གཙོ་ངོས།>> ཞིབ་འཇུག>>ཆོས་ལུགས།

མཆོག་ལྡན་ཚེ་རིང་། རྩོམ་སྒྲིག་པ།ཡོང་ཁུངས། ཀྲུང་གོའི་བོད་རིག་པ། སྤེལ་དུས། ༢༠༡༩ལོའི་ཟླ་བ་༠༦ཚེས་༡༧ཉིན།

༄༅།། འཕགས་པ་དགོངས་པ་ངེས་པར་འགྲེལ་བའི་མདོའི་གླེང་གཞིའི་ལེའུའི་ཁུངས་སྟོན་པ་གཙོར་བྱས་པའི་བསྡུར་དཔྱོད་རེ་ཟུང་།

མཆོག་ལྡན་ཚེ་རིང་།
[ནང་དོན་གནད་བསྡུས།]ལེའུ་བཅུའི་བདག་ཉིད་ཅན་གྱི་མདོ་སྡེ་དགོངས་འགྲེལ་ལ་གླེང་གཞི་རིགས་མི་འདྲ་བ་གཉིས་ཙམ་སྦྱར་འདུག་སྟེ། གཅིག་ནི་སློབ་དཔོན་ཡང་དག་བདེན་པའི་ལུགས་ལྟར་རྒྱལ་པོའི་ཁབ་བྱ་རྒོད་ཕུང་པོའི་རིར་འཁོར་དགེ་སློང་དགུ་ཁྲི་དགུ་སྟོང་ལ་མདོ་སྡེ་འདི་གསུངས་པར་བསྟན་པ་གཅིག་དང་། ཅིག་ཤོས་ནི་གཞལ་མེད་ཁང་རིན་པོ་ཆེ་སྣ་བདུན་མཆོག་ཏུ་འབར་བ་བཀོད་པར་འཁོར་བྱང་སེམས་དཔག་མེད་ལ་མདོ་སྡེ་འདི་གསུངས་པར་བསྟན་པའི་ལུགས་གཉིས་མཆིས། ཕྱི་མ་འདི་ལའང་སློབ་དཔོན་བྱང་ཆུབ་སྲེད་པའི་ལུགས་ལྟར་དྲི་ཞུས་མཛད་པ་པོ་བྱང་སེམས་བཅུ་པོའི་མཚན་མི་སྣང་བ་ཞིག་ཀྱང་དར་འདུག གང་ལྟར་གཞལ་མེད་ཁང་ནས་གསུངས་པར་བསྟན་པའི་གླེང་གཞིའི་ལེའུ་འདིའི་ཁུངས་ལ་སྔོན་ཆད་རང་རེ་རྣམས་བརྟག་དཔྱད་མཛད་པ་སུའང་མི་འདུག་པར་སྣང་ལ། དེའི་ཚིག་དོན་ཡི་གེ་རྣམས་ཀྱང་རྒྱ་དཀར་ནག་གཉིས་དང་། རང་རེ་བོད་རྣམས་ལ་དར་བའི་ཚེ་ན་སོ་སོར་ཁྱད་པར་ཅུང་ཟད་ཤོར་ཞིང་། གླེང་གཞི་རང་གི་འགྲེལ་བ་འགྲེལ་བཤད་རྣམས་དང་། དེ་འབྲེལ་གྱི་མདོ་བསྟན་བཅོས་རྣམས་སུའང་ཕན་ཚུན་ཡི་གེ་མི་མཐུན་པ་དང་། དགོངས་པ་ལེན་ཚུལ་མི་མཚུངས་པ་ཁ་ཡར་མཆིས་པའི་རིགས་ལ་དཔྱད་བརྗོད་མཛད་དེ་རང་ལུགས་བཀོད་ཡོད།
[བརྡ་ཆད་གཙོ་བོ།] འཕགས་པ་དགོངས་པ་ངེས་འགྲེལ་གྱི་མདོ། གླེང་གཞིའི་ལེའུའི་ཁུངས་སྟོན་པ། བསྡུར་དཔྱོད།
[ཀྲུང་གོའི་དཔེ་དེབ་དབྱེ་རྟགས།] B946.6
[ཡིག་ཚང་མཚན་བྱང་།] A
[རྩོམ་གྱི་གོ་རིམ་ཨང་སྒྲིག] 1002-9060-2014-04-0062-19
             འཕགས་པ་དགོངས་པ་ངེས་པར་འགྲེལ་བའི་མདོའམ་ཡོངས་གྲགས་ལ་མདོ་སྡེ་དགོངས་འགྲེལ་ཞེས་བྱ་བའི་གླེང་གཞིའི་ལེའུར་ཆེད་དུ་དཔྱད་པ་བཏང་བ་སྔོན་འཇར་པན་གྱི་མཁས་པ་སེ་ཀུ་བློ་ཞིན་ཆོ་(胜吕信静)དང་། རྒྱའི་ཞིབ་འཇུག་པ་ཀྲང་ཀྲི་ཆཱང་(张志强)གཉིས་ལས་གཞན་ཁོ་བོའི་མཐོང་ཐོས་སུ་མ་བྱུང་། དེ་གཉིས་ལས་མཁས་པ་སེ་ཀུ་བློ་ཞིན་ཆོའི་འདོད་ཚུལ་རྣམས་ནི་ཁོང་གི་གསུང་རྩོམ་《རྣམ་རིག་པའི་གཞུང་ཐོག་མར་དར་བའི་ཚུལ་ལ་དཔྱད་པ་》ཞེས་པའི་གསེབ་ཏུ་ཡོད་ཚུལ་གླེང་ཡང་། མཐུན་རྐྱེན་མ་འཛོམས་པས་དེ་ཉིད་མཇལ་བའི་སྐལ་བ་བློ་དམན་བདག་ལ་ཕྲ་བར་གྱུར། ཡིན་ནའང་། དེའི་ལྟ་ཚུལ་འགངས་ཆེ་བ་དག་རྒྱའི་མཁས་པ་ཀྲང་ཀྲི་ཆཱང་གི་དཔྱད་རྩོམ་མདོ་སྡེ་དགོངས་འགྲེལ་གྱི་གླེང་གཞིའི་ལེའུ་དང་རྒྱ་ནག་འགྲེལ་ཆེན་གཉིས་ལ་ཉམས་ཞིབ་བྱས་པ་ལས་འཕྲོས་ཏེ་ཝེན་ཚེག་གི་《སེམས་ཙམ་སྐོར་གྱི་འདོད་ཚུལ་གླེང་བ་》①ཞེས་པར་དངོས་ཤུགས་གང་རུང་ནས་མངོན་འདུག་པས། རྒྱ་དང་འཇར་པན་གྱི་མཁས་པ་འདི་གཉིས་ཀྱི་དཔྱད་འབྲས་ལ་དེ་ལྟར་སྡེབ་གཅིག་ཏུ་ལེགས་པར་མཇལ་བ་ཡིན། དེ་གཉིས་སུ་སྔོན་མེད་ལེགས་བཤད་དང་། བློ་ལྡན་རྣམས་ལ་བློ་སྐྱེད་སྟེར་བའི་ལྟ་ཚུལ་གང་ཇི་སྙེད་ཅིག་བཞུགས་པ་ཞུ་མ་དགོས་ནའང་། བོད་ལ་འགྱུར་བའི་དགོངས་པ་ངེས་འགྲེལ་གྱི་མདོ་དང་། དེའི་འགྲེལ་བ་དང་རྣམ་བཤད། དེ་མིན་བོད་རང་གི་འབྲེལ་ཡོད་བསྟན་བཅོས་དག་དང་སྦྱར་ནས་དཔྱད་པ་ཆེར་མི་སྣང་བས། འདིར་ཡང་དེ་ཙམ་ཞིག་ཡིད་ལ་བཅགས་ནས་རྩོམ་ཕྲན་འདི་འབྲི་འདུན་སྐྱེས་པ་ཡིན། དེ་བཞིན་དུ་རང་རེའི་མཁས་པ་འགའ་རེས་ཀྱང་གླེང་གཞིའི་ལེའུ་འདིར་མཐའ་དཔྱོད་གནང་བ་འཁྲུལ་མེད་ཤ་སྟག་ཏུ་ངེས་ནའང་། ད་རུང་དཔྱད་འོས་སུ་ཆེ་བའི་དོན་རེ་འགའ་མཐོང་ནས་འདི་འདྲ་ཞིག་འབྲི་བར་བརྩམས་སོ།།
དང་པོ། མདོ་སྡེ་དགོངས་འགྲེལ་གྱི་གླེང་གཞིའི་ལེའུ་གྲུབ་སྟངས་ཀྱི་སྐོར། 
             བཀའ་འགྱུར་དུ་བཞུགས་པའམ་ད་ལྟའི་《མདོ་སྡེ་དགོངས་འགྲེལ་》གྱི་གླེང་གཞིར་②ཤོག་ལྷེ་དྲས་ཀ་འབྲིང་པོའི་ལྡེབ་ངོས་གསུམ་ཙམ་བཞུགས་ཤིང་། གཙོ་བོ་དེ་བཞིན་གཤེགས་པའི་གནས་དང་། ཡོན་ཏན་དང་། འཁོར་ཕུན་སུམ་ཚོགས་པ་རྣམས་རྒྱས་པར་གསུངས་ཡོད་དེ། དེ་རྣམས་རིམ་བཞིན་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པའི་གནས་དངོས་པོ་བཅོ་བརྒྱད་དམ་ཕུན་སུམ་ཚོགས་པའི་རྣམ་པ་བཅོ་བརྒྱད་ཀྱིས་བསྟན་ཞིང་། སྟོན་པ་པོའི་ཡོན་ཏན་ནི་ཕུན་སུམ་ཚོགས་པ་ཉི་ཤུ་རྩ་གཅིག་གིས་བསྟན། ཉན་ཐོས་ཀྱི་འཁོར་ནི་ཡོན་ཏན་བཅུ་གསུམ་གྱིས་བསྟན། བྱང་སེམས་ཀྱི་འཁོར་ནི་ཆེན་པོ་བཅུ་དང་། ས་བཅུ་དང་། ཕ་རོལ་ཏུ་ཕྱིན་པ་བཅུ། སྨོན་ལམ་བཅུ་ལ་སོགས་པས་བསྟན་ཏེ། ཞིབ་ཏུ་སངས་རྒྱས་ཀྱི་སའི་རྣམ་བཤད་དང་། རྒྱ་ནག་འགྲེལ་ཆེན་དང་། བྱང་ཆུབ་རྫུ་འཕྲུལ་གྱི་དགོངས་འགྲེལ་རྣམ་བཤད་སོགས་ལས་ཤེས་པར་བྱ་ཞིང་། གླེང་གཞིའི་ཚིག་དོན་རྣམས་བསྡུས་ན། བཅོམ་ལྡན་འདས་གཞལ་མེད་ཁང་རིན་པོ་ཆེ་སྣ་བདུན་མཆོག་ཏུ་འབར་བ་བཀོད་པ་ཞེས་པ་ནས་རིན་པོ་ཆེའི་པད་མའི་རྒྱལ་པོ་ཆེན་པོ་ཡོན་ཏན་གྱི་ཚོགས་མཐའ་ཡས་པས་བརྒྱན་པའི་བཀོད་པ་ལ་བསྟེན་པ་ན་བཞུགས་ཏེ་ཞེས་པའི་བར་གྱིས་གནས་ཕུན་སུམ་ཚོགས་པ་དང་། བཅོམ་ལྡན་འདས་ལེགས་པར་ཐུགས་སུ་ཆུད་པའི་བློ་དང་ལྡན་པ་ཞེས་པ་ནས། མཐའ་དང་དབུས་མེད་པའི་སངས་རྒྱས་ཀྱི་ས་མཉམ་པ་ཉིད་ཐུགས་སུ་ཆུད་པ། ཆོས་ཀྱིས་དབྱིངས་ཀྱིས་ཀླས་པ།ནམ་མཁའི་ཁམས་ཀྱི་མཐས་གཏུགས་པ་དེ་ཞེས་པའི་བར་གྱིས་སྟོན་པ་ཕུན་སུམ་ཚོགས་པར་བསྟན་པ། ཉན་ཐོས་ཀྱི་དགེ་འདུན་ཚད་མེད་པ་ཐམས་ཅད་ཀྱང་ཅང་ཤེས་པ་ཞེས་པ་ནས་དེ་བཞིན་གཤེགས་པའི་བཀའ་ལ་ཤིན་ཏུ་ཞུགས་པ་ཤ་སྟག་དང་ཞེས་པའི