གཙོ་ངོས།>> རྩོམ་རིག>>དཔྱད་རྩོམ།

གཅོད་པ་སྐྱིད། རྩོམ་སྒྲིག་པ།ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། ༢༠༡༩ལོའི་ཟླ་བ་༠༧ཚེས་༠༣ཉིན།

༄༅།། བོད་ཀྱི་དུས་སྐབས་གསར་པའི་སྒྲུང་རིང་ཞིབ་འཇུག་གི་གནས་བབ་ལ་ཅུང་ཟད་དཔྱད་པ།

 གཅོད་པ་སྐྱིད།
          ནང་དོན་གཙོ་བོ། བོད་ཀྱི་རྩོམ་རིག་གསར་པ་དར་ནས་ལོ་ངོ་སུམ་ཅུ་ལྷག་ཕྱིན་པའི་སྒྲུང་གཏམ་གསར་པའི་རྩོམ་རིག་ཧྲིལ་པོའི་ངོར་བལྟས་འོངས་ཚེ། སྒྲུང་རིང་དཔྱད་བརྗོད་ཀྱི་གནས་བབ་ཅུང་ཉམས་ཆག་པའི་རྣམ་པར་ལུས་ཡོད། དེའང་རྩ་བའི་རྒྱུ་རྐྱེན་ཕྱོགས་འགའ་ནས་མངོན་འོངས་ཏེ། དེ་ལ་སྒྲུང་རིང་རྩོམ་པ་པོའི་དཔུང་ཁག་སྲབ་པ། སྒྲུང་རིང་དཔྱད་བརྗོད་མཁན་གྱི་ཚད་བཀག རྩོམ་རིག་དཔྱད་བརྗོད་རྐྱང་བའི་རྩོམ་སྟེགས་མེད་པ་སོགས་ཕྱོགས་མང་པོར་གནས་ཡོད། དེ་དག་ལྡོག་ཕྱོགས་ནས་འཆར་འགོད་བཟོས་ནས་བོད་ཀྱི་རྩོམ་རིག་གསར་པའི་གེགས་རྐྱེན་དག་བསལ་ནས་བོད་རྩོམ་གསར་པའི་གོང་འཕེལ་དུ་གཏོང་དགོས།
          བརྡ་ཆད་གཙོ་བོ། ཚད་བཀག དཔུང་ཁག་སྲབ་པ། རྩོམ་སྟེགས།
          ལོ་རབས་བརྒྱད་ཅུ་པ་ནས་བཟུང་བོད་དུ་རྩོམ་རིག་གསར་པ་བྱུང་བ་དང་བསྟུན་ནས་བོད་ལ་སྒྲུང་རིང་རེ་འགའ་བྱུང་འདུག་སྟེ། རྒྱ་ཡིག་གི་ལམ་ནས་བྲིས་པའི་ཁམས་ཕྱོགས་ཀྱི་སྒྲུང་གཏམ་རྩོམ་པ་པོ་ཡེ་ཤེས་བསྟན་འཛིན་ལགས་ཀྱི《幸存的人》དེ་ལ་རྒྱལ་ཡོངས་གྲངས་ཉུང་མི་རིགས་རྩོམ་རིག་གསར་རྩོམ་གྱི་སྒྲུང་རིང་བྱ་དགའ་ཐོབ་པར་མ་ཟད། བོད་ལྗོངས་ཕུལ་བྱུང་རྩོམ་མཁན་གྱི་ཆོ་ལོ་གནང་། སྤྱི་ལོ1985ལོ་ནས་བཟུང་སྔ་ཕྱིར་སྒྲུང་རིང《迷茫的大地》དང《菩萨的圣地》སོགས་བརྩམས་ཡོད། བཀྲ་ཤིས་དཔལ་ལྡན་གྱི་དངོས་ཡོད་སྒྱུ་འཕྲུལ་རིང་ལུགས་ཀྱི་ལམ་ནས་བྲིས་པས《བོད་ལྗོངས། རྒྱུད་སྐུད་སྟེང་གི་རྣམ་ཤེས》སོགས་ཡོད། ད་དུང་ཨ་ལེ་ཡིས《རྡུལ་འཚུབ་དྭངས་སོང》དང་། རིམ་གྱིས་《འབྲུ་སྨུག་པོ》སོགས་ཀྱིས་མཚོན་པའི་རྒྱ་ཡིག་གི་ལམ་ནས་བྲིས་པའི་སྒྲུང་རིང་རེ་ཟུང་མཆིས། བོད་ཡིག་གི་ལམ་ནས《གཙུག་གཡུ》 