གཙོ་ངོས།>> ཁྲིམས་ལུགས།>>གྱོད་དཔེ་འདེམས་བཀོད།

རྩོམ་སྒྲིག་པ།ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། ༢༠༡༩ལོའི་ཟླ་བ་༠༧ཚེས་༠༡ཉིན།

༄༅།། ཁ་ཆེམས་ཡི་གེ་འདིའི་རིགས་ལ་ནུས་པ་ཡོད་དམ།


དཔེ་མཚོན།
        ལོ་ན60ལ་སོན་ཡོད་པའི་ཨ་ནེ་གཡང་སྐྱིད་ཀྱིས་བཤད་རྒྱུར།ལོ་ངོ30ལྷག་གི་སྔོན་ལ།མོ་དང་མོའི་ཁྱོ་ག་གཉིས་བཟའ་སྒྲིག་བྱས་རྗེས་དུས་ཡུན་རིང་པོར་ཕྲུ་གུ་མ་སྐྱེས་པས།ཚད་ལྡན་གྱི་འགྲོ་ལམ་བརྒྱུད་དེ་བུ་མོ་སྒྲོན་དཀར་བུ་སྐལ་དུ་བླངས།དེང་ཐོག་བུ་མོ་སྒྲོན་དཀར་ཁོ་བཟའ་ཟླ་གཉིས་དང་མཉམ་དུ་འཚོ་བ་རོལ་མོད།འོན་ཀྱང་སྒྲོན་དཀར་བུ་སྐལ་དུ་བླངས་ནས་ཟླ་འགའ་འགོར་རྗེས་མོར་མངལ་ཆགས་ཏེ་བུ་མོ་ཞིག་སྐྱེས་པ་དང་།དུས་རྒྱུན་བྱ་བར་བྲེལ་བ་ཆེ་ཞིང་འཚོ་བར་དཀའ་ཁག་ཡོད་པའི་དབང་གིས།ཨ་ནེ་གཡང་སྐྱིད་ཀྱིས་བུ་མོ་སྒྲོན་དཀར་རང་གི་ཕ་མ་གཉིས་ཀྱི་གམ་དུ་བསྐྱལ་ནས།ཕ་མ་གཉིས་ལ་སྙོར་སྐྱོང་བྱེད་དུ་བཅུག་པ་དང་།དེ་ནས་བཟུང་སྐར་གང་གི་འཚོ་བའི་གྲོན་དངུལ་ཡང་བྱིན་མ་མྱོང་།དེ་ལྟར་བུ་མོ་སྒྲོན་དཀར་མོའི་ཕ་མ་གཉིས་ཀྱིས་སྙོར་སྐྱོང་བྱས་ཏེ་ནར་སོན་ཞིང་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་བརྒྱུད་དེ།མཐར་བྱ་བར་ཞུགས་ཤིང་གཉེན་སྒྲིག་ནའང་མུ་མཐུད་དུ་ཨ་ནེ་གཡང་སྐྱིད་ཀྱི་ཕ་མ་གཉིས་ཀར་གུས་སྐྱོང་གང་ལེགས་བྱས་ཏེ།ཚེ་མཇུག་གི་འཚོ་བ་སྐྱིད་པོ་རོལ་ཏུ་བཅུག་པ་རེད།
        ན་ནིང་གི་ལོ་མཇུག་ཏུ།རྒན་རྒོན་གཉིས་ཀ་སྔ་གཞུག་ཏུ་ཚེ་ལས་འདས་པས།ཨ་ནེ་གཡང་སྐྱིད་མིང་སྲིང་ཚོས་ཕ་མ་གཉིས་ལ་དབང་བའི་སྡོད་ཁང་དེ་བཙོང་རྩིས་བྱེད་པའི་སྐབས་སུ།སྒྲོན་དཀར་གྱིས་རྒན་རྒོན་གཉིས་ཀྱིས་བྲིས་པའི་ཁ་ཆེམས་ཡི་གེ་ཞིག་ཁྱེར་ཡོང་ནས་ཁོ་ཚོར་བསྟན། ཁ་ཆེམས་ཡི་གེའི་ནང་དུ་ལོ་འདི་དག་གི་རིང་ལ་ཁོ་རྒན་རྒོན་གཉིས་ལ་གུས་སྐྱོང་བྱེད་མཁན་ནི་སྒྲོན་དཀར་ཡིན་ལ།ན་ཚ་རེ་བྱུང་སྟེ་སྨན་ཁང་དུ་འདུག་ཐེངས་རེར་ནད་ཁྲིའི་གམ་དུ་སྙོར་སྐྱོང་བྱེད་མཁན་ཡང་སྒྲོན་དཀར་ཡིན་པས།ཁོ་རྒན་རྒོན་གཉིས་ཀ་ཚེ་ལས་འདས་རྗེས།ཁོ་གཉིས་ཀྱི་སྨི་གྲུ་བཞི་མ130ཅན་གྱི་སྡོད་ཁང་དེ་སྒྲོན་དཀར་གྱིས་ཤུལ་འཛིན་བྱེད་རྒྱུ་དང་།གསོག་དངུལ་ཡོད་ཚད་བུ་ཕྲུག་བཞི་བོར་འདྲ་མཉམ་གྱིས་བགོ་དགོས་ཚུལ་བཤད་ཡོད།
        ཨ་ནེ་གཡང་སྐྱིད་མིང་སྲིང་ཚོའི་སེམས་སུ།ཁོ་ཚོ་ལོ་ན་རྒས་ཟིན་པས་དུས་རྒྱུན་ཕ་མ་གཉིས་ལ་སྐོར་རེ་བརྒྱབ་སྟེ་ལྟ་རྟོག་བྱས་པ་ལས་སྙོར་སྐྱོང་བྱེད་པའི་ནུས་པ་མེད་ལ།ཕ་མ་གཉིས་ཀ་སྨན་ཁང་དུ་བསྡད་པའི་སྐབས་སུའང་ཁོ་ཚོས་ནད་ཁྲིའི་གམ་དུ་སྙོར་སྐྱོང་བྱས་མ་མྱོང་མོད།འོན་ཀྱང་རྒྱུན་དུ་སྨན་ཁང་ལ་སོང་ནས་ལྟ་རྟོག་བྱས་ཡོད་པས།ཕ་མ་གཉིས་ཀྱིས་སྡོད་ཁང་སྒྲོན་དཀར་ལ་བྱིན་པ་ནི་ཁྲིམས་དང་མི་མཐུན་པར་འདོད་ཀྱིན་ཡོད།

