གཙོ་ངོས།>> ཞིབ་འཇུག>>ཀུན་འདུས།

ཨ་རོལ་ཤ་བོ་ཀླུ་རྒྱལ། རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོའི་བོད་རིག་པ། སྤེལ་དུས། ༢༠༡༩ལོའི་ཟླ་བ་༠༧ཚེས་༠༩ཉིན།

༄༅།། དམུ་དགེ་བསམ་གཏན་མཆོག་གིས་བསེ་བསྡུས་གྲྭ་འཆད་སྤེལ་མཛད་ཚུལ་གླེང་བ།

 ཨ་རོལ་ཤ་བོ་ཀླུ་རྒྱལ།
[ནང་དོན་གནད་བསྡུས།]རྩོམ་འདིའི་ནང་དུ་དམུ་དགེ་བསམ་གཏན་རྒྱ་མཚོ་མཆོག་གིས་བསྟན་པ་ཡང་དར་གྱི་འཁུར་ཆེན་ཕྲག་ཏུ་བཞེས་ཏེ་ཐོག་མར་དམུ་དགེ་བཀྲ་ཤིས་འཁོར་ལོའི་དགོན་དུ་བསེ་བསྡུས་གྲྭའི་ཤིང་པར་གསར་དུ་བརྐོས་པ་དང་། བསེ་བསྡུས་གྲྭའི་རང་ལུགས་རྩལ་དུ་བཏོན་ནས་བློ་གསལ་རིགས་སྒོ་མཛད་པ་དང་། སྒོས་སུ་བསེ་བསྡུས་གྲྭའི་རིགས་འཕྲུལ་གྱི་གསང་བ་དག་བདེ་བླག་ཏུ་རྟོགས་པར་བརྣགས་ཏེ་བསེ་བསྡུས་གྲྭའི་དྲིས་ལན་གཏེར་གྱི་ཁ་བྱང་གི་ཕྱི་མའི་དྲི་བ་ཞེ་བརྒྱད་པ་ལྟག་ཆོད་ཀྱི་མཆན་འགྲེལ་གསལ་བཀྲོལ་བྱེད་དགོས་པའི་སྐོར་དཔེ་མཚོན་གྱི་རྣམ་པས་ཉེ་བར་དྲངས་ནས་བྲིས་འདུག
[བརྡ་ཆད་གཙོ་བོ།] དམུ་དགེ་བསམ་གཏན་རྒྱ་མཚོ། བསེ་བསྡུས་གྲྭའི་འཆད་ཉན། དྲིས་ལན་གཏེར་གྱི་ཁ་བྱང་།
[ཀྲུང་གོའི་དཔེ་དེབ་དབྱེ་རྟགས།] K281
[ཡིག་ཚང་མཚན་བྱང་།] A
[རྩོམ་གྱི་གོ་རིམ་ཨང་སྒྲིག] 1002-9060-2015-02-0077-15
དང་པོ། བསེ་བསྡུས་གྲྭར་ཐོས་བསམ་མཛད་ཚུལ།
            བསེ་བསྡུས་གྲྭ་ནི་ཀུན་མཁྱེན་ཆེན་པོ་འཇམ་དབྱངས་བཞད་པའི་རྡོ་རྗེའི་ཐུགས་སྲས་གཅིག་པུ་ཀུན་མཁྱེན་གཉིས་པར་བསྔགས་པའི་ངག་དབང་བཀྲ་ཤིས་མཆོག་གིས་བླ་བྲང་བཀྲ་ཤིས་འཁྱིལ་གྱི་དགོན་པ་དངོས་སུ་གསར་བཙུགས་ཀྱི་སྐབས་ནས་བཟུང་། གསེར་ཁྲིའི་ཁུར་ཆེན་མི་ལོ་སུམ་ཅུ་ལ་ཉེ་བའི་བར་དུ་ལེགས་པར་བསྐྱངས་པའི་རྩི་བཞག་གི་རེག་ཟིག་སུམ་ཅུ་ལྷག་རིགས་པའི་བུ་ཆེན་དག་གིས་ཡི་གེར་བཀོད་པའི་ནང་གི་བསྡུས་ཆེན་སྐོར། ལྷག་པར་དུ་མངོན་པ་གོང་འོག་དང་སྡེ་བདུན་ལ་གོ་བ་ཆགས་པའི་ཐབས་ཕུལ་དུ་བྱུང་བར་①དམིགས་ཏེ་གུད་དུ་ཕྱུང་ནས་དབལ་མང་གོང་མ་བློ་བཟང་དོན་འགྲུབ་ཀྱིས་རྟིང་བསྐུལ་བྱས་པ་ལྟར་ཨེ་རེ་ཁ་ཤ་རས་ཐོག་མར་ཤིང་དཔར་དུ་བརྐོས་པ་ལས་བྱུང་ཞིང་། ཕྱིས་སུ་ཀུན་མཁྱེན་འཇིགས་མེད་དབང་པོའི་བཀའ་བཙན་པོས་རྭ་བསོད་ནམས་དབང་རྒྱལ་ལ་ནན་དུ་བསྐུལ་ནས་བསྡུས་གཞུང་ཉི་མའི་འོད་ཟེར་②ལྟ་བུའི་བསྡུས་གྲྭ་མང་དུ་བྱུང་མོད་ཀྱང་། ཞྭ་དམར་པཎྜི་ཏ་དགེ་འདུན་བསྟན་འཛིན་དང་ཧོར་ཆེན་ཡེ་ཤེས་རྒྱ་མཚོའི་ཐུགས་བསྐྱེད་ལས་བྱུང་བའི་དྷཱི་ཚ་དགོན་པ་ཁོ་ན་མ་གཏོགས་ཀུན་མཁྱེན་ཡིག་ཆའི་རྗེས་འབྲངས་ཀྱི་དགོན་པ་གྲྭ་ཚང་ཐམས་ཅད་དུ་བསེ་བསྡུས་ཁོ་ན་བརྩི་བཞག་གི་ཡིག་ཆར་བཀུར་འདུག དེང་གི་ཆར་མདོ་སྨད་དང་ཧོར་ཡུལ་ཀྱི་རི་བོ་དགེ་ལུགས་པའི་ཡིག་ཆ་གཞན་དག་གི་རྗེས་འབྲང་པ་ཕལ་མོ་ཆེས་བསེ་བསྡུས་ཐོག་ནས་བརྩི་བཞག་གནང་བའམ་ཡང་ན་ཟུར་བལྟའི་ཡིག་ཆ་གཙོ་བོར་བཀུར་གྱིན་ཡོད་པར་མ་ཟད། ཐ་ན་ཀརྨ་བཀའ་བརྒྱུད་པའི་གདན་ས་ཆེན་པོ་སྡེ་དགེ་དཔལ་སྤུངས་དགོན་དང་འབྲི་གུང་བཀའ་བརྒྱུད་པའི་གདན་ས་ཆེན་པོ་སྒོམ་སྡེ་ནང་ཆེན་གྱི་མགར་དགོན་བཅས་ཀྱིས་མཚོན་པའི་མདོ་ཁམས་ཀྱི་སྒྲུབ་སྡེ་དག་ལ་བཤད་གྲྭ་འཛུགས་སྐབས་བསྡུས་གཞུང་གི་ཡིག་ཆར་བསེ་བསྡུས་གྲྭ་བདམས་ཡོད་པ་ནི་ལོ་འདི་དག་ལ་གུས་པས་ཡུལ་དངོས་རྟོག་དཔྱོད་བསྟུད་མར་བྱེད་པའི་སྐབས་སུ་མཐོང་སྣང་དུ་མངོན་སུམ་དུ་གྲུབ། དེར་བརྟེན། དམུ་དགེ་བསམ་གཏན་མཆོག་སྐུ་ན་གཞོན་དུས་ནས་བཟུང་གཞུང་བརྒྱར་འཇུག་པའི་རིགས་ལམ་ཕྲ་མོའི་སྒོ་མོ་འབྱེད་པའི་ལྡེའུ་མིག་ལྟ་བུ་བསེ་བསྡུས་གྲྭ་ཁོ་ན་ལས་མ་འདས་པས། འདིར་ཁོང་གིས་བསྡུས་གཞུང་དེ་ཉིད་དང་དེའི་རིགས་ལམ་ཕྲ་མོས་རྒྱུན་ཐག་ཏུ་བཀོད་པའི་གཞུང་ཆེན་བཀའ་པོད་ལྔ་ལ་ཇི་ལྟར་ཐོས་བསམ་མཛད་པའི་སྐོར་ཆེ་ལོང་ཙམ་ཞིག་བརྗོད་པར་བྱ་སྟེ།
            《རང་གི་བྱུང་བ་བརྗོད་པ་རང་གསལ་ཨཱ་དར་ཤ་》ལས།དཔལ་མགོན་ཀླུ་སྒྲུབ་ཀྱིས། ཧ་ཅང་ཕྱུག་པོའི་ཁྱིམ་དུ་མི་སྐྱེ་ཞིང་།། ཧ་ཅང་དབུལ་བོའི་ཁྱིམ་དུ་མི་སྐྱེ་བར།། བར་མ་དག་གི་ཁྱིམ་དུ་སྐྱེ་བར་ཤོག། ཅེས་སྨོན་ལམ་གསུངས་པ་ལྟར།ཕྱི་ལོ་1914ལོའི་ཧོར་ཟླ་11པའི་ཡར་ངོ་ཞིག་ལ་དམུ་དགེ་བཀྲ་ཤིས་འཁོར་ལོའི་དགོན་པའི་ཞོལ་གྱི་སོག་པོ་སྡེ་བའི་གྲོང་སྨད་འཁོར་ལོ་ཚང་དུ་སྐུ་བལྟམས་ཏེ། དགུང་ལོ་ཕྲ་བའི་དུས་ནས་བཟུང་རྩེད་མོའི་སྐབས་ཀྱང་འཆད་ཉན་སྒོམ་སྒྲུབ་ཤ་སྟག་བྱེད་པ་དང་སྐུ་གཟུགས་ཤིན་ཏུ་མཛེས་པས་ཁྱིམ་མཚེས་ཉེ་འབྲེལ་ཀུན་གྱིས་ལེགས་པར་གཅེས་པར་གྲགས། སྐུ་ཅུང་ཟད་ནར་སོན་ནས་ཕྱུགས་འཚོ་བ་དང་ཞིང་འདེབས་སྐབས་ཀྱི་མཛོ་སྣ་འཁྲིད་མཁན། སྟོན་ཞིང་བརྔ་དུས་བམ་པོ་འགེལ་བ་ལ་སོགས་ཁྱིམ་ལས་གང་ཐུབ་ཕ་མའི་ཚེགས་ལེན་དུ་སྒྲུབ། དགུང་ལོ་བརྒྱད་དགུའི་སྟེང་ནས་ཁོང་གི་སྤོ་བོ་བསོད་དར་དང་ཞང་པོ་དཀོན་མཆོག་བདེ་ཆེན་གཉིས་ཀྱི་ཐུགས་བཀོད་ལྟར་གྲྭ་བ་བྱེད་པར་ཐག་གིས་བཅད་ནས་སྐབས་དེར་དམུ་དགེ་དགོན་པོའི་ཁྲི་བ་བཞུགས་པའི་མ་ཞང་ཐལ་དགེ་བཤེས་བློ་བཟང་ཆོས་ལྡན་གྱི་ཞབས་དྲུང་དུ་ཁ་ཀ་སློབ་པའི་འགོ་ཚུགས་ཤིང་། ཕ་རྒན་དགེ་འདུན་སྐྱབས་དང་ཞང་པོ་བདེ་ཆེན་གྱི་དྲུང་ནས་སྐྱབས་འགྲོ་དང་ལྟུང་བཤགས་ཀྱིས་མཚོན་པའི་ཀློག་བསླབ། དགུང་ལོ་བཅུ་གཅིག་སྟེང་དུ་བདེ་ཚང་ཁྲི་རྒན་བློ་བཟང་བསྟན་པའི་ཉི་མའི་སྐུ་མདུན་ནས་བྱིས་པ་བཅུ་དང་ལྷན་དུ་རབ་ཏུ་བྱུང་སྟེ་དགེ་ཚུལ་གྱི་སྡོམ་པ་བླངས་ནས་མཚན་ལ་བློ་བཟང་བསམ་གཏན་ཞེས་གསོལ། དེ་མཚུངས་སུ་དམུ་དགེ་དགོན་གྱི་ཚོགས་ལ་དངོས་སུ་ཞུགས་ནས་ཐོག་མར་ཁ་དོག་དཀར་དམར་ནས་ཞུགས་ཏེ་བརྩི་བཞག་བཟུང་ཡང་སྐབས་དེར་རྩི་བཞག་ལྡེབ་སྣ་རིང་ངོ་ཕྱེད་ཙམ་ལས་མི་ཟིན་པར་ཡ་རབས་དང་འཆད་ཉན་ལ་དགའ་བ་ཙམ་ལས་བཟང་སྤྱོད་དང་ངན་སྤྱོད་འདྲེས་མའི་ནང་འཁོར་བའི་སྡུག་བསྔལ་གྱི་རྒྱ་མཚོར་གཡེང་བར་གསུངས། དེ་ནས་དགེ་བཤེས་ཆེན་པོ་དཀོན་མཆོག་དགེ་འདུན་ཚང་ལ་བསྟེན་ནས་དཔེ་ཁྲིད་ལ་ཕེབས་ཤིང་། ཐལ་དགེ་བཤེས་བློ་བཟང་ཆོས་ལྡན་མཆོག་གི་དྲུང་ནས་བསྡུས་གྲྭ་དང་། གྲུབ་མཐའ་རྩ་བ་དང་རིན་ཕྲེང་། ས་ལམ་རྣམ་གཞག་སོགས་བློ་འཛིན་བྱས་ནས་རྒྱུགས་སྤྲད། རང་ལོ་བཅུ་གཉིས་ཐོག་འཛིན་གྲྭ་རྟགས་རིགས་ལ་སླེབས་སྐབས་ཐལ་དགེ་བཤེས་བློ་བཟང་ཆོས་ལྡན་མཆོག་ལ་འཇམ་དབྱངས་དཀར་བོའི་རྗེས་གནང་དང་སྒྲུབ་ཐབས་ཀྱི་ཁྲིད་ལུང་དང་བཅས་པ་ཞུགས་ནས་རྨི་ལམ་སོགས་རྟགས་མཚན་ཡག་པོ་རེ་ཨེ་ཡོང་སྙམ་པའི་རེ་དོགས་དང་བཅས་བསྙེན་མཚམས་ལ་གྲོགས་པོ་གཉིས་དང་ལྷན་དུ་བསྡད་དེ།དཔའ་བོ་འབྲུ་དྲུག་འབུམ་ཕྲག་བཟླས་ཁ་བསྐོང་སྦྱིན་སྲེག་བཅས་བསྒྲུབས་ནས་རྟགས་མཚན་ཅི་ཡང་མ་ཐོན་མོད། འོན་ཀྱང་བློ་འཛིན་ལ་ཇེ་བཟང་དུ་སོང་སྟེ་རྩི་བཞག་སྔ་དྲོའི་སྐྱོར་སྦྱང་རེ་ལ་ལྡེབ་སྣ་རིང་གཅིག་དང་ཕྱེད་ཟིན་པ་བྱུང་། དེ་མཚུངས་རྟགས་གསལ་གྱི་གོ་བ་ཡང་ཇེ་བཟང་དུ་དགའ་རབ་ཅིག་སོང་ཟེར། དགུང་ལོ་བཅུ་དགུའི་སྟེང་དུ་གཞུང་རྒྱུགས་སྤྲད་དེ་བློ་རྟགས་བསྡུས་གསུམ་སོགས་ལ་ཅུང་ཟད་སྦྱངས་པས་རྨང་གཞི་ཅུང་ཟད་ཡོད་པའི་གྲས་སུ་སླེབས། དེ་ནས་འཛིན་གྲྭའི་སྐྱོར་དཔོན་དུ་བསྐོས་ཏེ་དཔྱིད་འཛིན་གྲྭ་གཏུགས་སྐབས། དགེ་རྒན་གྱིས་བརྒྱད་སྟོང་དོན་བསྡུས་ནས་བཤད་པའི་སྟོང་ཉིད་སྟོང་ཉིད་ཡིན་མིན་སོགས་ཀྱི་རྟགས་གསལ་བསྒྲིགས་པ་དང་། ཐལ་དགེ་བཤེས་བློ་བཟང་ཆོས་ལྡན་མཆོག་གིས་རྒྱ་འགྲེལ་ཉེར་གཅིག་རྒྱ་འགྲེལ་ཡིན་མིན་སོགས་ཀྱི་རྟགས་གསལ་བསྒྲིགས་པ་འཕངས་པས་རྟགས་གསལ་ལེགས་པར་སོང་པས་བླ་མ་རྣམ་པ་ཐུགས་དགྱེས་པ་བྱུང་། ཕྱི་ཉིན་ཁས་ལེན་འཛིན་སྐབས་ཁས་ལེན་ཤོར་བ་ཆེན་པོ་རང་མ་བྱུང་ཞིང་དགེ་བཤེས་རྣམ་པས་གོ་བ་ཆགས་འདུག་ཅེས་གསུངས་སོ།། དེ་ནས་ཀུན་མཁྱེན་བཞི་པའི་ཡོངས་འཛིན་རྡོ་སྦིས་དགེ་བཤེས་ལྷ་རམས་པ་བསྟན་འཛིན་རྒྱ་མཚོའི་སྤྲུལ་སྐུ་7རྗེ་སྐལ་བཟང་དཔལ་འབྱོར་བཟང་པོ་དམུ་དགེ་དགོན་གྱི་ཁྲིར་ཕེབས་སྐབས་སུ། ཁོང་གི་སྐུ་དྲུང་དུ་བརྩི་བཞག་དང་ལམ་རིམ། ད་དུང་བདེ་གསང་འཇིགས་གསུམ་ལ་སོགས་ཀྱི་དབང་དང་རྗེས་གནང་མང་པོ་ཞིག་ཐོབ། སྤྱིར་གྲྭ་བ་འགའ་ཞིག་གི་སྤྱོད་ངན་དང་བདག་གིས་ཀྱང་བརྙས་གཙེ་མྱོང་བ་སོགས་ཀྱི་འཁོར་བའི་སྡུག་བསྔལ་གྱིས་ཡིད་སུན་པ་དང་། སྒོས་སུ་གྲྭ་ས་ཆེན་པོ་ཞིག་ལ་སོང་ནས་སློབ་གཉེར་རེ་བྱུང་ན་སྙམ་པའི་ཀུན་སློང་གིས་ཉེ་བར་དྲངས་ཏེ་རྒྱམ་མཁོ་སྤྲུལ་སྐུ་ཕ་ཡུལ་དུ་འགྲོ་བཞིན་ཡོད་པའི་རྗེས་སུ་བྲོས་བྱོལ་གྱི་རྣམ་པས་མཛོད་དགེའི་བཞག་སྡོམ་བརྒྱུད་ནས་བླ་བྲང་བཀྲ་ཤིས་འཁྱིལ་དུ་སློབ་གཉེར་དུ་བརྟོལ་བར་གསུངས།③ དགུང་ལོ་ཉི་ཤུའི་སྟེང་དུ་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཐོས་བསམ་གླིང་དུ་དོན་བདུན་ཅུའི་འཛིན་གྲྭར་ཞུགས་ནས་སྐབས་དེར་མཁས་དབང་ར་ཕུག་ཅུང་གསུམ་དུ་གྲགས་པའི་ནང་ཚན་རྗེ་དཀོན་མཆོག་བསམ་འགྲུབ་ཅེས་པ་དེ་ཉིད་དགེ་རྒན་དུ་བསྟེན་ནས་སྔར་དམུ་དགེ་དགོན་ནས་བློ་རྟགས་བསྡུས་གསུམ་སོགས་ཅུང་ཟད་སྦྱངས་མོད་ཀྱང་རིགས་ལམ་ལ་དེ་འདྲའི་ཡིད་ཚིམ་པ་ཞིག་མ་བྱུང་བ་དང་། ལྷག་པར་དུ་གྲོགས་པོ་འགས་ཀྱང་འཛིན་གྲྭ་མར་བབ་ནས་བློ་རྟགས་བསྡུས་གསུམ་ལ་སྦྱངས་ན་བཟང་ཚུལ་བསྐུལ་བས་འཛིན་གྲྭ་བསྡུས་ཆེན་དུ་བབ་སྟེ་དཔེ་ཁྲིད་ལ་ཧུར་ཐག་བྱས། དེའི་སྟོན་རྟགས་རིགས་གསར་རྩོད་ཡིན་པས། རྟགས་རིགས་སྐོར་དང་རྣམ་འགྲེལ་ཊཱིཀ་ཆེན་རིགས་པའི་རྒྱ་མཚོ་ལ་སྡུག་རུས་བྱས་ནས་བལྟས་ཏེ་ངེས་ཆ་ཡང་ལེགས་པོ་བྱུང་། སྟོན་ཁར་རྟགས་རིགས་གསར་རྩོད་སྐབས་འཛིན་གྲྭའི་ནང་གི་བཟང་གྲས་སུ་བཀུར་ནས་བླ་བྲང་བཀྲ་ཤིས་འཁྱིལ་དེར་རིགས་པ་སྨྲ་བའི་ཁྲོད་དུ་དམུ་དགེ་བསམ་གཏན་ཞེས་པའི་མཚན་སྙན་དེ་རིམ་གྱིས་གྲགས་ཤིང་། དགེ་རྒན་གྱིས་ཀྱང་ཐུགས་དགྱེས་འདུགཕྱིས་སུ་ཁོང་གིས་ཁྱོད་ཀྱིས་ཊཱིཀ་ཆེན་བློ་ལ་བཟུང་ཡོད་པ་ཨེ་ཡིན་གསུངས་པའི་ལན་དུ་། མིན་ཏེ། ངེས་ཆ་ཡག་པོ་བཏང་བས་ཐད་ཀ་ཐད་སོར་བཤད་རྒྱུ་ཡོད། གཞན་གྱིས་བློ་ལ་བཟུང་འདུག་སྙམ་པ་ཨེ་རེད་ལགས་ཞུས་པར་ཁོང་གིས་ངས་ཀྱང་རྟགས་རིགས་གསར་རྩོད་སྐབས་ཊཱིཀ་ཆེན་ལ་ངེས་ཆ་ཡག་པོ་བཏང་བས་སྐབས་དེར་ངེད་ཀྱི་འཛིན་གྲྭའི་གསར་རྩོད་ལ་ཕན་ཐོགས་སོང་གསུངས། དེ་དུས་སུ་འཚོ་བ་ཤིན་ཏུ་སྐྱོ་བོ་ཡིན་ན་ཡང་ལྟོ་གོས་ལ་གྱོང་བསྐུར་ཏེ་སློབ་གཉེར་ལ་འབད། དགུང་ལོ་ཉེར་གཅིག་གི་དཔྱིད་ཁར་འཛིན་གྲྭའི་སྐྱོར་དཔོན་དུ་བསྐོ་བཞག་གནང་ཞིང་། དབྱར་ཐོག་རིགས་གྲྭའི་སྐབས་ཁོང་དང་སྙན་གྲགས་སྤྲུལ་སྐུ་གཉིས་ཀྱིས་བློ་རིག་གི་ཚོགས་གླེང་བྱས། ལོ་དེའི་སྟོན་ཁར་དོན་བདུན་ཅུ་གསར་རྩོད་ཡིན་པས་ས་ལམ་དང་དོན་བདུན་ཅུ། སྐབས་གསུམ་པའི་མཐའ་དཔྱོད་བཅས་ཀྱི་དཔེ་ཁྲིད་ཞུས་ཏེ་དཔེ་གཟིགས་ཀྱང་ལེགས་པོ་བགྱིས། གསར་རྩོད་མཚན་ཕུད་སྐབས་ཀྱང་རྟགས་གསལ་གཏོང་བ་དང་ཁས་ལེན་གང་ཅི་ནས་ཡག་པོ་བྱུང་། དགུང་ལོ་ཉེར་གཉིས་ཀྱི་དཔྱིད་ཁར་འཛིན་གྲྭ་གཏུགས་དགོས་པས་ཁོང་སྐྱོར་དཔོན་ཡིན་གཤིས་ཐོག་མར་ལངས་ཏེ་འཕྲོས་དང་ས་བཅད་བཏོན་ཏེ་རྟགས་གསལ་གཏོང་དགོས་པས། དགེ་རྒན་གྱིས་ཁོང་ལ་གཞུང་གི་དངོས་བསྟན་གཙོ་བོའི་མཚོན་བྱ་དོན་གྱི་དགེ་འདུན་ཉི་ཤུ་བོ་རེ་རེ་ལ་རྒྱལ་སྲས་ཞེ་བརྒྱད་ཡོད་པའི་ཕྱིར་ཞེས་པའི་རྟགས་གསལ་བསྒྲིགས། ཁོང་ལ་གསུང་སྐད་སྙན་མོ་ཞིག་འདུག་པས་འཕྲོས་དང་ས་བཅད་ལེགས་པོ་བཏོན་པས་དགེ་འདུན་རྣམས་ཐུགས་དགྱེས་པར་མ་ཟད། རྟགས་གསལ་ཡང་ལེགས་པོ་བྱུང་། ལོ་དེའི་སྟོན་ཁར་ཆོས་འཁོར་གསར་རྩོད་གང་ལེགས་བྱས་མཐར་རྡོ་སྦིས་ཕྱོགས་སུ་བསོད་སྙོམས་ལ་ཕེབས་ཏེ་ལམ་ནས་དཀའ་ལས་ཅི་རིགས་མྱངས་ཀྱང་ནས་ཁལ་དགའ་རབ་ཅིག་རེག་པར་འཁྱེར་ཐབས་བྲལ་བས་བཙོང་ནས་རིན་དངུལ་སྒོར་ཉེར་ལྔར་བརྗེས་ཏེ་འཚོ་བ་ལ་ཕན་ཐོགས་ཆེན་པོ་བྱུང་བར་གསུངས།④ དགུང་ལོ་ཉེར་བདུན་སྟེང་དུ་འཛིན་གྲྭ་གཞུང་གོང་མར་འཕར་ཡོད་པས་ཐལ་ཕྲེང་དང་། ཟུར་བཀོལ་རྟེན་འབྲེལ།ཀུན་གཞི་ལ་སོགས་དཔེ་ཁྲིད་བརྒྱུད་ནས་གཟིགས་རྟོག་གང་ཐུབ་བྱས་ཏེ་འཛིན་གྲྭ་གཏུགས་སྐབས་དགེ་རྒན་གྱིས་ཁྱབ་མཐའ་ལེགས་པོ་ཞིག་གནང་མོད་ཀྱང་། སྐབས་དེར་ཁོང་གིས་ཁྱབ་མཐའ་འགོད་པ་ལ་མཁྱེན་པ་ཅུང་ཟད་ཞན་ཞིང་རྣམ་གྲངས་བརྩེགས་པ་ལ་དེ་འདྲ་མི་དགྱེས་པའི་ཚུལ་བསྟན་པས། སྔར་ལོ་ལྟ་བུའི་སྤྲོ་སང་ངེ་བ་ཞིག་མ་བྱུང་ཡང་དེ་ཉིད་སྟོན་མ་དགོས་གསུངས། ཁོང་ཉིད་སྐྱོར་དཔོན་ཡིན་སྐབས་ཚོགས་ཆེན་ཁྲི་བ་ཨ་ལགས་ནི་གུ་ཚང་གིས་ཕར་ཕྱིན་སྐབས་བརྒྱད་ལ་སོགས་བརྩི་བཞག་ཐམས་ཅད་ཐུགས་ཐོག་ན་ཡོད་གཤིས། བརྩི་བཞག་མང་པོ་གནང་བར་ཁོང་གིས་ཀྱང་ཆོས་མཚམས་རེ་ལ་ཆོས་ཐོག་རྗེས་མའི་བརྩི་བཞག་ཆ་ཚང་བློ་འཛིན་བྱས་ཏེ་ཞོགས་པའི་སྐྱོར་སྦྱང་རེའི་སྐབས་ལྡེབ་མདའ་ཚད་མ་གཉིས་རེ་ལེགས་པར་ཟིན། དགེ་རྒན་གྱི་མདུན་ནས་ཕར་ཕྱིན་མཐའ་དཔྱོད་དང་དྲང་ངེས་ལེགས་བཤད་སྙིང་པོ་གཉིས་གུང་ཐང་འཇམ་པའི་དབྱངས་ཀྱི་མཆན་དང་སྦྲགས་ནས་དཔེ་ཁྲིད་གནང་བ་ཐོབ་ཅིང་། དེ་ནས་འཛིན་གྲྭ་སྐབས་དང་པོར་སླེབས་ཏེ་དྲང་ངེས་ལ་སོགས་ཐལ་ཕྲེང་ཟུར་བཀོལ་ལ་དཔེ་གཟིགས་ཕྲ་ཞིང་ཞིབ་པ་གནང་བས་འཛིན་གྲྭ་གཏུགས་སྐབས་དྲང་ངེས་མཆན་གྱི་སེམས་ཙམ་པའི་སྟོང་ཉིད་སྟོན་པའི་སྐབས་ལས་འཕྲོས་ཏེ་རྩོད་པ་བྱས་པས་རྟགས་གསལ་ཤིན་ཏུ་སོང་བར་གྲགས། འཛིན་གྲྭ་སྐབས་བཞི་བ་སླེབས་སྐབས་ཐལ་ཕྲེང་མཐའ་དཔྱོད་དང་སྡོམ་ཚིག་བློ་འཛིན་བྱས་ཏེ་སྐབས་བཞི་པའི་གསེར་ཕྲེང་དང་སྦྲགས་ནས་གཟིགས་རྟོག་ཞིབ་ཏུ་མཛད། དེ་ནས་རིགས་གྲྭའི་དུས་སུ་སྐབས་བཞི་པའི་ཚོགས་ལངས་བྱས་ཏེ་དྲང་ངེས་སྐོར་ལ་ཞིབ་གཟིགས་གནང་ནས་བསམ་གཟུགས་ལ་དཔེ་གཟིགས་ཆེར་གནང་མ་ཐུབ། འཛིན་གྲྭ་གཏུགས་སྐབས་རྒྱུད་བླ་མའི་རྡོ་རྗེ་གནས་བདུན་གྱི་ཐད་ནས་རྟགས་གསལ་བཏང་སྟེ་ཁས་ལེན་འཛིན་སྐབས་ཀུན་མཁྱེན་སྐུ་ཕྲེང་ལྔ་པ་མཆོག་ཀྱང་ཕེབས་ནས་རིགས་ལུང་བ་དྲུག་ཙམ་ལངས་ཡང་ཁས་ལེན་ཤོར་བ་ཆེར་མ་བྱུང་། དགེ་བཤེས་རྣམ་པས་སྐབས་བཞི་པའི་ཁས་ལེན་དམ་བཅའ་ཡག་པོ་བྱུང་གསུང་གིན་འདུག་ཟེར། དམ་བཅའ་ཐོན་རྗེས་སུ་ཨ་ཁུ་སྨོན་ལམ་ཚང་གི་སྐུ་མདུན་དུ་བཅར་བས་ཁོང་གིས་ཁྱོད་ལ་ཕར་ཕྱིན་གྱི་གོ་བ་ཆགས་འདུག་ཟེར་གྱིན་ཡོད་གསུངས་བྱུང་། དེ་ནས་དགུན་ཁར་ཕར་ཕྱིན་དམ་བཅའ་འཇོག་དགོས་པས་དཔེ་གཟིགས་ལ་ཤིན་ཏུ་འབད་ཅིང་། དེ་ནས་ཕར་ཕྱིན་དམ་བཅའ་འཇོག་པའི་ཚེ་ན་སྐྱོར་དཔོན་དང་བླ་མ། དབུ་མཛད་གསུམ་གྱིས་དམ་བཅའ་འཇོག་པའི་དུས་ཀྱི་ཟླ་བོ་བསལ་ཆོག་པས་ཁོང་གིས་པུ་རད་པ་བཀྲ་ཤིས་རྡོ་རྗེ་བདམས་ཤིང་། ཨ་ལགས་སྙན་གྲགས་ཚང་གིས་རྔ་བ་དཀོན་མཆོག་བདམས། དབུ་མཛད་རོང་པ་མགོ་ཁྲ་ཞེས་པ་དེས་ཧོར་ཚང་ཆོས་ལྡན་ཟེར་བ་བདམས་ཏེ་དམ་བཅའི་དངོས་གཞིའི་སྐབས་སུ་ཁོང་སྐྱོར་དཔོན་ཡིན་གཤིས་དཀའ་རམས་འཛིན་གྲྭར་དམ་བཅའ་འགྲོ་དགོས་ཤིང་། ཧོར་ཟླ་བཅུ་གཅིག་པའི་ཚེས་ཉི་ཤུ་ཐམ་པའི་མཚན་མོར་ཟླ་བ་མ་ཤར་གྱི་བར་དུ་རྡོ་བཅལ་སྐུ་རིམ་གྱི་དམ་བཅའ་འདུག་དགོས། དེར་དཀའ་རམས་སྐྱོར་དཔོན་བཞེངས་ནས་རྣམ་པ་དེ་ལྟའི་མདོ་སྡེ་གཞན་ཡང་ནི།། དྲང་དོན་ཉིད་དུ་ལུང་འདིས་གསལ་བར་བྱེད།། ཅེས་པའི་དབུ་ལེགས་པར་དྲངས་ཏེ་དབུ་མ་དང་ལེགས་བཤད་སྙིང་པོ་བསྡུར་བའི་རྟགས་གསལ་ཡག་ཐག་ཆོད་པ་ཞིག་བཏང་མོད། ཟླ་བོ་ཡང་ངེས་ཆ་ཆེ་བས་ཁོང་གཉིས་ཀྱི་ཁས་ལེན་ཤོར་ཚབས་ཆེན་པོ་མ་བྱུང་། ཕྱི་ཉིན་ཞོགས་པའི་ཆོས་གྲྭའི་དུས་སུ་སྐབས་བཞི་བའི་བརྒལ་ལན་སྐབས་ནས་རྟགས་གསལ་བཏང་། ཨ་ཁུ་ལྷ་མོ་ཚུལ་ཁྲིམས་ཚང་གིས་མཚོན་པའི་དམ་བཅའ་ཐོན་ཟིན་གྱི་དགེ་བཤེས་མང་པོ་ཕེབས་ནས་རྟགས་གསལ་བཏང་ཡང་ཁོང་ལ་ངེས་ཆ་ཡོད་གཤིས་དཀའ་ལས་ཆེན་པོ་མ་བྱུང་བར་གསུངས། གུང་ཚིགས་ཆོས་གྲྭ་ཡར་ཚོགས་ལ་དུས་ཡུན་ཐུང་བས་རྟགས་གསལ་མང་པོ་མ་བཏང་། གུང་ཚིགས་ཆོས་གྲྭ་མར་གྲོལ་ནས་ཁ་དོག་དཀར་དམར་ནས་བཟུང་སྟེ་འཛིན་གྲྭ་རེ་རེར་ཆོས་ཐུན་རེར་དམ་བཅའ་བཞག་ནས་ཁོང་ལ་དམ་བཅའ་ཡག་པོ་བྱུང་བའི་སྙན་གྲགས་རབ་ཏུ་རྒྱས། དམ་བཅའ་ཚར་རྗེས་སུ་ཨ་ཁུ་སྨོན་ལམ་ཚང་གི་ཞབས་དྲུང་དུ་ཕེབས་པས་ཞལ་ནས་ཕར་ཕྱིན་དམ་བཅའ་ཡག་པོ་བྱུང་། ད་དབུ་མ་གལ་ཆེ་བས་ངས་ཁྱོད་ལ་དབུ་མ་ཞིག་ཁྲིད་ཅེས་གསུངས། དེ་ནས་དབུ་མའི་འཛིན་གྲྭ་གསར་བར་འཕར་བས་ཁོང་གི་སྐུ་མདུན་ནས་དབུ་མ་ལུང་རིགས་སྒྲོན་མེ་ཞུས་ཏེ་ལེགས་པར་ཁྲིད་ནས་ཡང་དག་པའི་ལྟ་བ་ཟབ་མོ་རྙེད་དོ།།⑤