་བར་གྱིས་ཐེག་པ་ཐུན་མོང་བའི་འཁོར་བསྟན་པ་དང་། སངས་རྒྱས་ཀྱི་ཞིང་ཐ་དད་པ་ནས་བཏུས་པའི་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པ་ཐམས་ཅད་ཀྱང་ཆེན་པོ་ལ་གནས་ཤིང་ཡང་དག་པར་ཞུགས་པ་ཞེས་པ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇམ་དཔལ་ལ་སོགས་པ་དང་ཐབས་གཅིག་གོ་ཞེས་པའི་བར་གྱིས་ཐེག་པ་ཐུན་མིན་གྱི་འཁོར་བསྟན་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དོན་ཟབ་དགོངས་པ་ངེས་འགྲེལ་དང་། ཚུལ་བཞིན་ཀུན་འདྲི་དང་། ཆོས་འཕགས་དང་། བློ་གྲོས་ཤིན་ཏུ་རྣམ་དག་དང་། བློ་གྲོས་ཡངས་པ་དང་། ཡོན་ཏན་འབྱུང་གནས་དང་། དོན་དམ་ཡང་དག་འཕགས་དང་། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇམ་དཔལ་ཞེས་པས་ཞུ་བ་པོ་བསྟན་པ་སྟེ་མང་དུ་ཐོས་པ་པད་དཀར་བཟང་པོའི་《མདོ་སྡེ་སྤྱིའི་རྣམ་གཞག་》③ལྟར་བྲིས་པ་ཡིན་ལ། སློབ་དཔོན་ཡང་དག་བདེན་པས་ནི་འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན་ལ་སོགས་ཡིད་ཆེས་པར་བྱེད་པའི་གླེང་གཞིའི་དོན་དམིགས་སུ་བཀར་ནས་ཀྱང་སྟོན་ཏེ། “འདི་སྐད་ཅེས་བྱ་བ་ནི་ཐོས་པའི་ཆོས་སྨྲོས་པ་སྟེ། མདོ་སྡེ་གཅིག་གི་ཡི་གེ་དང་། དོན་ལ་ངེས་པ་ཁོ་ནར་ཡིད་ཆེས་པར་གྱུར་པའོ།། བདག་གིས་ཞེས་བྱ་བ་ནི་དོན་ངེས་པར་ནུས་པའི་གང་ཟག་བསྟན་པ་དང་། ཀུན་དགའ་བོ་ལ་སོགས་པའོ།། ཐོས་པ་ཞེས་བྱ་བ་ནི་གསུང་མངོན་སུམ་དུ་མནོས་པའོ།། དུས་གཅིག་ན་ཞེས་བྱ་བ་ནི་ཐོས་པའི་ཆོས་དེ་ཤིན་ཏུ་དུས་དང་མཚན་མར་གྱུར་པར་བསྟན་པའོ།། བཅོམ་ལྡན་འདས་ཞེས་བྱ་བ་ནི་བཤད་པའི་སྟོན་པ་བསྟན་པའོ།། རིན་པོ་ཆེ་མཆོག་ཏུ་འབར་བ་ལ་སོགས་པས་ནི་གསུངས་པའི་གནས་ཡོད་པར་བསྟན་པའོ།། ཉན་ཐོས་ཀྱི་དགེ་འདུན་ཆེན་པོ་ཚད་མེད་པ་ཞེས་བྱ་བ་ལ་སོགས་པས་ནི་གཅིག་པུས་ཐོས་པ་མ་ཡིན་པར་བསྟན་ཏོ་” ④ཞེས་དོན་ཚན་བདུན་ནམ་དངོས་པོ་བདུན་དུ་འགྲེལ་ཏོ།། ཡང་བྱང་ཆུབ་རྫུ་འཕྲུལ་གྱིས་མཛད་པར་གྲགས་པའི་དགོངས་འགྲེལ་རྣམ་བཤད་ལས།“དུས་ཕུན་སུམ་ཚོགས་པ་དང་། སྟོན་པ་ཕུན་སུམ་ཚོགས་པ་དང་། བཅོམ་ལྡན་འདས་ཀྱི་གནས་ཕུན་སུམ་ཚོགས་པ་དང་། ཡོན་ཏན་ཕུན་སུམ་ཚོགས་པ་དང་། འཁོར་ཕུན་སུམ་ཚོགས་པ་”⑤ཞེས་ལྔར་དབྱེ་ཞིང་། ཕུན་ཚོགས་སྔ་མ་གཉིས་ཐུན་མོང་དང་། ཕྱི་མ་གསུམ་ཐུན་མོང་མ་ཡིན་པའི་གླེང་གཞིའི་ཁྱད་པར་དུ་བྱས་ནས་ཀྱང་འགྲེལ་ཏོ།། དབྱེ་སྡུད་མི་འདྲ་བ་འདི་རིགས་བྱུང་བའི་རྒྱུ་མཚན་གཅིག་ནི་གླེང་གཞིའི་ཡི་གེའམ་དེའི་གྲུབ་སྟངས་མ་མཐུན་པས་ཡིན་པར་སྣང་སྟེ། སློབ་དཔོན་ཡང་དག་བདེན་པ་ལྟར་ན། བཅོམ་ལྡན་འདས་ཀྱི་འཁོར་ལ་ཐེག་པ་ཐུན་མོང་གི་འཁོར་ཉན་ཐོས་སུམ་ཁྲི་དྲུག་སྟོང་སྐོར་ཅིག་བཤད་པ་དང་། ཅིག་ཤོས་གཉིས་ཀྱིས་ཉན་ཐོས་ཙམ་དུ་མ་ཟད། ཐེག་པ་ཐུན་མིན་གྱི་འཁོར