གཙོ་ངོས།>> ཞིབ་འཇུག>>ལོ་རྒྱུས།

ཀླུ་རྒྱལ་དོན་འགྲུབ། རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོའི་བོད་རིག་པ། སྤེལ་དུས། ༢༠༡༩ལོའི་ཟླ་བ་༠༦ཚེས་༢༥ཉིན།

༄༅།། གནུབས་ཀྱི་རིགས་རྒྱུད་ལས་མཆེད་པའི་གནུབས་ནམ་མཁའི་སྙིང་པོ་དང་གནུབས་ཆེན་སངས་རྒྱས་ཡེ་ཤེས་སྐོར་ལ་ཅུང་ཙམ་དཔྱད་པ།

ཀླུ་རྒྱལ་དོན་འགྲུབ།
[ནང་དོན་གནད་བསྡུས།] རྩོམ་འདིའི་ནང་དུ་གནུབས་ཀྱི་རིགས་རྒྱུད་ལས་མཆེད་པའི་ནམ་མཁའི་སྙིང་པོ་དང་སངས་རྒྱས་ཡེ་ཤེས་གཉིས་ཀྱི་ལོ་རྒྱུས་ཅུང་ཙམ་བརྗོད་དེ། ཆོས་འབྱུང་དང་ལོ་རྒྱུས་དེབ་ཐེར་འགའ་ཤས་ཀྱི་བཤད་ཚུལ་བསྡུར་ནས་ཁོང་རྣམ་པ་གཉིས་ཀྱི་བྱུང་རིམ་སྔ་གཞུག་ཐད་ལ་རང་གི་ལྟ་ཚུལ་ཅུང་ཙམ་བཤད་ཡོད་པར་མ་ཟད། ཁོང་གཉིས་ཀྱི་མཛད་རྗེས་དང་རྒྱུན་འཛིན་ཐུགས་སྲས་ཕྱོགས་ལའང་རང་ནུས་ཅི་ལྕོགས་ཀྱིས་ཅུང་ཙམ་དཔྱད་ཡོད།
[བརྡ་ཆད་གཙོ་བོ།] གནུབས་ཡུལ། གནུབས་ཀྱི་རིགས་རྒྱུད། གསང་སྔགས། མཛད་རྗེས།
[ཀྲུང་གོའི་དཔེ་དེབ་དབྱེ་རྟགས།] K281
[ཡིག་ཚང་མཚན་བྱང་།] A
[རྩོམ་གྱི་གོ་རིམ་ཨང་སྒྲིག] 1002-9060-2015-01-0026-11
             གནུབས་ཀྱི་རིགས་རྒྱུད་ལས་མཆེད་པའི་སློབ་དཔོན་དག་གསང་སྔགས་དང་མཐུ་ཡི་ཕྱོགས་ལ་མཁས་པ་དང་། བོད་ཀྱི་ཆོས་ལུགས་ལོ་རྒྱུས་སྟེང་དུ་གནས་བབས་ཀྱང་ཆེན་པོ་ཟིན་ཡོད། བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་རིང་ནས་བཟུང་གནུབས་ནམ་མཁའི་སྙིང་པོས་གསང་སྔགས་ཀྱི་ལོ་ཙཱའི་ཐད་ལ་མཛད་རྗེས་མི་དམན་པ་བཞག་ཡོད་པ་དང་། དེའི་རྗེས་སུ་གནུབས་ཆེན་①སངས་རྒྱས་ཡེ་ཤེས་བྱུང་ནས་གསང་སྔགས་རྒྱུད་སྡེའི་སེམས་ཕྱོགས་དང་སྨན་གྱི་གཞུང་ལ་སོགས་པ་བསྒྱུར་ནས་དེ་བས་ཀྱང་ཕྱག་རྗེས་ཆེན་པོ་གནང་། ཁོང་གཉིས་ལ་སྒྲུབ་རྒྱུད་འཛིན་པའི་ཐུགས་སྲས་ཀྱང་གང་མང་བྱུང་ནས་སངས་རྒྱས་བསྟན་པ་རྒྱ་ཆེར་སྤེལ། དེ་ཡང་གནུབས་རྣམ་པ་གཉིས་ཀྱི་ལོ་རྒྱུས་བྱུང་རིམ་ཐད་ལ་དོགས་གཞི་ཆུང་ཆུང་ཞིག་ཡོད་པས། གཤམ་ནས་དེའི་སྐོར་གྱི་གནད་དོན་འགའ་ཞིག་ལ་རང་བློས་ཚོད་དཔག་གི་སྒོ་ནས་བརྗོད་པར་བྱ་བ་ལ།
དང་པོ། གནུབས་རྒྱུད་ཀྱི་འབྱུང་ཁུངས་དང་གནུབས་ཡུལ་ངོས་འཛིན།
             གནུབས་ཀྱི་རིགས་རྒྱུད་འདི་གང་ནས་འཕེལ་ཡོང་ཞེ་ན། མཁས་པ་ལྡེའུས་མཛད་པའི་《རྒྱ་བོད་ཀྱི་ཆོས་འབྱུང་རྒྱས་པ་》རུ་“ཡུལ་དེ་རྣམས་ན་རྒོད་ཀྱི་སྟོང་སྡེ་བཞི་བཅུ་ཞེས་བྱ་སྟེ།གཡུང་གི་མི་སྡེ་འབངས་ལས་བྱེད་དང་ཁེང་པའོ།། འབངས་ལས་བྱེད་པ་སྲིད་པ་དགུ། རྫི་བདུན། མཁན་དགུ། ཚོང་ལྔ།རྒྱལ་བཞི། འཛིན་གསུམ་མོ།། སྲིད་པ་དགུ་ནི། སྣུབས་རྗེ་སྲིད་པ། ལྷོ་རྗེ་གླང་པ། ལྷོ་རྗེ་གླིང་པ། འཆིམས་སྲུང་པ། ཉག་ཉི་ཕྱག་པ། བྱང་ང་བསྐོས་པ། ཁྱོ་ནེ་སྤྲེའུ་པ། ཤེའུ་ཆང་པ། སོ་ཕྱེ་པའོ་ཞེས་པ་དང་ཡུལ་གྱི་ཁོད་བཤམས་པ་ནི། དབུ་རུ་ཤ་ཆེན་བཙད་པོ་ཉིད་ཀྱི་ཡུལ་དུ་བཅད། ཕོ་བྲང་རྣེ་བྱི་བཙན་པོ་རྒྱལ་འབངས་ཡུལ་དུ་བཅད། ཕྱིང་ང་སྟག་རྩེ་འགོས་དང་སྣུབས་ཀྱི་ཡུལ་དུ་བཅད་ཅེས་པ་དང་སྟོད་སྨད་བར་གསུམ་གྱི་དཔའ་སྡེ་བསྐོས་ལུགས་ནི། སྟོད་ཀྱི་དཔའ་སྡེ་སོ་བྲག་སྟག་པོ་རོང་ཡན་ཆད། མོན་ཁ་བཞི་མན་ཆད་དེ། ཡུལ་དེ་ན་གནས་པའི་གུག་ཅོག་སྡེ་ལྔ་ལ། འབྲོ། ཁྱུང་པོ། འགར། སྣུབས། གཉན་འདྲེ་ལྔ་གནས་”② ཞེས་སྲོང་བཙན་གྱི་རིང་ལ་བློན་པོ་མགར་གྱིས་རོགས་རམ་མཛད་དེ་བཙན་པོའི་མངའ་ཁོངས་དག་སྟོང་སྡེ་དང་རུ་བཞི། རྒོད་གཡུང་གི་སྡེ་སོགས་དབྱེ་བ་ཕྱེ་ནས་དམག་སྡེ་བཙུགས་པ་དང་། ཁྲིམས་བཙུགས་ཏེ་ཁྲལ་སྡུད་པ་སོགས་ཀྱི་ལས་བྱས་ཏེ་བོད་བཙན་པོའི་མངའ་ཁོངས་སུ་རྒྱལ་ཕྲན་མང་པོ་བསྡུས་པ་དང་། སྐབས་དེ་དུས་སྣུབས་ཞེས་པའི་རྒྱལ་ཕྲན་ནམ་ཚོ་བ་འདི་ཡང་བོད་བཙན་པོའི་མངའ་ཁོངས་སུ་བསྡུས་པར་མངོན། 《རྦ་བཞེད་》ལས་ཀྱང་“སྣུབས་རྗེ་སྲིབས་(སྲིད)པོས་ལྷ་སྙིང་རྗེ་མེད་པའི་སྣུབས་ལྷ་ཐོན་དྲུག་ནི་གསོལ། བྱུར་མི་ཐུབ་པའི་བོན་ཤིད་ནག་པོ་བཏང་བས། སྣུབས་ཀྱི་རྒྱལ་སྲིད་རླག་སྟེ་སྣུབས་མཁར་སྐྱ་མོ་དང་ཆས་ཏེ་བོད་ཀྱི་མངའ་རིས་སུ་འདུས་པ་ལགས་སོ།།”③ ཞེས་བཀོད་ཡོད་པ་དང་། ད་དུང་“གནུབས་ཡུལ་གླིང་དགུ་”ཞེས་པའི་ཡུལ་གྲུ་ཞིག་ཀྱང་ཡོད་ལ། འདི་ལས་གཞིགས་ཚེ་སྣུབས་ཡུལ་ནི་སྔོན་ལ་བོད་ཁམས་སུ་གནས་པའི་རྒྱལ་ཕྲན་ནམ་ཚོ་བ་ཞིག་ཡིན་པ་དང་རྗེས་སུ་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་རིང་ལ་བོན་ཆོས་བསྣུབས་ཏེ་ནང་ཆོས་སྤེལ་བའི་དུས་སུ་བོད་བཙན་པོའི་མངའ་ཁོངས་སུ་ཡོད་ལ། ཆོས་ལུགས་ཀྱང་ནང་ཆོས་ལ་བསྒྱུར་བར་མངོན།
             ད་ལྟའི་དུས་སུ་སྣུབས་ཡུལ་ཞེས་པ་ལུང་པའམ་རུས་རྒྱུད་ཅིག་གི་མིང་ལས་ཆེན་པོ་ཞིག་ཏུ་ངོས་འཛིན་རྒྱུ་མེད་དེ། 《དུང་དཀར་ཚིག་མཛོད་ཆེན་མོ་》རུ ་“གནུབས། གཙང་རིན་སྤུངས་ཁུལ་གྱི་ལུང་པ་ཞིག་དང་དེར་གནས་བོད་ཀྱི་ཡབ་འབངས་རུས་དྲུག་ནང་གི་རུས་མིང་ཞིག”④ ཅེས་བརྗོད་ཡོད་ལ་“ད་ལྟའི་བོད་རང་སྐྱོང་ལྗོངས་རིན་སྤུངས་རྫོང་བྱེ་བ་ཤང་ནུའུ་གྲོང་ཚོ་ཡིན་པ་འདྲ།”⑤ ཞེས་སུ་བཞེད་པ་ལ། དཔྱད་གཞི་འདི་ལྟར་ན་གནུབས་ཀྱི་རིགས་རྒྱུད་འདི་སྔོན་བཙན་པོའི་དུས་སུ་བྱུང་བའི་རུས་རྒྱུད་ཚོ་ཆེན་ཞིག་ཡིན་ལ། རྗེས་སུ་བོད་ཁམས་ཡོངས་ལ་ཁྱབ་ཡོད་དེ། ད་ལྟའི་མདོ་སྨད་གཅན་ཚ་ས་ཁུལ་དུའང་གནུབས་ཞེས་པའི་སྡེ་བ་དང་རིགས་རྒྱུད་ཅིག་ཡོད་ལ། སྡེ་མི་ཚོས་གནུབས་ཆེན་སངས་རྒྱས་ཡེ་ཤེས་ཀྱི་རུས་རྒྱུད་ཡིན་པ་ལས་ལོ་རྒྱུས་ཀྱི་འབྱུང་ཁུངས་གསལ་བོ་ཞིག་བཤད་རྒྱུ་མི་འདུག དེ་བཞིན་དུ་“སྣུབས་”དང་“གནུབས་”ཞེས་འབྲི་སྲོལ་གཉིས་ཡོད་པ་ནི་དོན་གཅིག་མིང་གི་རྣམ་གྲངས་ཡིན་པ་ལས་གདུང་རུས་གཉིས་མཚོན་གྱི་མེད། ཆོས་འབྱུང་དང་ལོ་རྒྱུས་ཁ་ཤས་སུ་གནུབས་ཆེན་སངས་རྒྱས་ཡེ་ཤེས་དང་གནུབས་ནམ་མཁའི་སྙིང་པོ་ཞེས་བྲིས་ཡོད་པ་དང་། ལ་ལར་སྣུབས་ཞེས་བྲིས་ཡོད་པས་འདི་གཉིས་དོན་གཅིག་ཏུ་སྣང་།