            མདོར་ན། ཁོང་གིས་ཕར་ཕྱིན་དམ་བཅའི་གོང་རོལ་དུ་ལོ་དགུའི་རིང་ལ་རང་ཡུལ་དུ་གོམ་གང་ཡང་སྤོ་མ་ཐུབ་པར་གྲྭ་རྐྱང་དཀྱུས་མའི་ཚུལ་གྱིས་ཟས་གོས་ངན་ངོན་ཙམ་ལ་བརྟེན་ནས་བླ་བྲང་བཀྲ་ཤིས་འཁྱིལ་དུ་བློ་རྟགས་བསྡུས་གསུམ་དང་ཕར་ཕྱིན་བཅས་གཙིགས་སུ་བཟུང་ནས་ཐོས་བསམ་རྡོ་རུས་ཐུག་པར་བྱས་ཤིང་། སྒོས་སུ་ཨ་ཁུ་དཀོན་མཆོག་བསམ་འགྲུབ་ཀྱི་སྐུ་མདུན་ནས་མཛོད་འདུལ་གཉིས་ཀྱང་གསན་བསམ་གང་ལེགས་བགྱིས་ཏེ། 1947་ལོར་ཀུན་མཁྱེན་ལྔ་བའི་ཕྱག་མཛོད་དབལ་མང་ཁང་གིས་རྡོ་རམས་པའི་མདུད་པ་བསྩལ་བས། འདི་དག་ཐམས་ཅད་ཀྱང་བསེ་བསྡུས་གྲྭའི་རིགས་ལམ་གྱིས་ཉེ་བར་དྲངས་བའི་ཉེར་ལེན་གྱི་དངོས་འབྲས་སུ་འདོད་ནས་བཀོད་པ་ཆེད་དུ་ཞུའོ།།
གཉིས་པ། བསེ་བསྡུས་གྲྭའི་འཆད་ཉན་སྤེལ་ཚུལ།
            ཐལ་དགེ་བཤེས་བློ་བཟང་ཆོས་ལྡན་མཆོག་གིས་གནང་བའི་འཕྲིན་ཡིག་ཏུ་། དཔེ་ཆ་ལྟ་བ་ཧུར་ཐག་བྱེད་ཀྱིན་ཡོད་པ་བཟང་། བཀའ་ཆོས་ལ་ཧུར་ཐག་གྱིས། བློས་ལྕོགས་ན་རིག་གནས་ཡང་གལ་ཆེ་ཞེས་གསུངས་པ་ལྟར།⑥ ཨ་ཁུ་དམུ་དགེ་བསམ་གཏན་མཆོག་གིས་ཕར་ཕྱིན་དམ་བཅའ་བཞག་རྗེས་སུ་རང་ཡུལ་ནས་ཕྱིར་ལོག་སྟེ། ཨོཾ་འཁྱིལ་བ་འཇམ་དབྱངས་ལེགས་བཤད་རྒྱ་མཚོ་དང་ཨ་ཁུ་ལྷ་མོ་ཚུལ་ཁྲིམས་གཉིས་གཙོ་བྱས་པའི་གསེར་གྱི་རི་བོ་ལྟ་བུའི་ངེས་དོན་གྱི་དགེ་བའི་བཤེས་གཉེན་མང་པོའི་ཞབས་རྡུལ་སྤྱི་བོར་བླངས་ནས་སུམ་རྟགས་དག་གསུམ་དང་། དབྱངས་ཅན་སྒྲ་མདོ། ལཉྪ་ཝརྟུ་སུག་རིང་། རྩིས་དཀར་ནག་བཅས་ཀྱིས་མཚོན་པའི་རིག་པའི་གནས་ཆེ་ཆུང་བཅུ་ལ་ནང་བྱན་ཆུད་པར་དོན་གཉེར་མཛད་ནས་སྙིགས་དུས་ཀྱི་མི་གཉིས་པའི་པཎྜི་ཏ་ཆེན་པོར་གྱུར་ཅིང་།⑦ སྒོས་སུ་བླ་གོ་འཇིགས་མེད་འཕྲིན་ལས་རྒྱ་མཚོ་གཙོ་བྱས་པའི་ཆེ་དགུའི་ཞབས་དྲུང་དུ་བཀའ་ཆོས་ཟབ་མོ་མང་དུ་ཐོབ་ནས་དགེ་ལྡན་སྙན་བརྒྱུད་ཀྱི་གདམས་ངག་གི་མཛོད་འཛིན་པ་ལྟ་བུར་གྱུར་ཀྱང་སྐབས་དོན་མ་ཡིན་པས་ཡིག་ཚོགས་སྤུངས་བའི་ངལ་བ་རེ་ཞིག་སྤངས་ཏེ། འདིར་ཁོང་གིས་བསེ་བསྡུས་གྲྭའི་འཆད་ཉན་དང་འབྲེལ་བའི་གཞན་དོན་གྱི་འཕྲིན་ལས་སྤེལ་བའི་ཕྱོགས་མཐོང་ཙམ་ཞིག་གཤམ་ཏུ་དོན་ཚན་གསུམ་དུ་དགར་ནས་གླེང་བར་བྱ་སྟེ།
            གཅིག དཔེ་སྒྲིག མདོ་སྨད་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཀུན་མཁྱེན་ཆེན་པོས་སྐུ་དངོས་སུ་དབང་བསྐུར་བའི་རྒྱལ་ཚབ་གཅིག་པུ་བསེ་ངག་དབང་བཀྲ་ཤིས་དང་། ཀུན་མཁྱེན་འཇིགས་མེད་དབང་པོ། གུང་ཐང་བསྟན་པའི་སྒྲོན་མེ། དབལ་མང་པཎྜི་ཏ་དཀོན་མཆོག་རྒྱལ་མཚན། ཨ་ཁུ་ཤེས་རབ་རྒྱ་མཚོ། གུང་ཐང་བློ་གྲོས་རྒྱ་མཚོ་བཅས་ཀྱིས་མཚོན་པའི་གནམ་གྱིས་ས་བཀབ་པ་ལྟ་བུའི་སྐྱེས་ཆེན་དམ་པ་མང་པོས་དཔེ་ཆ་དཀོན་པོ་དང་ཉེར་མཁོའི་རིགས་འཚོལ་བསྡུ་སྒྲིག་གསུམ་གྱི་འཕྲིན་ལས་ཀྱི་རྒྱུན་བར་མ་ཆད་པར་སྤེལ་བའི་ཕྱག་ལེན་བཟང་པོའི་བཀའ་དྲིན་གྱི་བདག་རྐྱེན་འོག་ཏུ་དེང་གི་ཆར་བླ་བྲང་ཡང་དཔེ་མཛོད་ཁང་ཞེས་ཀུན་གྱིས་ཡིད་སྨོན་འཆོར་སའི་གནས་སུ་གྱུར་ཅིང་། དེ་དང་དེ་བཞིན་དུ་བླ་བྲང་བཀྲ་ཤིས་འཁྱིལ་གྱི་རྗེས་འཇུག་སློབ་གཉེར་བ་ཕལ་མོ་ཆེས་ཁ་མིག་ཡར་བལྟའི་ཚུལ་གྱིས་ཕྱག་སྲོལ་དེའི་རྒྱུན་བཟང་བསྐྱངས་དང་སྐྱོང་བཞིན་པ་ཀུན་གྱི་རྣམ་ཐར་དག་ལས་ཤིན་ཏུ་གསལ་བས། འདིར་སྐབས་སུ་བབས་པ་ཨ་ཁུ་དམུ་དགེ་བསམ་གཏན་ཞབས་ཀྱང་དེ་ལས་མ་འདས་པར་ཁོང་གིས་མགོ་ལོག་གི་རིགས་པ་སྨྲ་བ་བློ་གྲོས་རྒྱ་མཚོས་འཕྲིན་འབྱོར་ལྟར་བསྩལ་བའི་དྲིས་ལན་ལི་དྭངས་རང་སྒྲ་ལས། དྲི་བ་དང་པོའི་ལན་དུ་བསྭེ་ངག་དབང་བཀྲ་ཤིས་ཀྱིས་མཛད་པའི་ཁ་བསྐང་སྐབས་བདུན་པའི་མཐའ་དཔྱོད་ཀྱི་མཇུག་བྱང་ལས། ཀུན་མཁྱེན་གོང་མའི་གནང་བའི་སྐབས་བདུན་པའི་དཔེ་མཚོ་སྔོན་དུས་འཁྲུག་སྐབས་གཞན་དུ་འཁྱར་ཏེ་མ་རྙེད་པས་རྗེ་ཉིད་ཀྱི་རྒྱལ་ཚབ་ཁྲི་རིན་པོ་ཆེ་ནས་སྐབས་བདུན་པའི་ཁ་བསྐང་བར་དམ་པ་རྣམས་ཀྱི་གསུང་རྒྱུན་ལྟར་ཡིན་པས། ད་དུང་ཀུན་མཁྱེན་མཆོག་གི་གསུང་ལ་འདྲིས་པའི་ཉམས་རྒྱུན་ཅན་དག་གིས་འབད་པས་འཚོལ་བར་རིགས་སོ།།⑧ ཞེས་པ་དང་། དྲི་བ་བཞི་བའི་ལན་དུ་བཤད་རྒྱུན་ལ་བསྭེ་ངག་དབང་བཀྲ་ཤིས་ཀྱིས་གཏོར་མ་བརྡབ་པས་སྨིན་གླིང་འདུ་ཁང་བརྡིབ་པ་དང་། བསྭེ་ངག་དབང་བཀྲ་ཤིས་ཀྱི་སྤྲུལ་སྐུ་བཀྲ་ཤིས་འཁྱིལ་ནས་ནང་ཞིག་བྱུང་སྟེ་གཏེར་ལུང་དུ་ཕེབས་ནས་བཞུགས་དགོས་བྱུང་བ་སྨིན་གླིང་གི་མཐུ་བྱད་དུ་བབས་པ་རེད་ཅེས་ཟེར་ཡོད་པ་ལས་རྣམ་ཐར་ལོ་རྒྱུས་སོགས་ན་ཞིབ་ཆ་མ་མཐོང་། འོན་ཀྱང་ཡབ་སྲས་ཀྱི་རྣམ་ཐར་གྱི་བབ་ལ་དཔག་ན་འདི་ལྟར་ཡིན་ནམ་སྙམ་པ་ཤར་ཞེས་གསུངས་པ་ལྟར།⑨ ཨ་ཁུ་དམུ་དགེ་བསམ་གཏན་གྱིས་གཅིག་ནས་ཀུན་མཁྱེན་འཇམ་དབྱངས་བཞད་པའི་རྡོ་རྗེའི་དཔེ་དཀོན་མ་རྙེད་པ་དག་རྗེས་འཇུག་པ་རྣམས་ཀྱིས་འཚོལ་བསྡུ་སྒྲིག་གསུམ་གྱི་འབོད་སྐུལ་ཤུགས་དྲགས་གཏོང་བ་དང་། གཉིས་ནས་བསེ་ངག་དབང་བཀྲ་ཤིས་ཀྱི་བཀའ་དྲིན་ལས་དཔེ་དཀོན་དེ་དག་ཁ་གསབ་ཤིང་དཔར་དུ་བཏབ་སྟེ་ཀུན་མཁྱེན་ཡིག་ཆ་ས་སྟེང་དུ་ཁྱབ་པར་མཛད་པ་དང་། གསུམ་ནས་ཀུན་མཁྱེན་ཡབ་སྲས་གཉིས་ཀྱིས་བླ་བྲང་བཀྲ་ཤིས་འཁྱིལ་གྱི་འཕྲིན་ལས་ཕྱོགས་ཡོངས་ནས་གོང་དུ་འཕེལ་བར་ཐུགས་དགོངས་ཡ་མ་བྲལ་བར་ཕྱག་རྗེས་བླ་ན་མེད་པ་བཞག་པའི་སྐོར་ཤུགས་ནས་རྟོགས་པས། ཁོང་གིས་བསེ་ངག་དབང་བཀྲ་ཤིས་མཆོག་གི་གསུང་རབ་བསྟན་བཅོས་སྐོར་ལ་དཔེ་སྒྲིག་གི་ཐུགས་གཉེར་ཇི་ལྟར་མཛད་པའི་སྐོར་ས་བཅད་མ་སྟོང་བ་ཙམ་དུ་དཔེ་མཚོན་ཞིག་བཀོད་ན་གཤམ་གསལ་ལྟར་ལགས།
            ཕྱི་ལོ་1992ལོའི་ཟླ་7པ་ནས་ཟླ་9པའི་བར་དུ་ཨ་ཁུ་དམུ་དགེ་བསམ་གཏན་མཆོག་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཕེབས་སྐབས་བླ་བྲང་དགོན་པའི་དཔེ་མཛོད་ཁང་དུ་ཕེབས་ནས་བརྩེགས་སྟེང་མའི་ཁང་པ་ཞིག་གི་ནང་དུ་དཔེ་ཆ་བྲག་རི་ལྟར་བརྩིགས་ཡོད་པར་ནང་དོན་གང་ཡིན་བཀའ་འདྲི་གནང་བ་ན་བསེ་ངག་དབང་བཀྲ་ཤིས་ཁོ་ནའི་གསུང་ཡིན་པར་གླེང་བས་ཁོང་རྣམ་པའི་དང་བ་ཉེ་བར་དྲངས་ནས་གུས་ཕྱག་གི་མཆོད་པ་ཕུལ་བར་ཁོང་གི་སྐུ་ཚ་དགེ་བའི་བཤེས་གཉེན་བསླབ་གསུམ་རྒྱ་མཚོའི་ཞལ་སྔ་ནས་གསུངས་ཤིང་།⑩ འདིས་ཀྱང་དབལ་མང་པཎྜི་ཏའི་གདན་རབས་ལྷའི་རྔ་བོ་ཆེའི་ནང་དུ་བསེ་ངག་དབང་བཀྲ་ཤིས་ཀྱིས་1711ལོའི་དཔྱིད་གྲྭ་བ་གསར་ཞུགས་རྣམས་ལ་མྱུར་དུ་པོ་ཏི་ཕྱི་མ་ཚུགས་དགོས་པས་བརྩི་བཞག་འགྲོ་གང་ཆེ་བའི་སླད་དུ་ཆོས་ཐོག་ལ་བརྩི་བཞག་གཉིས་དང་ཆོས་མཚམས་ལ་ཡང་བརྩི་བཞག་རེ་མ་ཆག་པར་བཏང་ནས་ལོ་རེའི་གྲྭ་རྒྱུན་བསགས་པས་འཛིན་གྲྭ་རེ་སྣོན་ཐུབ་པ་བྱུང་སྟབས་གྲྭ་བ་གསར་ཞུགས་ཀྱི་འཛིན་གྲྭ་དེ་ལ་ལོ་དེའི་དགུན་ཆོས་ཀྱི་སྐབས་ཕར་ཕྱིན་དང་། དེ་ནས་ལོ་བཞི་སོང་བའི་ལོར་ཕར་ཕྱིན་རྫོགས་ནས་དབུ་མ་དང་། དེ་ནས་ལོ་གཉིས་སོང་བའི་འཛིན་གྲྭ་དེ་ལ་མཛོད་ཚུགས་ཤིང་།རྒན་པ་རྣམས་ལ་སྔར་ནས་འདུལ་བ་ཚུགས་ཡོད་པ་བཅས་1710ནས་1718ལོའི་རིང་ལ་ལོ་དྲུག་གི་ཁོངས་སུ་འཛིན་གྲྭ་བཅུ་གསུམ་གྱི་གཞུང་ཆེན་ལྔའི་འཆད་ཉན་སྟར་ཆགས་སུ་བྱུང་⑾བས། བསེ་ཡིས་འཆད་ཉན་འཕེལ་བའི་སླད་དུ་འཛིན་གྲྭ་རེ་རེར་བསྡུས་གྲྭ་ནས་བཀའ་པོད་ལྔའི་བར་དུ་བརྩི་བཞག་མི་གཅིག་པ་གནང་ནས་སྐྱོར་དཔོན་ཁག་གིས་ཟིན་བྲིས་བགྲང་གིས་མི་ལངས་བ་མཛད་ཡོད་པའི་བདེན་དཔང་དུ་གྱུར་བར་མ་ཟད། ཨ་ཁུ་དམུ་དགེ་ཚང་གིས་དེའི་སྐོར་ལ་རྩད་གཅོད་དང་དོ་སྣང་མཛད་བཞིན་པའང་མཚོན་ཐུབ། ཁྱད་པར་དུ་ཁོང་གི་ཡང་ཞང་ཐལ་དགེ་བཤེས་བློ་བཟང་ཆོས་ལྡན་གྱི་སྐབས་སུ་བཞེངས་པའི་དམུ་དགེ་དགོན་པའི་བསེ་བསྡུས་གྲྭའི་ཤིང་པར་ཞིག་ཡོད་པར་བརྗོད་མོད་ཀྱང་ཕྱིས་སུ་ང་བརྒྱད་དང་རིག་གནས་གསར་བརྗེའི་དུས་འགྱུར་སྐབས་སུ་གཏོར་བརླག་བྱས་པས། དེང་གི་ཆར་ངེད་ཅག་གི་མཐོང་ལམ་དུ་སྣང་ཐུབ་པའི་དམུ་དགེ་དགོན་གྱི་ཤིང་དཔར་འདི་ནི་དུས་རབས་ཉི་ཤུ་བའི་ལོ་རབས་བརྒྱད་ཅུའི་ནང་དུ་ཨ་ཁུ་དམུ་དགེ་བསམ་གཏན་མཆོག་གི་ཐུགས་བཀོད་ལྟར་གསར་དུ་བརྐོས་བ་ཡིན་ཞིང་། འདི་བླ་བྲང་པར་གཞི་མ་དཔེར་བྱས་ཏེ་པར་སློག་བྱས་པ་ལྟ་བུ་ཡིན་པས་པར་གཞིའི་ཁྱད་ཆོས་སྐོར་དམིགས་སུ་བགར་ནས་བརྗོད་པའི་དགོས་པ་ཆེར་མ་མཐོང་བས་བཏང་སྙོམས་སུ་བཞག་ཀྱང་། དེར་མོས་འདུན་ཡོད་མཁན་དག་གིས་ཞིབ་ཏུ་ཕྲན་གྱིས་བྲིས་ཁུལ་བྱས་པའི་བསེ་བསྡུས་པར་གཞིའི་སྐོར་གྱི་རྩོམ་ཡིག་ལ་བལྟ་བར་འཚལ།⑿ མདོར་ན། གུས་པས་ཤེས་ཚོད་ལྟར་ན་བསེ་བསྡུས་གྲྭའི་པར་གཞི་འདི་ནི་ལོ་རྒྱུས་སྟེང་དུ་མཐའ་མཇུག་གསར་དུ་བརྐོས་པའི་ཤིང་པར་མ་ཡིན་མོན་ཀྱང་། འདིས་དམུ་དགེ་དགོན་གྱི་བསྡུས་གཞུང་གི་འཆད་ཉན་སློབ་གསོའི་ཕྱོགས་ལ་ཕྱག་རྗེས་ཆེ་བ་སྨོས་མ་དགོས། ད་དུང་ཨ་ཁུ་དམུ་དགེ་བསམ་གཏན་མཆོག་གིས་དེང་རབས་མགོ་བཙེམ་མའི་དེབ་གཟུགས་སུ་དཔེ་སྒྲིག་གནང་བའི་མཛད་བཟང་སྐོར་འོག་ཏུ་ཕྱུང་ནས་བཤད་པར་བྱའོ།།
            གཉིས། དཔེ་སྐྲུན། དུས་རབས་བཅོ་བརྒྱད་པའི་ནང་དུ་བསེ་བསྡུས་གྲྭ་དངོས་སུ་བྱུང་བ་ནས་བཟུང་རིམ་གྱིས་པར་གཞི་སྣ་ཚོགས་སུ་མཆེད་ཀྱང་“རིག་གནས་གསར་བརྗེ་”སོགས་དུས་འགྱུར་གྱི་སྐབས་སུ་ཕལ་ཆེ་བ་རྨེག་མེད་དུ་བཅོམ་པས། དུས་རབས་ཉི་ཤུ་བའི་ལོ་རབས་བརྒྱད་ཅུ་བ་ནས་བཟུང་གཞུང་གཉེར་གྱི་དཔེ་སྐྲུན་ཁང་རྣམས་ཀྱིས་ལྕགས་པར་དུ་བཏབ་ནས་དངོས་སུ་འགྲེམས་སྤེལ་བྱས་ཏེ། 1985ལོའི་ཟླ10པར་པེ་ཅིན་མི་རིགས་དཔེ་སྐྲུན་ཁང་གིས་《ཚད་མའི་དགོངས་དོན་རྩ་འགྲེལ་མཁས་པའི་མགུན་རྒྱན་》ཞེས་པའི་མཚན་བྱང་ཅན་དུ་རྩོམ་སྒྲིག་བྱས་ནས་འགྲེམས་སྤེལ་བཏང་བ་ནི། རྒྱལ་ནང་ནས་གཞུང་གཉེར་དཔེ་སྐྲུན་ཁང་གིས་བསེ་བསྡུས་ལྕགས་པར་དུ་བཏབ་པའི་ཐོག་མ་ཡིན་ཞིང་། དེའི་ནང་དུ་བཀྲས་ལྷུན་པར་མའི་《བསེ་བསྡུས་གྲྭའི་སྡོམ་ཚིག་དྭངས་གསལ་མེ་ལོང་》ཞེས་བྱ་བ་དཔའ་རིས་བློ་བཟང་རབ་གསལ་གྱིས་མཛད་པ་དང་། སྐུ་འབུམ་པར་མའི་བསེ་བསྡུས་སྐལ་བཟང་རེ་སྐོང་། ཟུར་བཀོད་དུ་ཨ་ཁུ་དམུ་དགེ་བསམ་གཏན་མཆོག་ལ་བསྐུལ་བའི་དྲིས་ལན་གཏེར་གྱི་ཁ་བྱང་དང་རྩོམ་པ་པོ་ངོ་སྤྲོད་མདོར་བསྡུས་བཅས་ལེགས་སྒྲིག་བྱས་ཏེ།2009ལོའི་ཟླ་4པའི་བར་དུ་པར་ཐེངས་བརྒྱད་བྱུང་ནས་སྐབས་བབ་འདི་གཅིག་པུ་ལའང་དཔར་གྲངས་29001ནས་33000ལྷག་འགྲེམས་སྤེལ་བྱས་པས། འདིས་གཅིག་ནས་རང་རིགས་ལ་གཞན་ལས་ཐུན་མོང་མ་ཡིན་པའི་གཏན་ཚིགས་རིག་པའི་བསམ་བློའི་འཁྱེར་སོ་ཡོད་པ་དང་། གཉིས་ནས་བསྟན་པ་ཡང་དར་སྐབས་ཀྱི་བསྡུས་གཞུང་གི་འཆད་སྤེལ་གྱི་གནས་བབ་ཁྱད་པར་བ་ཞིག་མཚོན་གྱིན་འདུག དེར་བརྟེན། འདིའི་ནང་དུ་ཨ་ཁུ་དམུ་དགེ་བསམ་གཏན་མཆོག་གི་དྲི་མེད་ཀྱི་རྣམ་དཔྱོད་ཆེན་པོས་གཏམས་པར་མ་ཟད། ཁོང་གིས་མཛད་པའི་བསེ་བསྡུས་གྲྭའི་དྲིས་ལན་གཏེར་གྱི་ཁ་བྱང་དེབ་དེའི་ཟུར་བརྒྱན་གྱི་རྣམ་པས་གཞན་ཕན་ཆེན་པོ་འགྲུབ་ཅིང་ཞིབ་ཏུ་མཇུག་གི་ས་བཅད་དུ་དམིགས་སུ་བགར་ནས་བརྗོད་ཁུལ་བྱེད་དོ།།
            གཞན་ཡང་། ཁོང་གི་ཞལ་ནས་《ཤེས་བྱའི་རྣམ་གྲངས་བློ་གསལ་རིགས་སྒོ་》ཞེས་བྱ་བ་འདི་ནི། བསམ་གཏན་རྒྱ་མཚོ་མི་འཇིགས་དབྱངས་ཅན་དགའ་བའི་བློ་གྲོས་སུ་འབོད་པས་བྲིས་པ་ཡིན་ལ། རྒྱལ་སྲས་ཞི་བ་ལྷས། སྔོན་ཆད་མ་བྱུང་བ་ཡང་འདིར་བརྗོད་མེད།། སྡེབ་སྦྱོར་མཁས་པའང་བདག་ལ་ཡོད་མིན་ཏེ།། ཞེས་གསུངས་པ་ལྟར། བདག་ལྟ་བུ་ལ་བརྗོད་བྱ་རྗོད་བྱེད་གང་ཐད་ནས་མཁས་པ་མགུ་བའི་གསར་བཤད་ཅིག་ངོམ་རྒྱུ་མེད་མོད། མཁྱེན་དཔྱོད་རབ་ཏུ་ཡངས་ཤིང་ལྷག་བསམ་མཆོག་ཏུ་དཀར་བ་རྡོ་རྗེ་རྒྱལ་བོ་སོགས་ཀྱིས་ནན་གྱིས་བསྐུལ་མ་གནང་བ་དང་། རང་གིས་གསར་བུ་རྣམས་ལ་རིག་གནས་རེ་སྤེལ་ཁུལ་བྱེད་སྐབས་སྦུག་ཐུམ་པའི་ཉམས་འདུག་པས། གཏན་ཚིགས་རིག་པ་དང་མཚན་ཉིད་རིག་པ་ལ་ཕྱོགས་མཐོང་ཙམ་རེ་མེད་ན་སུམ་རྟགས་ཙམ་གྱི་འུར་སྒྲ་དེས་གར་ཡང་མི་ཕྱིན་འདུག་ལ། དེང་དུས་ཆོས་གྲྭའི་འཆད་རྩོད་ཉམས་འདུག་སྟབས། དགག་སྒྲུབ་ཀྱི་སྤྲོས་པ་དོར་ཏེ། བློ་སྒོ་འབྱེད་ཕྱིར་འདི་འདྲ་རེ་བརྩམས་ན་རང་དང་སྐལ་བ་མཉམ་པ་འགའ་ལ་ཕན་པ་ཅུང་ཟད་རེ་འབྱུང་སྲིད་སྙམ་སྟེ། ལས་དོན་གྱི་བར་སྐབས་སུ་ནམ་ཁོམ་བྲིས་ཞེས་གསུངས་པ་ནང་བཞིན་དུ་1980་ལོར་གསར་དུ་བརྩམས་པའི་བློ་གསལ་རིགས་སྒོ་ཞེས་བྱ་བ་དང་།⒀ ཕྱིས་སུ་མཛད་དེ་རྩོམ་འཕྲོར་ལུས་པའི་བློ་གསལ་རིགས་མཛོད་བཅས་ཀྱིས་བསྟན་པ་ཡང་དར་གྱི་སྐབས་སུ་ཀུན་ལ་ཕན་འབྲས་ཆེ་བ་མིག་མཐོང་ལག་ཟིན་དུ་གྱུར་བས། འདིའི་དགེ་མཚན་གྱི་འབྱུང་ཁུངས་ཆུ་འགོ་ལྟ་བུ་ནི་བསེ་བསྡུས་གྲྭ་དང་བསེ་བསྡུས་རྩོམ་འཕྲོའི་རང་ལུགས་རྩལ་དུ་བཏོན་པར་མ་ཟད། ད་དུང་འབའ་མདའ་བ་ཐུབ་བསྟན་དགེ་ལེགས་རྒྱ་མཚོའི་《བསྡུས་གྲྭའི་སྤྱི་དོན་རྣམ་པར་ངེས་པ་ཆོས་ཐམས་ཅད་ཀྱི་མཚན་ཉིད་རབ་ཏུ་གསལ་བར་བྱེད་པ་རིན་པོ་ཆེའི་སྒྲོན་མེ་》ཞེས་བྱ་བའི་ལེགས་པར་ཟུར་བརྒྱན་ནས་ཡོངས་སུ་གྲུབ་པ་ནི་སུས་ཀྱང་བསྙོན་དུ་མེད་ཀྱང་།⒁ ཁོང་གིས་རང་གཞན་ལོག་རྟོག་སྨག་ཆེན་འཇོམས་པའི་དཔལ།། ཚད་མའི་རིགས་ལམ་ཉི་མ་འོད་པོ་ཆེ།། དུས་འདིའི་སྐྱེ་བོས་ལོངས་སུ་སྤྱོད་པའི་ཕྱིར།། དུས་བསྟུན་ངག་གི་སྦྱོར་བ་སྤྲོ་བར་བྱ།། ཞེས་གསུངས་པ་ལྟར་ནང་པ་སངས་རྒྱས་པའི་མཚན་ཉིད་རིག་པའི་འགྲོས་དང་མཐུན་པར་བརྗོད་པའི་བློ་རྟགས་བསྡུས་གསུམ་ཆ་ཚང་བ་ཞིག་རྩོམ་པའི་ཀུན་སློང་གིས་ཉེ་བར་དྲངས་ཀྱང་བློ་གསལ་རིགས་མཛོད་རྩོམ་འཕྲོར་གྱུར་པ་ནི།⒂ བསེ་ངག་དབང་བཀྲ་ཤིས་ཀྱིས་ཕོ་ལྷ་བ་དང་པཎ་ཆེན་བློ་བཟང་ཡེ་ཤེས་གཉིས་བརྒྱུད་ནས་དགའ་ལྡན་ཁྲི་རབས་ལྔ་བཅུ་བ་གུང་ཐང་དགེ་འདུན་ཕུན་ཚོགས་ཀྱི་སྤྲུལ་སྐུ་ངག་དབང་བསྟན་པའི་རྒྱལ་མཚན་ཐབས་མཁས་ཀྱིས་ཐོག་མར་བླ་བྲང་བཀྲ་ཤིས་འཁྱིལ་དུ་གདན་དྲངས་ནས་དེའི་བརྩི་བཞག་གི་སླད་དུ་ཆེད་གཉེར་གྱིས་མཛད་པའི་བསེ་བསྡུས་རྩོམ་འཕྲོར་ལུས་པ་ནང་བཞིན་དུ།⒃ ཁོང་གིས་《ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་ཀྱི་ཚིག་འགྲེལ་ཐུབ་བསྟན་ཡར་རྒྱས་》ཞེས་བྱ་བའི་མཇུག་ཏུ་ཡོངས་རྫོགས་འབྲི་བསམས་ཀྱང་ནད་དྲག་པོས་ཐེབས་པའི་དབང་གིས་མཇུག་ཅུང་ཟད་ལུས་པ་ནི་སྐྱེ་བ་ཐམས་ཅད་དུ་འཆད་རྩོམ་རྩོད་གསུམ་བར་མ་ཆད་དུ་བྱེད་པའི་རྟེན་འབྲེལ་དུ་དམིགས་ཏེ་བཞག་གོ་ཞེས་གསུངས་པ་ལྟར་མངོན་སུམ་དུ་གྲུབ་ན་ཅི་མ་རུང་སྙམ།
            གསུམ། དཔེ་ཁྲིད། ཨ་ཁུ་དམུ་དགེ་བསམ་གཏན་མཆོག་1945ལོར་ཀུན་མཁྱེན་སྐུ་ཕྲེང་ལྔ་བ་བློ་བཟང་འཇམ་དབྱངས་ཡེ་ཤེས་བསྟན་པའི་རྒྱལ་མཚན་མཆོག་དབུས་ནས་ཕྱིར་ཕེབས་ཏེ། གྲྭ་ཚང་སོ་སོའི་འགྲིག་ལམ་ལ་དག་ཐེར་མཛད་པ་དང་བསྟུན་ནས་བླ་བྲང་ཐུབ་བསྟན་ཕོ་བྲང་དུ་གྲྭ་ཆུང་སློབ་གྲྭ་ཞིག་བཙུགས་ཏེ་གོ་མིན་ཏང་གི་སློབ་གསོ་པུའུ་ཡིས་བདག་གཉེར་བྱས་ནས་ཕོག་གནང་བའི་རྒྱ་ནག་གི་མིང་ལ་(喇嘛职业学校)ཞེས་པའི་དགེ་རྒན་དུ་གདན་དྲངས་པ་ནས་མགོ་བརྩམས་ཏེ། སྒར་གྲོང་གཉིས་ཀྱི་སེར་སྐྱ་ཕོ་མོ་གང་རུང་ལ་དཔེ་ཁྲིད་བསམ་གྱིས་མི་ཁྱབ་པ་གནང་ཞིང་། ཁོང་གིས་མཛད་པའི་《བློ་གསལ་རིགས་སྒོ་》གཅིག་པུ་ཡང་1982ལོའི་ཟླ་4པར་ནུབ་བྱང་མི་རིགས་སློབ་ཆེན་དུ་སློབ་བུ་ཉི་ཤུ་སྐོར་ལ་ཁྲིད་གཅིག་དང་། 1984ལོའི་ཟླ་5པར་རྔ་སྟོད་སྒོ་མང་དགེ་ལྡན་བཤད་སྒྲུབ་འཕེལ་རྒྱས་གླིང་དུ་གྲྭ་བ་ཉི་ཤུ་རྩ་གྲངས་ཤིག་ལ་ཁྲིད་གཅིག 1985ལོའི་ཟླ་5པར་བསང་ཆུ་རྫོང་གི་བོད་ཡིག་སློབ་འབྲིང་དུ་ཁྲིད་གཅིག 1990ལོའི་ཟླ་5པར་རྟའུ་རྫོང་གི་ཉ་མཚོ་དགོན་པའི་ཉེ་འདེབས་ན་ཡོད་པའི་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭར་བསླབ་བྱ་དང་བཅས་ཏེ་ཁྲིད་གཅིག་བཅས་ཀྱིས་མཚོན་པའི་བསེ་བསྡུས་གྲྭའི་རང་ལུགས་རྩལ་དུ་བཏོན་པའི་བསྡུས་གཞུང་གི་རིགས་ལམ་དག་སྐུ་དངོས་ནས་དཔེ་ཁྲིད་མཛད་པར་མ་ཟད། དང་པོ་བླ་བྲང་ནས་རྡོ་རམས་པ་ཡིན་སྐབས་སུ་སློབ་མ་མང་དུ་འདུས་ཏེ་བསྡུས་གཞུང་གི་རིགས་ལམ་གྱིས་ཉེ་བར་དྲངས་ནས་རྣམ་འགྲེལ་དང་ཕར་ཕྱིན་སོགས་ཀྱི་དཔེ་ཁྲིད་གནང་བ་དང་། སྒོས་སུ་དམུ་དགེ་དགོན་པ་དང་། རྔ་སྟོད་སྒོ་མང་དགོན། སྟག་ཚ་ཆོས་བཟང་གླིང་ལ་སོགས་སུ་བསེ་བསྡུས་གྲྭ་བརྩི་བཞག་བྱས་ཏེ་ཐེངས་མང་པོ་དཔེ་ཁྲིད་མང་པོ་བསྩལ། དཔེར་ན་ཁོང་ཉིད་དགུང་ལོ་ཤིན་ཏུ་རྒས་པའི་སྐབས་སུ་ཡང་ཨ་ལགས་བསམ་གཏན་བསྟན་པའི་རྒྱལ་མཚན་ལ་མཆོག་ལ་བསེ་བསྡུས་མང་དུ་ཁྲིད་པར་མ་ཟད། 1987ལོའི་ཟླ་4པར་རྔ་སྟོད་སྒོ་མང་དགོན་དུ་བསེའི་བློ་རིག་ཟུར་བརྒྱན་གྱི་ཁྲིད་ཀྱང་ལེགས་པར་གནང་ཞིང་། 1989ལོའི་ཟླ་5པར་སྟག་ཚ་སྒར་དུ་བསེ་བསྡུས་གྲྭའི་དཔེ་ཁྲིད་བྱས་ཏེ་དམ་བཅའ་ཚུགས་པ་ཉིན་བདུན་ལ་བྱས། ད་དུང་ཨ་ལགས་བསམ་གཏན་བསྟན་པའི་རྒྱལ་མཚན་དང་སྐུ་ཚ་བསླབ་གསུམ་རྒྱ་མཚོ་གཉིས་དམ་བཅའ་ལ་ཞུགས་སུ་བཅུག 1990ལོའི་ཟླ་1པའི་ཚེས་20ཉིན་སྐུ་ཚ་བསླབ་གསུམ་རྒྱ་མཚོས་བསེ་བསྡུས་གྲྭའི་སྡོམ་ཚིག་དང་བསེ་བསྡུས་གཉིས་ཚོགས་རྒྱུགས་ལ་འབུལ་བའི་འགོ་བརྩམས་ཏེ་ལེགས་པར་འགྲུབ། ད་དུང་1985ལོའི་ཟླ་5པར་བསང་ཆུ་རྫོང་གི་བོད་ཡིག་སློབ་འབྲིང་དུ་གུང་ཐང་འཇམ་པའི་དབྱངས་ཀྱི་རིགས་ལམ་འཕྲུལ་ལྡེ་དང་།1987ལོའི་ཟླ་5པར་རྔ་སྟོད་སྒོ་མང་དགོན་དུ་ཨ་ཁུ་གུང་ཐང་གི་བསྡུས་གྲྭའི་དཔེ་ཁྲིད་ཀྱང་ཞིབ་ཏུ་མཛད་དོ།།
