གཙོ་ངོས།>> རྩོམ་རིག>>ལྷུག་རྩོམ།

སྨན་མཆོག་ཚེ་རིང་། རྩོམ་སྒྲིག་པ།ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། ༢༠༡༩ལོའི་ཟླ་བ་༠༦ཚེས་༡༩ཉིན།

༄༅།། ཨ་མ་དྲན་པའི་རྒྱང་འབོད།


ཟི་ལིང་། སྨན་མཆོག་ཚེ་རིང་།
        ང་ནི་ཤེས་རིག་གི་གཤོག་ཟུང་སྨིན་མེད་པའི་བྱིའུ་ཕྲུག་ཅིག་སྟེ། བྱིའུ་ཚང་ཞིག་གི་ནང་ཁུལ་ནས་ཨ་མས་བསྐྱལ་ཡོང་བའི་རྒུམ་འབུ་ཟ་བཞིན་ནར་སོན་ཞིང་། ཟོག་གི་རུས་པ་དང་སྲོག་ཆགས་ཀྱི་ཕྱི་ལྐོག་སོགས་རྩེད་ཆས་སུ་བྱས་ནས་ཉི་མ་འདས་ཤིང་། ཨ་མས་སྣེ་ཁྲིད་དེ་དགྲ་འགོག་དང་ཟས་འཚོལ་བ་ལས་གཞན་ཅི་ཡང་མེད་མོད། དེ་ལས་གཞན་ཅི་ཞིག་བསླབས་དགོས་སམ། ཡང་ན་ཅི་ཞིག་ཤེས་དགོས་སམ། ད་དུང་ཤེས་དགོས་པ་ནི་ཧ་ཅང་མང་པོ་འདུག ཨ་སྔོན་ནམ་མཁའི་དབྱིངས་སུ་ལྡིང་སྐོར་བརྒྱབ་ནས་མ་རིག་པའི་རྒྱལ་ཁམས་ལ་ལྟད་མོར་གཡེང་དགོས་ལ། རང་ཉིད་ཀྱི་འཇོན་ཐང་དང་མི་མངོན་པའི་ནུས་པར་བརྟེན་ནས་རང་སྐྱ་འཕེལ་བར་བྱེད་དགོས། འདི་ནི་ཆེས་མཐར་ཐུག་ཏུ་བསྒྲུབ་དགོས་པའི་ལས་གཞི་ཞིག་དང་མ་འོངས་འཚོ་སྡོད་ཀྱི་ཆེད་དུ་རང་ཉིད་ལ་དགོས་གལ་ཆེ་བའི་བྱ་བ་ཞིག་མ་ཡིན་ནམ།
        ཤིང་ལ་རྒས་རྒྱུ་དང་མི་ལ་འཆི་རྒྱུ་ཡོད་པ་ནང་བཞིན་དུ། བྱིའུ་འདབ་ཆགས་གཤོག་འགྱུར་ལྡན་པ་ཡང་རང་བཞིན་དེ་ལས་མ་འདས།ངང་ཚུལ་འདི་ལ་སུ་ཡང་གཞོལ་ཐུབ་པ་ཞིག་མིན་པས་ནམ་ཡང་འཆི་ཁ་ནས་ཐར་མི་སྲིད། དེ་བས་འཆི་བའི་གཟུང་ཐག་གིས་བཅིངས་པའི་སེམས་ལྡན་གྱི་དངོས་པོ་ཞིག་ལ་མཚོན་ན།འཆི་བ་ནམ་ཐོན་དང་འཆི་ཐབས་གང་རུང་ཞིག་ཡིན་པ་སུས་ཀྱང་ཚོར་དཀའ། འདིར་སེམས་ཅན་ལ་ལ་ཞིག་རང་གི་ལས་ཀྱིས་བསགས་པའི་འབྲས་བུ་དང་། སྔོན་བསགས་ཀྱི་ལས་དབང་ཞིག་གིས་བདེ་བའི་མལ་ན་བདེ་བར་གཟིམས་ནས་འཆི་བ་དང་། ཡང་ལ་ལ་ཞིག་སྡུག་བསྔལ་གྱི་ཡུལ་ན་ན་ཟུག་གིས་བཟོད་ལྷག་མེད་པར་སྐྱི་པགས་གིས་གྲུབ་པའི་ཕྱི་ཤུན་དེ་ཡི་ནང་སྙིང་སུ་གྲུབ་པའི་ཁྲག་རྩ་ཐམས་ཅད་ལ་ན་ཟུག་གི་ཕུར་བ་བརྡེབས་ནས་འཆི་བ་དང་།ལ་ལ་ཞིག་ནད་དང་ཕྱི་ཡུལ་གྱི་བཙན་རྒོལ་ལ་བརྟེན་ནས་ཤ་ཟད་རུས་ཐུག་གི་མཚམས་ནས་ལུས་པོས་མ་ལྕོགས་པར་འཆི་བ་སོགས་གང་རུང་འབྱུང་བཞིན་ཡོད་པ་རེད།
        དེ་ཡང་འདིར་རང་གི་ཨ་མའི་འདས་རྐྱེན་སྐོར་ཅུང་ཙམ་གླེང་ན། ང་ནི་སྔོན་མ་སྐྱེས་ཀྱང་མེད་པའི་མཚམས་ཤིག་ལ། ངའི་ཨ་མ་ཡང་ང་དང་འདྲ་བར་སྒོ་ངའི་ཕྱི་ནང་བར་གསུམ་གྱི་སྐྱིད་སྡུག་འདྲེས་མའི་བར་གསེང་ནས་འཇིག་རྟེན་འདིར་ཡོང་ཞིང་། ཁོ་མོས་ནར་སོན་གྱི་ལོ་ཟླའི་ཁྲོད་དུ་འཇིག་རྟེན་གྱི་བརྩེ་འདང་ཐོག་མ་དེ་མྱངས་པ་ནས་བཟུང་ང་རང་སྐྱེས་པ་ཡིན། ཁོ་མོས་ང་རང་སྐྱེས་པ་ནས་བཟུང་ནངས་མོར་རྒུན་འབུ་འཚོལ་དུ་འགྲོ་དགོས་ལ།ད་དུང་ཉེན་ཟོན་ཡང་བྱེད་དགོས། གཅིག་ན་བྱིས་པ་མ་རབས་ཤིག་གིས་ཚང་ནང་གི་སྒོ་ང་རྩེད་ཆས་སུ་འཁྱེར་འགྲོ་བར་དོགས་ནས་སེམས་ཁུར་བྱེད་དགོས་ལ། གཉིས་ན་དུག་སྦྲུལ་ཞིག་གིས་བྱིའུ་ཕྲུག་དམར་རྗེན་ང་རང་ཁྱུར་མིད་དུ་བཏང་འགྲོ་བར་དོགས་ནས་སོ་ལྟ་བྱེད་དགོས་པ་ཡིན།
        འདི་ལྟར་ང་རང་ཅུང་ཙམ་འདར་མ་འདུར་བྱེད་ཐུབ་པ་ནས་བཟུང་སྟེ་གཟན་ཆས་འཚོལ་སྟངས་དང་དགྲ་འགོག་སྟངས་སོགས་བསླབས་པ་ཡིན། དེ་ནས་བཟུང་ངས་རང་ཉིད་ཀྱི་འཚོ་བ་ནི་ཟས་ལ་བརྟེན་ནས་རོལ་དགོས་པ་རྟོགས་ཤིང་། མཚམས་ལན་རེར་ཨ་མའི་ལག་ཏུ་གཟན་ཆེན་པོ་འདྲ་རེག་མ་ཐུབ་ཚེ། བྱིའུ་ཚང་འཇོང་འཇོང་དེ་ནས་འཕག་འཚག་དང་ངུ་རྒྱངས་གང་མང་བྱས་མྱོང་ལ། ཐ་ན་མཆུ་ཏོ་ཆུང་ཆུང་དེ་ཆེན་པོར་གདངས་ནས་ཁ་ནང་དུ་གཟན་ཞིག་རེག་པར་རེ་སྒུག་བྱས་པ་ཡིན། ཡིན་ཡང་ཨ་མ་ཕྱིར་བྱ་ཚང་དུ་ཐོན་ཚེ་ཟོག་གི་ཤ་ཁྲག་དང་། འབུ་རིགས་ཀྱི་བེམ་རོ་ཁུར་ཡོང་བ་ན། ད་གཟོད་ལྟོ་བ་འགྲངས་ཤིང་ལུས་སྟོབས་འཕེལ་བ་ཡིན།
