གཙོ་ངོས།>> གསར་འགྱུར།>>རྒྱལ་ནང་གསར་འགྱུར།

རྩོམ་སྒྲིག་པ།ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། སྤེལ་དུས། ༢༠༡༩ལོའི་ཟླ་བ་༠༧ཚེས་༡༢ཉིན།

ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་འོས་འགན་སློབ་གསོའི་དུས་མཚམས་ཀྱི་སློབ་གསོ་དང་སློབ་ཁྲིད་སྒྱུར་བཅོས་ཀྱི་རྩ་འཛིན་རང་བཞིན་གྱི་ཡིག་ཆ་བཀྲམ་པ།


            ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་8ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། 《སློབ་གསོ་སློབ་ཁྲིད་ཀྱི་སྒྱུར་བཅོས་ཟབ་ཏུ་བཏང་ནས་ཕྱོགས་ཡོངས་ནས་འོས་འགན་སློབ་གསོའི་སྤུས་ཚད་མཐོ་རུ་གཏོང་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བསམ་འཆར》བཀྲམ་པ་དང་། བསམ་འཆར་ནང་ཁྱོན་དོན་ཚན་26ཡོད་པ་རེད། འདི་ནི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བཀྲམ་པའི་འོས་འགན་སློབ་གསོའི་དུས་མཚམས་ཀྱི་སློབ་གསོ་སློབ་ཁྲིད་ཀྱི་སྒྱུར་བཅོས་ལ་དམིགས་པའི་ཡིག་ཆ་གལ་ཆེན་ཞིག་དང་། དུས་རབས་གསར་པར་རང་རྒྱལ་གྱི་སློབ་གསོ་སློབ་ཁྲིད་སྒྱུར་བཅོས་ཟབ་ཏུ་གཏོང་བ་དང་ཕྱོགས་ཡོངས་ནས་འོས་འགན་སློབ་གསོའི་སྤུས་ཚད་མཐོ་རུ་གཏོང་བའི་རྩ་འཛིན་རང་བཞིན་གྱི་ཡིག་ཆ་ཞིག་རེད།
            བསམ་འཆར་ནང་། སློབ་གསོ་སློབ་ཁྲིད་ཀྱི་སྒྱུར་བཅོས་ཟབ་ཏུ་གཏོང་བ་དང་ཕྱོགས་ཡོངས་ནས་འོས་འགན་སློབ་གསོའི་སྤུས་ཚད་མཐོ་རུ་གཏོང་བར་ཚན་རིག་དང་མཐུན་པའི་སློབ་གསོ་སྤུས་ཚད་ཀྱི་ལྟ་བ་འཛུགས་པ་དང་། སྒྱུར་བཅོས་ཟབ་ཏུ་གཏོང་བ། ཀུན་སྤྱོད་དང་། ཤེས་རིག ལུས་རྩལ། མཛེས་རྩལ། ངལ་རྩོལ་བཅས་ཕྱོགས་ཡོངས་ནས་གསོ་སྐྱོང་གི་སློབ་གསོའི་མ་ལག་གཅིག་སྐྲུན་པ། ཀུན་སྤྱོད་ལ་བརྟེན་ནས་མི་སྐྱོང་བའི་དོན་འཁྱོལ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས། ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བ་དང་། རྒྱལ་གཅེས་རིང་ལུགས་ཀྱི་བརྩེ་བ་ཟབ་ཏུ་གཏོང་བ། ཀུན་སྤྱོད་བློ་སྦྱོང་ལ་ཤུགས་སྣོན་རྒྱག་པ། ཤེས་རྒྱ་དང་མཐོང་རྒྱ་ཆེ་རུ་གཏོང་བ། འབད་འཐབ་ཀྱི་སྙིང་སྟོབས་ཆེ་རུ་གཏོང་བ། ཕྱོགས་བསྡུས་བྱང་ཚད་མཐོ་རུ་གཏོང་བ་བཅས་ཀྱི་ཐད་འབད་བརྩོན་བྱེད་དགོས། ཀུན་སྤྱོད་སློབ་གསོ་སྔོན་ལ་འཇོག་རྒྱུ་མཐའ་འཁྱོངས་བྱས་ནས་སློབ་མས་ཏང་དང་། རྒྱལ་ཁབ། མི་དམངས། སྤྱི་ཚོགས་རིང་ལུགས་བཅས་ལ་