             མདོར་ན་གནུབས་ཞེས་པའི་ས་ཆའམ་རུས་རྒྱུད་ཚོ་བ་འདི་ནི་ལོ་རྒྱུས་སྟེང་དངོས་ནས་བྱུང་མྱོང་བ་དང་ད་ལྟའང་ངོས་འཛིན་རྒྱུ་ཡོད་པ་ཞིག་རེད། ལོ་རྒྱུས་སྟེང་དུ་གནུབས་ཀྱི་རིགས་རྒྱུད་ལས་མཆེད་པའི་སློབ་དཔོན་དག་གསང་སྔགས་ལ་མཁས་པ་དང་རང་གི་ཡོན་ཏན་གྱི་རྒྱུན་དེ་རུས་རྒྱུད་ནང་དུ་སྤེལ་བའི་སྲོལ་ཆགས་ཡོད་པ་རེད། གནུབས་རྣམ་པ་གཉིས་ལས་བརྒྱུད་པའི་སློབ་མ་མང་ཆེ་བ་གདུང་རུས་གནུབས་ཡིན་པ་མང་ལ། རྗེས་ཕྱོགས་བོད་ས་གནས་སུ་གསང་སྔགས་ཀྱི་རྒྱུན་སྤེལ་བར་མཛད་རྗེས་མི་དམན་པ་བཞག་ཡོད། རྗེས་རབས་པ་མང་པོ་ཞིག་གི་མིང་གི་མགོར་གདུང་རུས་བཀོད་མེད་པར་གནུབས་ལས་མཆེད་པའི་ནང་ཆོས་ཀྱི་རྗེས་འཇུག་པ་ནི་བོད་ཡུལ་མདོ་དབུས་ཁམས་གསུམ་དུ་ཁྱབ་ཡོད།
གཉིས་པ། གནུབས་རྣམ་པ་གཉིས་ཀྱི་ལོ་རྒྱུས་ཀྱི་བྱུང་རིམ་མདོར་བསྡུས།
             ཆོས་འབྱུང་འགའ་ཞིག་ལྟར་ན་གནུབས་ནམ་མཁའི་སྙིང་པོ་དང་གནུབས་ཆེན་སངས་རྒྱས་ཡེ་ཤེས་གཉིས་ནི་དུས་སྐབས་གཅིག་ཏུ་བྱུང་བའི་སློབ་དཔོན་གཉིས་ཡིན་པ་དང་དུས་མཉམ་དུ་གསང་སྔགས་ཕྱོགས་ལ་མཛད་རྗེས་གནང་པར་འདོད། ཁོང་གཉིས་ཀྱི་སློབ་གཉེར་གནང་ཚུལ་གྱི་ལོ་རྒྱུས་ལའང་འདྲ་བའི་ཆ་མང་པོ་ཡོད་པས་ཁོང་རྣམ་གཉིས་ནི་མི་གཅིག་ཨེ་ཡིན་སྙམ་པའི་བཞེད་པ་བྱུང་བར་མངོན།ལྷག་པར་དུ་《གུ་བཀྲའི་ཆོས་འབྱུང་》དུ་“རྒྱལ་པོ་གླང་དར་མས་སངས་རྒྱས་ཀྱི་བསྟན་པ་བཤིག་པའི་དུས་གནུབས་ཆེན་སངས་རྒྱས་ཡེ་ཤེས་ཀྱིས་རྒྱལ་པོ་སྡིག་ཅན་སྐྲག་པར་མཛད་དེ། རྒྱལ་པོས་ཁྱོད་ལ་ནུས་པ་ཅི་ཡོད་ཟེར་བས་ངས་སྔགས་ཙམ་བཟླས་པའི་ནུས་པ་འདི་ལ་གཟིགས་ཤིག་ཅེས་སྡིགས་མཛུབ་ཀྱི་སྟེང་ན་ལྕགས་ཀྱི་སྡིག་པ་ནག་པོ་གཡག་པོ་ཙམ་དགུ་བརྩེགས་སུ་འདུག་པ་མཐོང་བས་རྒྱལ་པོ་སྐྲག་སྟེ་དཀོན་མཆོག་སྔགས་པའི་སྐུ་ལ་མི་བསྡོའོ་ཆོས་མཛོད་ཅིག་ཟེར། ད་དུང་ནུས་པ་འདི་ལ་གཟིགས་ཤིག་ཟེར་ནས་སྡིགས་མཛུབ་ཀྱི་ཐོག་ཕབ་སྟེ་ཕ་རིའི་བྲག་ལ་བསྣུན་པས་ཚལ་བར་སོང་། དེར་རྒྱལ་པོ་སྐྲག་ནས་ཁྱེད་འཁོར་བཅས་ལ་གནོད་པ་མི་བྱེད་དོ་ཟེར་ནས་བཏང་སྟེ། སྔགས་འཆང་གོས་དཀར་ལྕང་ལོ་ཅན་རྣམས་ལ་གནོད་པ་མ་བྱུང་བ་ཁོང་གི་དྲིན་དུ་མངོན་ཏེ་སངས་རྒྱས་ཀྱི་བསྟན་པ་སྤྱི་ལའང་ཕན་པ་ཆེར་བྱུང་ངོ་།།” ⑥ཞེས་དང་། 《ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད་》དུ་“དེ་ནས་སྔགས་པ་རྣམས་ཕབ། དེའི་དུས་སུ་མཐུ་ཆེ་བ་ནམ་མཁའི་སྙིང་པོ་ཡིན་པས། དེར་ཁོང་ལ་སྐྱོན་འབེབས་ཟེར་བས། ཁོང་ན་རེ། ཡི་དམ་གྱི་ལྷ་སྒོམ་དུ་གསོལ་ཟེར་བས། སྡིགས་མཛུབ་གཅིག་མཛད་པས་ཐོག་ཕབ་ནས་བྲག་ལ་བརྒྱབ་པས། རྒྱལ་པོ་ཉིད་ལ་ཡང་བྱའོ་གསུངས་པས། ཁྱེད་ལ་སྐྱོན་མི་དབབ་བོ། ད་ཕྱིན་ཆད་སྔགས་པ་ལ་མི་དོའོ་ཞེས་ཟེར་རོ། ནམ་མཁའི་སྙིང་པོ་ཤར་ཕྱོགས་སུ་ཆོས་གོས་ཀྱིས་གཤོག་པ་བྱས་ནས་འཕུར་ཏེ། རོལ་མོའི་སྒྲ་སྣ་ཚོགས་དང་བཅས་པས་བསུས་ནས་ནམ་མཁའ་ལ་གཤེགས་སོ།།”⑦ ཞེས་སུ་འཁོད་པ་འདི་གཉིས་འདྲ་བའི་ཆ་སྣང་སྟེ་ཁྲི་དར་མ་མཐུ་ཡིས་སྐྲག་ཏུ་བཅུག་པ་བདེན་པར་སྣང་ལ་དོན་དངོས་སུ་མི་སྣ་སུ་ཡིན་པ་ཐག་གཅོད་དཀའ། 《རྒྱ་བོད་ཀྱི་ཆོས་འབྱུང་རྒྱས་པ་》རུའང་ནམ་མཁའི་སྙིང་པོས་ཁྲི་དར་མར་མཐུ་བསྟན་པར་བཤད་ཡོད་པས། གང་ཡིན་ཡང་སློབ་དཔོན་འདི་གཉིས་མཐུ་ལ་མཁས་པ་ཤེས་ཐུབ་ཅིང་། མཐུ་བསྟན་ནས་བཙན་པོ་སྐྲག་ཏུ་བཅུག་པའི་རྣམ་པ་འདྲ་བའི་ཆ་ནས་ང་ཚོས་ཆོས་འབྱུང་དེབ་ཐེར་དག་ཀློག་སྐབས་འདི་གཉིས་མི་གཅིག་ཡིན་ནམ་སྙམ་པའི་བསམ་པ་སྐྱེས་པ་དང་། བྱེད་ལས་མང་པོ་ཞིག་འདྲ་བའི་ཆ་ནས་ལོ་རྒྱུས་སྨྲ་བ་དག་གིས་ཀྱང་གསལ་བོར་ཕྱེས་མེད་ལ། ཀློག་མཁན་རྣམས་ཀྱི་བློ་ལ་ཐེ་ཚོམ་ཞིག་ངང་གིས་སྐྱེས་ཡོང་། ང་ཚོས་ཆོས་འབྱུང་དེབ་ཐེར་དག་ཀློག་སྐབས་ཁོང་གཉིས་མི་གཅིག་ཏུ་འདོད་པ་དེ་ནི་ནོར་འཁྲུལ་ཡིན་ཞིང་ཁོང་གཉིས་ནི་ལོ་རྒྱུས་སྟེང་དུ་དངོས་སུ་བྱུང་བའི་མི་སྣ་གཉིས་ཡིན། ཁོང་གཉིས་ཀྱི་འཁྲུངས་འདས་དུས་ཚོད་ཆོས་འབྱུང་དེབ་ཐེར་ཁག་ཏུ་གསལ་བོར་ཕྱེས་མེད་ཀྱང་།འཇིག་རྟེན་དུ་བྱོན་པ་དང་ཆོས་བསྒྱུར་བྱ་བར་ཞུགས་པར་ལོ་སྔ་གཞུག་གང་མང་ཞིག་ཡོད་པ་ནི་གསལ་བོར་ཤེས་ཐུབ། རྒྱུ་མཚན་ནི་གསང་སྔགས་འགྱུར་བཅུ་མཛད་ཚུལ་ལ། བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་བསམ་ཡས་བཞེངས་རྗེས་སུ་ཁོང་གི་རིང་ལ་དྲུག་བསྒྱུར་པ་དང་སྲས་དང་དབོན་གྱི་རིང་ལ་བཞི་བསྒྱུར་ཞེས་པ་དང་། དྲུག་པའི་ནང་གི་“བཞི་བ་ཧཱུམ་མཛད་དྲག་པོས་བང་ཆེན་མི་དྲུག་ལ། ཡང་དག་སྒྲུབ་པ་བརྫངས་ཏེ་མ་བྱོན་ཞེས་པ། ཧཱུམ་མཛད་དྲག་པོ་གདན་