        ཚེ་ནི་མི་རྟག་རླུང་ཁའི་མར་མེ་བཞིན་དུ་གནས་ཤིང་། ལོ་ཟླ་ནི་ཆུ་བོ་ལྟར་ཤར་མར་རྒྱུ་བཞིན་མུ་ནས་མུ་རུ་བཞུད་སོང་། ང་རང་གཤོག་རྩལ་རྒྱས་མེད་པའི་ནངས་མོ་ཞིག་ལ། ངའི་ཨ་མ་སྔོན་མ་ནང་བཞིན་རྒུན་འབུ་འཐུ་རུ་སོང་བའི་ལམ་བར་དུ་ཞེ་སྡང་གི་སྡེར་ཁ་རྣོ་ཞིང་། སྲོག་གཅོད་ཀྱི་གཤེད་མ་ལྟ་བུའི་བྱིའུ་ཁྲ་ཞིག་གིས་ཉིན་གང་བོར་ཡར་བདའ་མར་བདའ་བྱས་བྱས་པའི་མཐའ་མར། ཚེར་མ་ཅན་གྱི་ནགས་གསེང་ཞིག་ནས་སྲོག་ཐར་དུ་གྱུར་པ་ཡིན་མོད། འོན་ཀྱང་། མཚམས་རེར་བྱིའུ་ཁྲའི་སྡེར་འོག་ཏུ་ཤོར་བ་དང་། ལན་རེར་ཚེར་གསེང་དང་ནགས་གསེབ་ཏུ་སྡེར་འོག་ནས་ཤོར་བའི་དབང་གིས་ལུས་ཟུང་ཟད་ཅིང་། ཤེད་ཤུགས་ཉམས་པར་གྱུར་ནས་ཚེ་སྲོག་གི་རྒྱུན་ཐག་ཆད་ལ་ཉེ་བར་གྱུར་ཀྱང་། རང་ཉིད་ཀྱི་བྱིའུ་ཕྲུག་གི་ཆེད་དུ་དབུགས་ཀྱི་རྒྱུ་བ་འགག་རག་བར་དུ་ཁ་ནང་དུ་རྒུམ་འབུ་ཁ་ཤས་ཁྱེར་ནས་བྱིས་ཚང་གི་སྒོ་ཁར་འབྱོར། བསམ་མེད་ཀྱི་བྱིའུ་ཕྲུག་ཅིག་གིས་ན་ཟུག་དང་འཆི་བ་ཟེར་བ་ཞིག་ཡོད་པ་གང་ནས་ཚོར། འདི་ལྟར་བྱིའུ་ཚང་གི་སྒོ་དྲུང་ནས་ཉིན་ཤས་རིང་ལ་ཆང་འཐུང་ཞིག་དང་འདྲ་བར་འཁྱར་མ་འཁྱོར་བྱས་ནས་བསྡད་པ་དང་། འཚོ་བ་ཟེར་བ་ནི་ཅི་འདྲ་ཞིག་ཡིན་པ་དང་འདི་ལ་ཇི་ལྟར་དཀའ་སྡུག་མྱང་དགོས་པ་སོགས་ཀྱི་གོ་རིམ་དང་། ཉམས་མྱོང་ཁ་ཏ་སློབ་གསོ་བྱས་ཤིང་། ཕྱི་མར་མ་སོང་བའི་སྔོན་དུ་ང་ལ་ཁ་ཆེམས་མང་པོ་ཞིག་བཞག་པར་མ་ཟད། མ་འོངས་པར་རང་རྐྱ་འཕེར་བར་བྱེད་དགོས་པ་སོགས་ཀྱི་སྐུལ་མ་གང་མང་ཞིག་གནང་རྗེས། ཁ་ནུབ་ཕྱོགས་སུ་གཏད་ནས་འཕུར་མ་ལྡིང་གིས་བུད་སོང་བ་ནས་བཟུང་ད་རག་བར་དུ་ཕྱིར་ཡོང་མེད་པར་གྱུར།