་བྱང་སེམས་དཔག་མེད་གསུང་བ་དེ་ལས་ཀྱང་ཟུར་ཙམ་དཔོག་ཐུབ་པ་བཞིན་ཏེ། འོག་ནས་འཆད་པར་འགྱུར་རོ།། གཞན་སློབ་དཔོན་ཡང་དག་བདེན་པའི་ལུགས་ལ། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན་ཞེས་པའི་ཐོས་པ་ནི་བཅོམ་ལྡན་འདས་ཀྱི་གསུང་མངོན་སུམ་དུ་མནོས་པ་ལ་འགྲེལ་ནའང་། དེར་ཅུང་ཟད་བསམ་དགོས་པ་ཞིག་ལ། སྐབས་འདིའི་ཐོས་པ་ནི་གསུང་མངོན་སུམ་དུ་མནོས་པས་མ་ཁྱབ་པར། གང་ཟག་གཞན་དང་གཞན་ལས་བརྒྱུད་དེ་ཐོས་པ་ལའང་བྱེད་པར་སྣང་སྟེ། “སྤྱིར་སྟོན་པས་གསུང་ཚད་མཐའ་གཅིག་ཏུ་དེ་ལས་ཐོས་པའང་མ་ཡིན་ཏེ། ་་་་་་ ཀུན་དགའ་བོས་ཁོ་བོས་འདི་དག་སྟོན་པའི་ཐད་ནས་ཐོས་པའང་ཡོད། གང་ཟག་གཞན་དང་གཞན་ལས་བརྒྱུད་དེ་ཐོས་པའང་ཡོད་ཅེས་བཤད་པ་ལྟ་བུ་ཡིན་”⑥ཞེས་ཀུན་མཁྱེན་འཇམ་དབྱངས་བཞད་པའི་དྲང་ངེས་ཆེན་མོར་གསུངས་པ་བཞིན་ཏེ། གནའ་བོའི་ཡིག་ཚང་འཕེལ་རིམ་གྱི་ངོས་ནས་གླེང་ནའང་འདི་ཁོ་ན་འཐད་པ་འདྲའོ།།
གཉིས་པ། མདོ་གཞན་ལའང་མདོ་སྡེ་དགོངས་འགྲེལ་གྱི་གླེང་གཞིའི་ལེའུ་འདི་ཉིད་སྦྱར་ཚུལ་སྟོན་པ།
             ལར་ཆེད་དུ་བྱ་བའི་གདུལ་བྱ་དང་དགོས་པ། བརྗོད་བྱ་གང་ལ་དཔག་ཀྱང་མདོ་དུ་མར་གླེང་གཞི་མཐུན་པ་གཅིག་བྱུང་ན་བློ་ངོར་ཧ་ཅང་མི་བདེ་བ་ཞིག་ཡིན་མི་འོས་ནའང་། དེ་འདྲ་ཕྲན་གྱིས་སྔོན་ཆད་མཐོང་མྱོང་ཆེར་མེད། ད་ལན་མདོ་སྡེ་དགོངས་འགྲེལ་གྱི་ཚིག་ཙམ་ལ་ཡིན་ཡང་བག་ཆགས་རེ་འཇོག་ཨེ་ཐུབ་བལྟ་བའི་མོད་ལ། དེའི་གླེང་གཞིའི་ལེའུ་ནི་སངས་རྒྱས་ཀྱི་སའི་མདོའི་གླེང་གཞི་དང་གཅིག་ཏུ་འཁེལ་བ་མཐོང་ནས་ཅུང་ཟད་ཡ་མཚན་པར་གྱུར། རྒྱུ་མཚན་ནི་གླེང་གཞི་ལེའུ་འདི་སྔོན་ཆད་བཀའ་བསྡུ་མཛད་པའི་ཚེ་ན་མདོ་དེ་གཉིས་ལས་གང་གི་དབང་དུ་བྱས་སམ་སྙམ་པ་ཡིན། དེ་ཡང་སངས་རྒྱས་ཀྱི་སའི་མདོ་ནི་ཐེག་པ་ཆེན་པོའི་མདོ་ཡིན་ཞིང་། བཀའ་འཁོར་ལོ་ཐ་མར་གཏོགས་པ་ཡིན། ཤོ་ལོ་ཀ་ཉིས་བརྒྱ་བཞུགས་པར་གྲགས། ཆོས་ཀྱི་དབྱིངས་རྣམ་པར་དག་པ་དང་། མེ་ལོང་ལྟ་བུའི་ཡེ་ཤེས་དང་། མཉམ་པ་ཉིད་ཀྱི་ཡེ་ཤེས་དང་། སོ་སོར་རྟོག་པའི་ཡེ་ཤེས་དང་། བྱ་བ་གྲུབ་པའི་ཡེ་ཤེས་བཅས་སངས་རྒྱས་ཀྱི་ས་ཡེ་ཤེས་ལྔས་བསྡུས་ཏེ་བསྟན་པ་ཞིག་ཡིན། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། ཤཱི་ལནྡྲ་བོ་ངྷི་དང་། པྲཛྙཱ་ཝར་རྨ་དང་། ལོ་ཙཱ་བ་ཡེ་ཤེས་སྡེས་ཊཱིཀ་དང་སྦྱར་ཏེ་གསར་དུ་བསྒྱུར་ཅིང་ཞུས་པ་⑦ཞེས་སི་ཏུའི་《བཀའ་འགྱུར་དཀར་ཆག་》ཏུ་གསུང་། འདིར་བཤད་པའི་ཊཱིཀ་ནི་སློབ་དཔོན་ངང་ཚུལ་བཟང་པོས་མཛད་པའི་མདོ་འདིའི་རྣམ་བཤད་ཡིན་ཞིང་། བོད་ལ་མ་གཏོགས་རྒྱ་ནག་ཏུ་དེ་ཉིད་མ་འགྱུར་ཏེ། ངང་ཚུལ་བཟང་པོ་ནི་ཧྱན་ཙང་རྒྱ་གར་དུ་བརྟོལ་དུས་བླ་མ་གཙོ་བོ་དང་། ནཱ་ལེན་དཱའི་མཁན་པོའང་ཡིན་མོད། འདི་ཉིད་ཇི་ལྟ་བ་བཞིན་མ་འགྱུར་བར་རྒྱུ་མཚན་ཅིག་ལོས་ཡོད་འདོད། དབྱིག་གཉེན་དང་ཉེ་བའི་འོད་ཀྱི་འགྲེལ་བ་ནི་རྒྱ་ནག་ལ་འགྱུར་འདུག་ཀྱང་བོད་ལ་མ་གྲགས་སོ།། སངས་རྒྱས་ཀྱི་སའི་མདོ་འདི་ཏུན་ཧོང་གཏེར་ཡིག་ཏུའང་བུད་ཡོད་མོད། འོན་ཀྱང་གླེང་གཞི་ལེའུ་སོགས་ཆད་འདུག