དགའ་ཞེན་བྱ་རྒྱུར་ཁྲིད་སྟོན་བྱེད་དགོས། ཕྱོགས་ཡོངས་ནས་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་བྱས་ནས་སློབ་མ་ཚེ་གང་ཡར་རྒྱས་ཡོང་ཆེད་རྨང་གཞི་འདིང་དགོས། ཁྱོན་ཡོངས་ལ་ཕྱོགས་རྒྱུ་མཐའ་འཁྱོངས་བྱས་ནས་སློབ་གྲྭ་ཚང་མ་ཡག་པོ་གཉེར་བ་དང་། སློབ་མ་ཚང་མར་སློབ་ཁྲིད་ཡག་པོ་བྱེད་དགོས། ཤེས་སྤྱོད་ཟུང་འབྲེལ་མཐའ་འཁྱོངས་བྱས་ནས་སློབ་མ་རྣམས་འཚོ་བ་ཡག་པོ་སྐྱེལ་མཁན་དང་སློབ་སྦྱོང་ཡག་པོ་བྱེད་མཁན་ཞིག་ཏུ་འགྱུར་བ་བྱེད་དགོས་ཞེས་བསྟན་ཡོད་པ་རེད།
            ཀྲུང་གོ་སློབ་གསོ་སློབ་ཚོགས་ཀྱི་ཚོགས་གཙོ་ཀྲུང་པིང་ལིན་གྱིས་འོས་འགན་སློབ་གསོ་མྱོང་བའི་སློབ་ཡུན་ལོ་9ཡིན་ཞིང་། འདི་ནི་སློབ་གྲྭར་སྐྱོད་མུས་ཀྱི་གཞི་ཁྱོན་ཆེ་ཤོས་དང་སློབ་ཡུན་རིང་ཤོས་ཀྱི་སློབ་གསོའི་དུས་མཚམས་ཤིག་དང་། ཁྱིམ་ཚང་ཚང་མ་དང་བྱིས་པ་ཚང་མའི་ལས་དབང་དང་འབྲེལ་བ་དམ་ཟབ་ཡོད་པའི་སློབ་གསོའི་དུས་མཚམས་ཤིག་རེད། སློབ་གསོའི་མ་ལག་ཧྲིལ་པོའི་ནང་འོས་འགན་སློབ་གསོར་རྨང་གཞིའི་རང་བཞིན་གྱི་ནུས་པ་ལྡན་ཡོད་པས་དེང་རབས་རྒྱལ་དམངས་སློབ་གསོའི་མ་ལག་གི་རྨང་གཞིར་བརྩི་ཆོག་པའི་ངོས་འཛིན་བྱེད་ཀྱི་ཡོད།
            ཁོང་གིས་བསམ་འཆར་ནང་འགག་རྩའི་རྒྱུ་རྐྱེན་ལ་དམ་པོར་དམིགས་པ་དང་། “སློབ་ཁྲིད་དང་སློབ་སྦྱོང་གང་བྱེད་མིན”ལ་གཞིགས་ནས་ཀུན་སྤྱོད་དང་། ལུས་རྩལ། མཛེས་དཔྱད། ངལ་རྩོལ་བཅས་ཀྱི་སློབ་གསོ་ཡོད་དགོས་པའི་གནས་བབ་ལ་ཤུགས་སྣོན་རྒྱག་དགོས་པ་དང་། “སློབ་ཁྲིད་དང་སློབ་སྦྱོང་གང་འདྲ་བྱེད་མིན”ལ་དམིགས་ནས་སློབ་ཁྲིད་བྱ་ཐབས་ལེགས་སུ་གཏོང་བ་དང་། སློབ་ཁྲིད་དོ་དམ་ལ་ཤུགས་སྣོན་རྒྱག་པ། སྦྱོང་ཚན་དང་། ཡིག་རྒྱུགས། ཟུར་ཁྲིད་སོགས་འཐུས་སྒོ་ཚང་དུ་གཏོང་བའི་ཐད་ནས་བྱ་ཐབས་ཞིབ་ཕྲ་འདོན་པ་བཅས་བྱས་ཏེ། སློབ་ཁང་སློབ་ཁྲིད་ཀྱི་སྤུས་ཚད་མཐོ་རུ་ཏན་ཏིག་གཏོང་དགོས། “སློབ་མར་སུས་སློབ་ཁྲིད་བྱེད་པར”དམིགས་ནས“བཟང་པོ་བཞི་ལྡན་དགེ་རྒན”གྱི་ཚད་གཞི་གཞིར་བཟུང་བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་དགེ་རྒན་དཔུང་ཁག་འཛུགས་སྐྱོང་བྱེད་དགོས་པ་དང་ཆབས་ཅིག་སློབ་གསོ་ཅུས་ཀྱི་ཅུས་ཀྲང་དང་། སློབ་སྤྱི། སློབ་དཔྱོད་མི་སྣ་བཅས་ཀྱི་དཔུང་ཁག་འཛུགས་སྐྱོང་ཐད་བསམ་འཆར་འདོན་དགོས་པའི་ངོས་འཛིན་བྱས་ཡོད་པ་རེད།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1