གཙོ་ངོས།>> ཞིབ་འཇུག>>ཀུན་འདུས།

ཉི་མ་ཚེ་རིང་། མགོན་པོ་དཔལ་ལྡན། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། ༢༠༡༩ལོའི་ཟླ་བ་༠༧ཚེས་༡༥ཉིན།

༄༅།། བོད་རྒྱ་སྐད་གཉིས་ཁྲིམས་རིག་པའི་ཆེད་ལས་འཐུས་ཚང་དུ་གཏོང་བའི་ཐད་ཀྱི་བསམ་གཞིག་འགའ།


ཉི་མ་ཚེ་རིང་། མགོན་པོ་དཔལ་ལྡན།
དང་པོ། སྐད་གཉིས་ཀྱི་ཆུ་ཚད་དོ་མཉམ་པའི་སློབ་མ་བསྡུ་དགོས།
        ང་ཚོའི་ཆེད་ལས་འདིར་མཚོན་ན། སྐད་གཉིས་ལོ་ཙཱའི་བྱ་བ་དང་དམ་པོར་འབྲེལ་ཡོད་པས། སློབ་མ་རྣམས་ལ་བོད་ཡིག་དང་རྒྱ་ཡིག་གི་ཡིག་རྩལ་བཟང་དགོས། རྒྱ་ཡིག་གི་ཆུ་ཚད་བཟང་ཞིང་བོད་ཡིག་གི་ཆུ་ཚད་ཤིན་ཏུ་ཞན་ན། ཆེད་ལས་སློབ་པར་དཀའ་ངལ་མེད་རུང་། ཆེད་ལས་ལོ་ཙཱའི་ཐད་ནས་དཀའ་ངལ་ལ་འཕྲད་སྲིད། ཡང་བོད་ཡིག་གི་ཆུ་ཚད་བཟང་ཡང་རྒྱ་ཡིག་གི་ཆུ་ཚད་ཞན་ན། ཆེད་ལས་སློབ་པར་དཀའ་ཁག་ཆེ་བ་དང་། ལོ་ཙཱ་བྱེད་སྐབས་མ་ཡིག་ལ་གོ་བ་ལོན་དཀའ་བའི་གནད་དོན་འབྱུང་སྲིད། དེ་བས་ང་ཚོས་དངོས་གཞི་སློབ་མ་བསྡུ་སྐབས་བོད་རྒྱ་སྐད་གཉིས་ཀྱི་ཡིག་ཚད་བཟང་པོའི་གྲས་བསྡུ་ཅི་ཐུབ་བྱ་དགོས། དེ་ལྟར་བྱས་ན་ཆེད་ལས་འདི་ངེས་དོན་གྱི་སྐད་གཉིས་ཁྲིམས་རིག་པའི་ཆེད་ལས་ཤིག་ཏུ་འགྱུར་ཐུབ་པར་མ་ཟད། སྤྱི་ཚོགས་ཀྱི་དགོས་མཁོ་འང་སྐོང་ཐུབ། ང་ཚོའི་སློབ་ཆེན་འགའ་རེར། ཆེད་ལས་འདིའི་སྐོར་ལ། འཛིན་གྲྭ་གཅིག་གི་ནང་དུ་བོད་ཡིག་གི་ཆུ་ཚད་སློབ་ཆུང་གི་ཚད་གཞིར་མ་གཏོགས་སླེབས་མེད་པའི་གྲངས་འབོར་གྱིས་ཕྱེད་ཀའམ་མང་ཤོས་ཟིན་པའི་གནས་ཚུལ་བྱུང་དང་འབྱུང་བཞིན་འདུག