             《མདོ་སྡེ་དགོངས་འགྲེལ་》དང་། 《སངས་རྒྱས་ཀྱི་སའི་མདོའི་གླེང་གཞི་》གཉིས་གཅིག་ཏུ་འབྱུང་ཡང་། དེ་གཉིས་སུ་ཡི་གེ་ཕྲན་བུའི་ཆད་ལྷག་ཤོར་བ་ནི། དེའི་བཅོམ་ལྡན་འདས་ཀྱི་ཞམ་འབྲིང་ཕུན་སུམ་ཚོགས་པར་གསུང་བའི་སྐབས་ན། དགོངས་འགྲེལ་དུ། “ལྷ་དང་། ཀླུ་དང་།གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་དང་མི་མ་ཡིན་དང་”⑧ཞེས་འབྱུང་བར། སངས་རྒྱས་ཀྱི་སའི་མདོར། ལྟོ་འཕྱེ་ཆེན་པོ་དང་མི་གཉིས་ཀྱི་བར་དུ་“བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་སྐྱོང་བ་”⑨ཞེས་ལྷག་མ་བྱུང་། དེ་ནི་གཞན་མ་ཡིན་པར་དུས་ཕྱིས་ག་ཤེད་ཅིག་ཏུ་བཅུག་པར་སྣང་། རྒྱུ་མཚན་ནི་སངས་རྒྱས་ཀྱི་སའི་མདོའི་རྒྱ་འགྱུར་དང་དེའི་འགྲེལ་བ་ཉེ་བའི་འོད་ཀྱི་གསུང་ན་མཚན་དེ་གསུམ་རྩ་བ་ནས་མི་སྣང་བ་དང་། ཁྱད་པར་དུ་ཡེ་ཤེས་སྡེ་སོགས་ཀྱིས“ཊཱིཀ་དང་སྦྱར་ཏེ་བསྒྱུར”བའི་ཊཱིཀ་སྟེ་ངང་ཚུལ་བཟང་པོས་མཛད་པའི་སངས་རྒྱས་ཀྱི་སའི་མདོའི་རྣམ་བཤད་རང་ནའང་མི་གསལ་ཞིང་མ་བྱུང་བའི་ཕྱིར། དེ་བཞིན་དུ་ཐོགས་མེད་ཀྱི་གཞུང་ཐེག་བསྡུས་དང་། དེའི་འགྲེལ་བ་དང་བཤད་སྦྱར་རྒྱ་དང་བོད་ལ་འགྱུར་བ་རྣམས་སུའང་དྲེགས་པའི་ལྷ་དེ་གསུམ་གྱི་མཚན་གང་ཡང་མ་བྱུང་བའི་ཕྱིར་ཏེ། གཞན་དུ་ན་ཕྱི་མ་འདི་རྣམས་ལ་འགྱུར་ཆད་བྱུང་བར་ཐལ་ལོ།། འོ་ན། དེ་ལྟར་བཅུག་པ་བདེན་ན། ལེགས་སྦྱར་རང་སྐད་དུ་བཅུག་པ་དེ་ཉིད་བོད་ལ་མཆེད་པ་དང་། དེ་མིན་བོད་ཡིག་ལ་བསྣན་པའི་དོན་གང་རུང་ལས་འདའ་ས་མེད་འདོད། དེ་ལྟར་གླེང་གཞིའི་ལེའུ་འདི་ནི་དགོངས་འགྲེལ་གྱི་མདོ་ཁོ་ན་མ་ཡིན་པར། མདོ་གཞན་ལའང་ཇི་ལྟ་བ་བཞིན་སྦྱར་ནས་སྣང་ངོ་།།
གསུམ་པ། མདོ་སྡེ་དགོངས་འགྲེལ་གྱི་གླེང་གཞིའི་ལེའུའི་ཁུངས་ལ་བརྟག་པ།
             བཤད་ཟིན་དེ་མ་ཐག་པར་ལྟར། སངས་རྒྱས་ཀྱི་སའི་མདོར་ཡང་གླེང་གཞི་དེ་བྱུང་འདུག་པས། དེ་ཉིད་སྔོན་བཀའ་བསྡུ་མཛད་པའི་ཚེ་ན་ཐོག་མར་སངས་རྒྱས་ཀྱི་སའི་མདོའི་དབང་དུ་བྱས་པ་ཡིན་ནམ། ཡང་ན་ད་ལྟའི་དགོངས་འགྲེལ་གྱི་མདོ་རང་ཉིད་ཀྱི་དབང་དུ་བྱས་པ་ཡིན། ཡང་ན་དེ་གཉིས་ཀའང་མ་ཡིན་པར་མདོ་གཞན་ཞིག་གི་དབང་དུ་བྱས་པ་ཡིན། དེ་མིན་དགོངས་འགྲེལ་རང་ལ་མདོ་རྒྱས་བསྡུས་གཉིས་བྱོན་པ་ལས་གང་རུང་ཞིག་གི་དབང་དུ་བྱས་པ་ཡིན་ནམ། དེ་ལ་དང་པོ་དགོངས་འགྲེལ་གྱི་མདོ་རྒྱས་བསྡུས་གཉིས་ངོས་འཛིན་དང་། དེའི་འཕྲོར་གླེང་གཞིའི་ཁུངས་བརྟག་དོན་དངོས་བཤད་པ་ལ།