བཅའ་ཁྲིམས་ཀྱི་ཁུངས་ལུང་།
        《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཤུལ་འཛིན་བཅའ་ཁྲིམས》ཀྱི་དོན་ཚན16པའི་ནང་དུ“སྤྱི་དམངས་ཀྱིས་བཅའ་ཁྲིམས་འདིའི་གཏན་འཁེལ་ལྟར་ཁ་ཆེམས་ཡི་གེ་བྲིས་ནས་རང་ཉིད་ཀྱི་རྒྱུ་ནོར་ཐག་གཅོད་བྱེད་ཆོག་པར་མ་ཟད།ཁ་ཆེམས་ལག་བསྟར་བྱེད་མཁན་གཏན་འཁེལ་བྱེད་ཆོག་ལ།སྤྱི་དམངས་ཀྱིས་ཁ་ཆེམས་བཞག་ནས་རང་ཉིད་ཀྱི་རྒྱུ་ནོར་ཚང་མ་ཁྲིམས་བཀོད་ཤུལ་འཛིན་མཁན་ཁྲོད་ཀྱི་གཅིག་གམ་ཡང་ན་དུ་མར་ཤུལ་འཛིན་བྱེད་དུ་བཅུག་ཆོག སྤྱི་དམངས་ཀྱིས་ད་རུང་ཁ་ཆེམས་བཞག་ནས་རང་ཉིད་ཀྱི་རྒྱུ་ནོར་རྒྱལ་ཁབ་དང་ཐུན་མོང་།ཡང་ན་ཁྲིམས་བཀོད་ཤུལ་འཛིན་མཁན་མ་ཡིན་པའི་མི་གཞན་པར་བྱིན་ཆོག་པ”གཏན་འཁེལ་བྱས་ཡོད།གོང་གི་བཅའ་ཁྲིམས་ཀྱི་གཏན་འཁེལ་འདི་ལྟར་ན།ཨ་ནེ་གཡང་སྐྱིད་ཀྱི་ཕ་མ་གཉིས་ལ་ཁ་ཆེམས་ཡི་གེའི་རྣམ་པ་བརྒྱུད་དེ་རང་ཉིད་ཀྱི་རྒྱུ་ནོར་ཐག་གཅོད་བྱེད་པའི་དབང་ཆ་ཡོད་པ་རེད།
    ཉར་གསོ་བཅའ་ཁྲིམས་ཀྱི་གཏན་འཁེལ་ལྟར་ན། “ཕྲུ་གུ་ཉར་གསོ་བྱེད་སྐབས་ངེས་པར་དུ་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་དམངས་སྲིད་སྡེ་ཁག་ལ་སོང་ནས་ཐོ་འགོད་བྱེད་དགོས་པ་དང་།ཐོ་འགོད་བྱས་པའི་ཉིན་དེ་ནས་བཟུང་ཉར་གསོའི་འབྲེལ་བ་གྲུབ་ཡོད་ལ།ཉར་གསོའི་འབྲེལ་བ་གྲུབ་པའི་ཉིན་དེ་ནས་བཟུང་།ཉར་གསོ་བྱེད་མཁན་དང་ཉར་གསོ་བྱ་ཡུལ་གཉིས་བར་གྱི་དབང་ཆ་དང་འོས་འགན་ཡོད་ཚད་བཅའ་ཁྲིམས་སྟེང་གི་ཕ་མ་དང་བུ་ཕྲུག་གི་འབྲེལ་བའི་སྐོར་གྱི་གཏན་ཁེལ་ལྟར་བསྒྲུབ་དགོས་ལ།ཉར་གསོ་བྱ་ཡུལ་དང་ཉར་གསོ་བྱེད་མཁན་གཉིས་བར་གྱི་ཉེ་མིའི་འབྲེལ་བའི་དབང་ཆ་དང་འོས་འགན་སོགས་ཀྱང་བཅའ་ཁྲིམས་སྟེང་གི་བུ་ཕྲུག་དང་ཕ་མའི་ཉེ་མིའི་འབྲེལ་བ་ལྟར་བསྒྲུབ་དགོས”པ་གཏན་འཁེལ་བྱས་ཡོད། གྱོད་དོན་འདིའི་ནང་གི་ཨ་ནེ་གཡང་སྐྱིད་བཟའ་ཟླ་གཉིས་དང