འཛིན་གྲྭ་ཞིག་ལ་མཚོན་ན། བོད་རྒྱ་སྐད་གཉིས་ཀྱི་ཆུ་ཚད་དོ་མ་མཉམ་ཚེ། ཕྱོགས་གཅིག་ནས་དགེ་རྒན་གྱིས་སློབ་ཁྲིད་བྱེད་སྐབས་དཀའ་ཁག་རབ་དང་རིམ་པར་འཕྲད་སྲིད་ལ། ཕྱོགས་གཞན་ཞིག་ནས་བསླབ་ཚན་བཀོད་སྒྲིག་ཡང་དག་པ་ཞིག་བྱེད་ཐབས་མེད། བསླབ་ཚན་བཀོད་སྒྲིག་གི་བྱ་བར་འཐུས་ཤོར་བྱུང་ཚེ། སློབ་མའི་སློབ་སྦྱོང་གི་སྤྲོ་སྣང་དང་། དགའ་ཕྱོགས་ལ་གནོད་པ་ཐེབས་སྲིད། ལྷག་པར་དུ་སྐད་གཉིས་ཁྲིམས་རིག་པའི་ཆེད་ལས་ཞེས་བཏགས་ཀྱང་དེ་ནི་གཏམ་སྔ་ཚིག་གིས་ཕྱི་ཚིག་མི་ནོན་པའི་འགལ་བ་ཁོ་ནར་འགྱུར་རོ༎ ངེས་པ་དོན་གྱིས་སྐད་གཉིས་ཁྲིམས་རིག་པའི་ཆེད་ལས་ཀྱི་ཤེས་ལྡན་མི་གསོ་སྐྱོང་བྱ་དགོས་ན། བོད་རྒྱ་སྐད་གཉིས་ཀྱི་ཆུ་ཚད་དོ་མཉམ་པའི་སློབ་མ་བསྡུ་བའི་ཕྱོགས་ལ་གཙིགས་ཆེན་བྱ་དགོས།
        བོད་རྒྱ་སྐད་གཉིས་ཀྱི་ཆུ་ཚད་བཟང་ཞིང་དོ་མཉམ་པའི་སློབ་མ་བསྡུ་བའི་བྱ་བ་འདི་ལེགས་པར་འཁྱོང་ཚེ། ཆེད་ལས་འདིའི་སློབ་མ་རྣམས་མཐར་ཕྱིན་རྗེས་སྤྱི་ཚོགས་ཀྱི་ལས་གནས་སུ་བོད་རིགས་མང་ཚོགས་ལ་ཞབས་ཞུ་སྒྲུབ་ཐུབ་པའི་མི་སྣ་འཇོན་ཐང་ཅན་དུ་འགྱུར་བར་མ་ཟད། ལྷག་པར་དུ་ང་ཚོའི་ས་གནས་འགའ་རེའི་འབུ་ཆེས་ཆུང་ཟོས་ཀྱིས་ཁྲིམས་གཏོང་ལུང་སྒྱུར་བྱེད་པའི་སྤྱོད་ངན་གྱི་སྲོལ་ཇེ་ཉུང་དང་ཡང་ན་མེད་པར་བཟོ་ཐུབ།

གཉིས་པ། ཆེད་ལས་ཀྱི་དགེ་རྒན་སྐྱོང་དགོས།
        མི་རིགས་སློབ་གྲྭ་སོ་སོས་ཆེད་ལས་འདི་ཚུགས་རྗེས་འཕྲད་པའི་དཀའ་གནད་གཙོ་བོ་ཞིག་ནི། སློབ་མ་རྣམས་ལ་སྐད་གཉིས་ཀྱི་ལམ་ནས་ཆེད་ལས་སློབ་ཁྲིད་གནང་ཐུབ་མཁན་གྱི་དགེ་རྒན་ཤིན་ཏུ་དཀོན་པ་དེའོ། ། འདིར་བཤད་པའི་བོད་རྒྱ་སྐད་གཉིས་ཀྱི་ཁྲིམས་རིག་པའི་དགེ་རྒན་ཞེས་པ་ནི། སྐད་གཉིས་དང་ཆེད་ལས་ལ་མཁས་པར་གོ་དགོས། ཆེད་ལས་ལ་མཁས་ཀྱང་། བོད་སྐད་ཅུང་ཟད་བཤད་ཐུབ་པ་ལས། བོད་ཡིག་ལྟ་ཀློག་ཙམ་ཡང་མི་ནུས་པའང་ཡོད་མོད། དེ་ལ་བོད་རྒྱ་སྐད་གཉིས་ཀྱི་ཁྲིམས་རིག་པའི་དགེ་རྒན་ཞེས་པའི་མཚན་ཉིད་འཇོག་ཐབས་མེད། རྒྱུས་ལོན་བྱས་པ་ལྟར་ན། གོང་གསལ་མི་རིགས་སློབ་གྲྭ་ཆེན་མོ་འདི་དག་ལས་ཀྲུང་དབྱང་མི་རིགས་སློབ་ཆེན་དང་། ལྷོ་ནུབ་མི་རིགས་སློབ་ཆེན་དང་། མཚོ་སྔོན་མི་རིགས་སློབ་ཆེན་དང་། ཀན་སུའུ་མི་རིགས་དགེ་ཐོན་སློབ་གླིང་བཅས་ལ་སྐད་གཉིས་ཁྲིམས་རིག་པའི་ཆེད་ལས་ཀྱི་དགེ་རྒན་གཅིག་ཀྱང་མེད་པ་དང་། མཚོ་སྔོན་མི་རིགས་དགེ་ཐོན་སློབ་ཆེན་ལ་ཆེད་ལས་འདིར་སྐད་གཉིས་དགེ་རྒན་གཅིག་དང་། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོར་ཆེད་ལས་འདིར་སྐད་གཉིས་ཀྱིས་སློབ་ཁྲིད་གནང་མཁན་གྱི་དགེ་རྒན་གསུམ་བཅས་མ་གཏོགས་མེད་དོ། ། སློབ་གྲྭ་ཆེན་མོའི་ཆེད་ལས་ཤིག་ལ་མཚོན་ན། གནད་དོན་འདི་ནི་ཤིན་ཏུ་ཚབས་ཆེན་རང་བཞིན་ཅན་ཞིག་རེད། གནད་དོན་འདི་ཐག་གཅོད་མ་ཐུབ་ན། བོད་རྒྱ་སྐད་གཉིས་ཁྲིམས་རིག་པའི་ཆེད་ལས་བཙུགས་ཀྱང་། དེས་སྐད་གཉིས་ཀྱི་ཆེད་ལས་ལ་ནུས་པ་མི་ཐོན་པ་དང་། དེ་དང་འབྲེལ་བའི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་ཐབས་མེད། མ་ཟད་ཆེད་ལས་འདི་ལས་མཐར་ཕྱིན་པའི་སློབ་མ་རྣམས་ཀྱིས་ས་གནས་སོ་སོའི་ཁྲིམས་དང་འབྲེལ་བའི་ལས་ཁུངས་སུ་བོད་མང་ཚོགས་ལ་ཕན་ཆེན་པོ་མི་ཐོགས། རྒྱུ་མཚན་ནི་དངོས་གཞི་སློབ་མ་རྣམས་ལ་མཚོན་ན། བོད་ཡིག་དང་རྒྱ་ཡིག་གི་ཆུ་ཚད་བརྟན་པོ་མེད་ཁར། སྐད་གཉིས་ཀྱི་ཁྱད་ཆོས་དང་། དགོས་པ་སོགས་གསལ་བོར་རྟོགས་དཀའ་བས། བསླབ་ཚན་གཙོར་འཛིན་གྱིས་ཕྱོགས་གཅིག་ལ་ལྷུང་བའི་ཉེན་ཁ་ཆེ་ཞིང་། ཆེད་ལས་ཡིག་བསྒྱུར་གྱི་ཕྱོགས་ནས་ཀྱང་སེམས་ཤུགས་རང་བཞིན་གྱིས་ལྷོད་པར་འགྱུར་བས། ལས་གནས་ཀྱི་དགོས་མཁོ་སྐོང་ཐུབ་པའི་མི་འཇོན་ཐང་ཅན་དུ་འགྱུར་དཀའོ། །