འདྲེན་པ་ལ།དགེ་སློང་མི་ལྔ་དཔོན་དང་དྲུག་གིས་ཕྱིན་པ་ནི། སྣུབས་ནམ་མཁའི་སྙིང་པོ། འདྲེ་རྒྱལ་བའི་བློ་གྲོས། གླང་དཔལ་གྱི་སེང་གེ། རུ་གྱོང་འབིར་རྒྱ་ར་ཛ། གུ་ཀུ་ཨེ་བག་ཤ། ལང་གྲོ་དཀོན་ཅོག་འབྱུང་གནས་དྲུག་གིས་ཡང་དག་ཞུས་ནས་བསྒྱུར་རོ།།”⑧ཞེས་པར་གནུབས་ནམ་མཁའི་སྙིང་པོ་ལོ་ཙཱ་ལ་མཁས་པ་དང་། གནུབས་ཆེན་སངས་རྒྱས་ཡེ་ཤེས་ཀྱི་སྔོན་ལ་རྒྱལ་པོའི་གམ་དུ་ལོ་ཙཱའི་བྱ་བར་ཞུགས་པ་ཤེས་ཐུབ་ཅིང། གསང་སྔགས་འགྱུར་དྲུག་པོ་མཛད་དུས་སུ་གནུབས་ཆེན་སངས་རྒྱས་ཡེ་ཤེས་ཀྱི་མིང་འཁོད་མེད། འགྱུར་དྲུག་པོ་དེ་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་རིང་ལ་བསྒྱུར་པ་དང་། ནང་གསེས་ཀྱི་འགྱུར་རེ་རེ་དང་ལོ་ཙཱ་བ་གང་དག་གིས་བསྒྱུར་བ་མཁས་པ་ལྡེའུས་མཛད་པའི་《རྒྱ་བོད་ཀྱི་ཆོས་འབྱུང་རྒྱས་པ་》(ཤོག་གྲངས་286—300བར)རུ་གསལ་བོར་བཀོད་ཡོད་པས་འདིར་བྲིས་ན་མང་དྲག་པས་མ་བཀོད། ཡང་“སྲས་དང་དབོན་གྱི་རིང་ལ་བཞི་བསྒྱུར་”ཞེས་པའི་འགྱུར་བཞི་བོ་དེ་དག་ཁྲི་ལྡེ་སྲོང་བཙན་ནས་རལ་བ་ཅན་དང་དར་མའི་བར་དུ་བསྒྱུར་བ་ཡིན་ལ། མཁས་པ་ལྡེའུ་ཡི་《རྒྱ་བོད་ཀྱི་ཆོས་འབྱུང་རྒྱས་པ་》རུ་“བདུན་པ་ཁྲི་ལྡེ་ཡབ་སྲས་ཀྱི་སྐུ་རིང་ལ།རྒྱ་གར་མཁས་པ་པྲཛྙ་ན་བར་མ་དང་དཱ་ན་ཤི་ལ་སོགས་ཡབ་ཀྱིས་བང་ཆེན་བཏང་བས་སྤྱན་དྲངས་པ་དེའི་དུས་སུ་བྱོན་པ། སྐུ་གསུངས་ཐུགས་ཀྱི་རྒྱུད་སྡེ་མང་དུ་བསྒྱུར། ཞེས་དེ་འགྱུར་བདུན་པའོ།། འགྱུར་བརྒྱད་པ་ནི་རལ་པ་ཅན་གྱི་དུས་སུ་བི་མ་ལ་སྤྱན་དྲངས་ནས་བྱོན་པ་དང་ལོ་ཙཱ་བ་སྙགས་ཛྙ་ན་ཀུ་མ་ར། རྨ་རིན་ཆེན་མཆོག། ངན་བུ་རྒྱལ་བ་བྱང་ཆུབ། གཡུ་སྒྲ་སྙིང་པོ་སོགས་ཀྱི་བསྒྱུར་བ་སྟེ། སེམས་ཕྱོགས་སྒྱུ་འཕྲུལ་བདུད་རྩི་ལ་སོགས་ཏེ།། སྒྲུབ་པ་སྡེ་ལྔ་ཕྲ་མོ་སུམ་ཅུ་གཅིག། ལུང་ཕྲན་བརྒྱད་ཅུ་རྩ་ལྔ་དག་ཀྱང་བསྒྱུར།། ཞེས་དེ་འགྱུར་བརྒྱད་པ་དང་། འགྱུར་དགུ་པ་ནི་ཁམས་ཀྱི་འོ་རུ་བྱམས་ཆེན་ཞེས་པས་སློབ་དཔོན་བི་ཤ་མི་ཏྲ་ཕྱི་མ་ལ་སོགས་པ་སྤྱན་དྲངས། སློབ་དཔོན་བེེ་རོ་ཙ་ནས་ཚ་བའི་རོང་ན་ལོ་ཙཱ་མཛད་དེ། ཡང་དག་སྒྲུབ་པ་བདག་དོན་དུ་གྲགས་པ་བསྒྱུར་རོ།།”⑨ཞེས་འགྱུར་དགུ་པ་དེ་ཁྲི་རལ་བ་ཅན་དང་ཁྲི་དར་མའི་རིང་དུ་མཛད་ལ་བཙན་པོ་གཉིས་བཀྲོངས་པའི་རྗེས་སུ་གཏན་ལ་ཕབ་པར་བཞེད་ཡོད། འགྱུར་འདི་དག་ཚང་མའི་ནང་གནུབས་ཆེན་སངས་རྒྱས་ཡེ་ཤེས་ཞུགས་མེད་པ་དང་། གནུབས་ཆེན་གྱིས་བསྒྱུར་བ་ནི་འགྱུར་བཅུ་པ་སྟེ་《རྒྱ་བོད་ཀྱི་ཆོས་འབྱུང་རྒྱས་པ་》རུ་“བཅུ་པ་སངས་རྒྱས་སྔ་འགྱུར་མ་ཚིམ་ཏེ། རྒྱ་དང་བལ་པོ་བྲུ་ཤར་བྱོན་ནས་སུ།། སྨན་དང་སྒྲུབ་ཡིག་དགོངས་འདུས་ཁྱད་པར་བསྒྱུར།། སྐད་པ། སྣུབས་སངས་རྒྱས་རིན་པོ་ཆེ་དེ་ཡང་སྒྲགས་ཀྱི་ཆོས་འདའ་ན། ཕ་སྣུབས་ནི་གུ། མ་ཡོ་ཟ་ལྕམ་མེ། བུ་ཁྲི་སུམ་རྡོ་རྗེ། ཆོས་བྱས་པའི་མཚན་སངས་རྒྱས་ཡེ་ཤེས་རིན་པོ་ཆེའོ།། དེའི་རྩ་བའི་བླ་མ་སོག་པོ་དཔལ་གྱི་ཡེ་ཤེས་ཡིན་ཏེ། དེ་ཀྱང་མ་ཚིམས་ནས། སྙགས་ཛྙ་ན་ཀུ་མུ་ར་ཉིད་ལ་ཐུག་གོ། དེས་ཀྱང་མ་ཚིམས་ནས་ལོ་ལྔ་བཅུ་ང་བཞི་ལོན་ནས། བལ་བོ་བ་སུ་ཏ་ར་ལ་ཞུས་པས། བལ་པོ་བ་སུ་ཏ་རའི་ཞལ་ནས། རྒྱ་གར་ན་ཨ་ཙ་ར་གསལ་ལེ་བྱ་བ་ལོ་དྲུག་བརྒྱ་ལོན་པ་གཅིག་ཡོད། དེར་སོང་ལ་ཆོས་ཞུས་གསུངས་ནས། རྒྱ་གར་ལ་བྱོན་ནས་མཁས་པ་བཅུའི་ཞལ་འགྲིམས། རོམ་པོ་ཀུ་ཡ་ལ་ངན་སྔགས་ཞུས། ལར་རྒྱ་དང་བལ་པོར་ལན་བདུན་ཕྱིན། ལན་དྲུག་དམ་ཆོས་བཙལ་ནས། ལན་གཅིག་ཞུ་ཐིག་བྱས་སོ།། དེ་ནས་རྒྱ་གར་ཆོས་སྐྱོང་བའི་རྒྱལ་པོ་བྲུ་ཤར་གཤེགས་པ་ཐོས་ནས། བྲུ་ཤར་བྱོན་པས་ཡུལ་དེར་ཆོས་སྲིད་བྱེད་པ་དང་མཇལ་ནས། ལོ་ཙཱ་བ་ཆེ་རྩན་སྐྱེས་ཀྱི་ཞལ་མཐོང་སྐད། གསུང་ཡང་ཐོས་ནས་བྲུ་ཤ་ནས་དགོངས་འདུས་བསྒྱུར་ནས་བོད་དུ་སྤྱན་དྲངས། སྨན་དང་སྒྲུབ་ཡིག་དང་ངན་སྔགས་མཐུ་དྲག་པ་བསྩལ་ནས་བསྒྱུར་རོ།། གསང་སྔགས་ཀྱི་བབས་ལུགས་སམ་འགྱུར་བཅུ་པའོ།།” ⑩ ཞེས་འགྱུར་བཅུ་བ་མཛད་པ་ལ། འདི་ལས་གནུབས་ཆེན་གྱི་བསྟན་པ་ནི་ཁྲི་སྲོང་ལྡེ་བཙན་གྱི་རྗེས་སུ་དར་བ་གསལ་བོར་ཤེས་ཐུབ། ད་དུང་《དེབ་སྔོན་》དུ་“ཁྲི་སྲོང་ལྡེ་བཙན་ཡབ་སྲས་ཀྱི་རིང་ལ། རྡོ་རྗེའི་ཐེག་པ་ལ་བརྟེན་ནས་གྲུབ་པ་བརྙེས་པ་མང་དུ་བྱུང་བ་འདི་ལྟ་སྟེ། འབྲེ་དཔལ་གྱི་བློ་གྲོས། སྣ་ནམ་རྡོ་རྗེ་བདུད་འཇོམས། ངན་ལམ་རྒྱལ་བ་མཆོག་དབྱངས། སྣུབས་ནམ་མཁའི་སྙིང་པོ། ཁམས་པ་གོ་ཆ། བེེ་རོ་ཙ་ན། རྨ་རིན་ཆེན་མཆོག གཉགས་འཇའ་ན་ཀུ་མཱ་ར་སོགས་ནམ་མཁའ་ལ་འགྲོ་བ་དང་རི་བྲག་ལ་འཛུལ་བ། ཆུ་ལ་མི་འབྱིང་བ་སོགས་ཀྱི་ནུས་པ་སྟོན་ཐུབ་པ། གཞན་འབྲོ་གཟའ་དཱི་པ་སོགས་བུད་མེད་གྲུབ་པ་ཐོབ་པ་མང་དུ་བྱུང་། དེ་རྣམས་ཕལ་ཆེར་འདས་ཤིང་རྒྱལ་ཁྲིམས་ཞིག  ཕྱོགས་རིས་ཀྱི་འཁྲུག་པའི་དུས་སུ་སྣུབས་སངས་རྒྱས་ཡེ་ཤེས་རིན་པོ་ཆེ་ཞེས་བྱ་བས་རྒྱ་གར་དང་བལ་པོ་དང་བྲུ་ཤུའི་ཡུལ་ན་གནས་པ་ལ་སོགས་པའི་མཁས་པ་མང་པོ་བསྟེན། ཁོང་གི་བླ་མ་བྲུ་ཤུའི་ལོ་ཙཱ་བ་ཆེ་བཙན་སྐྱེས་ཀྱིས་མདོ་དགོངས་པ་འདུས་པ་བོད་དུ་བསྒྱུར་བ་དེ་རྣམས་ལེགས་པར་མཁྱེན་ཅིང་། ནུས་པ་ཕུན་སུམ་ཚོགས་པས་བོད་ཡུལ་གྱི་ལྷ་སྲིན་ཐམས་ཅད་ཀྱིས་སྟང་ཕུལ། ལོ་བརྒྱ་དང་བཅུ་གསུམ་(ལྡེའུ་ཆོས་འབྱུང་དུ་བརྒྱ་དང་བཅུ་གཉིས་)དུ་བཞུགས་ནས་གསང་སྔགས་ཀྱི་བསྟན་པ་དར་བར་མཛད།” ⑾ ཅེས་པ་འདི་ལྟར་ན་དེ་རྣམས་འདས་ཤིང་རྒྱལ་ཁྲིམས་ཞིག་རྗེས་ཕྱོགས་རིས་ཀྱི་འཁྲུག་པའི་སྐབས་སུ་གནུབས་ཆེན་བྱུང་ནས་ལས་དོན་མཛད་པ་བཤད་ཡོད། དེ་ལ་《ཆོས་འབྱུང་མཁས་པའི་དགའ་སྟོན་》དུའང་“འཇམ་དཔལ་སྐུའི་བཀའ་བབས་ཀྱི་སངས་རྒྱས་ཡེ་ཤེས་དེ་ནི་སྒྲགས་པ་སངས་རྒྱས་ཡེ་ཤེས་སུ་སྣང་ལ་སྣུབས་སངས་རྒྱས་ཡེ་ཤེས་ནི་རལ་བ་ཅན་གྱི་དུས་སུ་བྱུང་ནས་བོད་དང་བལ་པོ་དང་རྒྱ་གར་དང་བྲུ་ཤའི་ལོ་ཙཱ་བ་ཆེ་བཙན་སྐྱེས་ལས་མདོ་དགོངས་འདུས་གསན། སྤྱིར་མི་མ་ཡིན་བྲན་དུ་འཁོལ་ལོ།། བརྒྱ་དང་བཅུ་གསུམ་ལ་བཞུགས་ཏེ་སློབ་དཔོན་འདི་ལ་མདོ་སྒྱུ་སེམས་གསུམ་གྱི་བཀའ་ཐམས་ཅད་གཅིག་ཏུ་བབས་པ་ཡིན་ནོ།།”⑿ ཞེས་པ་དང་། ཡང་《དེབ་སྔོན་》དུ་འདི་འདྲའི་བཞེད་ཚུལ་མི་འདྲ་བ་ཞིག་ཡོད་པ་ནི་“རལ་བ་ཅན་གྱི་དུས་སུ་བྱུང་ནས། ཁྲི་བཀྲ་ཤིས་བརྩེགས་པ་དཔལ་གྱི་བར་དུ་བཞུགས་པ་ནི་དོན་ལ་གནས་སོ།།”⒀ ཞེས་ལྟར་ན་གནུབས་ཆེན་སངས་རྒྱས་ཡེ་ཤེས་ནི་ཁྲི་རལ་བ་ཅན་གྱི་དུས་སུ་བྱུང་བར་ར་སྤྲོད་བྱས་ཡོད་པ་ལ། དེ་ཡིན་ན་གནུབས་ནམ་མཁའི་སྙིང་པོའི་རྗེས་སུ་བྱུང་བ་ཡིན་པ་གསལ་བོར་ཤེས་ཐུབ། 《གུ་བཀྲའི་ཆོས་འབྱུང་》དུ་“དགེ་སློང་ནམ་མཁའི་སྙིང་པོ་ནི། རུས་གནུབས། འཁྲུངས་ཡུལ་གཉལ་སྨད་ཉང་དཀར་མདའ་ཤམ་བུར་འཁྲུངས། མཁན་པོ་ལས་རབ་ཏུ་བྱུང་། རྟེན་དགེ་སློང་། སློབ་དཔོན་ཆེན་པོས་དབང་བསྐུར་དུས་མེ་ཏོག་ཡང་དག་ཐུགས་ལ་ཕོག་པས་གྲུབ་པའི་མཚན་མ་བརྙེས་ཏེ་ཉི་ཟེར་ལས་གཤེགས་བཞུད་མཛད། ལོ་ཙཱ་ལེགས་པར་སྦྱངས་ནས་རྒྱ་གར་ལ་བྱོན། སློབ་དཔོན་ཧཱུམ་ཀ་ར་སོགས་པན་གྲུབ་མང་པོ་དང་མཇལ། དབང་དང་གདམས་པ་མང་པོ་གསན་ནས་བོད་དུ་བྱོན། བོན་བློན་རྣམས་ཀྱི་ཕྲ་མས་རེ་ཞིག་ལྷོ་བྲག་མཁར་ཆུར་བྱོན། སྐབས་ཤིག་འཁྲུངས་ཡུལ་གྱི་ཉེ་འཁོར། བྲག་དམར་ཞེས་བྱ་བའི་ཕུག་པར་བཞུགས་པ་དང་རྫུ་འཕྲུལ་ཡ་མཚན་ཅན་མང་པོ་བསྟན་ལ་ཕྱག་རྒྱ་ཆེན་པོའི་རིག་འཛིན་བརྙེས་ནས། ལུས་མ་སྤངས་པར་མཁའ་སྤྱོད་དུ་གཤེགས།”⒁ ཞེས་པ་དང་། ཏུན་ཧོང་གཏེར་ཡིག་P.t0996ནང་དུའང་“ མཁན་པོ་ནམ་ཀྱི་སྙིང་པོའི་ཡོན་ཏན་མདོར་བཤད་པ། དགེ་སློང་ནམ་ཀའི་སྙིང་པོ་དང་པོ། བཙན་པོ་ཁྲི་སྲོང་ལྡེ་བརྩན་གི་སྐུ་རིང་ལ། རབ་དུ་བྱུང་ནས་དགོན་སར་དམ་བཅས་པ་དང་། ཚེ་གཅིག་ཏུ་ཆོས་ལམ་སྒོམ་ཞིང་། དབྱངས་པའི་ཡོན་ཏན་ལ་གནས་པའི་ཡི་དམ་མཐར་ཕྱིན་ནས། ལོ་བདུན་ཅུ་རྩ་གཅིག་སྟེ། ཁྱིའི་ལོའི་དཔྱིད་སླ་ར་བ་ཚེས་ཉི་ཤུ་དགུ་ལ། ཞོང་པོང་གི་དགོན་སར་སྐྱིལ་མོ་གྲུང་མ་གཡོས། མདངས་མ་གྱུར་པར་དུས་ལས་འདས་སོ།།”⒂ ཞེས་པ་དཔྱད་གཞི་འདི་དག་ལྟར་ན་གནུབས་ནམ་མཁའི་སྙིང་པོ་ནི་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་རིང་ལ་མཁན་པོ་བྷོ་ངྷི་ས་ཏྭ་ལས་རབ་ཏུ་བྱུང་པ་དང་སློབ་དཔོན་པདྨ་འབྱུང་གནས་ཀྱི་དངོས་སློབ་ཡིན་པར་མངོན། ཡང་《བཀའ་ཐང་སྡེ་ལྔ་》རུ་“ གྲུབ་ཐོབ་ཆེན་པོ་ནམ་མཁའི་སྙིང་པོ་ཡིས།། ལྷོ་བྲག་མཁར་ཆུ་བྲག་གི་དབེན་གནས་སུ།། ཡང་དག་སྒྲུབ་པའི་དཀྱིལ་འཁོར་ཞལ་ཕྱེ་ནས།། རྗེ་བཙན་རྒྱལ་པོ་མུ་ཏིག་བཙན་པོ་དང་།། གནུབས་ཀྱི་བནྡེ་སངས་རྒྱས་ཡེ་ཤེས་ལ།། བླ་ན་མེད་པའི་དབང་བསྐུར་གནང་བའི་ཚེ།། ཁྲག་འཐུང་ལྷ་ཚོགས་མེ་ལོང་གཟུགས་བརྙན་བསྟན།། སེམས་ཉིད་དཔལ་ཆེན་དགོངས་པ་ངོ་སྤྲོད་མཛད།། དབང་གི་ཆུ་བོ་གསུམ་པ་བབས་པ་ཡིན།།”⒃ ཞེས་པ་ལྟང་ན་གནུབས་ནམ་མཁའི་སྙིང་པོ་ནི་གནུབས་ཆེན་སངས་རྒྱས་ཡེ་ཤེས་ཀྱི་བླ་མ་ཡང་མཛད་མྱོང་། ཁོང་གཉིས་ཀྱི་བླ་མའི་ཐད་ནས་བཤད་ན་བེེ་རོས་ཆོས་གསུངས་དུས་ཐོག་མར་བཙན་པོར་གསུངས་པ་དང་དེ་ནས་རིམ་བཞིན་བློན་པོ་རྣམས་ལ་གསུངས་པ་ཡིན་ལ། གནུབས་ནམ་མཁའི་སྙིང་པོ་ནི་བེེ་རོ་ཙ་ནའི་དངོས་སློབ་ཡིན། 《རྒྱ་བོད་ཀྱི་ཆོས་འབྱུང་རྒྱས་པ་》རུ་“གནུབས་ནམ་མཁའི་སྙིང་པོ་ནི་བེེ་རོ་ཙ་ནའི་རོང་ཁ་གསུམ་གྱི་སློབ་མའི་གྲས་ཀྱི་མོན་མོ་ཚ་བ་རོང་གི་ཡིན་”པར་བཞེད་ཡོད། 《པདྨ་བཀའ་ཐང་》དུའང་གནུབས་ནམ་མཁའི་སྙིང་པོ་ནི་རྒྱལ་པོའི་མངའ་འོག་ཏུ་སད་མི་མི་བདུན་དང་དགེ་སློང་ལྔ་རབ་ཏུ་བྱུང་ཞེས་པའི་དགེ་སློང་ལྔའི་གྲས་ཡིན་པ་དང་།ཆོས་ལ་མཁས་པས་རྒྱལ་པོས་ཕྱག་འཚལ་ནས་བླ་མར་བཀུར་བར་འཁོད་པ་ན། དེ་ལྟར་ཕྱིན་ཚེ་གནུབས་ནམ་མཁའི་སྙིང་པོ་ནི་བཙན་པོའི་སློབ་དཔོན་ཡང་མཛད་མྱོང་པར་མངོན་པ་རེད།
             གནུབས་ཆེན་སངས་རྒྱས་ཡེ་ཤེས་ཀྱི་བླ་བརྒྱུད་ཡིན་ན།《གུ་བཀྲའི་ཆོས་འབྱུང་》དུ་“བེེ་རོས་དབུས་སུ་གཉགས་ལ་གསུངས་པ་དང་གཉགས་ཀྱིས་སོག་པོ་ཡེ་ཤེས་དཔལ། སོག་པོ་ཡེ་ཤེས་དཔལ་གྱིས་གནུབས་ཆེན་ལ་བརྒྱུད་”པར་བཞེད་ཡོད་མོད། འོན་ཀྱང་《གུ་བཀྲའི་ཆོས་འབྱུང་》སོགས་སུ་གནུབས་ཆེན་སངས་རྒྱས་ཡེ་ཤེས་ནི་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་རྗེ་འབངས་ཉེར་ལྔའི་གྲས་སུ་བཀོད་ཡོད་པ་དང་།བསམ་ཡས་སུ་ལོ་ཙཱའི་བྱ་བར་ཡང་ཞུགས་མྱོང་ཞེས་བཀོད་ཡོད་པ་འདི་དག་ནི་ཁ་གསལ་བོ་ཞིག་མིན་པར། ནང་སྒོས་སུ་སྔགས་ཕྱོགས་ཀྱི་འགྱུར་སྔགས་གང་བསྒྱུར་བ་དང་ལོ་ཙཱ་བ་སུ་དང་མཉམ་དུ་བསྒྱུར་བ་སོགས་གསལ་བོ་ཞིག་བཀོད་མེད། དེའི་རྐྱེན་གྱིས་གནུབས་ཆེན་སངས་རྒྱས་ཡེ་ཤེས་ནི་འདིའི་སྐབས་སུ་འཁྲུངས་པ་ཞིག་ཡིན་མོད་ཀྱང་། ཁོང་སྐུ་ན་ཕྲ་བ་ལ་སོགས་པའི་དབང་གིས་ལོ་ཙཱའི་བྱ་བར་ཞུགས་མེད་པ་དང་། འདིའི་སྐབས་སུ་ཁོང་གིས་ལོ་རྒྱུས་གནས་བབས་གལ་ཆེན་ཞིག་ཀྱང་ཟིན་མེད། གནུབས་ཆེན་སངས་རྒྱས་ཡེ་ཤེས་ཁོང་གི་བསྟན་པ་ནི་ཁྲི་རལ་བ་ཅན་དང་ཁྲི་དར་མའི་དུས་སུ་དར་བ་ནི་ང་ཚོས་བརྟགས་ན་ཤེས་ཐུབ། 