        དྲིན་ཆེན་གྱི་མ་ཡུམ་འདི་ལྟར་འཇིག་རྟེན་དང་གྱེས་ཤིང་། རང་ཉིད་ཀྱི་གཤོག་ཟུང་གཉོམ་པོ་དེ་གཉིས་ད་དུང་འཕུར་རྩལ་ངོམ་རྒྱུའི་ཚད་དུ་ཐོན་མེད་པ་དང་། ཐ་ན་ཐེངས་གཅིག་ལ་ཡང་བྱིའུ་ཚང་དེ་ལས་ཕྱི་ལ་བུད་མ་མྱོང་། ཡིན་ཡང་ལྟོ་བའི་ཆེད་དུ་འཕུར་མ་ལྡིང་། གོག་མ་འདུར་གྱིས་བྱིའུ་ཚང་གི་ཕྱི་རུ་མི་འགྲོ་ཐབས་མེད་བྱུང་། དེ་ལྟ་ནའང་གང་ཞིག་དགྲ་རུ་གྱུར་པ་དང་། གང་ཞིག་གྲོགས་སུ་འགྱུར་བ་མི་ཤེས་པས་གཞན་གྱིས་གཉའ་གནོན་དང་འཕྱ་དམོད་བྱས་པར་མ་ཟད། ལན་རེར་གྲོད་པ་ལྟོགས་ནས་དབང་བོ་ཤོར་ཞིང་ས་རུ་འགྱེལ་བ་དང་། ཡང་ལན་རེར་གྲང་ནས་མཆུ་ཏོ་འདར་ཏེ་སྡོད་མི་ཚུགས་པ་དང་། མཚམས་རེར་ཁེར་རྐྱང་གི་ངང་ནས་བྱིའུ་ཁྲ་ཟེར་བའི་དགྲ་བོ་དེར་འཇིགས་ནས་རྐང་སུག་འདར་ཞིང་། ཡང་ལན་རེར་འཆི་བ་ཟེར་བའི་ཐག་པས་བཅིངས་ནས་ནམ་ཞིག་ལ་ཁྱེར་འགྲོ་བར་དོགས་ནས་ལུས། དེ་ལྟར་ཉིན་ཞག་གང་མང་ཞིག་ལ་གོག་མ་འདུར་དང་འཕུར་མ་ལྡིང་གི་འཚོ་བ་དེའི་ཁྲོད་ནས་གཤོག་རྩ་རྣག་གིས་ཟིན་ཞིང་། འཚོ་བ་དབུལ་བོར་ཆགས་ནས་སྤུ་སྒྲོ་གཟེངས་ཤིང་། ཁ་དོག་བཙོག་པར་གྱུར་པར་མ་ཟད།བྱིས་པ་པྲ་ཆལ་ཁ་ཤས་ཀྱི་ལག་ཏུ་ཤོར་ནས་རྩེད་ཆས་བྱས་ཤིང་། རྣག་གིས་ཟིན་པའི་གཤོག་རྩ་ནས་ན་ཟུག་ལངས་པ་དང་། ལུས་ཀྱི་བ་སྤུ་ཐམས་ཅད་རླུང་གི་རྒྱུ་ཕྱོགས་དང་ལྷན་ཏུ་ཡར་སྐྱོད་མར་སྤུར་བྱས་པ་ལས་ཁོག་འདར་བརྒྱབ་ཅིང་། གཞན་གྱི་རྩེད་ཆས་སུ་གྱུར་པའི་དབང་གིས་ལུས་ཟུངས་ཟད་ལ་ཤ་འདར་རུས་འདར་བརྒྱབ། ཡིན་ཡང་བཀའ་དྲིན་ཅན་གྱི་མི་རྒན་བསམ་ཤེས་ཤིག་གི་དྲིན་གྱིས་བྱིས་པ་བསམ་མེད་དག་གི་ལག་ནས་ང་ཡི་བླ་སྲོག་རྟ་རྔ་འདྲ་བོ་བསྐྱབས་ཤིང་། ཁྱིམ་དུ་ཁྱེར་ཡོང་ནས་འོ་མ་དང་འབུ་ཕྲ་ལྟ་བུའི་ཟས་རིགས་ཐར་ཐོར་རེ་སྔུན་ལ་གཏོར་ནས་ལུས་ཟུང་གསོས་པར་མ་ཟད།གཤོག་རྩ་རྣག་གིས་ཟིན་པ་ལ་སྨན་བཅོས་བྱས་ནས་དྲག་སྐྱེད་བྱུང་རྗེས་ང་རང་རི་ལ་བཏང་སོང་།