        འོ་ན་ཆེད་ལས་འདི་བཙུགས་ནས་ལོ་མང་པོ་འགོར་མེད་པས། དགེ་རྒན་གསོ་སྐྱོང་གི་ཐད་དང་། སྐད་གཉིས་ཆེད་ལས་ཀྱི་དགེ་རྒན་ནང་འདྲེན་བྱེད་ཡུལ་མེད་པའི་གནད་དོན་འདི་ཐག་གཅོད་ཇི་ལྟར་བྱ་དགོས་སྙམ་ན། ཁོ་བོའི་འདོད་ཚུལ་ནི། ད་ལྟ་ང་ཚོས་དུས་ཐུང་ངུའི་ནང་མྱུར་དུ་ཐག་གཅོད་དགོས་པའི་གནད་དོན་ནི། སློབ་ཆེན་སོ་སོའི་བོད་ཡིག་སློབ་གླིང་ནས་བོད་རྒྱ་ལོ་ཙཱའི་ཆེད་ལས་ཀྱི་ཚུ་ཚད་མཐོ་བའི་འབུམ་རམས་པ་དང་། ཡང་ན་ཞིབ་འཇུག་སློབ་མ་དགེ་རྒན་དུ་བསྐོས་ནས། ཀྲུང་གོའི་སྲིད་ཁྲིམས་སློབ་གྲྭ་ཆེན་མོ་སོགས་སུ་ལོ་གཉིས་ནས་གསུམ་བར་དུ་ཆེད་ལས་སློབ་གཉེར་བྱེད་པར་མངགས་ན་ད་གཟོད་གནད་དོན་འདི་ཐག་གཅོད་ཐུབ་པར་འདོད་དོ། ། བོད་རྒྱ་ལོ་ཙཱའི་ཆེད་ལས་ཀྱི་འབུམ་རམས་པ་དང་། ཞིབ་འཇུག་སློབ་མར་མཚོན་ན། སྐད་གཉིས་ཀྱི་ཤེས་བྱ་འཛོམས་ཤིང་། གཞུང་ལུགས་དང་ལྟ་བའི་ཐད་ནས་རང་རྐྱ་འཕེར་བའི་ཚད་དུ་སླེབས་ཡོད་པས། ཆེད་ལས་སློབ་པར་དཀའ་ཁག་ཆེན་པོར་འཕྲད་མི་སྲིད། དེ་བཞིན་བོད་ཡིག་དང་རྒྱ་ཡིག་གི་རྨང་གཞི་བརྟན་ཁར་ཆེད་ལས་ལེགས་པོ་བསླབ་ཚེ། ངེས་དོན་གྱི་བོད་རྒྱ་སྐད་གཉིས་ཁྲིམས་རིག་པའི་དགེ་རྒན་ཞིག་ཏུ་འགྱུར་ཐུབ། ད་སྐབས་ཀྱི་གནས་བབ་ལ་གཞིག་ན། ང་ཚོས་བྱེད་ཐབས་འདི་སྤྱད་ན། དུས་ཐུང་ངུའི་ནང་བོད་རྒྱ་སྐད་གཉིས་ཁྲིམས་རིག་པའི་ཆེད་ལས་ཀྱི་དགེ་རྒན་མྱུར་དུ་གསོ་སྐྱོང་དང་། དགེ་རྒན་གྱི་དཔུང་སྡེ་འཛུགས་སྐྲུན་བྱེད་ཐུབ། དེ་མ་ཡིན་པར། ཆེད་ལས་འདིའི་སྐོར་གྱི་དངོས་གཞི་སློབ་མ་རྣམས་སློབ་མཐར་ཕྱིན་རྗེས། ཞིབ་འཇུག་སློབ་མར་གསོ་སྐྱོང་བྱེད་དགོས་པ་དང་། དེ་དག་མཐར་མ་ཕྱིན་པའི་བར་དུ་བསྒུགས་ན། མ་མཐའ་ཡང་ལོ་བདུན་བརྒྱད་ཙམ་འགོར་ངེས་པས། ང་ཚོའི་བོད་རྒྱ་སྐད་གཉིས་ཀྱི་ཁྲིམས་རིག་པའི་ཆེད་ལས་འདི་གོང་འཕེལ་དུ་གཏོང་བར་གོམས་སྟབས་དལ་དྲགས་པའི་སྣང་ཚུལ་འབྱུང་ངེས་སོ༎

