གཙོ་ངོས།>> འཕྲོད་བསྟེན།>>བདེ་ཐང་ཤེས་བྱ།

རྩོམ་སྒྲིག་པ།ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། ༢༠༡༩ལོའི་ཟླ་བ་༠༦ཚེས་༡༨ཉིན།

༄༅།། ནད་དུག་ཅན་གྱི་མཆིན་ཚད་འགོག་བཅོས་བཟང་པོ་བྱེད་དགོས།

        ནད་དུག་ཅན་གྱི་མཆིན་ཚད་ཅེས་པ་ནི་ནད་དུག་མང་པོ་ཞིག་གིས་བསླངས་པའི་མཆིན་པར་གནོད་པ་ཆེས་ཆེ་བའི་འགོས་ནད་ཅིག་ཡིན།ནད་དུག་ཅན་གྱི་མཆིན་ཚད་ལ་ངོ་བོའི་སྒོ་ནས་དབྱེ་ན་མཆིན་ཚད་ཀ་པ་དང་མཆིན་ཚད་ཁ་པ།མཆིན་ཚད་ག་པ།མཆིན་ཚད་ང་པ།མཆིན་ཚད་ཅ་པ་བཅས་རིགས་ལྔ་ཡོད་པ་ལས།སྔོན་མ་གསུམ་ནི་རྒྱུན་མཐོང་གི་ནད་དུ་གཏོགས་པས།སྔོན་འགོག་བྱེད་པར་མཉམ་འཇོག་བཟང་པོ་བྱེད་དགོས་པ་སྟེ།

1.མཆིན་ཚད་ཀ་པ།
        མཆིན་ཚད་ཀ་པ་ནི་མཆིན་ཚད་ཀ་པའི་ནད་དུག་ལས་བྱུང་བའི་བྲེལ་གཤིས་འགོས་ནད་ཅིག་ཡིན།དེ་ནི་འཇུ་ལམ་བརྒྱུད་དེ་འགོས་པའི་ནད་རིགས་ཤིག་ཡིན་པས།མཉམ་དུ་ཟ་མ་བཟའ་བ་དང་ཟས་སྣོད་མཉམ་སྤྱོད་བྱེད་པ་སོགས་འཚོ་བའི་འབྲེལ་འདྲིས་བརྒྱུད་དེ་ཕན་ཚུན་ལ་འགོ་བ་དང་།ནང་སྒོས་སུ་མཆིལ་མ་དང་ལུད་པ།དེ་མིན་ད་རུང་རྒྱུན་སྤྱོད་ཀྱི་དངོས་པོ་སྟེ་སོ་འདྲད་དང་ཁ་སྤུ་བཞར་གྲི་སོགས་ལས་ཀྱང་མཆིན་ཚད་ཀ་པའི་ནད་དུག་འགོ་སྲིད་པས།གལ་ཏེ་ཁྱིམ་མི་དང་གྲོགས་པོ་སོགས་རྒྱུན་དུ་འབྲེལ་འདྲིས་བྱེད་ཀྱིན་པའི་མི་ལ་མཆིན་ཚད་ཀ་པའི་ནད་དུག་འགོས་ཡོད་པ་ཤེས་རྗེས།མྱུར་དུ་དཀར་ཡོལ་དང་ཐུར་མ་ཟུར་དུ་བཀར་ཏེ་དུག་སེལ་ཡང་ཡང་བྱས་ནས།ཉེ་འགྲམ་གྱི་མི་ལ་འགོ་བ་སྔོན་འགོག་བྱེད་དགོས།མངོན་གསལ་གྱི་ནད་དུག་འགོག་རྫས(抗体)ཆགས་ཡོད་ན་མ་གཏོགས་མཆིན་ཚད་ཀ་པའི་ནད་པའི་ཉེ་འགྲམ་གྱི་མིས་ངེས་པར་དུ་འགོག་སྨན་བརྒྱབ་སྟེ་རང་ཉིད་ལ་སྲུང་སྐྱོབ་བྱེད་དགོས།