             1.དགོངས་འགྲེལ་གྱི་མདོ་རྒྱས་བསྡུས་གཉིས་ཀྱི་སྐོར། རང་ཉིད་ཀྱིས་བོད་ཀྱི་ཆོས་གཞུང་རྣམས་སུ་མདོ་སྡེ་དགོངས་འགྲེལ་ལ་དཔེ་རྒྱས་བསྡུས་གཉིས་བཞུགས་པའི་གསུང་སྒྲོས་ཆེར་མ་ཐོས། དེ་མ་ཟད། ད་ལྟའི་བཀའ་འགྱུར་དུ་བཞུགས་པ་འདིའི་ཕན་ཆད་ན་བོད་ལ་དགོངས་འགྲེལ་གྱི་མདོའི་དཔེ་གཞན་ཡོད་ཚུལ་རྗེ་འཇིགས་མེད་དབང་པོས་“ད་ལྟའི་དགོངས་འགྲེལ་གྱི་དཔེ་ལ་དང་པོར་རབ་འབྱོར་གྱི་ལེའུ་ཞེས་པ་ཞིག་འདུག་” ⑩ཅེས་ཞལ་འཕངས་ཙམ་མཛད་པ་དབལ་མང་པཎཊི་ཏས་ཟིན་བྲིས་སུ་བཀོད་ཡོད་པ་དེ་ལས་གནས་ཚུལ་གཞན་ཡང་མ་གོ རྗེ་འཇིགས་མེད་དབང་པོའི་ཚིག་དེ་ལ་མཁས་མཆོག་འཇིགས་མེད་དམ་ཆོས་རྒྱ་མཚོས“དེ་ད་ལྟའི་དགོངས་འགྲེལ་གྱི་དཔེ་དང་མི་མཐུན་”⑾ཞེས་སྔར་མདོ་འདིའི་དཔེ་གཞན་ཞིག་ཡོད་ངེས་ཀྱང་ཕྱིས་སུ་བཀའ་འགྱུར་དུ་བཞུགས་པའི་དཔེ་འདི་ལས་ཕྱག་ལེན་གྱི་ཡུལ་དུ་མེད་པ་གསལ་བོར་བསྟན། འོན་ཀྱང་། ཏུན་ཧོང་གཏེར་ཡིག་ནའང་དགོངས་འགྲེལ་གྱི་དཔེ་ཞིག་བཞུགས་ཤིང་དེ་ནི་ལེགས་སྦྱར་ནས་མ་ཡིན་པར་རྒྱ་ནག་ནས་ཚུར་འགྱུར་བ་ལྟ་བུར་སྣང་ལ། དེའི་འཕྲིན་ལས་ནི་གཞན་ལྟ་ཅི། བོད་བཙན་པོའི་དུས་སུའང་ཁྱབ་གདལ་དུ་ཕྱིན་ནས་བཀས་བཅད་མཛད་པ་སོགས་རྩ་ཆེན་གྱི་གྲས་སུ་མ་བརྩི་བར་སྣང་བས་ད་རུང་བརྟག
             དགོངས་འགྲེལ་གྱི་འགྱུར་ཅི་ཙམ་བོད་ལ་བྱུང་མིན་གང་ལྟར་ཡང་། དགོངས་འགྲེལ་གྱི་མདོ་ལ་སྔར་རྒྱས་བསྡུས་རིགས་གཉིས་བཞུགས་པར་ཐེ་ཚོམ་གང་ཡང་མེད་དེ། ཝེན་ཚེག་གི་རྒྱ་ནག་འགྲེལ་ཆེན་ལས། “འགྲེལ་བ་དེར། ཡང་དག་བདེན་པས་དོན་དམ་བདེན་པའི་མཚན་ཉིད་རྣམས་གསལ་བར་འདོན་སླད་ཚིགས་ངེས་པར་འགྲེལ་བའི་མདོ་བསྒྱུར་བ་ལགས་ཏེ། ལེའུ་བཅོ་བརྒྱད་བཞུགས་པའི་བར་གྱི་ལེའུ་བཞིའི་སྙིང་པོ་ཙམ་བསྒྱུར་བ་ལས་ལྷག་མ་བཅུ་བཞི་ནི་མ་བསྒྱུར་བར་རང་སོར་བཞག་གསུངས་”ཞེས་པའི་ཚིག་འདིའི་མ་ཡིག་ནི 解云,真谛翻解节经意欲礭明胜义谛相故,十八品内但翻中间四品,略而不翻余十四品⑿ཞེས་པ་དེ་ཡིན་མོད། འགོས་ཆོས་འགྲུབ་ཀྱི་འགྱུར་ལས“འགྲེལ་བ་དེ་ཉིད་ལས་ནི་བར་གྱི་ལེའུ་བཞི་ཉི་ཚེ་རྣམ་པར་བཤད་པའི་ཕྱིར་རོ་” ཞེས་ཤིན་ཏུ་བསྡུས་ནས་བསྒྱུར་ཏེ་མདོ་སྡེ་དགོངས་འགྲེལ་རྒྱས་པའི་ཐད་ཀྱི་གནས་ཚུལ་དེ་རིགས་མི་མཐོང་བར་གནང་འདུག་པས། བློ་རྟུལ་པོ་ངས་དེའི་དོན་ཇི་བཞིན་མ་གོ་ནས་འདིར་གསར་དུ་བསྒྱུར་ཁུལ་ཙམ་བྱས་ཤིང་། ལུང་འདིའི“དོན་དམ་བདེན་པའི་མཚན་ཉིད”ཅེས་པ་བོད་རང་གི་ལེའུ་བགར་སྟངས་ལྟར་ན་དོན་ཟབ་དགོངས་པ་ངེས་འགྲེལ་དང་ཚུལ་བཞིན་ཀུན་འདྲི་གཉིས་བར་གྱི་དྲི་ལན་དང་། ཆོས་འཕགས་དང་། བློ་གྲོས་རྣམ་དག་དང་། རབ་འབྱོར་གྱི་དྲི་ལན་བཅས་ལེའུ་བཞི་བསྟན་པ་ཡིན་ཏེ། མདོར་ན་ཡང་དག་བདེན་པས་ལེའུ་འདི་བཞི་བོའི་དོན་ཏེ་དོན་དམ་བདེན་པའི་མཚན་ཉིད་རྣམས་ཚན་བསྒྱུར་བྱས་པར་བསྟན་ཅིང་། ལུང་འདིས་མདོ་སྡེ་དགོངས་འགྲེལ་ལ་དཔེ་རྒྱས་བསྡུས་གཉིས་བཞུགས་པ་མ་ཟད། དཔེ་རྒྱས་པ་དེ་ལ་ལེའུ་བཅོ་བརྒྱད་ཡོད་ཚུལ་གསལ་བོར་བསྟན་འདུག