        འདི་ལྟར་ཁེར་རྐྱང་གི་ངང་ནས་གཤོག་ལྷབ་རྒྱག་པ་དང་། མཐོ་ས་ནས་དམའ་སར་འཕུར་བ་སོགས་ཡུན་རིང་ལ་སྦྱངས་པ་བྱས་བྱས་པའི་མཐའ་མར་ཆུ་ཆེན་གྱི་ཕར་ངོགས་ལ་འཕུར་ཐུབ་ཅིང་། གཟན་འཚོལ་ཤེས་པར་མ་ཟད་བཟང་ངན་གྱི་དབྱེ་བ་འབྱེད་ཤེས་པར་གྱུར། དེ་ནས་བཟུང་བསམ་བློ་ཡང་འཕེལ་རྒྱས་སུ་སོང་སྟེ་བསམ་བློ་གཏོང་ཤེས་པར་མ་ཟད། མ་འོངས་པའི་རྒྱལ་ཁམས་ལ་ལྟད་མོར་ལྟ་རུ་འགྲོ་རྒྱུའི་སེམས་འདུན་ཡང་ཇེ་ཆེར་གྱུར་མོད།ཡིན་ཡང་ཧ་ཅང་གསལ་ཆ་ཆེ་བའི་བྱིའུ་ཚང་དེའི་ཉེ་འགྲམ་ནས་ཨ་མ་ཕྱིར་ཡོང་བར་རེ་སྒུག་ཁྲི་ཕྲག་བྱས་ནས་ལོ་ཤས་འགོར་སོང་། ད་ནི་ཨ་མ་ཕྱིར་ཡོང་མེད་པའི་གནས་ལུགས་རྟོགས་ཤིང་རང་ཉིད་ཀྱང་འཇིག་རྟེན་གཞན་དེར་ནམ་ཞིག་འགྲོ་དགོས་པའི་བསམ་བློ་སྐྱེས་ཡོད། ཆུང་ཆུང་བྱིས་པའི་དུས་ཀྱི་འཚོ་བ་དང་དྭངས་གཙང་གི་བྱམས་བརྩེ་དྲོན་མོ་དེ་ཡིད་ལ་དྲན་ཐེངས་རེར། ནམ་ཞིག་ཨ་མ་ཕྱིར་རང་ཁྱིམ་འདི་རུ་ཡོང་སྲིད་འདོད་པའི་སེམས་པའང་སྐྱེས་མྱོང་མོད། འོན་ཀྱང་ཨ་མ་ཞེས་པའི་སྔོན་ཆད་ཀྱི་གཟུགས་གཞི་ཡག་པོ་དེ་དང་། གཟན་འཚོལ་བར་མཁས་པའི་ཁྱིམ་གྱི་བདག་མོ་དེ་ཉིད་ད་ལྟ་འཇིག་རྟེན་གཞན་ཞིག་ན་ཡོད་ཀྱང་སྲིད། ཡང་ན་འཇིག་རྟེན་འདི་རུ་སྔར་བཞིན་མ་ཡུམ་ཞིག་གི་སྐྱེ་བ་བླངས་ཡོད་ཀྱང་སྲིད་མོད། རང་མགོ་མི་ཐོན་པའི་ང་ལ་མཚོན་ན་དྲན་པའི་དབང་བོ་རབ་ཏུ་བཟི་ཞིང་། ཨ་མའི་ཁ་ཏ་སློབ་གསོ་ཡིད་ལ་དྲན་ཐེངས་རེར་ངུ་འབོད་ཐེངས་རེ་བྱེད་དགོས་ལ། ཐ་ན་དྲན་པའི་མིག་ཀོང་མཆི་མས་བརླན་ནས་ཐག་རིང་ཡུལ་ནས་འཕུར་ཏེ་བྱིའུ་ཚང་དེ་ཡི་མཐའ་འཁོར་ལ་སྐོར་བ་ཡང་ཡང་བྱེད་དགོས་བྱུང་། །

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1