        མཆིན་ཚད་ཀ་པའི་ནད་བྱུང་རྗེས་གྲང་ངར་ལ་སྐྲག་པ་དང་ལུས་པོར་ཚ་རྒྱས་པ།ལུས་ལ་ཤུགས་མེད་པ།ཟས་ལ་ཡི་ག་མེད་པ།སྣུམ་ལ་ཞེན་ཁ་ལོག་པ།སྐྱུག་མེར་ལངས་པ།གསུས་པ་ན་བ།མཆིན་པའི་བྱེད་ནུས་རྒྱུན་ལྡན་མིན་པ་སོགས་ཀྱི་ནད་རྟགས་མངོན་ཞིང་།ཚབས་ཆེ་བའི་སྐབས་སུ་མིག་དང་སྐྱི་པགས་སེར་བོར་འགྱུར་བ་རེད།གོང་གི་ནད་རྟགས་དེ་དག་མངོན་སྐབས་མྱུར་དུ་སྨན་ཁང་ལ་སོང་ནས་བརྟག་དཔྱད་བྱེད་དགོས།
        མཆིན་ཚད་ཀ་པ་སྔོན་འགོག་བྱེད་དགོས་ན་དུས་རྒྱུན་གྱི་འཚོ་བའི་ཁྲོད་གཙང་སྦྲར་དོ་སྣང་ལེགས་པོ་བྱས་ཏེ།ནད་རིགས་ཁ་ནས་འཛུལ་བ་སྔོན་འགོག་བྱེད་དགོས།ཟས་རིགས་དྲོད་ཚད་མཐོན་པོས་བསྲོ་དགོས་ལ།སྤྱིར་བཏང་གིས་ཏུའུ100ཡི་ནང་དུ་སྐར་མ་གཅིག་ལ་བསྲོས་ན་མཆིན་ཚད་ཀ་པའི་ནད་དུག་གི་གསོན་ཤུགས་མེད་པར་བཟོ་ཐུབ།གཞན་ད་རུང་རྗེན་ཟས་དང་ཡང་ན་ཚོས་ཡག་མིན་པའི་ཆུ་ཐོན་ཟས་རིགས་གཏན་ནས་བཟའ་མི་རུང་བ་དང་།དུས་རྒྱུན་དུ་ཕྱི་རོལ་གྱི་ཟས་མི་བཟའ་བ་དང་ངེས་པར་དུ་བཟའ་དགོས་པ་བྱུང་ན་གཙང་སྦྲའི་ཐད་ལ་མཉམ་འཇོག་བྱེད་དགོས།ངལ་དུབ་འབྱུང་མི་རུང་བ་དང་ཆང་གཏན་ནས་འཐུང་མི་རུང་ལ།མཆིན་པར་གནོད་པའི་སྨན་རྫས་བརྟེན་མི་རུང་།ཆུའི་མགོ་ཁུངས་ལ་སྲུང་སྐྱོབ་དང་བཏུང་ཆུ་ལ་དུག་སེལ།ཟས་སྣོད་ལ་དུག་སེལ།བཤང་གཅི་གཙང་སྦྲ་བཅས་བྱེད་དགོས། །

2.མཆིན་ཚད་ཁ་པ།
        མཆིན་ཚད་ཁ་པ་ནི་མཆིན་ཚད་ཁ་པའི་ནད་དུག་གིས་བསླངས་པའི་འགོས་ནད་ཅིག་ཡིན།མཆིན་ཚད་ཁ་པའི་ནད་དུག་འགོས་རྗེས།དལ་གྱིས་རེད་པའི་རྣམ་པར་གྱུར་ཏེ།མཆིན་པར་བསྟུད་མར་གནོད་འཚེ་ཐེབས་ངེས་པས། ཡུན་གྱིས་མཆིན་པ་སྲ་འགྱུར་དང་མཆིན་པའི་འབྲས་སྐྲན་དུ་འགྱུར་བ་རེད། མཆིན་ཚད་ཁ་པ་དེ་འགོག་སྨན་བརྒྱག་པ་དང་ཡང་ན་བྱེད་ཐབས་གཞན་པ་སྤྱད་དེ་སྔོན་འགོག་བྱེད་ཆོག
        མི་མང་ཤོས་ལ་མཆིན་ཚད་ཁ་པའི་ནད་དུག་འགོས་རྗེས།ནད་རྟགས་གང་ཡང་མི་མངོན་པར་གནས་སྲིད་པ་དང་།མི་ཁ་ཤས་ལ་ནད་རྟགས་ཡོད་པ་སྟེ།གཙོ་བོ་ལུས་ལ་ཤུགས་མེད་པ་དང་ཟས་ལ་ཡི་ག་མེད་པ།གསུས་ཁོག་མི་བདེ་བ་བཅས་དང་།ནད་པ་ཉུང་ཤས་ཤིག་ལ་ད་རུང་ཞེ་མེར་བ་དང་སྐྱུག་མེར་ལངས་པ་རེད།མཁྲིས་སེར་མེད་པ་དང་མཁྲིས་སེར་ཡང་མོ་ཡོད་པ་ལ། བརྟག་དཔྱད་བྱེད་སྐབས་མཆིན་པ་སྐྲངས་པའམ་ཡང་ན་མནན་ན་གཟེར་བ།མཚེར་བ་སྐྲངས་པ་དང་།མི་ཉུང་ཤས་ལ་ད་རུང་མཆིན་ཁུག་ན་བ་སོགས་ཀྱི་ནད་རྟགས་འབྱུང་།
        མཆིན་ཚད་ཁ་པ་ནི་ཁྲག་དང་མ་བུ།འཁྲིག་སྤྱོད་བཅས་རྣམ་པ་གསུམ་བརྒྱུད་དེ་འགོ་བ་རེད།དུས་རྒྱུན་འཚོ་བའི་ཁྲོད་ཀྱི་ལག་འཇུ་དང་ཕན་ཚུན་ལ་འཁྱུད་པ།མཉམ་དུ་ཟ་མ་བཟའ་བ།ཐུན་མོང་གི་སྤྱོད་ཁང་བཀོལ་སྤྱོད་བྱེད་པ་སོགས་ཁྲག་མི་འདྲེས་པའི་འབྲེལ་འདྲིས་གཞན་པ་ཡིས་ཕན་ཚུན་ལ་འགོ་མི་སྲིད།གལ་ཏེ་རྒྱུ་མཚན་ཅི་ཡིན་མི་ཤེས་པར་ལུས་སྟེང་དུ་ཤུགས་མེད་པ་དང་འཇུ་ལམ་མི་བདེ་བའི་ནད་རྟགས་མངོན་ནས།གཟའ་འཁོར་གཅིག་གི་ཡན་འགོར་ན་སྨན་ཁང་དུ་སོང་ནས་བརྟག་དཔྱད་བྱེད་དགོས།
        མཆིན་ཚད་ཁ་པའི་ནད་དུག་ཡོད་མཁན་དེ་བྱ་བ་དང་འཚོ་བའི་ནུས་པའི་སྟེང་མི་གཞན་པ་དང་ཁྱད་པར་གང་ཡང་མེད།མཆིན་ཚད་ཁ་པའི་མཆེད་སྟངས་ལ་དམིགས་བསལ་རང་བཞིན་ལྡན་པའི་དབང་གིས།མཆིན་ཚད་ཁ་པའི་ནད་དུག་ཡོད་མཁན་གྱིས་བྱ་བ་དང་འཚོ་བ།སློབ་སྦྱོང་།སྤྱི་ཚོགས་བྱ་འགུལ་བཅས་ཀྱི་ཁྲོད་མཐའ་འཁོར་གྱི་མི་དང་ཁོར་ཡུག་ལ་འཇིགས་སྐུལ་གང་ཡང་ཐེབས་མི་སྲིད་པས།རྒྱུན་ལྡན་ལྟར་སློབ་སྦྱོང་དང་ལས་ཞུགས་བྱས་ཏེ་འཚོ་བ་རོལ་ཆོག