《གུ་བཀྲའི་ཆོས་འབྱུང་》དུ་“གནུབས་ཆེན་སངས་རྒྱས་ཡེ་ཤེས་རིན་པོ་ཆེ་འདི་བཙན་པོ་ཁྲི་སྲོང་ལྡེ་བཙན་རིང་ནས་ཁྲི་བཀྲ་ཤིས་བརྩེགས་པ་དཔལ་གྱི་བར་དང་རལ་པ་ཅན་གྱི་དུས་ནས་ཁྲི་བཀྲ་ཤིས་བརྩེགས་པའི་བར་དུ་བྱུང་བ་ཡིན་ཞེས་འདོད་ཚུལ་གཉིས་ཡོད་ཀྱང་ཁྲི་སྲོང་གི་དུས་ན་བྱུང་བ་རྩོད་པ་མེད་”པར་བཤད་ཡོད་ལ། ཡང་ཁོང་གིས་“ལོ་བདུན་པར་འོ་བྲན་དཔལ་གྱི་གཞོན་ནུ་ལས་འབྲི་ཀློག་སྦྱངས། མཁན་པོ་བྷོ་ངྷི་ས་ཏྭ་ལས་རབ་ཏུ་བྱུང་སློབ་དཔོན་བ་སུ་ངྷ་ར་བསམ་ཡས་སུ་བྱོན་པ་དང་མཇལ་ནས་གསེར་སྲང་གསུམ་གྱི་འབུལ་བ་བྱས་ཏེ་མན་ངག་འགའ་ཞིག་ཐོས། སློབ་དཔོན་འབྱོན་ཁར་སླར་བལ་ཡུལ་དུ་ཤོག་ཅེས་པའི་རྗེས་སུ་གནང་བ་ཐོབ་པས་རྒྱ་བལ་ལ་འགྲོ་བའི་བློ་ཆུང་ངུ་སྐྱེས། སྤྱིར་རྒྱ་གར་ལ་ལན་བདུན་བྱོན་པའི་སྔ་རེས་དང་པོ་ལོ་བཅུ་གསུམ་པ་ཡིན་ཞེས་ཟེར། སློབ་དཔོན་ཆེན་པོ་པད་མའི་ཞབས་ལས་སྒྲུབ་ཆེན་བཀའ་བརྒྱད་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ཐོབ་ཅིང་དངོས་གྲུབ་བརྙེས།”⒄ ཞེས་དང་། ཁྲི་སྲོང་ལྡེ་བཙན་གྱི་དུས་སྐབས་སུ་གནུབས་ཆེན་སངས་རྒྱས་ཡེ་ཤེས་འཁྲུངས་ཡོད་པའི་དབང་དུ་བཏང་ན་གནུབས་ཆེན་སངས་རྒྱས་ཡེ་ཤེས་ནི་ལོ་ན་ཕྲ་ཞིང་སློབ་གཉེར་གྱི་ལས་ལ་འབད་པ་ལས་སྤྱི་ཚོགས་སྟེང་དུ་ཕན་ནུས་ཆེན་པོ་ཐོན་མེད་པ་ཤེས་ཐུབ་ལ། ཁོང་གི་མཛད་རྗེས་གཙོ་བོ་ནི་ཁྲི་རལ་བ་ཅན་གྱི་དུས་དང་ཁྲི་དར་མའི་དུས་སུ་གསང་སྔགས་ཀྱི་ཕྱོགས་མང་པོ་དར་སྤེལ་བཏང་བ་དང་།སྐད་རིགས་བདུན་ལྷག་སྦྱངས་ཏེ་སྨན་དང་རྩིས་ལ་སོགས་པའི་གཞུང་བོད་དུ་བསྒྱུར་བ་དེ་ཡིན་ལ། ནུས་མཐུ་ཅན་གྱི་སློབ་མའང་གནུབས་ཡོན་ཏན་རྒྱ་མཚོ་སོགས་མང་པོ་ཞིག་བསྐྱངས། དེའི་རྐྱེན་གྱིས་གནུབས་ཆེན་གྱིས་བསྟན་པ་ནི་ཁྲི་རལ་བ་ཅན་གྱི་རྗེས་སུ་དར་བ་ནི་གསལ་བོ་ཡིན། རྒྱུ་མཚན་ཅི་ཡིན་ཞེ་ན། 《སངས་རྒྱས་ཡེ་ཤེས་རིན་པོ་ཆེའི་ལོ་རྒྱུས་གནུབས་ཀྱི་བཀའ་ཤོག་ཆེན་མོ་བཞུགས་སོ་》ཞེས་པའི་ནང་“དེ་ནས་ལོ་ཡི་དང་པོ་ཤིང་ཕོ་བྱི་བའི་ལོ།། ཟླ་བའི་དང་པོ་དཔྱིད་ཟླ་ར་བ་ལ།། བདག་ཉིད་མ་ཡི་རུམ་ནས་བཙས་སོ་སྐད།། ཕ་མས་ཧ་ཤང་གསུང་བ་བཞིན་དུ་གསོ་བའི་རིམ་པ་བགྱིས།། ལོ་བདུན་ལོན་ནས་དཔལ་གྱི་གཞོན་ནུ་འོ་བྲན་གྱི།།ཕྱག་ཕྱིར་འབྲེང་ནས་ཡིག་རྩིས་བྱང་བར་བསླབས།། ལོ་དགུ་ལོན་ནས་དཔལ་གྱི་བསམ་ཡས་སུ།། རྒྱ་གར་ཡུལ་ནས་བ་སུ་ངྷ་ར་བྱོན།། རྒྱལ་པོ་མངའ་ཐང་ཆེ་བས་ལོ་གསུམ་ཆོས་ཀྱི་འཁོར་ལོ་བསྐོར།། དེ་ནས་བདག་གིས་བ་སུ་ངྷ་ར་ལ།།གསེར་སྲང་གསུམ་ཙམ་ཕུལ་ནས་ལོ་གསུམ་སྤྱན་སྔར་བསྡད།།དབང་ལུང་རིམ་པ་རྫོགས་ནས་དམ་ཚིག་ཁྲུས་ལུང་བཤད།།ངོ་མཐོང་བཅུ་གཉིས་ལོན་ནས་བ་སུ་ངྷ་ར་ཡུལ་དུ་གཤེགས།།”⒅ ཞེས་བྲིས་ཡོད་པ་ལྟར་ན་གནུབས་ཆེན་སངས་རྒྱས་ཡེ་ཤེས་ལོ་དགུ་ལོན་དུས་བསམ་ཡས་བཞེངས་ཡོད་པ་དང་དེ་རུ་སློབ་གཉེར་བྱས་པ་རེད། བསམ་ཡས་གཙུག་ལག་ཁང་ནི་སློབ་དཔོན་པད་འབྱུང་དང་མཁན་ཆེན་ཞི་བ་འཚོ་བོད་དུ་ཕེབས་ནས་བཞེངས་པ་དང་། 《བོད་ཀྱི་ལོ་རྒྱུས་གླེང་བའི་གཏམ་》དུ་སྤྱི་ལོ་766ལོར་བསམ་ཡས་བཞེངས་ནས་འགྲུབ་ཡོད་པར་བཤད་ཡོད། འདིར་གཞིགས་ན་ཁྲི་སྲོང་ལྡེ་བཙན་གྱི་སྐབས་ལ་གནུབས་ཆེན་སངས་རྒྱས་ཡེ་ཤེས་ལོ་ན་ཕྲ་བ་ཤེས་ཐུབ། 《བོད་ཀྱི་ལོ་རྒྱུས་གླེང་བའི་གཏམ་》དུ་ཁྲི་སྲོང་ལྡེ་བཙན་སྤྱི་ལོ་742ལོར་(ཆུ་ཕོ་རྟ་)འཁྲུངས་ཞེས་པ་དང་།《ཐང་ཡིག་གསར་རྙིང་ལས་བྱུང་བའི་བོད་ཆེན་པོའི་སྲིད་ལུགས་》ཞེས་པའི་ནང་“སྤྱི་ལོ་755ལོ་(ཤིང་མོ་ལུག་)ཐང་ཞོན་ཙུང་ལི་ལུང་ཅི། ཐེན་པོ་ཁྲི་ལོ་བཅུ་བཞི་པ། ལོ་དེར། བཙན་པོ་ཁྲི་ལྡེ་གཙུག་བཙན་གཤེགས། སྲས་ཁྲི་སྲོང་ལྡེ་བཙན་རྒྱལ་སར་འཁོད། སྤྱི་ལོ་797ལོ་(མེ་མོ་གླང་)ཐང་ཏེ་ཙུང་ལི་ཧྲི།ཀྲིན་ཡོན་ཁྲི་ལོ་བཅུ་གསུམ་པ། བཙན་པོ་དགུང་དུ་གཤེགས། དེའི་སྲས་མུ་ནེ་བཙན་པོ་རྒྱལ་སར་འཁོད།”⒆ཅེས་པ་ལྟར་ན་བཙན་པོ་ཁྲི་སྲོང་ལྡེ་བཙན་དེ་སྤྱི་ལོ་755(ཤིང་མོ་ལུག་)ལོར་རྒྱལ་སར་འཁོད་པ་དང་། སྤྱི་ལོ་797(མེ་མོ་གླང་)ལོར་སྐུ་གཤེགས་པ་རེད། གནུབས་ཆེན་སངས་རྒྱས་ཡེ་ཤེས་ནི་ཁྲི་སྲོང་ལྡེ་བཙན་འཚོ་བཞུགས་སྐབས་ཀྱི་མི་སྣ་ཞིག་ཡིན་ན།འདིའི་སྐབས་ཀྱི་ཤིང་ཕོ་བྱི་བའི་ལོ་སྟེ་སྤྱི་ལོ་784ལོར་སྐུ་འཁྲུངས་(《སངས་རྒྱས་ཡེ་ཤེས་རིན་པོ་ཆེའི་ལོ་རྒྱུས་གནུབས་ཀྱི་བཀའ་ཤོག་ཆེན་མོ་བཞུགས་སོ་》ཞེས་པ་ལས་) པ་དང་ཁྲི་སྲོང་ལྡེ་བཙན་སྤྱི་ལོ་797(མེ་མོ་གླང་)ལོར་སྐུ་གཤེགས་དུས་གནུབས་ཆེན་སངས་རྒྱས་ཡེ་ཤེས་ལོ་བཅུ་གསུམ་ཙམ་ཡིན།གོང་གི་ཡིག་ཆ་ལྟར་ན་གནུབས་ཆེན་སངས་རྒྱས་ཡེ་ཤེས་དེ་ལོ་བཅུ་གཉིས་ལོན་པའི་དུས་བལ་བོའི་སློབ་དཔོན་བ་སུ་ངྷ་རའི་ཡུལ་དུ་ཕྱིན་པ་རེད། ཁྲི་སྲོང་ལྡེ་བཙན་འདས་པའི་དུས་གནུབས་ཆེན་སངས་རྒྱས་ཡེ་ཤེས་ཀྱིས་བལ་བོ་རུ་སློབ་གཉེར་བྱེད་བཞིན་ཡོད་པ་དང་ལོ་བཅུ་གསུམ་ཙམ་ལས་མེད་པས། ལོ་བཅུ་གསུམ་ཅན་གྱི་ན་ཆུང་ཞིག་གིས་སྤྱི་ཚོགས་སྟེང་དུ་ནུས་པ་ཆེན་པོ་ཐོན་མི་ཐུབ་པ་ཀུན་གྱིས་ཤེས། གནས་ཚུལ་འདི་དག་ལ་གཞིགས་ན་གནུབས་ཆེན་སངས་རྒྱས་ཡེ་ཤེས་དེ་ཁྲི་སྲོང་ལྡེ་བཙན་སྐབས་ལ་འཁྲུངས་པ་དོན་ལ་གནས་ཤིང་ལོ་ན་ཕྲ་བའི་དབང་གིས་ཆོས་བསྒྱུར་གྱི་བྱ་བར་ཞུགས་མེད་པ་དང་ལོ་རྒྱུས་གནས་བབ་གལ་ཆེན་ཞིག་ཀྱང་ཟིན་མེད་པ་ཤེས་ཐུབ།གོང་གི་ལོ་ཚིགས་དག་ལ་གཞིགས་ན་གནུབས་ཆེན་སངས་རྒྱས་ཡེ་ཤེས་ནི་བལ་བོ་དང་རྒྱ་གར་སོགས་སུ་སློབ་གཉེར་ལ་ཕྱིན་ཏེ་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་རྗེས་སུ་ཁོང་གི་བསྟན་པ་དར་བ་རེད། གནུབས་ཆེན་སངས་རྒྱས་ཡེ་ཤེས་ཤིང་ཕོ་བྱི་བའི་ལོ་(སྤྱི་ལོ་784)ལ་འཁྲུངས་པ་ཡིན་ན། 《བོད་ཀྱི་ལོ་རྒྱུས་གླེང་བའི་གཏམ་》དུ་“སྤྱི་ལོ་843ལོར་འོད་སྲུངས་འཁྲུངས་པ་དང་། སྤྱི་ལོ་862ལོར་སྲས་དཔལ་འཁོར་བཙན་འཁྲུངས། སྤྱི་ལོ་893ལོར་མངའ་བདག་དཔལ་འཁོར་བཙན་འབངས་གྱེན་ལོག་ནང་སྐུ་བཀྲོངས་”⒇ཞེས་པའི་བར་ཕལ་ཆེར་ལོ་བརྒྱ་ལྷག་འདས་ཡོད་པ་དང་། མངའ་བདག་དཔལ་འཁོར་བཙན་ལ་སྲས་གཉིས་ཏེ་སྐྱིད་ལྡེ་ཉི་མ་མགོན་དང་ཁྲི་བཀྲ་ཤིས་བརྩེགས་པ་དཔལ་ཡིན་ལ། གནུབས་ཆེན་སངས་རྒྱས་ཡེ་ཤེས་དེ་ཁྲི་བཀྲ་ཤིས་བརྩེགས་པའི་རིང་དུ་བཞུགས་པ་ཡིན་ན་ལོ་བརྒྱ་དང་བཅུ་གསུམ་ལ་བཞུགས་ཞེས་པ་དེར་བདེན་ཤོས་ཆེ་བར་འདོད།
             མདོར་ན་གནུབས་ནམ་མཁའི་སྙིང་པོ་ནི་ཁྲི་སྲོང་ལྡེ་བཙན་རིང་ལ་བྱུང་བ་མ་ཟད། དེའི་རིང་ལ་ཆོས་བསྒྱུར་གྱིས་བྱ་བར་ཞུགས་ཏེ་ལོ་རྒྱུས་ཐོག་ཏུ་གནས་བབས་གལ་ཆེན་ཞིག་ཟིན་ཡོད། གནུབས་ཆེན་སངས་རྒྱས་ཡེ་ཤེས་ནི་ཁྲི་སྲོང་ལྡེ་བཙན་དུས་སུ་འཁྲུངས་པ་ཡིན་ལ་ལོ་ན་ཕྲ་ཞིང་རྒྱ་གར་དང་བལ་བོ་སོགས་སུ་སློབ་གཉེར་ལ་ཕྱིན་པ་ལས།ཆོས་བསྒྱུར་གྱི་བྱ་བར་ཞུགས་མེད། སྤྱི་ཚོགས་སྟེང་དུའང་ཕན་ནུས་ཆེན་པོ་ཐོན་མེད་དེ། ཁོང་གིས་བསྟན་པ་ནི་ཁྲི་རལ་བ་ཅན་ནས་བཟུང་དར་བ་ཡིན། དེའི་རྐྱེན་གྱིས་གནུབས་ནམ་མཁའི་སྙིང་པོ་ནི་གནུབས་ཆེན་སངས་རྒྱས་ཡེ་ཤེས་ལས་སྔ་བ་དང་། ཁོང་གཉིས་ནི་ལོ་རྒྱུས་སྟེང་དུ་དངོས་སུ་བྱུང་མྱོང་བའི་མི་སྣ་གཉིས་ཡིན་ནོ།།
གསུམ་པ། གནུབས་རྣམ་པ་གཉིས་ཀྱི་མཛད་རྗེས་སྐོར།
             གཅིག གནུབས་ནམ་མཁའི་སྙིང་པོའི་མཛད་རྗེས། གནུབས་ནམ་མཁའི་སྙིང་པོའི་མཛད་རྗེས་གཙོ་བོ་ནི་ལོ་ཙཱའི་ཕྱོགས་ཡིན། བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་རིང་ལ་མཁན་པོ་བྷོ་ངྷི་ས་ཏྭ་དང་སློབ་དཔོན་པདྨ་འབྱུང་གནས་ཞུས་ནས་གསང་སྔགས་ཀྱི་ཆོས་བསྒྱུར་བ་དང་རྒྱ་གར་དུ་སློབ་གཉེར་ལ་ཕྱིན་ཏེ་གསང་སྔགས་ཀྱི་སྒྲུབ་ཐབས་བོད་དུ་སྤེལ་བ་རེད། 《ཉང་ཆོས་འབྱུང་》དུ་“མཁན་པོའི་དྲུང་ནས་བོད་ཀྱི་མི་དྲུག་རབ་ཏུ་བྱུང་ནས་རྒྱལ་པོའི་བཀའ་ལྟར་རྒྱ་གར་དུ་ཆོས་སློབ་པར་བཏང་བ་ནི་སྣུབས་ནམ་མཁའི་སྙིང་པོ། རླངས་དཔལ་གྱི་སེང་གེ། རྒྲུ་གུ་ཨུ་པེག་ཤ། རུ་ཡོང་སིང་ཧ་ར་ཛ། འབྲེ་རྒྱལ་བའི་བློ་གྲོས། རུ་གྱོང་བའི་བློ་གྲོས། རུ་གྱོང་བིརྱ་ར་ཛ་རྣམས་གསེར་བྱིན་ནས་རྒྱ་གར་དུ་ཆོས་སློབ་པར་སོང་བ་དང་གསང་སྔགས་སྤྱོད་པར་དབང་བསྐུར་ནས་དེ་རྣམས་ལག་ལེན་དུ་བྱེད་དུས་གཞན་རྣམས་ཕྱིར་བོད་ལ་བྲོས་པ་དང་གཅིག་ལམ་དུ་དུག་སྦྲུལ་གྱི་བཀྲོངས། མི་བཞི་ཕྱིར་ལོག་ནས་རྒྱལ་པོར་རྫུན་བཤད་པ་དང་རྒྱལ་པོའི་ཁོང་ཚོ་ཕྱོགས་ཡར་མར་དུ་སྤྱུགས། སྣུབས་ནམ་མཁའི་སྙིང་པོ་ལ་སློབ་དཔོན་ཧཱུམ་ཀ་རས་ཡང་དག་སྒྲུབ་པ་རྩ་རྒྱུད་ལྟ་བུ་ལ་འགྲེལ་ཆེན་སྒྲོན་མེ་ལྟ་བུ་མཛད་ནས་བཤད་པས། ཁྲོ་བའི་གར་དགུ་དང་དཔལ་གྱི་ཆས་བརྒྱད་དང་ལྡན་པ། གཏོར་མ་སོགས་འགྲུབ་ཡོང་། རྒྱལ་པོས་ཆོས་སློབ་ཏུ་བཏང་ན་མི་ཡོང་ན་སྣུབས་རྒྱུད་བརླག་པར་བྱའོ་གསུངས་པས་སྣུབས་ནམ་མཁའི་སྙིང་པོས་རྒྱ་གར་ནས་བོད་དུ་རྫུལ་འཕྲུལ་གྱིས་བྱོན་ནས་མངའ་བདག་རྒྱལ་པོ་དང་མཇལ་ཏེ། རྒྱུ་སེམས་ཅན་ལ་འབྲས་བུ་སངས་རྒྱས་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་པ་འདི་ལྟ་བུ་མཆིས་སོ་གསུངས་ནས། ཡང་དག་གྲུབ་པ་གཅིག་བུ་ཉིད།། སངས་རྒྱས་བདེ་ཆེན་ཀུན་འདུས་པ།། རྣལ་འབྱོར་ཟབ་མོ་སྐུ་གསུམ་རྫོགས།། མཁའ་འགྲོ་སྒྱུ་མ་བདེ་མཆོག་བདེ།། ཞེས་གསུངས་ནས་རྫུ་འཕྲུལ་བསྟན་པས། རྒྱལ་པོ་ཡིད་ཆེས་སོ།།”(21) ཞེས་གནུབས་ནམ་མཁའི་སྙིང་པོས་ཐོག་མར་རྒྱ་གར་ནས་གསང་སྔགས་རྡོ་རྗེ་ཐེག་པ་བསླབ་སྟེ་ཕེབས་ཡོང་བའི་མཛད་རྗེས་ཡོད་ལ། རྒྱལ་པོའི་སྙུང་ནད་བཅོས་པ་དང་བློན་པོ་སྡིག་ཅན་རྣམས་ཚར་བཅད་ནས་འཇིགས་པར་བྱས། གཞན་ཡང་“སློབ་དཔོན་པདྨ་འབྱུང་གནས་དང་། ལོ་ཙཱ་བ་སྣུབས་ནམ་མཁའི་སྙིང་པོ་དང་། ཅོག་རོ་ཀླུའི་རྒྱལ་མཚན་གྱིས་སྒྲུབ་པ་བཀའ་བརྒྱད་དང་། བཀའ་བརྒྱད་ཡོངས་རྫོགས། གསང་སྔགས་རྫོགས་འཕྲང་ལ་སོགས་པ། གཞན་ཡང་དྲག་སྔགས་ཐོག་སེར་བསྟན་སྲུང་མང་པོ་བསྒྱུར་རོ།།”(22)ཞེས་གསང་སྔགས་སྔ་འགྱུར་ཐད་ལ་མཛད་རྗེས་ཆེན་པོ་གནང་ལ། ད་དུང་སྣུབས་ནམ་མཁའི་སྙིང་པོ་འདི་ཡིག་གཟུགས་ཐད་ལའང་མཁས་པར་བཤད་ཡོད། ཡིག་མཁན་མཛད་དེ་ཨུ་རྒྱན་གྱི་སྐད་དང་རྒྱ་གར་གྱི་སྐད་ལས་མདོ་རྒྱུད་མང་པོ་བོད་དུ་བསྒྱུར། 