གསུམ་པ། བསླབ་ཚན་བཀོད་སྒྲིག་ཚན་རིག་དང་མཐུན་དགོས།
        ཆེད་ལས་ཀྱི་བསླབ་ཚན་བཀོད་སྒྲིག་ཐད་ནས་གནད་དོན་ཆེར་མི་འབྱུང་ཡང་། གཙོ་བོ་བོད་ཡིག་དང་རྒྱ་ཡིག་གི་རྨང་གཞི་ཇེ་བརྟན་དུ་གཏོང་བའི་བསླབ་ཚན་བཀོད་སྒྲིག་ལ་གནད་དོན་འབྱུང་བཞིན་འདུག གནད་དོན་འདིས་ལོ་ཙཱ་དང་། བོད་རྒྱ་མི་རིགས་ཀྱི་རིག་གནས་ལ་རྒྱུས་ལོན་བྱེད་པར་གནོད་པ་ཐེབས་ཡོད། དེ་བས་མི་རིགས་སློབ་ཆེན་སོ་སོས་རང་གི་ཁྱད་ཆོས་དང་། དངོས་གཞི་སློབ་མའི་གནས་ཚུལ་ལ་གཞིག་ནས་བསླབ་ཚན་བཀོད་སྒྲིག་ཚན་རིག་དང་མཐུན་དགོས་པ་ལས། གཞན་གྱི་བསླབ་ཚན་བཀོད་སྒྲིག་ཇི་མ་ཇི་བཞིན་དུ་བཀོལ་མི་རུང་སྟེ། ཀྲུང་དབྱང་མི་རིགས་སློབ་ཆེན་དང་། ལྷོ་ནུབ་མི་རིགས་སློབ་ཆེན་ལ་མཚོན་ལ། བོད་ཡིག་དང་རྒྱ་ཡིག་གི་ཆུ་ཚད་དོ་མཉམ་པའི་སློབ་མ་ཡོད་ལ། བོད་ཡིག་གི་ཆུ་ཚད་ཤིན་ཏུ་ཞན་པའི་སློབ་མའང་ཡོད་པས། དེ་ལ་དེར་བསྟུན་གྱིས་བོད་ཡིག་དང་རྒྱ་ཡིག་གི་བསླབ་ཚན་ཀྱང་བཀོད་སྒྲིག་བྱས་ན་ལེགས། ཆེད་ལས་སློབ་པའི་ཞོར་དུ་བོད་རྒྱ་མི་རིགས་གཉིས་ཀྱི་རིག་གནས་ལོ་རྒྱུས་ཤེས་བྱ་བཅས་ལ་གོ་བ་མི་དམན་པ་ལོན་དགོས། དེ་ལྟར་མ་ཡིན་པར། ཆེད་ལས་རྐྱང་རྐྱང་ཁོ་ན་སྦྱངས་ཚེ། ཞུ་མཁན་མེད་ན་རྒྱ་སྐྱེགས་ཆུ་དང་འདྲ་བའི་དཔེ་རུ་འགྱུར་སྲིད།
        ང་ཚོའི་སློབ་གླིང་ལྟ་བུར་མཚོན་ན། སློབ་མ་བསྡུ་ལེན་བྱེད་སྐབས་བོད་རྒྱ་སྐད་གཉིས་ཀྱི་ཆུ་ཚད་བཟང་ཞིང་དོ་མཉམ་པ་རྣམས་བསྡུས་ཡོད་པས། བོད་ཡིག་གི་རྨང་གཞིའི་ཤེས་བྱ་སྐོར་བསླབ་ཚན་དུ་བཀོད་སྒྲིག་བྱས་ན། སློབ་མའི་བློ་ཁ་དང་གཏན་