《སྐལ་བཟང་མེ་ཏོག》 《ཕལ་བའི་ཁྱིམ་ཚང་གི་སྐྱིད་སྡུག》《བཀྲས་ཟུར་ཚང་གི་གསང་བའི་གཏམ་རྒྱུད》དང《ཐག་རིང་གི་སྦྲ་ནག》 《ཀླུ་འབུམ་མི་རྒོད》 《ལྷིང་འཇགས་ཀྱི་རྩྭ་ཐང》 《ཙོང་ཁ་རྒྱལ་པོ》《གངས་ཅན་བོད་ཡུལ་དུ་སྤྲིངས་པའི་འཕྲིན་ཡིག》《ཐོན་མི་སམ་བྷོ་ཊ》 《མེས་པོ》 《སྨུག་པ》 《ལྷིང་འཇགས་ཀྱི་རྩྭ་ཐང》 《རྐྱལ་བའི་འཇིག་རྟེན་དུ་ཉུལ་བའི་གཏམ་རྒྱུད》 《སྲིན་པོ་གཡུ་རྔོག་དང་ཉི་མ་ལྷ་ས།》སོགས་སྒྲུང་རིང་ཁག་ཅིག་བྱུང་བ་དང་། ཕྱིས་སུ《རྒུད》 《བོད་ཀྱི་གཅེས་ཕྲུག》སོགས་བྱུང་།
          ད་དུང་དམངས་ཕན་རིག་མཛོད་ཀྱི་དེབ་ཚོགས《ང་ཡི་ཨ་ཕ་གཉིས》《དྲེལ་ལུང》སོགས་ཀྱིས་མཚོན་པའི་སྒྲུང་རིང་ལྔ། དེང་རབས་རྩོམ་མཁན་གྱི་བརྩམས་གནང་མཛད་པའི་སྒྲུང་རིང་འགའ་ཡང་སྒོར་ཐོན་ཡོད། ཡིན་ནའང་སྒྲུང་རིང་ཧྲིལ་པོའི་ངོས་ནས་བལྟས་ཚེ་ད་དུང་དྲས་གཏུབ་དང་འཕར་ལྡིང་གི་རྣམ་པའི་ངོས་ནས་སྒྱུ་རྩལ་གྱི་ནང་ཁོག་ཧྲིལ་གྱིས་མཚོན་པ་ཉུང་ཞིང་། གཙོ་བོ་སྒྲུང་ཐུང་ཁོ་ནའི་དབང་དུ་གཞོལ་ཆེ།
          དང་པོ། སྒྲུང་རིང་གི་ཚད་བཀག
          གཅིག སྒྲུང་རིང་རང་ངོས་ཀྱི་ཚད་བཀག
          “རྩོམ་རིག་ནི་སྤྱི་ཚོགས་འཚོ་བའི་ཚུར་སྣང་ཡིན་ཡང་། འཚོ་བ་དེ་ནི་ཕ་རོལ་ཕྱི་དོན་གྱི་ངོས་ནས་ཇི་ལྟར་ཡོད་པ་དེ་ཙམ་ཞིག་མ་ཡིན་པར། ཡུལ་ཅན་རྩོམ་པ་པོས་དེ་ལྟའི་འཚོ་བ་ལ་དགོངས་དོན་ཆེན་པོ་ཞིག་གི་ཁོག་དབུབས་ཏེ། རྩོམ་པ་པོས་བཞེངས་བསྐྲུན་བྱས་པའི་འཇིག་རྟེན་གཉིས་པ་ཡིན་དགོས། ”① ལོ་རབས་བརྒྱད་ཅུ་པ་ནས་བཟུང་ད་ལྟའི་བར་དུ་བོད་དུ་རྩོམ་རིག་གསར་པ་བྱུང་ནས་ལོ་ངོ་སུམ་ཅུ་ལྷག་འགོར་ཡང་འཛམ་གླིང་རྩོམ་སྟེགས་སུ་འབུད་ཐུབ་པའི་བརྩམས་ཆོས་གྲགས་ཅན་འབྱུང་མ་ཐུབ་པ་དང་། བརྩམས་ཆོས་རང་ངོས་ཀྱི་ཆ་ནས་བསམ་བློ་དང་སྒྱུ་རྩལ་མཚོན་སྟབས། མཛེས་རྟོག་གི་རང་བཞིན་སོགས་ཕྱོགས་གང་ཅིའི་ཐད་དུ་ཞན་ཆ་ཡོད་པ། མི་སྣའི་གཤིས་ཀ་ཆིག་རྐྱང་དུ་འབྲི་བ། སྒྲུང་གཏམ་གྱི་བྱུང་བ་ཡུལ་དུས་ཀྱི་བཀག་རྒྱ་ཡོད་པ་དང་། བྱུང་རབས་སྦྲེལ་མཐུད་ཅན་འབྲི་བ། དྲས་གཏུབས་དང་འཕུར་མཆོང་གི་ཆ་མེད་པའི་རྣམ་པར་གནས་ཡོད། དེ་ལས་རྒན་པད་མ་ཚེ་བརྟན་དང་སྐྱབས་ཆེན་བདེ་གྲོལ་གཉིས་ཀྱི་སྒྲུང་གཏམ་ལ་ཅུང་ཐོལ་བརྒལ་གྱི་ཆ་འདུག
          གཉིས། སྒྲུང་རིང་དཔྱད་བརྗོད་མཁན་གྱི་ཚད་བཀག
          བོད་དུ་སྒྲུང་རིང་ཞིབ་འཇུག་གི་ལས་ཀའི་བགྱི་བ་ཧུར་ལེན་བྱེད་མཁན་ཉུང་བ་དང་། རྩོམ་རིག་དཔྱད་བརྗོད་ཀྱི་སྤུས་ཀའི་འཁོས་ཀ་འཛོམས་པོ་ཆགས་ཡོད་པའི་དཔྱད་བརྗོད་གནད་དུ་ཐིངས་པ་བགྱིད་མཁན་ཉུང་བ། རྩོམ་རིག་དཔྱད་བརྗོད་ཀྱི་སྒྱུ་རྩལ་གྱི་བློ་སྦྱོང་དང་རྩོམ་རིག་མྱོང་རོལ་གྱི་མིག་དབང་མེད་པས་ལན་པ་དང་། རྩོམ་རིག་གཞུང་ལུགས་ཀྱི་སྒྲིག་གཞི་ཆ་ཚང་བར་ཁོང་དུ་ཆུད་ཐུབ་མཁན་མེད་པ་སོགས་རྒྱུ་རྐྱེན་གང་མང་ཞིག་ལ་ཐུག་ཡོད། ཞོར་ལས་རྩོམ་པ་པོ་དང་ཞོར་ལས་རྩོམ་རིག་དཔྱད་བརྗོད་པ་ཁོ་ནས་ལས་ཆེད་ལས་ཅན་དུ་ཕྱོགས་མེད་པར་རག་ལས་པར་འདོད། འཇུ་སྐལ་བཟང་གིས། “ང་ཚོ་ལ་ད་ལྟའི་བར་ཆེད་ལས་རྩོམ་པ་པོ་མེད་པའམ་ཤིན་ཏུ་ཉུང་བ་འདི་རྒྱུན་ལྡན་མིན་པའི་སྤྱི་ཚོགས་གནད་དོན་ཞིག་ཡིན།”ཟེར།②ཀློག་པ་པོ་བྱིངས་ལ་རྩོམ་རིག་མྱོང་རོལ་གྱི་བློ་སྦྱོང་མེད་པར་གཙོ་བོ་མགྲིན་བརྒྱ་གདངས་གཅིག་གིས་དཔྱད་བརྗོད་པ་ཆེ་གེ་མོའི་རྗེས་སུ་འབྲངས་པར་ལན་ཡོད། བོད་ཀྱི་སྒྲུང་གཏམ་རྩོམ་པ་པོ་དང་སྒྲུང་གཏམ་དཔྱད་བརྗོད་མཁན་གང་གི་ཆ་ནས་བལྟས་ཀྱང་འཛམ་གླིང་རྩོམ་རིག་གི་འཕེལ་ཁའི་རྗེས་སུ་ཆོད་དུ་དཀའ་བའི་གནས་སུ་གྱུར་ཡོད་པའི་ཕྱི་མོའང་འདི་ལ་ཐུག་འདུག བདུད་ལྷ་རྒྱལ་གྱིས“ད་སྔ་སྒྲུང་གཏམ་གསར་རྩོམ་ལ་འཇུག་པ་མང་པོ་ཡོད་ཀྱང་། འདིར་འཇུག་གི་སྐྱེས་བུ་འབྲི་ཀློག་པ་གང་ཡིན་ཡང་དེ་ནི་རང་སྟོབས་ཀྱིས་འཇུག་པ་ཁོ་ན་ལས། དེ་ལ་གཞན་སྟོབས་ཀྱི་རོགས་རམ་དགེ་སྐྱོན་ཐེར་འདོན་བྱེད་པའི་དཔྱད་བརྗོད་དཔྱད་གཏམ་དང་། ནང་གི་གོ་བ་ལེན་པ་དང་ཕྱིའི་རྣམ་པ་ལ་ངེས་པ་བསྐྱེད་པའི་མྱོང་རོལ་ཀློག་འདོན་ལྟ་བུ་ཤིན་ཏུ་ཉག་ཕྲ”③ཞེས་པ་བཞིན་བོད་དུ་རྒྱ་བོད་ཡིག་རིགས་གཉིས་ཀྱི་ལམ་ནས་རྩོམ་རིག་དཔྱད་བརྗོད་དང་སྒྲུང་རིང་ཞིབ་འཇུག་ལས་ཀ་མཐའ་འཁྱོལ་བྱེད་མཁན་དཀོན་པ་རེད།
          གཉིས་པ། སྒྲུང་རིང་རྩོམ་པ་པོའི་དཔུང་ཁག་སྲབ་པ།
          བོད་དུ་རྩོམ་རིག་གསར་པ་དར་བ་ནས་བཟུང་ད་ལྟའི་བར་དུ་བོད་ཡིག་གི་ལམ་ནས་སྒྲུང་རིང་འབྲི་མཁན་གྱི་རྩོམ་པ་པོ་མང་པོ་བྱུང་མེད། ལོ་རབས་བརྒྱད་ཅུ་པ་ནས་ད་ལྟའི་བར་དུ་བོད་ཀྱི་རྩོམ་སྟེགས་སུ་སྒྲུང་གཏམ་འཕེལ་རྒྱས་ཐད་དུ་བྱས་རྗེས་བཞག་མྱོང་མཁན། གླང་བདུན་དཔལ་འབྱོར། བཀྲ་ཤིས་དཔལ་ལྡན། བསྟན་པ་ཡར་རྒྱས། སྟག་འབུམ་རྒྱལ། ཚེ་རིང་གཡང་སྐྱིད། ཨ་སྨྱོན་བཀྲ་ཤིས་དོན་གྲུབ།ཚེ་རིང་དོན་གྲུབ། རེབ་གོང་རྡོ་རྗེ་མཁར། བཀྲ་བྷ། ནག་པོ་སྐལ་བཟང་། རང་སྒྲ། ཚེ་བརྟན་རྡོ་རྗེ་སོགས་དང་། དུས་རབས་འདིའི་སྟོད་ནས་བཟུང་། པད་མ་ཚེ་བརྟན། རིག་ལྡན་རྒྱ་མཚོ། ལྷ་བྱམས་རྒྱལ། ཁྲི་སེམས་དཔའ། མཁའ་མོ་རྒྱལ་སོགས་བྱུང་། རྩོམ་པ་པོ་དེ་དག་གིས་སྒྲུང་རིང་ཆིག་པ་ཁོ་ནའི་སླད་དུ་རྩོམ་འབྲི་གནང་བ་མ་ཡིན་པར། སྒྲུང་འབྲིང་དང་ད་དུང་རྩོམ་ལུས་གཞན་པའང་འབྲི་སྲིད། ལྷ་བྱམས་རྒྱལ་གྱིས། “ངས་སྒྲུང་གཏམ་གྱི་ལམ་ནས་དུས་རབས་འདིའི་བོད་པའི་འཚོ་བའི་གནས་ཚུལ་མེ་ལོང་དུ་འཆར་བ་བཞིན་བྲིས་པ་ཡང་རྩོམ་རིག་རང་སྟེང་གི་དོན་སྙིང་ལས་བརྒལ་ཡོད་པར་སྙམ་པས། ངས་དངོས་གནས་རྩོམ་རིག་གི་ལས་ཀ་བསྐྱུར་ནས་ལས་ཀ་འོས་མོ་གཞན་ཞིག་ལ་འཇུག་པར་བསམ་བློ་མི་འཁོར།”④འདི་ལྟ་བུའི་ཆོད་སེམས་ཅན་གྱི་རྩོམ་མཁན་ཉུང་སོང་བས་ཡིན། སྐྱབས་ཆེན་བདེ་གྲོལ་གྱིས། “ང་ཉིན་མོའི་ཟས་དང་མཚན་མོའི་གཉིད། རྒྱབ་ཀྱི་གོས་སོགས་མེད་དུ་མི་རུང་བའི་ལོངས་སྤྱོད་དག་མཁོ་བ་ཇི་བཞིན་རང་གི་ཚེ་སྲོག་ལྟ་བུའི་རྩོམ་རིག་མཁོ།”⑤འདི་ལྟར་རྩོམ་རིག་རང་གི་བླ་སྐར་དང་དད་འདུན་དུ་བཟུང་ནས་གསར་རྩོམ་བྱེད་མཁན་ཉུང་བའི་ལན་པ་ཡིན། ཅོ་ནེ་ཡུམ་ཚེ་རིང་གིས། “རྩོམ་རིག་གི་ཁྱབ་ཁོངས་སུ་ཧ་ཅང་རྒྱ་ཆེ་རུང་མདོར་བསྡུས་ན་དངོས་ན་དངོས་ཡོད་འཚོ་བ་མཚོན་པ་དང་སྒྱུ་རྩལ་གྱི་ཡང་སྙིང་མཚོན་པ་གཉིས་ཡིན།”ཟེར།⑥ དེ་ལྟར་སྒྲུང་གཏམ་བློས་བསླངས་བྱེད་པའི་རྩོམ་འབྲིའི་བློ་སྦྱོང་ཞན་སོང་བས་ཡིན། གཙོ་བོ་རྩོམ་མཁན་དག་ལ་ཁ་གྲངས་ཀྱི་ཆ་ནས་མང་ཡང་རྩོམ་རིག་འཁོས་ཀ་འཛོམས་ཡོད་པའི་རྩོམ་པ་པོའི་དཔུང་ཁག་བརྟན་པོ་ཞིག་ཆགས་མ་ཐུབ་པས་ལན་པ་རེད། ཧེ་ཀེལ(黑格尔)གྱིས། སྙན་སྒྲུང་རིང་མོར་སྡོམ་ཚིག་བཀོད་པའི་ཆ་རྐྱེན་དག་ལས“སྙན་སྒྲུང་རིང་མོ་ལ་ངེས་པར་དུ་ཆ་ཚང་ཞིང(完整)ཁྱད་དུ་འཕགས་པའི་མི་སྣ་དང་། གཏོས་ཆེ་བའི་དོན་བརྗོད་ཀྱི་ཁྱད་གཤིས་དང་། རྒྱུན་རིང་བའི་ལོ་རྒྱུས་ཀྱི་བརྗོད་པ་དགོས་ལ། དེ་ནི་དོ་ར(场面)རྒྱ་ཆེ་བ་དང་། བརྗོད་སྙིང་གཟབ་ནན་ཡིན་པ། མི་སྣ་མང་བ། འགལ་བ་ཛ་དྲག་ཡིན་པ།བྱུང་རིམ་ཀྱ་ཀྱུ། སྒྲིག་གཞི་གཏོས་ཆེ་བ་བཅས་ཟུང་དུ་སྦྲེལ་བ་ཞིག་ཡིན་དགོས།”ཞེས་པ་ལྟར།⑦ དེ་འདྲའི་སྒྲུང་རིང་འབྲི་བར་འབད་པ་བླ་ལྷག་བསྐྱེད་དགོས།
          གསུམ་པ། རྩོམ་རིག་དཔྱད་བརྗོད་རྐྱང་བའི་རྩོམ་སྟེགས་མེད་པ།