3.མཆིན་ཚད་ག་པ།
        མཆིན་ཚད་ག་པ་ནི་མཆིན་ཚད་ག་པའི་ནད་དུག་ལས་བསླངས་པའི་བྲེལ་གཤིས་དང་དལ་གཤིས་གཉིས་འཛོམས་ཀྱི་འགོས་ནད་ཅིག་ཡིན།མཆིན་ཚད་ག་པའི་ནད་པ་མང་པོ་ཞིག་རིམ་གྱིས་དལ་གཤིས་གཉན་ཚད་དུ་གྱུར་ཏེ་ནད་རྟགས་གང་ཡང་མེད་ལ།མཆིན་པའི་བྱེད་ནུས་ཀྱང་རྒྱུན་ལྡན་ཡིན་མོད།འོན་ཀྱང་ནད་གཞི་སྔར་བཞིན་འཕེལ་ཞིང་སྔར་བཞིན་མཆེད་དེ།རིམ་གྱིས་མཆིན་པ་སྲ་འགྱུར་དང་མཆིན་པའི་འབྲས་སྐྲན་དུ་འགྱུར་བ་རེད།ནད་ཐོག་ལག་ལེན་གྱི་གཞི་གྲངས་ལྟར་ན།70%ཡི་མཆིན་ཚད་ག་བའི་ནད་པ་རྣམས་མཆིན་པ་སྲ་འགྱུར་དུ་འགྱུར་འགྲོ་བས།ངེས་པར་དུ་སྔ་མོ་ནས་བརྟག་དཔྱད་བྱས་ཏེ་སྔ་མོ་ནས་གསོ་བཅོས་བྱེད་དགོས།25%ཡི་མཆིན་ཚད་ག་པའི་ནད་པ་ལ་ད་གཟོད་ལུས་པོར་ཤུགས་མེད་པ་དང་སྐྱུག་མེར་ལངས་པ་དང་།ནད་པ་ཉུང་ཤས་ཤིག་ལ་ད་རུང་མཆིན་པ་དང་མཚེར་བ་སྐྲངས་ཏེ་ཇེ་ཆེར་འགྲོ་བའི་ནད་རྟགས་མངོན།
        མཆིན་ཚད་ག་པ་ནི་ཧ་ཅང་འགོ་སླ་བའི་ནད་རིགས་ཤིག་ཡིན་ལ།མིག་སྔར་གོ་ཆོད་པའི་འགོག་སྨན་གཅིག་ཀྱང་མེད།གཙོ་བོ་ཁྲག་རྒྱག་པ་དང་ཁབ་ཀྱིས་གཙག་པ།འཁྲིག་སྤྱོད།མ་བུའི་བར་འགོ་པ་བཅས་ལས།སྣ་སྦྲིད་རྒྱག་པ་དང་གློ་ལུ་བ།མཉམ་དུ་ཟ་མ་བཟའ་བ་དང་ཟས་སྣོད་མཉམ་སྤྱོད་བྱེད་པ་བཅས་ཁྲག་དང་མི་འདྲེས་པའི་འབྲེལ་འདྲིས་གཞན་དག་ལས་ཕན་ཚུན་བར་འགོ་མི་སྲིད།
        གལ་ཏེ་ཁྲག་རྒྱག་པ་དང་ཁྲག་བཟོས་དངོས་པོ་རྒྱག་དགོས་པ་བྱུང་ན།ངེས་པར་དུ་ཚད་ལྡན་གྱི་ཁྲག་རྒྱུན་ས་ཚིགས་སུ་སོང་ནས་རྒྱག་པ་དང་།ཐེངས་གཅིག་ཅན་གྱི་སྨན་ཁབ་བདམས་ཏེ་རྒྱག་དགོས་ལ།ཁ་སྦུག་དང་འཇུ་བྱེད་མ་ལག་སོགས་ཀྱི་བརྟག་དཔྱད་བྱེད་སྐབས་ཚད་ལྡན་གྱི་སྨན་ཁང་དུ་འགྲོ་དགོས་པར་མ་ཟད།རྣ་བར་བུ་ག་བཏོད་པ་དང་ལུས་སྟེང་དུ་རི་མོ་འབྲི་བ།སྨིན་མ་གཙག་པ་སོགས་ཀྱི་སྐབས་སུའང་ཚད་ལྡན་གྱི་མཛེས་བཟོ་ཁང་དུ་འགྲོ་དགོས།དེ་ལས་གཞན་ད་རུང་སོ་འདྲད་དང་ཁ་སྤུ་བཞར་གྲི་སོགས་རྒྱུན་བཀོལ་ཡོ་བྱད་མཉམ་བཀོལ་བྱེད་མི་རུང་བར།རང་ཉིད་ཀྱི་གཙང་སྦྲར་ནམ་ཡང་དོ་སྣང་ལེགས་པོ་བྱེད་དགོས།དུས་རྒྱུན་དུ་ཆང་མི་འཐུང་བ་དང་དུ་བ་འཐེན་མི་རུང་ལ།ངལ་དུབ་མི་འབྱུང་བར་བྱེད་དགོས།མཆིན་པ་ནི་མིའི་ལུས་སྟེང་གི་ན་ཟུག་མི་མངོན་པའི་དབང་བོ་ཞིག་ཡིན་པས།ང་ཚོས་ནམ་ཡང་དེ་ལ་དོ་སྣང་བྱེད་དགོས་སོ། །

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1