་བུ་མོ་སྒྲོན་དཀར་བར་ཉར་གསོ་འགྲོ་རིམ་བསྒྲུབ་པའི་ཉིན་དེ་ནས་བཟུང་སྟེ་ཉར་གསོའི་འབྲེལ་བ་གྲུབ་ཡོད་པས།ཁོ་ཚོའི་བར་གྱི་འབྲེལ་བ་ནི་གཉེན་འབྲེལ་བཅའ་ཁྲིམས་སོགས་བཅའ་ཁྲིམས་ཁྲིམས་སྲོལ་ཁྲོད་ཀྱི་ཕ་མ་དང་བུ་ཕྲུག་སྐོར་གྱི་འབྲེལ་ཡོད་གཏན་འཁེལ་ལྟར་བསྒྲུབ་དགོས།གོང་གི་བཤད་ཚུལ་དེ་བཞིན་དུ།ཨ་ནེ་གཡང་སྐྱིད་ཀྱི་ཕ་མ་གཉིས་དང་བུ་མོ་སྒྲོན་དཀར་བར་གྱི་འབྲེལ་བ་ནི་ཨ་མྱེས་ཨ་ཕྱི་དང་ཕྱི་ཚའི་བར་གྱི་འབྲེལ་བ་ཡིན།
        ཤུལ་འཛིན་བཅའ་ཁྲིམས་ཀྱི་ནང་དུ་ད་རུང“ཤུལ་འཛིན་གྱི་གོ་རིམ་ནི་གཤམ་ལྟར་ཡིན་ཏེ།གོ་རིམ་དང་པོ།བཟའ་ཟླ་དང་བུ་ཕྲུག ཕ་མ་བཅས་དང་།གོ་རིམ་གཉིས་པ།མིང་སྲིང་དང་སྤོ་བོ་སྤོ་མོ།ཨ་མྱེས་ཨ་ཕྱི”བཅས་ཡིན་པས།ཕྱི་ཚ་རུ་གཏོགས་པའི་སྒྲོན་དཀར་ནི་ཁྲིམས་བཀོད་ཀྱི་ཤུལ་འཛིན་མཁན་མིན་མོད།འོན་ཀྱང་ཨ་ནེ་གཡང་སྐྱིད་ཀྱི་ཕ་མ་གཉིས་ལ་ཁ་ཆེམས་བརྒྱུད་དེ་རང་ཉིད་ཀྱི་རྒྱུ་ནོར་ཁྲིམས་བཀོད་མ་ཡིན་པའི་མི་གཞན་པར་སྟེར་བའི་དབང་ཆ་ཡོད་པས།སྡོད་ཁང་དེ་ནི་སྒྲོན་དཀར་ལ་བྱིན་ཆོག་ཆོག་རེད།
        གལ་ཏེ་ཨ་ནེ་གཡང་སྐྱིད་ཀྱི་ཕ་མ་གཉིས་ཀས་བྲིས་པའི་ཁ་ཆེམས་ཡི་གེ་དེ་ལ་ནུས་མེད་དང་ཡང་ན་ཕྱིར་འཐེན་བྱེད་ཆོག་པའི་གནས་ཚུལ་གང་ཡང་མི་ལྡན་ན།ཁ་ཆེམས་ཡི་གེ་དེ་ནི་ཁྲིམས་མཐུན་ཡིན།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཤུལ་འཛིན་བཅའ་ཁྲིམས》ཀྱི་དོན་ཚན་ལྔ་པའི་ནང“ཤུལ་འཛིན་བྱེད་སྐབས།ཁྲིམས་བཀོད་ཤུལ་འཛིན་མཁན་གྱི་གོ་རིམ་ལྟར་འགྲོ་རིམ་བསྒྲུབ་དགོས་ལ།ཁ་ཆེམས་བཞག་ཡོད་ན།ཁ་ཆེམས་ལྟར་ཤུལ་འཛིན་དང་ཡང་ན་བྱིན་པའི་འགྲོ་རིམ་བསྒྲུབ་དགོས་པ”གཏན་འཁེལ་བྱས་ཡོད།དེ་བས་ཨ་ནེ་གཡང་སྐྱིད་ཀྱི་ཕ་མ་གཉིས་ཀྱིས་བཞག་པའི་སྡོད་ཁང་དེ་ནི་སྒྲོན་དཀར་ལ་དབང་བ་ཡིན་ནོ། །

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1