མདོར་ན། དམུ་དགེ་དགོན་གྱི་ཁྲི་བ་སྒོ་མང་ཚང་དང་ཐལ་དགེ་བཤེས་བློ་བཟང་ཆོས་ལྡན་གཉིས་ཀྱིས། བསྟན་པ་རིན་ཆེན་མཆོག་གིས་མ་ཁྱབ་པའམ།། ཁྱབ་ཀྱང་ཉམས་པར་གྱུར་པའི་ཕྱོགས་དེར་ནི།། སྙིང་རྗེ་ཆེན་པོས་ཡིད་རབ་བསྐྱོད་པ་ཡིས།། ཕན་བདེའི་གཏེར་དེ་གསལ་བར་བྱེད་པར་ཤོག།⒄ ཅེས་གསུངས་པ་གནད་དམ་པར་མཁྱེན་ནས་རྟག་ཏུ་ཐུགས་སུ་བརྣགས་ཏེ། ཨ་ཁུ་དམུ་དགེ་བསམ་གཏན་མཆོག་གིས་བསྟན་པ་ཡང་དར་གྱི་སྐབས་སུ་རང་རེའི་གཞུང་བཀའ་པོད་ལྔ་སྙིང་བཅུད་དུ་གྱུར་བའི་བཅུ་ཕྲག་རིག་གནས་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་དུ་གཏོང་བར་ཕྱག་རྗེས་མངོན་པར་མཐོ་བ་དང་། ཁྱད་པར་དུ་བསེ་བསྡུས་གྲྭའི་རིགས་ལམ་ཐབས་མཁས་ཀྱི་སྒོ་ནས་འཆད་ཉན་ལེགས་པར་སྤེལ་བའི་ཕྱོགས་ལ་རིགས་པ་སྨྲ་བའི་ཁྲོད་ན་ཀུན་གྱི་གཙུག་རྒྱན་དུ་ལྷམ་མེར་བཞུགས་སོ།།
གསུམ་པ། བསེ་བསྡུས་གྲྭའི་དྲིས་ལན་གཏེར་གྱི་ཁ་བྱང་མཛད་ཚུལ།
མདོ་སྨད་བླ་བྲང་དགོན་པའི་ཚོགས་གཏམ་གཏོང་བའི་སྐབས་སུ། བཀྲ་ཤིས་འཁྱིལ་གྱི་རིགས་ལམ་སླེལ་པོའི་ནང་དུ་ཆུ་བླུགས་པ་དང་འདྲ་ཞིང་། ཕྱི་ནས་ཡོང་བའི་དཀོར་རྒན་རྣམས་ཀྱིས་སྒྲོ་བའི་ནང་དུ་རྡོ་འཐུས་པ་ལྟ་བུ་བྱས་སོང་ཞེས་གསུངས་པ་ལྟར་བསེ་བསྡུས་གྲྭའི་རིགས་ལམ་གྱི་གསང་བ་ཤིན་ཏུ་རྟོགས་དཀའ་བ་ཡོངས་སུ་གྲགས་པས། དེའི་དགོངས་དོན་ཟབ་མོ་བདེ་བླག་ཏུ་རྟོགས་པའི་སླད་དུ། པེ་ཅིན་མི་རིགས་དཔེ་སྐྲུན་ཁང་གི་རྩོམ་སྒྲིག་འགན་འཁུར་བའི་ཐུགས་བཀོད་ལྟར་ཨ་ཁུ་དམུ་དགེ་མཆོག་གིས་སྐུ་ཚེགས་འོ་བརྒྱལ་ལ་མ་འཛེམ་པར་《བསེ་བསྡུས་གྲྭའི་དྲིས་ལན་གཏེར་གྱི་ཁ་བྱང་》མཛད་པས་བསྟན་པ་ཡང་དར་གྱི་སྒོ་མོ་ཡངས་བར་འབྱེད་པའི་འཆད་ཉན་གྱི་གཞི་མ་བསྡུས་གཞུང་གི་མེ་རོ་གསོ་བའི་དགེ་རྩ་གཞན་དྲིང་མི་འཇོག་པ་བཞག་ཅིང་། སྒོས་སུ་དེང་རབས་སློབ་གསོའི་མ་ལག་གསར་བའི་འོག་ཏུ་འཚར་ལོངས་བྱུང་བའི་གཞོན་སྐྱེས་དོན་གཉེར་ཅན་རྣམས་ཚད་མ་རིག་པ་ལ་འཇུག་པར་ལེགས་ཚོགས་རྨད་དུ་བྱུང་བ་བསྐྲུན་ཡོད་པ་ནི་སུས་ཀྱང་བསྙོན་དུ་མེད། ཡིན་ན་ཡང་། སྐབས་དེར་དུས་འགྱུར་གྱིས་སྒྲིབ་པ་ཡོངས་སུ་གསལ་ཐག་ཆོད་མེད་པས་ཐ་སྙད་གང་ཡོད་ལ་མཆན་འགྲེལ་མཐར་ཆགས་སུ་འདེབས་རུང་མིན་གྱི་གནད་དོན་ཡོད་པར་མ་ཟད། ཨ་ཁུ་དམུ་དགེ་ཁོང་ཉིད་ཀྱང་དགུང་ལོ་མཐོན་པོར་སླེབས་ཡོད་པའི་ཁར་བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་ཕྱོགས་མང་པོ་སླར་གསོའི་འཁུར་ཆེན་འདེགས་ཀྱིན་ཡོད་པ་དང་། སྒོས་སུ་གྲྭ་རྐྱང་དཀྱུས་མའི་ཚུལ་གྱིས་གཞུང་ཆེན་བཀའ་པོད་ལྔ་དང་བཅས་པ་ལ་རྡོ་རུས་ཐུག་པར་ཐོས་བསམ་མཐར་ཆགས་སུ་བགྱིས་ཏེ་བཅུ་ཕྲག་རིག་པའི་གནས་ལ་ནང་བྱན་ཆུད་པའི་པཎ་ཆེན་ཁོང་ཉིད་ལྟ་བུ་ལ་མཚོན་ན་དྲུག་སྒྲའི་རྣམ་གཞག་གི་ནང་གསེས་ཤོང་རྫོང་མ་དང་། རྒྱབ་ཁུར་མ། བང་ལེན་མ། དམིགས་ཧུར་མ། མཐའ་སྐྱོར་མའི་དགག་གཞི་བརྩི་ཚུལ་ལྟ་བུས་མཚོན་པའི་བསྡུས་སྦྱོར་གྱི་ཐ་སྙད་དག་ནི་ཆོས་རྭ་འགྲིམས་པའི་ཞོར་དུ་ཤེས་འགྲོ་བ་ཞིག་ཡིན་གཤིས་མཆན་འགྲེལ་གྱི་དགོས་པ་ཆེར་མ་མཐོང་སྟེ་བཏང་སྙོམས་སུ་བཞག་ཀྱང་སྲིད་མོད། དེང་སྐབས་ཀྱི་གཞུང་གཉེར་སློབ་གྲྭ་བ་རྣམས་ལ་དེའི་སྐོར་གྱི་བག་ཆགས་ཤིན་ཏུ་སྲབ་པས་《བསེ་བསྡུས་གྲྭའི་དྲིས་ལན་གཏེར་གྱི་ཁ་བྱང་》གི་མཆན་འགྲེལ་ཅུང་ཟད་བསྡུས་དྲགས་པར་སྣང་སྟེ། གཤམ་ཏུ་ལྟག་ཆོད་དཔེར་བླངས་རགས་ཙམ་བརྗོད་པར་བྱའོ།།
            དེ་ཡང་《ཚད་མ་ཀུན་བཏུས་ཀྱི་རང་འགྲེལ་》ཞ་མ་སེང་རྒྱལ་གྱི་འགྱུར་ལས། ལྟག་ཆོད་རྣམས་ལ་ནི་སྐྱོན་ལན་དུའོ།།འདིས་ཕྱོགས་སྔ་མ་དག་སྒྲུབ་བྱེད་མ་ཡིན་པ་ཉིད་དུ་ཤེས་པར་མ་ནུས་སོ།།⒅ ཞེས་གསུངས་ཤིང་། དེའི་གོ་དོན་རྒྱལ་ཚབ་ཐམས་ཅད་མཁྱེན་པའི་ཚད་མ་མདོའི་རྣམ་བཤད་དུ། ཚད་མ་རྣམ་ངེས་ལས། མ་ཚང་སོགས་བརྗོད་སུན་འབྱིན་ཡིན།། དེ་སྣང་བ་ནི་ལྟག་ཆོད་དོ།། ཞེས་བཤད་པ་ལྟར། རྒོལ་བས་སྒྲུབ་བྱེད་བཀོད་པས། ཕྱིར་རྒོལ་གྱི་ངོར་ངེས་ཤེས་སྐྱེད་མ་ནུས་ཤིང་། སྐབས་དང་མཐུན་དཔེ་ཕྱོགས་ཆོས་མ་ཚང་བ་དང་། རྗེས་འགྲོ་མེད་པ་དང་། རྗེས་འགྲོ་ཕྱིན་ཅི་ལོག་ལ་སོགས་པ་བརྗོད་པ་ལ་ཕྱིར་རྒོལ་གྱིས་དེ་ལྟར་བརྗོད་པར་བྱེད་པའི་ངག་ནི་སུན་འབྱིན་ཡང་དག་སྟེ། དེ་ཡང་ཕྱོགས་ཆོས་མ་ཚང་ཞེས་པ་ཙམ་མ་ཡིན་གྱི་ཕྱོགས་ཆོས་མ་ཚང་བའི་རྒྱུ་མཚན་ཡང་དག་པར་བརྗོད་པའི་སྒོ་ནས་རྒོལ་བ་འདོད་དོན་འགྲུབ་པའི་ནུས་པ་བཅོམ་ཞིང་གེགས་བྱེད་པ་ཡིན་ལ།དངོས་པོའི་གནས་ཚོད་ལ་སྒྲུབ་བྱེད་ཡང་དག་ཡིན་ཡང་། རྒོལ་བས་སྒྲུབ་མི་ནུས་པ་ནི། རྒོལ་བ་ལ་སྤོབས་པ་མེད་པས། ཚར་བཅད་པའི་གནས་ཡིན་ལ། ཕྱིས་རྒོལ་བས་བསྒྲུབས་ནས་ངེས་པ་བསྐྱེད་ནུས་ཀྱང་། སྔར་གྱི་སྒྲུབ་བྱེད་དེ་སྐྱོན་ཅན་ལས་མ་འདས་སོ།། གཞན་དོན་རྗེས་དཔག་གི་སྐབས་སུ་དོན་སྐྱོན་ཞུགས་པར་སྟོན་ནུས་པ་འབའ་ཞིག་གིས། སུན་འབྱིན་ཡང་དག་ཏུ་འགྱུར་བ་མ་ཡིན་གྱི་བློའི་སྐྱོན་དང་། སྒྲའི་སྐྱོན་དང་བཅས་པར་བསྟན་པས་ཀྱང་སུན་འབྱིན་དུ་འགྱུར་བ་ཡིན་ནོ།། དེས་ན་སུན་འབྱིན་ཡང་དག་ལ་རྒོལ་བའི་འདོད་ཡུལ་ཕྱིན་ཅི་ལོག་ཏུ་བྱེད་ནུས་པ་ཁོ་ནར་མི་བཟུང་ངོ་།། ཕྱི་རོལ་གྱི་ལན་རྣལ་མར་བསམ་ཀྱང་། སྐྱོན་མེད་པ་ལ་སྐྱོན་དུ་བརྗོད་པ་ནི། སུན་འབྱིན་ལྟར་སྣང་བ་ལྟག་ཆོད་དེ། ཕྱིར་རྒོལ་གྱི་ལན་ལོག་པ་མཐའ་དག་པ་ཡིན་ཡང་། རང་གིས་ཉེས་པར་བརྗོད་པ་ཇི་ལྟ་བ་བཞིན་དུ་རང་ལ་མཚུངས་པར་འཇུག་པའི་སུན་འབྱིན། ལྟག་ཆོད་ཀྱི་མཐར་ཐུག་པ་ཐ་ཤལ་བའོ།། རྩོད་རིགས་ལས། སྒྲུབ་པའི་ཡན་ལག་མི་བརྗོད་ཅིང་།། སྐྱོན་མི་བརྗོད་པ་གཉིས་པོ་དག། ཚར་བཅད་པ་ཡི་གནས་ཡིན་གྱི།། གཞན་གྱི་མི་རིགས་ཕྱིར་མི་འདོད།། ཅེས་བཤད་པས། སྒྲུབ་བྱེད་ཡང་དག་འགོད་པར་ཁས་བླངས་ནས་སྐབས་ལ་བབས་བཞིན་དུ། སྒྲུབ་བྱེད་ཡང་དག་མི་བརྗོད་པ་དང་། སྐྱོན་ཅན་བརྗོད་པ་ནི་ཚར་བཅད་པའི་གནས་དང་། སྐྱོན་བརྗོད་པར་ཁས་བླངས་ནས་མི་བརྗོད་པ་དང་། ཕྱིན་ཅི་ལོག་མི་བརྗོད་པ་ཡང་ཚར་བཅད་པའི་གནས་སོ།། སུན་འབྱིན་བརྗོད་པའི་དུས་ཀྱང་སྐབས་དེའི་སྒྲུབ་བྱེད་རྫོགས་ནས་ཡིན་གྱི། མ་རྫོགས་པར་སུན་འབྱིན་བརྗོད་པ་ནི། ཚར་བཅད་པའི་གནས་ཡིན་པར་སངས་རྒྱས་པས་རྒོལ་བའི་ཚིག་བརྗོད་མ་ཐག་སུན་འབྱིན་འཕེན་པ་སྐད་བྱེད་པ་ནི། རིགས་པ་མི་ཤེས་པའི་རྣམ་འགྱུར་ཏེ། ཚད་མ་རྣམ་ངེས་དང་། མངོན་པ་ཀུན་ལས་བཏུས་ལས་བཤད་པ་ལྟར་ཤེས་པར་བྱའོ།། ཞེས་པ་དང་། ད་དུང་ལྟག་ཆོད་དང་སུན་འབྱིན་ལྟར་སྣང་དེ་དག་ལྟག་ཆོད་དུ་འགྱུར་ཚུལ་ལ་སོགས་གསལ་བར་གསུངས་ཡོད་ཀྱང་།⒆ སྐབས་དོན་《བསེ་བསྡུས་གྲྭའི་དྲིས་ལན་གཏེར་གྱི་ཁ་བྱང་》ལས། ལྟག་ཆོད་ཅེས་པ་ནི་ཕ་རོལ་པོའི་འདོད་ཚུལ་གྱི་ལྡོག་ཕྱོགས་ནས་ཐལ་སྦྱོར་འཕངས་ཏེ་སུན་འབྱིན་པར་བྱེད་པའི་ངག་གི་མིང་ཞེས་གསུངས་པ་ནང་བཞིན་གསལ་ཁ་ཐོན་མེད་པར་སྙམ།⒇ ཅིའི་ཕྱིར་ཞེ་ན། དེ་ནི་གཅིག་ནས་གོང་གི་དཔལ་ལྡན་ཕྱོགས་གླང་གི་ཚད་མ་མདོའི་རང་འགྲེལ་དང་རྒྱལ་ཚབ་ཆོས་རྗེའི་རྣམ་བཤད་ཀྱི་ལུང་ཁུངས་ལྟར་ཕྱིར་རྒོལ་གྱི་ལན་ལོག་པ་མཐའ་དག་སྟེ་སྐྱོན་མེད་པ་ལ་སྐྱོན་དུ་བརྗོད་པ་ནི་ལྟག་ཆོད་ལ་གོ་དགོས་ཤིང་། སུན་འབྱིན་ལ་མཚོན་ནའང་ཡང་དག་དང་ལྟར་སྣང་ཅི་རིགས་ཡོད་པས། མཆན་འགོད་སྐབས་ཕྱི་རོལ་བའི་རྟོག་གེའི་མེས་པོ་གོ་ཏ་མའི་རིགས་པ་ཅན་པའི་མདོར་ལྟག་ཆོད་ཉེར་བཞིར་བགྲང་བ་དང་སློབ་དཔོན་དབྱིག་གཉེན་གྱི་རྩོད་པ་གྲུབ་པ་དང་ཇི་ལྟ་བའི་རྟོག་གེའི་བསྟན་བཅོས་(如实论)ལ་སོགས་སུ་གསུམ་དུ་བསྡུས་ནས་བཅུ་དྲུག་ཏུ་བཀྲལ་བ་དང་།(21) དཔལ་ལྡན་ཕྱོགས་གླང་གི་ཀུན་བཏུས་སུ་བཅུ་བཞིར་འདྲིལ་བ་དང་།(22)དཔལ་ལྡན་ཆོས་གྲགས་ཀྱིས་སྡེ་བདུན་དུ་འབྲས་མཚུངས་ཀྱི་ལྟག་ཆོད་ལྟ་བུ་མ་གཏོགས་སློབ་དཔོན་ཕྱོགས་གླང་གིས་བཀག་ཟིན་པ་དང་ལྟག་ཆོད་དེ་དག་སྤྲོས་ན་ཉུངས་ལ་བསྡུས་ན་མངས་པར་དགོངས་ནས་བཏང་སྙོམས་སུ་མཛད་པའི་(23)གནད་དོན་དག་ཡིག་ཚོགས་སྐྱུང་བའི་ཕྱིར་དུ་མཆན་མ་འདེབས་ན་རུང་མོད། ཏུན་ཧོང་གཏེར་ཡིག་ལས་བྱུང་བའི་ཨང་རྟགས་P.T.1283ཅན་གྱི་ཕུ་བོས་ནུ་བོར་བཏམས་ཤིང་བསྟན་པའི་མདོ་ཞེས་པའི་དོན་ཚན་ཉེར་གཅིག་ཏུ། ནུ་ན་རེ། ལས་བྱའོ་ཆོག་གྲོགས་དང་འགྲོག སྟེ་བྱ་དགོས་ན། གྲོགས་མྱི་དགའ་བར་ཡང་མ་གྱུར་ལ། ལས་གྱང་མ་ནོར་བར་ཟིན་པར་བྱ་ན་ཆི་ལྟར་བྱ། ཕུ་ན་རེ། གཞན་གྱི་ཚིག་བཟང་ངན་ཆི་བྱུང་ཡང་། སུན་དབྱུང་བ་དང་། ལྟག་ཆོད་བགབ་ཟུང་མྱི་བྱ་བར། ཡངས་ཞིང་ཤོང་བར་བྱས་སྟེ། མདོ་གང་གིས་གཟུང་བ་ཉིད་མ་ནོར་བར་བསྡུའ། སུན་མི་དབྱུང་དུ་མྱི་རུང་བ་ཞིག་ཡོད་ན་ཡང་། ཁོ་མ་སྐྱེངས་པར། ཚིག་འཇམ་པོས། དལ་ནས་བཞོ་སྟེ་བྱས་ན། གཞན་མྱི་དགའ་བར་ཡང་མ་གྱུར་ལ། ལས་གྱང་མ་ནོར་པར་ཟིན་དུ་རུངོ་།།(24) ཞེས་སྐབས་དོན་ཚད་མ་རིག་པའི་དགོངས་དོན་དང་ཉེ་བར་མ་འབྲེལ་ན་ཡང་འཇིག་རྟེན་མི་ཆོས་ཀྱི་བསླབ་བྱའི་ཁྲོད་དུ་ཡང་སུན་འབྱིན་དང་ལྟག་ཆོད་གཉིས་ཀྱི་གོ་དོན་ཁ་ཁར་གསུངས་ཡོད་པ་དང་། སློབ་དཔོན་ཕྭ་པ་ཆོས་སེང་གི་ཚད་མ་ཡིད་ཀྱི་མུན་སེལ་དུ། གསུམ་པ་སུན་འབྱིན་པ་དང་སུན་འབྱིན་པ་ལྟར་སྣང་བ་ལ་སུན་འབྱིན་གྱི་མཚན་ཉིད་ནི་རྒོལ་བ་གྲུབ་པའི་གནས་སུ་བཀོད་པ་ཉེས་པ་ཉིད་ཕ་རོལ་ལ་བརྗོད་པ་སྟེ།སྔར་དོན་དང་བློ་དང་སྒྲའི་ཉེས་པ་བཤད་པ་གང་ཡོད་པ་རྒོལ་བ་ལ་བསྟན་པས་རྒོལ་བས་ངས་སྒྲུབ་བྱེད་བཀོད་དོ་སྙམ་པའི་རློམ་པ་ཞི་བར་བྱེད་པའོ།། སུན་འབྱིན་པ་ལྟར་སྣང་བ་ནི་རྒོལ་བའི་སྒྲུབ་པ་ཉེས་པ་དང་མ་འབྲེལ་བ་ལ་ཉེས་པ་དང་ལྡན་པ་ལྟ་བུར་སྟོན་པ་སྟེ་དེ་ལ་ལྟག་ཆོད་ཅེས་བྱའོ།།(25)ཞེས་གསུངས་བར་མ་ཟད། ཀླུ་འབུམ་དགེ་བཤེས་འཇམ་དཔལ་དགྱེས་པའི་བློ་གྲོས་ཀྱིས། མདོ་སྨད་བཀྲ་ཤིས་འཁྱིལ་ཞེས་སྙན་པའི་བ་དན་སྲིད་རྩེར་སྒྲེང་བའི་ལག་པ་རང་དགོན་ནས་སྐྱེས་པ་གཞན་འགྲན་མེད་པ་ནི། ལྷས་ལུང་བསྟན་འཕགས་ཡུལ་པཎྜི་ཏ་རིག་པའི་ཁུ་བྱུག་དབལ་མང་དཀོན་མཆོག་རྒྱལ་མཚན་དཔལ་བཟང་པོ་ཁོ་ན་སྟེ། ཚུལ་དེ་ལྟར་འཛམ་གླིང་མཐའ་དབུས་ན་རླུང་ལྟར་གྲགས་ཤིང་རྣམ་པར་དཔྱོད་པའི་ཤེས་རབ་ཀྱི་མིག་མ་ཞར་ན་གསུང་རྩོམ་ལེགས་བཤད་ཀྱི་པོ་ཏི་རྣམས་ལ་བལྟས་པ་ཙམ་གྱིས་རྟོགས་པར་ནུས་པའི་ཕྱིར་རོ།། ཨ་ཁུ་ཆེ་ཆུང་སོགས་ཉི་ཟླ་བཞིན་དུ་གསལ་བའི་སྐྱེས་ཆེན་དུ་མ་ལས་བསྟན་པ་ཡོངས་རྫོགས་ཀྱི་གདམས་པའི་ཆུ་ཀླུང་ཕྱོགས་བརྒྱར་བཀྱེ་བ་ཡང་རྗེ་འདིའི་འཕྲིན་ལས་མ་དྲོས་རོལ་བའི་མཚོ་ཆེན་གྱི་རྒྱུན་བཟང་འབའ་ཞིག་ལས་གཞན་དུ་མཁས་པ་སུ་ཞིག་གིས་འབྱེད་པར་སྤོབས་(26)ཞེས་ལེགས་པར་བསྔགས་པའི་ཡུལ་དམ་པ་དབལ་མང་པཎྜི་ཏའི་བསྡུས་གྲྭ་རིགས་ལམ་འོད་འཕྲེང་དུ། སྡེ་བདུན་ཡིད་ཀྱི་མུན་སེལ་ལས།ལན་འདེབས་པར་མ་ནུས་ན་གཏམ་ཤིན་ཏུ་འདྲེད་པ་ཞིག་བྱའོ་སྙམ་ནས་གཡོ་ཟོལ་གྱིས་སྨྲ་བ་ཞེས་གསུངས་པ་ལྟར། རྩོད་པ་ལ་ལན་མི་ཐེབས་པའི་ཚེ། ཚིག་ཙམ་རེད་ཟེར་ནས་ཡལ་བར་འདོར་བ་ནི་ལྟག་ཆོད་དུ་འགྲོ་ཞིང་། ཤིན་ཏུ་མི་འོས་ཏེ། སྔ་རྒོལ་ནས་སྒྲུབ་བྱེད་ལྟར་སྣང་བཀོད་པ་ཡིན་ན་རིགས་ལམ་ནས་སྐྱོན་བརྗོད་དགོས་ཀྱི། སྔ་རྒོལ་གྱི་སྒྲུབ་བྱེད་ལ་ཕྱི་རྒོལ་གྱིས་སྐྱོན་བརྗོད་འོས་ཀྱང་སྐྱོན་མི་བརྗོད་པ་དང་། སྐྱོན་མ་ཡིན་པ་ལ་སྐྱོན་བརྗོད་པ་ནི་ཕྱི་རྒོལ་ཚར་གཅོད་པའི་གནས་སུ་ཚད་མའི་གཞུང་ལས་གསུངས་ཤིང་། ཕ་རོལ་བོས་ཆོས་ཀྱི་ཚིག་དོན་དྲིས་པའི་ཚེ། ཚིག་འབྲུ་འབྱོར་ཞིང་འབྲེལ་བ་དང་། ཆོས་ཉིད་དང་མཐུན་ཞིང་སྔ་ཕྱིའི་མི་འགལ་བ་དང་། གདུལ་བྱ་དང་མཐུན་པར་གོ་ཞིང་ཤེས་པའི་ཐབས་དང་། ཡོན་ཏན་སྒྲུབ་པ་དང་མཐུན་ཞིང་། ཟག་པ་ལས་སེམས་བསྲུང་བའི་འགྲུས་སྐྱོང་སྟེ། ཡོན་ཏན་བཞི་ལྡན་གྱི་ལན་འདེབས་དགོས་པར་བྱང་ས་ལས་གསུངས་པའི་ཕྱིར། དོན་སྐྱོན་བརྗོད་པའི་ཐོག་མར་ཚིག་སྐྱོན་གྱི་སྒོ་ནས་སྨྲ་བ་བོ་སུན་འབྱིན་པ་ནི།རིགས་པ་སྨྲ་བ་རྣམས་ཀྱི་སྤྱི་ལུགས་ཡིན་ཏེ། རྣམ་ངེས་ལས།གཞན་གྱི་དོན་གྱི་རྗེས་སུ་དཔག་པར་ཚིག་གི་སྐྱོན་ཡོན་གཙོ་བོར་བྱེད་པ་ཡིན་གྱི་(27)ཞེས་གསུངས་པ་ལྟར་སུན་འབྱིན་དང་ལྟག་ཆོད་གཉིས་ཀྱི་འབྲེལ་བ་ཅིས་ཀྱང་གསལ་ཁ་གཏོད་དགོས་བར་སེམས།གཉིས་ནས་མཁས་གྲུབ་ཆོས་རྗེ་དང་རྒྱལ་བ་དགེ་འདུན་གྲུབ་བཅས་ཀྱིས་སུན་འབྱིན་དང་ཐལ་འགྱུར་གཉིས་དོན་གཅིག་ཡིན་ཞེས་གསུངས་ཡོད་ན་ཡང་།(28) ངེས་དོན་གྱི་རིགས་པའི་དབང་ཕྱུག་ཆེན་མོ་བསེ་ངག་དབང་བཀྲ་ཤིས་ཀྱིས་བསྡུས་གྲྭའི་ཐལ་འགྱུར་ཆེ་བའི་རྣམ་གཞག་གི་གཞན་ལུགས་དགག་པའི་རྩོད་སྐོར་བཞི་བ་དང་། ལྔ་བ། དྲུག་པ་བཅས་སུ། ཁ་ཅིག་ན་རེ། ཐལ་འགྱུར་དང་སུན་འབྱིན་དང་ཀླན་ཀ་གསུམ་དོན་གཅིག་ཡིན་ཟེར་ན། འོ་ན། སུན་འབྱིན་ཡིན་ན་ཐལ་འགྱུར་ཡིན་པས་ཁྱབ་པར་ཐལ། ཐལ་འགྱུར་དང་སུན་འབྱིན་དང་ཀླན་ཀ་གསུམ་དོན་གཅིག་ཡིན་པ་དེའི་ཕྱིར། འདོད་ན། སྔ་རྒོལ་གྱིས་སྒྲ་ཆོས་ཅན། མི་རྟག་པ་ཡིན་པར་ཐལ། བྱས་པ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་བཀོད་པ་ལ་ཕྱི་རྒོལ་གྱིས་རྟགས་མ་གྲུབ་ཅེས་ལན་བཏབ་པ་དེ་ཆོས་ཅན། ཐལ་འགྱུར་ཡིན་པར་ཐལ། སུན་འབྱིན་ཡིན་པའི་ཕྱིར། ཁྱབ་པ་ཁས། རྟགས་གྲུབ་སྟེ། སྔ་རྒོལ་གྱིས་ཐལ་འགྱུར་བཀོད་པ་ལ་ཕྱི་རྒོལ་གྱིས་རྟགས་མ་གྲུབ་པ་དང་། ཁྱབ་པ་འགལ་བ་དང་ཁྱབ་མེད་ཀྱི་ལན་བཏབ་པ་རེ་རེ་ནས་སུན་འབྱིན་ཡིན་པའི་ཕྱིར། གཞན་ཡང་། སྔ་རྒོལ་གྱིས་སྒྲ་ཆོས་ཅན། མི་རྟག་སྟེ། བྱས་པའི་ཕྱིར་ཞེས་བཀོད་པ་ལ་ཕྱི་རྒོལ་གྱིས་བུམ་པའི་བྱས་པ་རྟགས་སུ་བཀོད་དམ། སྒྲའི་བྱས་པ་རྟགས་སུ་བཀོད་དམ།ཞེས་ཁྱད་པར་དུ་བརྟགས་ནས་ལན་བཏབ་པ་དེ་ཆོས་ཅན། ཐལ་འགྱུར་ཡིན་པར་ཐལ། སུན་འབྱིན་ཡིན་པའི་ཕྱིར། ཁྱབ་པ་ཁས། རྟགས་གྲུབ་སྟེ། ལྟག་ཆོད་ཡིན་པའི་ཕྱིར། མ་ཁྱབ་ན་ཁྱབ་པ་ཡོད་པར་ཐལ། ལྟག་ཆོད་ཡིན་ན་སུན་འབྱིན་ཡིན་པས་ཁྱབ་པའི་ཕྱིར། དེར་ཐལ། ལྟག་ཆོད་ཡིན་ན་སུན་འབྱིན་ལྟར་སྣང་ཡིན་པས་ཁྱབ་པའི་ཕྱིར། ཁ་ཅིག་ན་རེ། ཐལ་འགྱུར་དང་སུན་འབྱིན་གཉིས་འགལ་བ་ཡིན་པར་ཐལ། སུན་འབྱིན་ཡིན་ན་ཐལ་འགྱུར་ཡིན་པས་མ་ཁྱབ་པའི་ཕྱིར་ཟེར་ན། མ་ཁྱབ། འདོད་མི་ནུས་ཏེ། སྒྲ་ཆོས་ཅན། མ་བྱས་པ་ཡིན་པར་ཐལ། རྟག་པ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་འདི་སུན་འབྱིན་ཡིན་པའི་ཕྱིར། དེར་ཐལ། སྒྲ་རྟག་པར་ཁས་ལེན་པ་ལ་སུན་འབྱིན་ཡིན་པའི་ཕྱིར། དེར་ཐལ། སྒྲ་རྟག་པར་ཁས་ལེན་པ་རྣམས་ལ་སུན་འབྱིན་དུ་འཕངས་པ་ཡིན་པའི་ཕྱིར།(29) ཞེས་ཐལ་འགྱུར་དང་སུན་འབྱིན་གཉིས་དོན་མི་གཅིག་པ་དང་། ལྟག་ཆོད་ཡིན་ན་སུན་འབྱིན་ལྟར་སྣང་ཡིན་དགོས་པ་བཅས་རིགས་ལམ་ཕྲ་མོས་ལེགས་པར་སྒྲུབ་ཡོད་པས། མཁན་ཆེན་དགེ་འདུན་རྒྱ་མཚོས། རིགས་རྒྱན་ལས། སུན་འབྱིན་དང་ཐལ་འགྱུར་དོན་གཅིག་པས་འདི་ལ་གཉིས་ཞེས་དང་། སྡེ་བདུན་རྒྱན་ལས་ཀྱང་། སུན་འབྱིན་དང་ཐལ་འགྱུར་ནི་དོན་གཅིག་པ་ཡིན་པས་ཞེས་སུན་འབྱིན་དང་ཐལ་འགྱུར་དོན་གཅིག་ཏུ་གསུངས་ཀྱང་། ཀུན་མཁྱེན་བླ་མ་ཡབ་སྲས་སོགས་ཀྱི་གསུང་རྒྱུན་ལས་སྔར་གྱི་བསྡུས་སྲོལ་རྙིང་བའི་སྲོལ་དང་མཐུན་པར་ཐལ་འགྱུར་དང་སུན་འབྱིན་དོན་མི་གཅིག་པར་གསུངས་པས་བདག་འདྲས་འཐད་མི་འཐད་དཔྱད་དཀའ་ཡང་བློ་ལྡན་རྣམས་ཀྱིས་ཞིབ་ཏུ་དཔྱད་པར་བྱའོ་ཞེས་གསུངས་པ་དང་།(30) དོན་དུ་བསེ་ངག་དབང་བཀྲ་ཤིས་མཆོག་གིས་སུན་འབྱིན་དང་སུན་འབྱིན་པའི་མིང་དང་བྱ་ཚིག་གཉིས་ཆར་ནས་དབྱེ་ཞིབ་ཕྲ་མོ་མཛད་ཡོད་པས། ངེད་ཅག་གིས་དེ་དང་དེ་འདྲའི་དོགས་གཞི་གཡག་རོ་ལྟ་བུ་མངོན་བཞིན་དུ་ཆེན་པོའི་ངོ་འཛིན་ཙམ་དུ་དཀའ་གནད་ཆེན་པོའི་མིང་གིས་བསྙད་ནས་བཏང་སྙོམས་སུ་འཇོག་ག་ལ་རུང་།
            དེར་བརྟེན། 《བསེ་བསྡུས་གྲྭའི་དྲིས་ལན་གཏེར་གྱི་ཁ་བྱང་》ལས། གོང་གི་ལྟག་ཆོད་ལྟ་བུའི་མཆན་འགྲེལ་དུ་གསལ་ཁ་དོད་མེད་པ་ཇི་སྙེད་ཅིག་མཆིས་བའི་ནང་དོན་འགའ་ཤོས་ཤིག་ཁོང་གི་བློ་གསལ་རིགས་སྒོ་དང་རིགས་མཛོད་གཉིས་སུ་ཞིབ་ཆ་ཐོན་ཡོད་པ་ཡང་སྲིད་མོད། བསེ་བསྡུས་གྲྭ་ནི་བསྡུས་གཞུང་གཞན་དག་དང་མི་འདྲ་བར་མཛད་པ་པོས་རོང་བོ་དགོན་ཆེན་ནས་སྟག་ཚང་ར་བ་སྟོད་དུ་ཞབས་མཐིལ་ཁྲག་བརྡོལ་གྱི་བར་དུ་ཐོས་བསམ་མཛད་པས་གོང་ས་དྲུག་པ་ཆེན་པོ་ཚངས་དབྱངས་རྒྱ་མཚོས་གཟེངས་བསྟོད་ཀྱི་གནང་ཆ་གང་རྒྱས་བསྩལ་བ་དང་།(31)གསང་ཕུའི་དབྱར་ཆོས་ཀྱི་དཀའ་བཅུ་བ་ནས་རྒྱུད་ཀྱི་དམ་བཅའ་ཆེན་མོའི་བར་དུ་ལུང་རིགས་ཀྱི་དམ་བཅའ་ན་རིམ་བཞིན་བཞག་པས་སྐབས་དེའི་ཆེ་དགུ་རྣམས་ཀྱིས་ཁོང་བའི་སྙིང་དང་དཔྲལ་བའི་མིག་ལྟར་གཅེས་པ་དང་།(32) སེ་འབྲས་དགའ་གསུམ་རྒྱུད་སྟོད་སྨད་བཅས་སུ་བགྲོ་གླེང་བར་མེད་དུ་མཛད་དེ་ཕྱིས་སུ་གྲུ་འཛིན་ཞིང་གི་བདག་པོའི་ཡོངས་འཛིན་དུ་བཞུགས་པའི་ཕུར་ལྕོག་བྱམས་པ་རིན་པོ་ཆེས་ལྷ་རམས་པའི་དམ་བཅའ་འཇོག་པའི་དུས་རིགས་ལུང་གིས་ཚར་བཅད་པ་བརྒྱུད་ནས་བློ་བསྐྱེད་རྒྱ་ཆེན་འཁྲུངས་པས་ཚེ་སྨད་དུ་ཡང་ད་དུང་དཀའ་གནད་ཀྱི་བཀའ་འདྲི་ཞུ་ཡུལ་ཉག་གཅིག་པུར་བཀུར་གྱིན་འདུག་པ་གང་གི་ཐུགས་སྲས་རྭ་བསོད་ནམས་དབང་རྒྱལ་མཆོག་ལ་ཞལ་ནས་དངོས་སུ་གསུངས་པ་ལྟ་བུའི་འཆད་ཉན་མཐར་ཆགས་སུ་སོང་ཞིང་།(33) ལྷག་པར་དུ་ཀུན་མཁྱེན་འཇམ་དབྱངས་བཞད་པའི་བཀའ་ནན་ལྟར་བླ་བྲང་དགོན་པའི་གནས་གཞི་མ་ཆགས་པའི་སྔོན་དུ་རྩེ་གཞུང་དུ་ཚོགས་གུར་གྱི་ནང་དུ་གྲྭ་ཚང་གསར་ཚུགས་ཀྱི་རྟེན་འབྲེལ་བསྒྲིགས་པའི་1710ལོའི་སྟོན་ཟླ་བདུན་པ་འཕར་མར་ཀུན་མཁྱེན་བླ་མ་ཉིད་ཀྱིས་འབྲས་སྒོ་མང་མཁན་པོ་བཞེས་འཕྲོའི་རས་བེར་དང་ཞྭ་མོ་བཅས་གནང་ནས་ཁྲི་ལ་བཀོད་པ་ནས་བཟུང་བགྲང་བྱ་སུམ་ཅུར་ཉེ་བའི་བར་དུ་བརྩི་བཞག་ཆག་མེད་དུ་བཏང་བར་མ་ཟད། པོ་ཏི་ལྔའི་འཛིན་གྲྭ་བཅུ་གསུམ་མ་ལུས་པར་ཚུགས་པའི་བར་དུ་ཆོས་ཐོག་ལ་བརྩི་བཞག་གཉིས་དང་ཆོས་མཚམས་ལ་བརྩི་བཞག་གཅིག་རེ་བཏང་ནས་བླ་བྲང་བཀྲ་ཤིས་འཁྱིལ་བ་ཞེས་མདོ་སྨད་བཤད་པའི་འབྱུང་གནས་སུ་དེང་གི་ཆར་མགྲིན་པ་གཟེངས་སུ་དོད་དེ་ཆེ་བརྗོད་བྱེད་ཀྱིན་འདུག་པའི་འཆད་ཉན་གྱི་རྨང་ལེགས་པོ་བཏིང་བས།(34) དགེ་བཤེས་རིན་པོ་ཆེ་འཇམ་དཔལ་དགྱེས་པའི་བློ་གྲོས་ཀྱིས་བླ་བྲང་བཀྲ་ཤིས་འཁྱིལ་གྱི་དགེ་བཤེས་ལྷ་མོའི་ཚུལ་ཁྲིམས་ལ་གནང་བའི་ཟུར་མཆིད་དུ་། ཀུན་མཁྱེན་ཆེན་པོ་འཇམ་དབྱངས་བཞད་པའི་རྡོ་རྗེ། ནང་ཐུགས་ཀྱི་སྲས་གཅིག་ཁྲི་རྒན་ངག་དབང་བཀྲ་ཤིས། མདོ་སྨད་ཀྱི་མ་ཧཱ་པཎྜི་ཏ་ཀུན་མཁྱེན་འཇིགས་མེད་དབང་པོ།སྙིགས་དུས་ཀྱི་སྨྲ་བའི་ཁྱུ་མཆོག་གུང་ཐང་འཇམ་པའི་དབྱངས། ངེས་པ་དོན་གྱི་མཁས་གྲུབ་རྒྱན་མཁན་པོ་གྲགས་པ་རྒྱལ་མཚན་སོགས་ཀྱིས་ཀྱང་ཐུབ་བསྟན་ལུང་རྟོགས་བཤད་སྒྲུབ་ཀྱི་འོད་སྣང་མཐའ་བྲལ་ཕྱོགས་ཀྱི་འཁོར་ལོའི་མཛེས་རྒྱན་དུ་སྤྲོས་པས་སོ།། ཞེ་ན། དེ་དག་ནི་དབུས་གཙང་ནས་རང་གཞན་གཞུང་ལུགས་རྒྱ་མཚོའི་ཕ་རོལ་ཏུ་ཕྱིན་པའི་ཐུགས་གཉེར་འཛམ་གླིང་རྒྱན་དྲུག་གི་རྗེས་སུ་འགྲོ་ངེས་མཛད་ནས་སླར་མདོ་སྨད་མུན་པའི་ཡུལ་དེར་བསྟན་འགྲོའི་དཔུང་གཉེན་ཆེན་པོར་བྱོན་པ་ཤ་སྟག་ཡིན་པས་སྐབས་སུ་བབས་པའི་རྟགས་ཆོས་ཀྱི་འབྲེལ་བ་མ་གྲུབ་པས་མ་ཁྱབ་པ་ཁོ་ནར་འགྱུར་ཞིང་། གཞན་དུ་ན་རྫོགས་པའི་སངས་རྒྱས་ཀྱང་དེའི་ཁྱད་ཆོས་སུ་ཐལ་ལོ།། འདི་དག་བདག་གིས་དྲང་གཏམ་མདའ་དང་འདྲ་བ་རིགས་པའི་ལམ་ནས་མཚོན་པ་ཙམ་ལགས།(35) ཞེས་བླ་བྲང་བཀྲ་ཤིས་འཁྱིལ་བ་སྲིད་ཞིའི་གཙུག་རྒྱན་དུ་བསྐྲུན་པར་སྐུ་དྲིན་བླ་ལྷག་ཏུ་ཆེ་བ་རྣམས་གྲལ་མ་ཉམས་པར་ན་རིམ་བཞིན་མཚན་ཐོར་བཀོད་ཡོད་པ་ནི་ཀུན་མཁྱེན་བར་མའི་སྐབས་སུ་མི་ལོ་སུམ་ཅུར་ཉེ་བའི་བར་དུ་ཁྲི་ཆེན་བཞེས་ནས་འཆད་ཉན་མེད་པ་ནས་ཤིན་ཏུ་དམར་བར་བཙུགས་པའི་ཁྲི་རྒན་གྱི་ཕྱག་རྗེས་མནན་ཅི་ཐུབ་དང་མི་ལོ་དྲུག་ཙམ་ལ་ཁྲི་ཆེན་བསྐྱངས་བའི་སྡེ་རྒན་གྱི་མཛད་འཕྲིན་འདྲེན་ཅི་ཐུབ་བགྱི་བའི་བྱ་བྱེད་དང་བསྡུར་ན་གཟུར་གནས་དགྱེས་པའི་མཆོད་སྤྲིན་ཉིད་དུ་འཁུམས།(36) དེ་ལྟར་པོད་ཆེན་ལྔའི་འཛིན་གྲྭ་བཅུ་གསུམ་གང་མྱུར་ངང་བཙུགས་ནས་འཆད་ཉན་རྨ་མེད་པ་མཛད་པའི་ཁྲོད་དུ་ལེགས་འཁྲུངས་ལྗགས་རྩོམ་སྣ་ཚོགས་ལས་བསྡུས་གྲྭ་ཁོ་ན་ཡང་མི་གཅིག་པ་སུམ་ཅུ་ལྷག་བྱུང་བའི་ནང་གི་ཁྱད་དུ་འཕགས་པ་དབལ་མང་བློ་བཟང་དོན་གྲུབ་པས་རྟིང་བསྐུལ་ལྟར་ཨེརྒེ་གྲྭ་ཚང་དུ་ཤིང་པར་དུ་བཏབ་པ་ལས་རིམ་གྱིས་ས་སྟེང་དུ་ཁྱབ་པས་བསྡུས་གཞུང་འདི་ཉིད་གྲུབ། དེ་བས་ལུང་རིགས་གཉིས་ལྡན་གྱི་དགེ་བའི་བཤེས་གཉེན་ཞིག་གིས་འདི་ལྟར་ལེགས་པར་གྲུབ་པའི་བསེ་བསྡུས་ཀྱི་ནང་དུ་རིགས་འཕྲུལ་ཕུན་སུམ་ཚོགས་པ་བཞུགས་སུ་གསོལ་བའི་རིགས་པའི་གསང་ཚིག་ཐམས་ཅད་གབ་པ་མངོན་པར་ཕྱུང་ནས་དེང་སྐབས་ཀྱི་དོན་གཉེར་ཅན་རྣམས་ཀྱིས་གོ་བདེ་ཞིང་འཇུག་སླ་བའི་མཆན་འགྲེལ་ཞིག་དགོས་གལ་ཆེ་བར་བརྣགས་ནས་སྐབས་དོན་འདིའི་དཔྱད་གཞིར་བྱས་པ་ཡིན་ལགས།
མཆན་འགྲེལ།
            ①《རྗེ་བཙུན་བློ་བཟང་རྒྱ་མཚོས་མཛད་པའི་ལ་མོའི་ཡོངས་འཛིན་ཆོས་ཀྱི་རྒྱལ་པོའི་རྣམ་ཐར་འཇམ་མགོན་བསྟན་པའི་མཛེས་རྒྱན་》ཞེས་བྱ་བའི་སྟོད་ཆ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2012:ཤ69—70
            ②རྭ་བསོད་ནམས་ཡེ་ཤེས་དབང་རྒྱལ་དང་བསེ་ངག་དབང་བཀྲ་ཤིས་ཀྱིས་བརྩམས་པའི་རྭ་བསྡུས་དང་བསེ་བསྡུས་རྩོམ་འཕྲོ་བཞུགས་སོ། མཚོ་སྔོན་ནང་བསྟན་ཞབས་ཞུ་ལྟེ་གནས་ཁང་། 2001:ཤ318-320;དབལ་མང་པཎྜི་ཏས་བརྩམས་པའི་བླ་བྲང་བཀྲ་ཤིས་འཁྱིལ་གྱི་གདན་རབས་ལྷའི་རྔ་ཆེན། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1987:ཤ41
            ③ལྷོ་ནུབ་མི་རིགས་སློབ་ཆེན་གངས་ཅན་གཙུག་ལག་ནོར་བུའི་ཕོ་བྲང་གིས་ལེགས་སྒྲིག་བྱས་པའི་《རྗེ་བཙུན་བསམ་གཏན་རྒྱ་མཚོ་དཔལ་བཟང་》པོའི་གསུང་འབུམ་པོད་དང་པོ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2009:ཤ366—369
            ④ལྷོ་ནུབ་མི་རིགས་སློབ་ཆེན་གངས་ཅན་གཙུག་ལག་ནོར་བུའི་ཕོ་བྲང་གིས་ལེགས་སྒྲིག་བྱས་པའི་《རྗེ་བཙུན་བསམ་གཏན་རྒྱ་མཚོ་དཔལ་བཟང་པོའི་གསུང་འབུམ་》པོད་དང་པོ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2009:ཤ370—373
            ⑤ལྷོ་ནུབ་མི་རིགས་སློབ་ཆེན་གངས་ཅན་གཙུག་ལག་ནོར་བུའི་ཕོ་བྲང་གིས་ལེགས་སྒྲིག་བྱས་པའི་《རྗེ་བཙུན་བསམ་གཏན་རྒྱ་མཚོ་དཔལ་བཟང་པོའི་གསུང་འབུམ་》པོད་དང་པོ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2009:ཤ374—376
            ⑥⑦ལྷོ་ནུབ་མི་རིགས་སློབ་ཆེན་གངས་ཅན་གཙུག་ལག་ནོར་བུའི་ཕོ་བྲང་གིས་ལེགས་སྒྲིག་བྱས་པའི་《རྗེ་བཙུན་བསམ་གཏན་རྒྱ་མཚོ་དཔལ་བཟང་པོའི་གསུང་འབུམ་》པོད་དང་པོ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2009:ཤ373 ཤ381—383
            ⑧ལྷོ་ནུབ་མི་རིགས་སློབ་ཆེན་གངས་ཅན་གཙུག་ལག་ནོར་བུའི་ཕོ་བྲང་གིས་ལེགས་སྒྲིག་བྱས་པའི་《རྗེ་བཙུན་བསམ་གཏན་རྒྱ་མཚ་དཔལ་བཟང་པོའི་གསུང་འབུམ་》པོད་ལྔ་བ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2009:ཤ271—272;ད་དུང་ཁོང་གི་གསུང་འབུམ་པོད་གཉིས་པ། ཤ96—98
            ⑨ལྷོ་ནུབ་མི་རིགས་སློབ་ཆེན་གངས་ཅན་གཙུག་ལག་ནོར་བུའི་ཕོ་བྲང་གིས་ལེགས་སྒྲིག་བྱས་པའི་《རྗེ་བཙུན་བསམ་གཏན་རྒྱ་མཚོ་དཔལ་བཟང་པོའི་གསུང་འབུམ་》པོད་ལྔ་བ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2009:ཤ274