ནས་མི་འཚམ་པས། བོད་ཀྱི་རིག་གནས་ལོ་རྒྱུས་སྤྱི་བཤད་དང་། སུམ་རྟགས་དང་། གངས་ལྗོངས་མཁས་དབང་རིམ་བྱོན་གྱི་རྩོམ་ཡིག་གཅེས་བཏུས་དང་། བོད་ཀྱི་ཁྲིམས་ལུགས་བྱུང་འཕེལ་གྱི་ལོ་རྒྱུས་སོགས་བཀོད་སྒྲིག་བྱས་ཡོད་ལ། རྒྱ་ཡིག་གི་ཕྱོགས་ནས་ཀྱང་བརྡ་སྤྲོད་ཀྱི་སྐོར་དང་། རྒྱའི་སློབ་ཆེན་གྱི་སྐད་ཡིག་དང་། གནའ་རྩོམ་གྲགས་ཅན་སོགས་ཀྱི་སྐོར་བཀོད་སྒྲིག་བྱས་ཡོད། འདི་དག་ནི་ངེས་པར་དུ་སྦྱོང་དགོས་པའི་བསླབ་ཚན་ཡིན། བོད་རྒྱ་རིག་གནས་ཀྱིས་རྒྱབ་དཔུང་བརྟན་པའི་ཁར་ཆེད་ལས་ལེགས་པར་སྦྱངས་ན་ད་གཟོད་མིང་དོན་མཚུངས་པའི་སྐད་གཉིས་ཁྲིམས་རིག་པའི་ཆེད་ལས་ཤེས་ལྡན་མི་སྣ་ཞིག་ཏུ་གསོ་སྐྱོང་བྱེད་ཐུབ།

བཞི་པ། སྐད་གཉིས་ཤན་སྦྱར་གྱི་ཚིག་མཛོད་བསྒྲིག་དགོས།
        ད་བར་དུ། ང་ཚོ་བོད་ཁམས་ཡོངས་ལ་ཆེད་ལས་འདིའི་སྐོར་ནས་གཅིག་གྱུར་གྱི་སྐད་གཉིས་ཤན་སྦྱར་ཚིག་མཛོད་ཡང་དག་ཚད་ཐུབ་ཅིག་མེད། མདོ་དབུས་ཁམས་གསུམ་གྱི་ཆེད་ལས་མི་སྣས་རང་འདོད་ལྟར་བཅའ་ཁྲིམས་ཐ་སྙད་ཤན་སྦྱར་བྱས་པ་འགའ་རེ་ཡོད་མོད། དེ་དག་ནི་ཞིབ་ཆ་ཆུ་ཐུབ་དང་ཞིབ་མོ་རྣམ་འཐག་ཅིག་མིན། དཔེར་དྲངས་ན་ཤིན་ཏུ་མང་ཡང་། ཚིག་ཚོགས་བསྐྱུང་ཕྱིར་བསྡུས་ཏེ་མ་བཤད། གཞི་རིམ་གྱི་མི་དམངས་ཁྲིམས་ཁང་། ཁྲིམས་འཛིན་ལས་ཁུངས། མི་དམངས་ཞིབ་དཔྱོད་ཁང་། སྤྱི་བདེ་ལས་ཁུངས་སོགས་ཀྱིས་ཀྱང་རང་རང་གི་འདོད་བློ་ལྟར་ལོ་ཙཱ་བྱེད་བཞིན་ཡོད་པས། བོད་རིགས་མང་ཚོགས་ཀྱིས་གྱོད་དོན་སྐོར་གྱི་གཏུག་ཡིག་དང་སྙན་ཞུ་སོགས་འབྲི་དགོས་པའམ་ཡང་ན་ལོ་ཙཱ་བྱེད་དགོས་ཚེ། མི་འུ་ཐུག་ནས་ལྷར་དྲིས། ལྷ་ཐབས་ཟད་ནས་རྫུན་བཤད་ཅེས་པའི་དཔེ་བཞིན། ཆེད་ལས་བཅའ་ཁྲིམས་ཡིན་མིན་ཅི་རིགས་ལ་སྐྱབས་བཅོལ་དགོས་བྱུང་བ་དང་། བཅའ་ཁྲིམས་ཀྱི་ཐ་སྙད་མང་པོ་ཞིག་ལ་གཅིག་གྱུར་གྱི་ཡིག་སྒྱུར་ཚད་ཐིག་ཅིག་མེད་པའི་དབང་གིས་ཡིག་སྒྱུར་གྱི་གོ་རིམ་ཁྲོད་ཚིག་སྐྱོན་དང་དོན་སྐྱོན། དོན་ལོག་པར་བསྒྱུར་བ་སོགས་ཀྱི་གནད་དོན་བྱུང་དང་འབྱུང་བཞིན་ཡོད། གནད་དོན་དེས་གྱོད་དོན་གྱི་ངོ་བོར་འགྱུར་ལྡོག་གཏོང་བས། ཉེས་མེད་ཉེས་འགེལ་དང་མ་ཉེས་ཁ་གཡོགས་སོགས་ཀྱི་སྣང་ཚུལ་ཀྱང་རྒྱ་ཆེར་འབྱུང་བཞིན་ཡོད།
        རང་སྐལ་རྡོ་ཡིན་ཡང་མུར་དགོས་པའི་དཔེ་བཞིན་དུ། ང་ཚོའི་ཆེད་ལས་འདི་དང་འབྲེལ་ཡོད་ཀྱི་མི་སྣ་དག་གིས་བློ་ཐག་ཀ་ཐོག་གདུང་བཞག་གིས་བཅའ་ཁྲིམས་ཀྱི་ཐ་སྙད་དག་བོད་ཡིག་ཏུ་བསྒྱུར་ཏེ་གཏན་འབེབས་བྱས་ནས་སྐད་གཉིས་ཤན་སྦྱར་གྱི་ཚིག་མཛོད་བསྒྲིག་དགོས། ཕོ་རབ་གཅིག་གི་བློ་རྩེ་ལས། ཕོ་འབྲིང་གསུམ་གྱི་གྲོས་བསྡུར་དགའ་བས། མི་རིགས་སློབ་ཆེན་སོ་སོ་གཙོ་བྱས་པའི་མདོ་དབུས་ཁམས་གསུམ་གྱི་ཆེ་ལས་འདི་དང་འབྲེལ་བའི་མཁས་པ་དག་གིས་མཐུན་སྒྲིལ་གྱི་སྟོབས་ཤུགས་གཅིག་ཏུ་སྒྲིལ་རྒྱུ་གལ་ཆེ། དེ་མིན་རྐྱང་ཞོན་རྐྱང་གླུས་ཅི་ཡང་མི་འཁྱོངས་པས། བཅའ་ཁྲིམས་སྐད་གཉིས་ཤན་སྦྱར་གྱི་ལས་དོན་འདི་གལ་བོ་ཆེ་ལ་ནན་ཏན་དུ་བསམ་དགོས།

ལྔ་པ། བསླབ་དེབ་གཙོ་བོ་རྣམས་བོད་ཡིག་ཏུ་བསྒྱུར་དགོས།
        སློབ་ཆེན་དངོས་གཞི་སློབ་མའི་བོད་རྒྱ་སྐད་གཉིས་ཁྲིམས་རིག་པའི་ཆེད་ལས་ཀྱི་བསླབ་དེབ་གཙོ་བོ་རྣམས་བོད་ཡིག་ཏུ་བསྒྱུར་ནས་རྒྱ་ཡིག་གི་བསླབ་དེབ་ལ་རམ་འདེགས་ཀྱི་ནུས་པ་ཐོན་ན། དྲོད་ཉི་མའི་དཔུང་སྡེབས་སྐྱ་རེངས་དང་། ཤིང་ལྗོན་པའི་དཔུང་སྡེབས་མེ་ཏོག་ཅི་ལ་མིན། ཉེ་ལམ་བོད་རྒྱ་སྐད་གཉིས་ཁྲིམས་རིག་པའི་ཆེད་ལས་ཀྱི་བསླབ་དེབ་བོད་ཡིག་ཏུ་བསྒྱུར་ཡོད་པ་ནི། (མཐོ་རིམ་སློབ་གྲྭའི་བོད་རྒྱ་སྐད་གཉིས་བཅའ་ཁྲིམས་རིག་པའི་སློབ་དེབ་ཕྲེང་བསྟར་མ་)དང་།(ཁྲིམས་སྲིད་སྡེ་ཁག་གི་བོད་རྒྱ་སྐད་གཉིས་བཅའ་ཁྲིམས་ཤེས་ལྡན་མི་སྣ་ཟབ་སྦྱོང་བསླབ་དེབ་ཕྲེང་བསྟར་མ་)སོགས་ཡོད། འོན་ཀྱང་ད་སྐབས་སློབ་ཆེན་དངོས་གཞི་སློབ་མའི་ཁྲིམས་རིག་པའི་ཆེད་ལས་ཀྱི་བསླབ་དེབ་ནི་མར་ཁེ་སི་རིང་ལུགས་གཞུང་ལུགས་ཞིབ་འཇུག་དང་ལས་དོན་གྱི་གཙོ་གནད་བསླབ་དེབ(马克思主义理论和工程重点教材)སྤྱོད་དགོས་པ་གཏན་ཕབ་བྱས་ཡོད་པས། ང་ཚོས་ངེས་པར་དུ་བསླབ་དེབ་ཕྲེང་བསྟར་མ་དེ་བོད་ཡིག་ཏུ་བསྒྱུར་དགོས། བསླབ་དེབ་བོད་ཡིག་ཏུ་བསྒྱུར་རྒྱུ་ནི་ལས་སླ་བོ་ཞིག་མ་ཡིན་པས། མི་རིགས་སློབ་གྲྭ་སོ་སོའི་ཆེད་ལས་འདིའི་དགེ་རྒན་རྣམས་དང་། ཁྲིམས་དང་འབྲེལ་བའི་ལས་ཁུངས་སོ་སོའི་ཆེད་ལས་མཁས་ཅན་རྣམས་ཀྱིས་མཐོང་ཆེན་སྒོས་མཉམ་འབྲེལ་བྱས་ནས་ལས་ཀ་འདིར་འཇུས་ན་གྲུབ་འབྲས་ལེགས་པོ་འཐོབ་སྲིད་པར་འདོད། བསླབ་དེབ་བོད་ཡིག་ཏུ་བསྒྱུར་ན་རྒྱ་ཡིག་གི་བསླབ་དེབ་ལ་རོགས་འདེགས་ཀྱི་ནུས་པ་འཐོན་ཐུབ་པ་དང་། སློབ་མར་ཆེད་ལས་ཤེས་བྱའི་ཕྱོགས་ནས་གོ་བ་བསྐྱེད་པར་སྨན་པར་མ་ཟད། བཅའ་ཁྲིམས་ལོ་ཙཱའི་ཕྱོགས་ནས་ཀྱང་བློ་བསྐྱེད་འབྱུང་སྲིད། དེར་མ་ཟད། ཆེད་ལས་འདིའི་ཤེས་བྱ་བོད་ཀྱི་རིག་གཞུང་གི་མ་ལག་ཤིག་ཏུ་གྲུབ་པའི་རྒྱུ་རུ་འགྱུར་ངེས་སོ༎
        སློབ་ཆེན་དངོས་གཞི་སློབ་མའི་བོད་རྒྱ་སྐད་གཉིས་ཁྲིམས་རིག་པའི་ཆེད་ལས་ཀྱི་བསླབ་དེབ་གཙོ་བོ་རྣམས་བོད་ཡིག་ཏུ་མ་བསྒྱུར་བའི་ཡར་སྔོན་ལ། གོང་དུ་བཤད་པ་བཞིན། ང་ཚོར་ངེས་པར་དུ་དཔེ་བལྟ་སའི་སྐད་གཉིས་ཤན་སྦྱར་གྱི་ཚིག་མཛོད་ཡང་དག་ཅིག་ཡོད་དགོས། །  

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1