          ལོ་རབས་བརྒྱད་ཅུ་པ་ནས་ད་ལྟའི་བར་དུ་བོད་དུ་རང་གི་སྐད་ཡིག་གི་ལམ་ནས་རིག་གཞུང་ཞིབ་འཇུག་ཆེད་དེབ་ལ《ཀྲུང་གོ་བོད་རིག་པ》དང《བོད་ལྗོངས་ཞིབ་འཇུག》 《བོད་ཀྱི་དམངས་སྲོལ་རིག་གནས》སོགས་དཔྱད་རྩོམ་རྐྱང་བའི་གྲུབ་པའི་དེབ་འགའ་ཡོད་ཀྱང་དེ་དག་གི་ཁྱབ་ཁོངས་སུ་རྩོམ་རིག་དཔྱད་བརྗོད་ཀྱིས་མིག་ཉུང་ཞིང་། སྒོས་སུ་སྒྲུང་རིང་དཔྱད་བརྗོད་ཀྱི་སྐོར་ཕལ་ཆེར་རི་བོང་གི་རྭ་ལྟར་གྱུར་ཡོད། གཞན་ད་དུང་བོད་ནང་དུ་རྩོམ་རིག་དུས་དེབ་ཆེ་གྲས་སྐོར་ལ《སྦྲང་ཆར》《གངས་རྒྱན་མེ་ཏོག》 《མི་རིགས་ཀྱི་རྩོམ་རིག》《བོད་ཀྱི་རྩོམ་རིག་སྒྱུ་རྩལ། 》《ཟླ་ཟེར》སོགས་རྩོམ་ལུས་སྣ་མང་གིས་གྲུབ་པའི་དེབ་ཁ་ཤས་ཤིག་ཡོད་ཀྱང་། དེ་དག་སྟེང་སྒྲུང་རིང་རྐྱང་བ་འགོད་སའི་ས་མིག་ཆུང་ཞིང་། རྩོམ་རིག་དཔྱད་བརྗོད་འདོན་ཐེངས་རེ་རེར་ཧ་ལམ་གཅིག་རེ་མ་གཏོགས་མེད་ཚོད་རེད། དེ་བས་ཕྲན་གྱི་བློ་ཚོད་ལ་བོད་ཀྱི་སྒྲུང་གཏམ་རྐྱང་བ་འགོད་སའི་དུས་དེབ་དང་རྩོམ་རིག་དཔྱད་བརྗོད་རྐྱང་བ་འགོད་སའི་དུས་དེབ་ཅིག་ཡོད་ཚེ་ད་གཟོད་སྒྲུང་གཏམ་པ་དང་རྩོམ་རིག་དཔྱད་བརྗོད་པ་ཇེ་མང་དུ་འགྲོ་སྲིད་ལ། ཀློག་པ་པོར་ཡང་ལྟོས་བཅས་ཀྱིས་རྩོམ་རིག་གི་བསམ་པའི་ལོངས་སྤྱོད་གྱ་ནོམ་ཞིག་སྟེར་ཐུབ་པར་ངེས་ལ། བོད་ཀྱི་རྩོམ་རིག་གི་འཕེལ་ཁ་སྣ་མང་མཉམ་གནས་ཀྱི་བདེ་ཐང་ངང་འཕེལ་རྒྱས་སུ་འགྲོ་སྲིད། །
          དཔྱད་གཞིའི་ཡིག་ཆ།
②④⑤⑥བཀྲ་བྷས་བསྒྲིགས། 《གསར་རྩོམ་ཉམས་མྱོང་གླེང་བ》[G] མི་རིགས་དཔེ་སྐྲུན་ཁང་། 2013.1 ཤ88 ཤ333 ཤ32 ཤ82
③བདུད་ལྷ་རྒྱལ་གྱིས་བརྩམས། 《བོད་ཀྱི་དུས་སྐབས་གསར་པའི་བརྩམས་ཆོས་བཀོད་དང་དེ་དག་གི་བཤད་པ》[M]ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1989ལོ། ཤ89
①⑦བདུད་ལྷ་རྒྱལ་གྱིས་བརྩམས། 《བོད་ཀྱི་བརྩམས་སྒྲུང་གསར་པའི་གནས་སྟངས་དང་དེའི་དགག་སྒྲུབ》 [J] ནུབ་བྱང་མི་རིགས་སློབ་ཆེན། 2009.5 ཤ149ཤ132

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1