《ཉང་ཆོས་འབྱུང་》དུ་“སློབ་དཔོན་པདྨ་འབྱུང་གནས་དང་སྤ་གོར་བེེ་རོ་ཙ་ན་དང་། སྣུབས་ནམ་མཁའི་སྙིང་པོ་དང་། སྦ་ཡེ་ཤེས་དབྱངས་དང་། དཔོན་སློབ་ཀུན་གྱིས་ལྷ་མ་སྲིན་སྡེ་བརྒྱད་ལ་དཀར་པོ་གླིང་། ནག་པོ་བདུད། དམར་པོ་བཙན། སྲོག་གཅོད་གནོད་སྦྱིན། ཤན་པ་སྲིན་པོ། ནད་གཏོང་མ་མོ། དྲག་པོ་གཟའ། གདུག་པ་ཀླུ། དེ་རྣམས་ཀྱི་སྒྲུབ་ཐབས་བསམ་གྱི་མི་ཁྱབ་པ་ཞིག་བསྒྱུར། ཁྱད་པར་དུ་བསྟན་པ་སྤྱིའི་སྲུང་མ་དཔལ་མགོན་ནག་པོ། དཔལ་ལྷ་མོ་ནག་པོ་སོགས་སྔགས་སྲུང་ནག་སྨུག་རྣམ་གསུམ་གྱི་རྒྱུད་དང་སྒྲུབ་ཐབས་བསམ་གྱིས་མི་ཁྱབ་པ་བསྒྱུར་ནས་བསྟན་སྲུང་མང་པོ་བསྐོས་ནས་རྒྱལ་པོར་གཏད་” (23)ཅེས་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་རིང་ལ་གནུབས་ནམ་མཁའི་སྙིང་པོས་ཉི་ཟེར་ལ་བཞོན་པ་དང་ཉི་མ་སྟོད་ལ་ནོན་པའི་གྲུབ་པ་ཐོབ་ནས་རྒྱལ་པོའི་ཁྲིམས་སྲུང་པ་བཅས་ཀྱི་ཐད་ལ་མཛད་རྗེས་བླ་ན་མེད་པ་གནང་ཡོད། བརྩམས་ཆོས་ཀྱི་ཕྱོགས་ནས་བསྒྱུར་ཆོས་མང་པོ་ཡོད་པ་དང་། རྒྱུན་འཛིན་གྱི་སློབ་བུ་ནི་མཁར་ཆེན་དཔལ་གྱི་ཡེ་ཤེས་སོགས་མང་པོར་བརྒྱུད་ནས་བྱུང་ངོ་།།   
             གཉིས། གནུབས་ཆེན་གྱི་མཛད་རྗེས། གནུབས་ཆེན་སངས་རྒྱས་ཡེ་ཤེས་ནི་ཁྲི་སྲོང་ལྡེ་བཙན་གྱི་རྗེ་འབངས་ཉི་ཤུ་རྩ་ལྔ་ལས་“ལོ་བརྒྱ་དང་བཅུ་གསུམ་ལོན་ཏེ།གླིང་བཞི་རི་རབ་སྐད་ཅིག་ལ་འཁོར་བའི་གྲུབ་པ་ཐོབ་ནས། རིགས་འཛིན་གྱི་གནས་སུ་གཤེགས་སོ་” (24)ཞེས་སུ་འཁོད་ཡོད་པ་དང་། གནུབས་ཆེན་ཉིད་ནི་བཙན་པོའི་རྗེ་འབངས་ཉེར་ལྔའི་གྲས་སུ་བཀོད་ཡོད་ཀྱང་ཁོང་གིས་མཛད་པ་སོགས་བཙན་པོ་འདིའི་སྐབས་གསལ་བོ་ཞིག་མེད། ཁོང་གི་བསྟན་པ་ནི་ཁྲི་རལ་བ་ཅན་དང་ཁྲི་དར་མས་བསྟན་པ་བསྣུབས་པའི་དུས་ནས་བཟུང་དར་བར་མངོན་ཏེ། ཁྲི་དར་མའི་ཆོས་ཁྲིམས་བཤིག་དུས་སྣུབས་སྒྲེགས་པ་སངས་རྒྱས་དང་པཎྜི་ཏ་བྷ་སུ་ངྷ་ར་རྣམ་གཉིས་ཀྱིས་ཆོས་རྒྱུད་གདམས་པ་མན་ངག་ལག་ལེན་དང་བཅས་བསྒྱུར་བ་ཡིན། རྗེ་དཔལ་མགོན་བཙན་གྱི་རིང་ལ་ཁེངས་ལོག་གི་འཁྲུག་པ་བྱུང་ནས་“སྣུབས་སངས་རྒྱས་ཡེ་ཤེས་ལ་སྲས་དྲུག་ཡོད་པ་ལས་བཞི་ཁེངས་ལོག་གིས་བཀྲོངས།གཅིག་ཟླ་ཡར། གཅིག་ཁྲེལ་མེད་དུ་ཤོར། དེའི་དུས་སྣུབས་སངས་རྒྱས་ཡེ་ཤེས་ཀྱིས་སྤྲང་པོར་བརྫུས་ནས་བལ་ཡུལ་དུ་འགྲོ་དུས་གཙང་ན་བྱོན་པ་དང་གནུབས་ཆེན་ཡིན་པ་ངོ་ཤེས་ནས་ཞབས་ཏོག་བགྱིས་ནས་བཞུགས་པར་ཞུས། སོག་ཡེ་ཤེས་དབང་ཕྱུག་དང་། ཁུ་ལུང་ཡོན་ཏན་རྒྱ་མཚོ།དཔལ་འགོར་བློན་ཆེན་འཕགས་པ། སྲུ་ལེགས་པའི་སྒྲོན་མ་བཅས་ཐུགས་ཀྱི་སྲས་བཞི་རིན་པོ་ཆེ་གསུམ་གྱིས་དབང་བསྐུར་སྟབས་སུ་ཞུས་ཏེ། དེ་རྣམས་ལ་གདམས་པ་སོ་སོར་རྫོགས་པར་གནང་ངོ་།། གནུབས་ཆེན་གྱིས་གཤིན་རྗེ་དམར་ནག་ལ་སོགས་དྲག་སྔགས་རྣམས་དང་། བསྐྱེད་རྫོགས་སྒྲུབ་ཐབས་དང་། སེམས་ཕྱོགས། ཆོས་སྐྱོང་། ནོར་ལྷ། བཟོ། རྩིས། གསོ་བ། འཕྲུལ་འཁོར་རྣམས་ཁུ་ལུང་ཡོན་ཏན་རྒྱ་མཚོ་ལ་གནང་།” (25) དེ་ནས་སྲས་ཡེ་ཤེས་རྒྱ་མཚོ་དང་ཟུར་ཆེ་ཆུང་སོགས་བརྒྱུད་ནས་གནུབས་ཆེན་གྱི་བསྟན་པ་རྒྱ་ཆེར་དར་བ་དང་། བསྟན་པ་ཕྱི་དར་གྱི་སྐབས་སུ་སངས་རྒྱས་བསྟན་པ་དར་བར་མཛད་རྗེས་ཆེན་པོ་བཞག  བརྩམས་ཆོས་ནི་རྗེ་བཙུན་སྒྲོལ་མའི་མདོའི་འགྲེལ་བ་མུན་པའི་གོ་ཆ་དང་། བསམ་གཏན་མིག་སྒྲོན། སྡེ་བརྒྱད་གསེར་སྐྱེམས་ལ་སོགས་ཡོད་པ་དང་མདོ་རྒྱུད་སེམས་གསུམ་གྱི་བསྟན་པའི་རྒྱུན་སློབ་མའི་ཚོགས་མི་ནུབ་པར་སྤེལ་ཡོད།
བཞི་བ། མཇུག་སྡོམ།
             གནུབས་ནམ་མཁའི་སྙིང་པོ་དང་གནུབས་ཆེན་སངས་རྒྱས་ཡེ་ཤེས་གཉིས་ནི་ལོ་རྒྱུས་ཐོག་དངོས་སུ་བྱུང་མྱོང་བའི་གསང་སྔགས་ཐད་ལ་མཛད་རྗེས་ཆེན་པོ་མངའ་བའི་སློབ་དཔོན་གཉིས་ཡིན་ཞིང་། ཁོང་རྣམ་པ་གཉིས་ཀྱིས་བོད་ཀྱི་ལོ་རྒྱུས་སྟེང་དུ་སྔགས་ཕྱོགས་ཀྱི་ཆ་ནས་གནས་བབས་གལ་ཆེན་ཞིག་ཟིན་ཡོད། གནུབས་ཡུལ་རོང་ཞེས་པ་ནས་མཆེད་འོངས་པ་ཡིན་ལ་ཁོང་གཉིས་དུས་མཉམ་དུ་བྱུང་བ་ཞིག་ཡིན་ཞེས་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་རྗེ་འབངས་ཉེར་ལྔའི་གྲལ་ནས་ཀྱང་ནམ་མཁའི་སྙིང་པོ་ཉི་མའི་ཟེར་ལ་ཆིབས། སངས་རྒྱས་ཡེ་ཤེས་བྲག་ལ་ཕུར་བུ་འདེབས་ལ་སོགས་པའི་མཐུ་རྩལ་བརྗོད་ནས་དྲངས་ཡོད་མོད། ཡིན་ནའང་གནུབས་ནམ་མཁའི་སྙིང་པོ་ནི་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་དུས་སུ་བྱུང་བར་དོགས་གཞི་ཅི་ཡང་མེད་ལ། མཛད་རྗེས་དག་ལོ་རྒྱུས་དེབ་ཐེར་ཁག་ན་གསལ་བོར་བཀོད་ཡོད་ཅིང་ཁྲི་དར་མའི་རྗེས་སུ་ཁོང་ལ་ལོ་རྒྱུས་གནས་བབས་ཟིན་པའི་དོན་ཆེན་བརྗོད་རྒྱུ་མེད་དེ་ཁྲི་དར་མའི་དུས་སུ་སྐུ་མྱ་ངན་ལས་འདས་པ་རེད། གནུབས་ཆེན་སངས་རྒྱས་ཡེ་ཤེས་ནི་ལོ་རྒྱུས་དེབ་ཐེར་ཁག་ཅིག་ཏུ་ཁྲི་རལ་བ་ཅན་གྱི་རིང་དུ་བྱུང་བ་ཡིན་ཞེས་བརྡར་ཤ་བཅད་ཡོད་པ་དེ་ལའང་བདེན་པའི་ཆ་ཅུང་ཙམ་ཡོད་དེ། གནུབས་ཆེན་ལ་མཚོན་ན་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐབས་སུ་བྱུང་ཞེས་པ་དང་། བསམ་ཡས་སུ་རྒྱལ་པོའི་ཡིག་བསྒྱུར་བྱ་བ་ལ་ཞུགས་མྱོང་ཞེས་པ་མ་གཏོགས་དམིགས་དགར་གྱི་ལས་དོན་དང་།འགྱུར་ཆོས་གང་གི་ཕྱོགས་ལ་ཞུགས་པ་སོགས་གསལ་བོར་བཤད་མེད། གནུབས་ཆེན་སངས་རྒྱས་ཡེ་ཤེས་ཀྱི་མཛད་རྗེས་དག་ནི་ཁྲི་རལ་བ་ཅན་དང་ཁྲི་དར་མའི་དུས་སུ་ད་གཟོད་གསལ་བོར་བཀོད་ཡོད་པས། གནུབས་ཆེན་ནི་ཁྲི་རལ་བ་ཅན་གྱི་དུས་སུ་བྱུང་བར་འདོད། དོན་དངོས་སུ་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་རིང་ལ་གནུབས་ཆེན་སངས་རྒྱས་ཡེ་ཤེས་ལོ་ན་ཕྲ་ཞིང་སློབ་གཉེར་ལ་ཞུགས་པའི་རྐྱེན་གྱིས་ཆོས་ཁྲིམས་ཕྱོགས་ལ་འབྲེལ་བ་ཆེན་པོ་མེད་པས་དེབ་ཐེར་ཁག་ཏུ་གསལ་བོར་བཀོད་མེད། གནུབས་ཆེན་སངས་རྒྱས་ཡེ་ཤེས་ནི་ཁྲི་རལ་བ་ཅན་གྱི་ཡར་སྔོན་དུ་རྒྱ་གར་དང་བལ་བོ་སོགས་སུ་ཕྱིན་ནས་སློབ་གཉེར་མཛད་པ་དང་། ཁྲི་རལ་བ་ཅན་གྱི་སྲིད་བཟུང་བའི་དུས་ནས་བཟུང་བོད་ཡུལ་དུ་བྱོན་ནས་གསང་སྔགས་བསྒྱུར་ཞིང་།གསང་སྔགས་ཀྱི་བབས་ལུགས་འགྱུར་བཅུ་པ་མཛད་ཅིང་རྒྱུད་སྡེ་སེམས་ཕྱོགས་དང་སྨན་ལ་སོགས་པ་བསྒྱུར་ནས་གཏན་ལ་ཕབ། ཁྲི་དར་མས་བསྟན་པ་བསྣུབས་པའི་རྗེས་ནས་ཡང་བླ་བརྒྱུད་མ་ཆད་པར་གནུབས་ཁུ་ལུང་ཡོན་ཏན་རྒྱ་མཚོ་སོགས་ཐུགས་སྲས་མང་པོ་བྱུང་ནས་མཐུ་དང་གསང་སྔགས་ཀྱི་རྒྱུན་སྤེལ། བསྟན་པ་བསྣུབས་རྗེས་བོད་གངས་ཅན་གྱི་ལྗོངས་འདི་རུ་གསང་སྔགས་ཀྱི་རྒྱུད་དུམ་བུ་ཞིག་ལྷག་པའང་ཁོང་གིས་དྲིན་ཡིན་པ་དང་། གསང་སྔགས་ཀྱི་ཆོས་དུམ་བུ་དེར་བརྟེན་ནས་ད་གཟོད་བོད་གངས་ཅན་འདིར་སངས་རྒྱས་ཀྱི་བསྟན་པ་ཕྱི་དར་བྱུང་བ་དང་དར་ཞིང་རྒྱས་པར་གྱུར་བ་ཡིན་ནོ།།
མཆན་འགྲེལ།
             ①དངོས་མིང་ལ་སངས་རྒྱས་ཡེ་ཤེས་དང་། གནུབས་ཆེན་ཟེར་དོན་ནི་ཁོང་གི་སློབ་མའི་མིང་ལ་གནུབས་ཁུ་ལུང་ཡོན་ཏན་རྒྱ་མཚོ་ཟེར་བ་དང་། གཉིས་ཀྱི་གདུང་རུས་གནུབས་ཡིན་པས་སངས་རྒྱས་ཡེ་ཤེས་ལ་གནུབས་ཆེན་དང་ཁུ་ལུང་ཡོན་ཏན་རྒྱ་མཚོ་ལ་གནུབས་ཆུང་དུ་འབོད་པ་རེད།
             ②མཁས་པ་ལྡེའུས་མཛད། 《རྒྱ་བོད་ཀྱི་ཆོས་འབྱུང་རྒྱས་པ》[M] བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2010ལོ། P.259—260
             ③བདེ་སྐྱིད་ཀྱིས་བསྒྲིགས། 《རྦ་བཞེད》ཕྱོགས་བསྒྲིགས།[G] མི་རིགས་དཔེ་སྐྲུན་ཁང་། 2009ལོ། P.279
             ④དུང་དཀར་བློ་བཟང་འཕྲིན་ལས། 《དུང་དཀར་ཚིག་མཛོད་ཆེན་མོ》[M] ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2002ལོ། P.315
             ⑤བྱ་ཡུལ་བ་ལྷག་པ་ཕུན་ཚོགས། 《གངས་ལྗོངས་ལོ་རྒྱུས་ཐོག་གི་གནུབས་ཀྱི་སྔགས་པ་རྣམ་གཉིས་སྐོར་ལ་དཔྱད་པ》[J] ཀྲུང་གོའི་བོད་རིག་པ། 2012ལོའི་དེབ་བཞི་པ།
             ⑥ གུ་རུ་བཀྲ་ཤིས། 《གུ་བཀྲའི་ཆོས་འབྱུང》[M] ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། 1998ལོ། P.162
             ⑦ཉང་ཉི་མ་འོད་ཟེར། 《ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད》[M] བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1988ལོ། P.432
             ⑧⑨མཁས་པ་ལྡེའུས་མཛད། 《རྒྱ་བོད་ཀྱི་ཆོས་འབྱུང་རྒྱས་པ》[M] བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2010ལོ། P.288 P.300—304
             ⑩མཁས་པ་ལྡེའུས་མཛད། 《རྒྱ་བོད་ཀྱི་ཆོས་འབྱུང་རྒྱས་པ》[M] བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2010ལོ། P.304
             ⑾⑿འགོས་ལོ་གཞོན་ནུ་དཔལ། 《དེབ་སྔོན》[M] སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1984ལོ། P.136—137 P.141
             ⒀དཔའ་བོ་གཙུག་ལག་ཕྲེང་བ། 《ཆོས་འབྱུང་མཁས་པའི་དགའ་སྟོན》[M] མི་རིགས་དཔེ་སྐྲུན་ཁང་། 2012ལོ། P.610
             ⒁གུ་རུ་བཀྲ་ཤིས། 《གུ་བཀྲའི་ཆོས་འབྱུང》[M] ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། 1998ལོ། P.168
             ⒂ཏུན་ཧོང་གཏེར་ཡིག法P.t0996 ནང་།
             ⒃《བཀའ་ཐང་སྡེ་ལྔ》[G] གུ་རུ་ཨུ་རྒྱན་གླིང་པས་ཡར་ཀླུངས་ཤེལ་གྱི་བྲག་ཕུག་ནས་བཏོན་པ། རྡོ་རྗེ་རྒྱལ་པོས་བསྒྲིགས་པ། མི་རིགས་དཔེ་སྐྲུན་ཁང་། 1986ལོ། P.129
             ⒄གུ་རུ་བཀྲ་ཤིས། 《གུ་བཀྲའི་ཆོས་འབྱུང》[M] ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། 1998ལོ། P.246
             ⒅《སངས་རྒྱས་ཡེ་ཤེས་རིན་པོ་ཆེའི་ལོ་རྒྱུས་གནུབས་ཀྱི་བཀའ་ཤོག་ཆེན་མོ་བཞུགས་སོ》[Z] ཞེས་པའི་ལག་བྲིས་མ་དེ་ཡིན།
             ⒆ དོན་གྲུབ་རྒྱལ་དང་ཁྲིན་ཆིན་དབྱིན་གཉིས་ཀྱིས་བསྒྱུར། 《ཐང་ཡིག་གསར་རྙིང་ལས་བྱུང་བའི་བོད་ཆེན་པོའི་སྲིད་ལུགས》[Z] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1983ལོ། P.330—337
             ⒇རྒྱལ་མོ་འབྲུག་པ། 《བོད་ཀྱི་ལོ་རྒྱུས་གླེང་བའི་གཏམ》[M] མི་རིགས་དཔེ་སྐྲུན་ཁང་། 2006 ལོ། P.169—172
             (21)(22)(23)ཉང་ཉི་མ་འོད་ཟེར། 《ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད》[M] བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1988ལོ། P.310—314 P.33 P.344—345
             (24)(25)ཉང་ཉི་མ་འོད་ཟེར། 《ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད》[M] བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1988ལོ། P.342 P.447—484

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1