཞིག་ཡིད་ལ་བཅངས་པས། སྔ་རྗེས་སུ་དར་མདོ་མི་རིགས་དགེ་འོས་སློབ་གྲྭ་དང་སི་ཁྲོན་མི་རིགས་རླུང་འཕྲིན་ལས་ཁུངས། ཁམས་པའི་བརྙན་འཕྲིན་ཁང་སོགས་ནས་ཕྱག་ལས་གནང་བའི་གོ་རིམ་ཁྲོད་དུ། བོད་ཀྱི་སྐད་དང་རིག་གནས་གོང་དུ་སྤེལ་ཞིང་། གསར་འགྱུར་ལོ་ཙཱ་དང་བརྡ་ཆད་གསར་པ་རྩོམ་སྒྲིག་གནང་བ། བོད་པའི་སྲོལ་རྒྱུན་རིག་གནས་སྤྱི་དང་སྒོས་སུ་སྒྱུ་རྩལ་རིག་གནས་རྒྱུན་འཛིན་དང་ཁྱབ་སྤེལ་སོགས་ཀྱི་བྱ་གཞག་གང་མང་ལ་འབད་བརྩོན་བྱས་དང་བྱེད་བཞིན་ཡོད་ལ། གྲུབ་འབྲས་བླངས་དང་ལེན་བཞིན་ཡོད་པས། ད་ལྟ་དབུ་སྐྲའི་ཉག་མ་རེ་རེ་ལ་དུང་མདོག་གི་རང་མདངས་འཛིན་བཞིན་ཡོད་ནའང་། ནང་ལོགས་ཀྱི་གྲོང་ཁྱེར་འདི་ནས་ཕ་སྐད་སྲུང་སྐྱོབ་བྱེད་པའི་རིགས་ཀྱི་དར་ཆ་ཞིག་གི་ཚུལ་དུ་སྔར་བཞིན་སྟོབས་ཀྱིས་འགྱིང་ཡོད་ལ། བརྙན་འཕྲིན་གྱི་སྡིངས་ཆ་འདི་ནས་གངས་ཅན་གཙུག་ལག་རིག་གནས་ཁྱབ་སྤེལ་བྱེད་པའི་ལས་ལ་སྔར་ལྟར་སྤྲོ་བས་འཇུག་བཞིན་ཡོད་པས། མི་རིགས་ཀྱི་སྐད་དང་ཡི་གེ་ནི་ཁམས་པའི་ཕོ་རྒོད་འདི་ཡི་རུས་རྐང་ན་ཟུག་པའི་འགྱུར་མེད་ཀྱི་དམ་བཅའ་ཞིག་ཡིན་ལ། ཁམས་པའི་བརྙན་འཕྲིན་ཁང་ནི་དམ་བཅའ་འདི་ལག་ལེན་དུ་བསྟར་བའི་རིག་གནས་ཀྱི་སྡིངས་ཆ་ཞིག་ཡིན་པས། ཁོང་གིས་སྡིངས་ཆ་འདིའི་སྟེང་ནས་རང་ཉིད་ཀྱི་ཡོད་ཚད་བློས་གཏོང་བའི་སྙིང་སྟོབས་དང་བརྟུལ་ཞུགས་འདི་ལ་རྗེས་སུ་ཡི་རང་ཞུའོ། །
2014ལོར་དཀར་མཛེས་ཁུལ་སྐྱ་གད་ལུང་པ་ནས་《འཆད་ཁྲིད་སྒྲོན་མེ།》ལེ་ཚན་ཕབ་ལེན་གནང་བཞིན་པ།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1