            ⑩འདི་ནི་ཨ་ཁུ་དམུ་དགེ་བསམ་གཏན་མཆོག་གི་འཕྲིན་ལས་ཀྱི་རྒྱུན་བཟང་ལྷག་མེད་དུ་སྒྲུབ་བཞིན་པའི་སྐུ་ཚ་དགེ་བའི་བཤེས་གཉེན་བསླབ་གསུམ་རྒྱ་མཚོའི་ཞལ་སྔ་ནས། 2009ལོར་སྤོས་ལྡན་གྲོང་ཁྱེར་དུ་དམ་པ་གང་གི་གསུང་འབུམ་པོད་ཆེན་དྲུག་གི་བདག་ཉིད་ཅན་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱེད་པའི་སྔོན་འགྲོའི་སྟ་གོན་དུ་ལེགས་བསྒྲིགས་བགྱི་བའི་སྐབས་སུ་གུས་པ་ལ་གསལ་བར་གསུངས་པ་ལགས།
            ⑾དབལ་མང་པཎྜི་ཏ། 《བླ་བྲང་བཀྲ་ཤིས་འཁྱིལ་གྱི་གདན་རབས་ལྷའི་རྔ་ཆེན》 ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1987:ཤ292、157—158
            ⑿2013ལོའི་བོད་ལྗོངས་སློབ་ཆེན་གྱི་རིག་དེབ་དང་པོའི་སྟེང་བཀོད་པའི་《བསེ་བསྡུས་གྲྭའི་དཔེ་བསྡུར་མཐའ་དཔྱོད་》ཅེས་པ་དང་། 2013ལོའི་མཚོ་སྔོན་མི་རིགས་སློབ་ཆེན་གྱི་རིག་དེབ་གཉིས་པའི་སྟེང་དུ་བཀོད་པའི་《བསེ་བསྡུས་གྲྭའི་པར་གཞི་མཆེད་ཚུལ་བཤད་པ་》ཞེས་པ་དང་། 2014ལོའི་ཀྲུང་གོའི་བོད་རིག་པའི་དེབ་གཉིས་པའི་སྟེང་བཀོད་པའི་《བསེ་བསྡུས་གྲྭའི་ཞུ་དག་བསྡུར་དཔྱོད་》དང་བཅས་སོ།།
            ⒀⒁ལྷོ་ནུབ་མི་རིགས་སློབ་ཆེན་གངས་ཅན་གཙུག་ལག་ནོར་བུའི་ཕོ་བྲང་གིས་ལེགས་སྒྲིག་བྱས་པའི་《རྗེ་བཙུན་བསམ་གཏན་རྒྱ་མཚོའི་དཔལ་བཟང་པོའི་གསུང་འབུམ་》པོད་གསུམ་པ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2009:ཤ139-140 ཤ141-142
            ⒂འབའ་མདའ་བ་ཐུབ་བསྟན་དགེ་ལེགས་རྒྱ་མཚོ། 《བསྡུས་གྲྭའི་སྤྱི་དོན་རིན་ཆེན་སྒྲོན་མ》 ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། 1990:ཤ1-567
            ⒃དབལ་མང་པཎྜི་ཏ། 《བླ་བྲང་བཀྲ་ཤིས་འཁྱིལ་གྱི་གདན་རབས་ལྷའི་རྔ་ཆེན》 ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1987:ཤ350—357
            ⒄ལྷོ་ནུབ་མི་རིགས་སློབ་ཆེན་གངས་ཅན་གཙུག་ལག་ནོར་བུའི་ཕོ་བྲང་གིས་ལེགས་སྒྲིག་བྱས་པའི་《རྗེ་བཙུན་བསམ་གཏན་རྒྱ་མཚོའི་དཔལ་བཟང་པོའི་གསུང་འབུམ་》པོད་དང་པོ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2009:ཤ379
            ⒅བཀའ་བསྟན་དཔེ་སྡུར་ཁང་གིས་དཔེ་སྒྲིག་ཞུས་པའི་བསྟན་འགྱུར་དཔེ་བསྡུར་མའི་དེབ་གོ་བདུན་པ། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། 2002:ཤ26、216;52、408
            ⒆སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་སྒྲིག་ཁང་གིས་བསྒྲིགས་པའི་《གངས་ཅན་ཁྱད་ནོར་ལས་རྒྱལ་ཚབ་དར་མ་རིན་ཆེན་གྱི་གསུང་འབུམ་》ང་པོད། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2013:ཤ483-485
            ⒇སུདྷིཔྲཤཀ་དང་བསེ་ངག་བཀྲ་ཤིས། 《བསེ་བསྡུས་གྲྭ》 མི་རིགས་དཔེ་སྐྲུན་ཁང་། 2001:ཤ358;རྗེ་བཙུན་བསམ་གཏན་རྒྱ་མཚོའི་དཔལ་བཟང་བོའི་གསུང་འབུམ་པོད་གསུམ་པ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2009:ཤ234
            (21)ས་པཎ་ཀུན་དགའ་རྒྱལ་མཚན། 《མཁས་པ་འཇུག་པའི་སྒོ》 མི་རིགས་དཔེ་སྐྲུན་ཁང་། 1981:ཤ112—113、145—146;ཁང་དཀར་ཚུལ་ཁྲིམས་སྐལ་བཟང་། 《རྒྱ་གར་གྱི་ཚད་མ་རིག་པའི་ལྟ་གྲུབ་འཕེལ་རིམ་དང་ཚད་མ་རིག་པའི་ལོ་རྒྱུས་དར་ཊཱིཀ་མཛེས་རྒྱན》 ཉི་ཧོང་གངས་ལྗོངས་ནང་རིག་མཐུན་ཚོགས། ཤ4—5、40—63、66—67、162—163、221—229
            (22)སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་སྒྲིག་ཁང་གིས་བསྒྲིགས་པའི་《གངས་ཅན་ཁྱད་ནོར་ལས་རྒྱལ་ཚབ་དར་མ་རིན་ཆེན་གྱི་གསུང་འབུམ་》ང་པོད། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2013:ཤ486
            (23)ས་པཎ་ཀུན་དགའ་རྒྱལ་མཚན་སོགས་ཀྱིས་བརྩམས། 《ཚད་མ་རིགས་པའི་གཏེར་ཅེས་བྱ་བའི་བསྟན་བཅོས་བཞུགས་ས》 མི་རིགས་དཔེ་སྐྲུན་ཁང་། 1988:ཤ369
            (24)ཆབ་སྤེལ་ཚེ་བརྟན་ཕུན་ཚོགས། ཏུན་ཧོང་གི་གནའ་ཡིག་《ཕུ་བོས་ནུ་བོར་བཏམས་ཤིང་བསྟན་པའི་མདོ་》ཞེས་པའི་རྩ་འགྲེལ་བྱ་བར། P.T.1283དང་P.T.2111གཉིས་ཕན་ཚུན་ཁ་གསབ་ནས་འབྲུ་འགྲེལ་བྱས་པར་གཟིགས་པར་འཚལ། མི་རིགས་དཔེ་སྐྲུན་ཁང་། 1997ལོ། ཤོག་ངོས་32ནས་33བར་བཞུགས།
            (25)དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་གིས་བསྒྲིགས་པའི་《ཕྭ་པ་ཆོས་ཀྱི་སེང་གེའི་གསུང་གཅེས་བཏུས་དབུ་ཚད་ཀྱི་ཡིག་ཆ་བཞུགས་སོ》 བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2012:ཤ873—874
            (26)གྲགས་པས་རྩོམ་སྒྲིག་བྱས་པའི་《རྗེ་བཙུན་ཤེས་རབ་རྒྱ་མཚོ་འཇམ་དཔལ་དགྱེས་པའི་བློ་གྲོས་ཀྱི་གསུང་རྩོམ》 པོད་གཉིས་པ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།1982:ཤ135
            (27)bཆ་རིས་སྐལ་བཟང་ཐོགས་མེད་ཀྱིས་ལེགས་སྒྲིག་བྱས་པའི་《བསྡུས་གྲྭ་ཕྱོགས་བསྒྲིགས་བཞུགས་སོ》 ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2000:ཤ323-324
            (28)མཁས་གྲུབ་དགེ་ལེགས་དཔལ་བཟང་། 《ཚད་མ་སྡེ་བདུན་གྱི་རྒྱན་ཡིད་ཀྱི་མུན་སེལ》 མི་རིགས་དཔེ་སྐྲུན་ཁང་། 1989:ཤ371;རྗེ་དགེ་འདུན་གྲུབ། 《ཚད་མའི་བསྟན་བཅོས་རིགས་པའི་རྒྱན》 ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1996:ཤ306
            (29)སུདྷིཔྲཤཀ་དང་བསེ་ངག་བཀྲ་ཤིས། 《བསེ་བསྡུས་གྲྭ》 མི་རིགས་དཔེ་སྐྲུན་ཁང་། 2001:ཤ314-315
            (30)མཁན་ཆེན་དགེ་འདུན་རྒྱ་མཚོ། 《བསྡུས་གྲྭའི་ལེགས་བཤད་གྲངས་མེད་སྐལ་བཟང་གི་བློ་གྲོས་ཀྱི་པད་ཚལ་བཞད་པའི་ལུང་རིགས་ཀྱི་ཉི་མ་ཞེས་བྱ་བ་བཞུགས་སོ》 མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1988: ཤ565
            (31)དབལ་མང་པཎྜི་ཏ། 《བླ་བྲང་བཀྲ་ཤིས་འཁྱིལ་གྱི་གདན་རབས་ལྷའི་རྔ་ཆེན》 ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1987:ཤ283—308
            (32)དབལ་མང་བློ་བཟང་དོན་འགྲུབ། 《ཆོས་རྗེ་མཚུངས་མེད་སྙིགས་དུས་ཀྱི་བསྟན་པའི་སྲོག་ཤིང་གཅིག་པུ་འཇམ་དབྱངས་བླ་མ་ངག་དབང་བཀྲ་ཤིས་དཔལ་བཟང་པོའི་རྣམ་ཐར་དད་པའི་སྙེ་མ་ངོ་མཚར་ཕྲེང་མཛེས》 ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 1994:ཤ108—150
            (33)བྲག་དགོན་པ་དཀོན་མཆོག་བསྟན་པ་རབ་རྒྱས། 《མདོ་སྨད་ཆོས་འབྱུང》 ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1985: ཤ391
            (34)དབལ་མང་བློ་བཟང་དོན་འགྲུབ། 《ཆོས་རྗེ་མཚུངས་མེད་སྙིགས་དུས་ཀྱི་བསྟན་པའི་སྲོག་ཤིང་གཅིག་པུ་འཇམ་དབྱངས་བླ་མ་ངག་དབང་བཀྲ་ཤིས་དཔལ་བཟང་པོའི་རྣམ་ཐར་དད་པའི་སྙེ་མ་ངོ་མཚར་ཕྲེང་མཛེས》 ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 1994:ཤ161—166;དབལ་མང་པཎྜི་ཏ། 《བླ་བྲང་བཀྲ་ཤིས་འཁྱིལ་གྱི་གདན་རབས་ལྷའི་རྔ་ཆེན》 ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1987:ཤ156—159、291、357、499;བྲག་དགོན་པ་དཀོན་མཆོག་བསྟན་པ་རབ་རྒྱས། 《མདོ་སྨད་ཆོས་འབྱུང》 ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1985: ཤ391;391
            (35)གྲགས་པས་རྩོམ་སྒྲིག་བྱས་པའི་《རྗེ་བཙུན་ཤེས་རབ་རྒྱ་མཚོ་འཇམ་དཔལ་དགྱེས་པའི་བློ་གྲོས་ཀྱི་གསུང་རྩོམ་》པོད་གཉིས་པ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1982:ཤ137
            (36)ཀུན་མཁྱེན་འཇིགས་མེད་དབང་པོ། 《ཀུན་མཁྱེན་འཇམ་དབྱངས་བཞད་པའི་རྣམ་ཐར》 ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1987:ཤ138、144、149、164、177;《གུང་ཐང་བསྟན་པའི་སྒྲོན་མེའི་གསུང་འབུམ་》པོད་ཅ་བ། མི་རིགས་དཔེ་སྐྲུན་ཁང་། 2004: ཤ475—507;དབལ་མང་པཎྜི་ཏ། 《བླ་བྲང་བཀྲ་ཤིས་འཁྱིལ་གྱི་གདན་རབས་ལྷའི་རྔ་ཆེན》 ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1987:ཤ309—346

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1