གཞན་ཡང་། རྒྱའི་གནའ་རབས་བསྟན་བཅོས་མཆོག་གསུམ་གསུང་ཟིན་(历代三宝记)དུ་གྲགས་པར། དགོངས་འགྲེལ་གྱི་མདོ་བསྟན་ནས“མདོ་འདིར་སྤྱིར་ལེའུ་བཅོ་བརྒྱད་བཞུགས་ཀྱང་། དེང་སང་མཐོང་བ་ནི་དེའི་བམ་པོ་བཞི་བའི་ལེའུ་གཅིག་ཁོ་ན་སྟེ། ཡང་དག་བདེན་པས་མདོའི་སྙིང་པོ་བཏུས་ནས་བཏོན་པ་དེའོ་”⒀ཞེས་འབྱུང་བས་ཀྱང་དགོངས་འགྲེལ་གྱི་མདོ་རྒྱས་བསྡུས་གཉིས་ཀྱི་དབྱེ་བ་དང་། འཆད་ཉན་གྱི་རྣམ་པ་སོགས་ཕྱོགས་འགྲོ་ཙམ་ངེས་ཐུབ་མོད། མདོ་སྡེ་དགོངས་འགྲེལ་རྒྱས་པ་དེ་ནི་གནའ་སྔ་མོ་སྔ་མོ་ཞིག་ནས་ནུབ་སྟེ་དེང་སང་འཛམ་གླིང་ན་མཇལ་རྒྱུ་མེད་པར་བཤད་དོ།། 
             དེས་ན། བོད་དང་རྒྱ་ནག་ཏུ་འགྱུར་པ་འདི་དག་ལེགས་སྦྱར་གྱི་དཔེ་རྒྱས་པ་ཡིན་ནམ་ཡང་ན་བསྡུས་པ་ཡིན།རྒྱས་བསྡུས་སོ་སོའི་གཞུང་ཚད་ཀྱང་ཅི་ཙམ་ཡིན་ཚུལ་རྣམས་འདིར་ཅིས་ཀྱང་ངེས་དགོས་ནའང་། དོན་དེ་རིགས་བསྟན་བཅོས་གཞན་དུ་མི་གསལ་མོད་འགོས་ཆོས་གྲུབ་ཀྱིས་བསྒྱུར་བའི་ཝེན་ཚེག་གི་རྒྱ་ནག་འགྲེལ་ཆེན་ལས། “མདོ་སྡེ་འདི་ལ་དཔེ་རྣམ་པ་གཉིས་བཞུགས་པ་ལས། དང་པོ་ནི་དཔེ་རྒྱས་པ་སྟེ། ཤུ་ལོ་ཀ་འབུམ་བཞུགས་སོ།། གཉིས་པ་ནི་བསྡུས་པ་སྟེ། ཤུ་ལོ་ཀ་སྟོང་ལྔ་བརྒྱ་བཞུགས་སོ་” ⒁ཞེས་གསུངས་པས།བཀའ་འགྱུར་གྱི་མདོ་འདི་ལེགས་སྦྱར་གྱི་མ་དཔེ་བསྡུས་པ་དེ་ཉིད་ཡིན་པ་ཤེས་ཏེ། འདི་ལ་ཤོ་ལོ་ཀ་སྟོང་དང་ལྔ་བརྒྱ་ལས་མི་འདའ་བར་སྣང་བའི་ཕྱིར། དེ་བཞིན་དུ་རྒྱ་ནག་ཏུ་དགོངས་འགྲེལ་གྱི་མདོའི་འགྱུར་མི་འདྲ་བ་བཞི་བྱུང་བ་རྣམས་ཀྱང་དཔེ་བསྡུས་པ་ཁོ་ན་ལས་འགྱུར་བར་ཝེན་ཚེག་གིས་བཞེད་ཀྱང་། དེང་སང་གི་ཞིབ་འཇུག་པ་སེ་ཀུ་བློ་ཞིན་ཆོ་དང་ཀྲང་ཀྲི་ཆཱང་སོགས་ཀྱིས་སློབ་དཔོན་ཡང་དག་བདེན་པའི་འགྱུར་དེ་མ་དཔེ་རྒྱས་བསྡུས་གང་ནས་ཁོལ་ཕྱུང་དུ་བསྒྱུར་མིན་ད་རུང་སྒྲོ་འདོགས་མི་ཆོད་ལ། ཡོན་ཏན་བཟང་པོའི་འགྱུར་དེའང་རྒྱས་བསྡུས་གང་ནས་ཕྱུང་སྟེ་ཚན་བསྒྱུར་མཛད་མིན་མི་ཤེས་པར་དཔོག་གོ།⒂
             2.མདོ་སྡེ་དགོངས་འགྲེལ་གྱི་གླེང་གཞིའི་ཁུངས་བརྟག་པ་དངོས། གཏོས་ཆེ་བའི་རྒྱལ་བའི་གསུང་རབ་བསྟན་བཅོས་རྣམས་ལས་གླེང་གཞིའི་ལེའུ་འདི་འབྱུང་བ་སངས་རྒྱས་ཀྱི་སའི་མདོ་དང་། དགོངས་འགྲེལ་གྱི་མདོ་གཉིས་ཙམ་མ་ཡིན་པར། འཕགས་པ་ཐོགས་མེད་ཀྱི་གཞུང་ཐེག་བསྡུས་ལས་ཀྱང་དེ་དག་དང་མཚུངས་པར་ཐོན་ཏེ། དེའི་ཡེ་ཤེས་ཀྱི་ཁྱད་པར་བསྟན་པ་ལས། “སངས་རྒྱས་རྣམས་ཀྱི་ཞིང་ཡོངས་སུ་དག་པ་ཇི་ལྟར་རིག་པར་བྱ་ཞེ་ན།བྱང་ཆུབ་སེམས་དཔའི་སྡེ་སྣོད་སྟོང་ཕྲག་བརྒྱ་བའི་མདོ་སྡེའི་གླེང་གཞི་ལས་ཇི་སྐད་གསུངས་པ་ལྟ་བུ་སྟེ། བཅོམ་ལྡན་འདས་གཞལ་མེད་ཁང་ཆེན་པོ་རིན་པོ་ཆེ་སྣ་བདུན་མཆོག་ཏུ་འབར་བ་བཀོད་པ། འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པ་རྒྱས་པར་འགེངས་པའི་འོད་ཟེར་ཆེན་པོ་ཤིན་ཏུ་འབྱུང་བ།གནས་ཀྱི་བྱེ་བྲག་ཤིན་ཏུ་རྣམ་པར་ཕྱེ་བ་ཚད་མེད་པ་རྣམ་པར་གཞག་པ། དཀྱིལ་འཁོར་ཡོངས་སུ་མ་ཆད་པ། ཁམས་གསུམ་པ་ལས་ཡང་དག་པར་འདས་པའི་སྤྱོད་ཡུལ། འཇིག་རྟེན་ལས་འདས་པ་དེའི་སྤྱོད་ཡུལ། འཇིག་རྟེན་ལས་འདས་པ་དེའི་བླ་མའི་དགེ་བའི་རྩ་བ་ལས་བྱུང་བར་དབང་སྒྱུར་བའི་རྣམ་པར་རིག་པ་ཤིན་ཏུ་རྣམ་པར་དག་པའི་མཚན་ཉིད།དེ་བཞིན་གཤེགས་པའི་གནས། བྱང་ཆུབ་སེམས་དཔའ་ཆེན་པོའི་རྟེན། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་།དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་།མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་དང་མི་མ་ཡིན་པ་ཚད་མེད་པ་རྣམ་པར་རྒྱུ་བ། ཆོས་ཀྱི་རོའི་དགའ་བ་དང་། བདེ་བ་ཆེན་པོས་བརྟན་པ། སེམས་ཅན་ཐམས་ཅད་ཀྱི་དོན་མཛད་པས་ཉེ་བར་གནས་པ། ཉོན་མོངས་པའི་གནོད་པ་ཐམས་ཅད་དང་བྲལ་བ། བདུད་ཐམས་ཅད་ཡོངས་སུ་སྤངས་པ། ཐམས་ཅད་ཀྱི་བདོག་པ་ལས་ལྷག་པ།དེ་བཞིན་གཤེགས་པའི་བྱིན་གྱིས་རླབས་ཀྱིས་བཀོད་པ།དྲན་པ་དང་བློ་གྲོས་དང་། རྟོག་པ་ཆེན་པོས་ངེས་པར་འབྱུང་བ། ཞི་གནས་དང་ལྷག་མཐོང་ཆེན་པོའི་ཐེག་པ།རྣམ་པར་ཐར་པའི་སྒོ་ཆེན་པོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་ནས་འཇུག་པ། ཡོན་ཏན་གྱི་ཚོགས་ཚད་མེད་པས་བརྒྱན་པ། རིན་པོའི་ཆེའི་པདྨའི་རྒྱལ་པོ་ཆེན་པོ་བཀོད་པ་ལ་བརྟེན་པ་ན་བཞུགས་ཞེས་བྱ་བ་སྟེ་” ⒃ཞེས་འབྱུང་ལ། འདིར་ཤིན་ཏུ་གལ་ཆེ་བ་ཞིག་ནི་རང་ཉིད་ཀྱིས་ལུང་འདྲེན་ས་གང་ཡིན་བཤད་འདུག་པ་དེ་ཡིན་ཏེ། “བྱང་ཆུབ་སེམས་དཔའི་སྡེ་སྣོད་སྟོང་ཕྲག་བརྒྱ་པའི་མདོ་སྡེའི་གླེང་གཞིར་”གྲགས་པ་ལས་དྲངས་པར་བཤད་དོ།། འོ་ན། སངས་རྒྱས་ཀྱི་སའི་མདོ་ཡི་མཚན་ལ་“བྱང་ཆུབ་སེམས་དཔའི་སྡེ་སྣོད་སྟོང་ཕྲག་བརྒྱ་པའི་མདོ་སྡེར་” གྲགས་པ་མེད་ཅིང་། ད་ལྟའི་དགོངས་འགྲེལ་གྱི་མདོ་འདིར་ཡང་དེ་སྐད་སྨྲ་བའི་སྒྲོས་མ་རྙེད་པས། མདོ་འདི་གཉིས་ནི་ཐེག་བསྡུས་ཀྱིས་ལུང་འདྲེན་ས་མ་ཡིན་པ་མགྲིན་པ་བསལ་ནས་བཤད་ཆོག དེས་ན། ཐེག་བསྡུས་ཀྱིས་ཁུངས་མཛད་པའི་མདོ་སྡེ་དེ་དང་དེའི་གླེང་གཞི་ནི་དོན་ངོ་མས་གང་ཞིག་ཡིན་ནམ། ཐེག་བསྡུས་རང་གི་འགྲེལ་བ་ངོ་བོ་ཉིད་མེད་ཀྱི་ཐེག་བསྡུས་བཤད་སྦྱར་དང་། དོན་གསང་རྣམ་དབྱེ་གཉིས་སུ་དེའི་སྐོར་ཅི་ཡང་མ་གསུངས། དབྱིག་གཉེན་གྱིས་མཛད་པའི་ཐེག་བསྡུས་འགྲེལ་བར་“གང་ཡང་སྟོང་ཕྲག་བརྒྱ་པའི་མདོ་སྡེའི་གླེང་གཞི་ལས་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་རབ་ཏུ་བསྟན་ཏེ། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་ཕུལ་དུ་བྱུང་བ་གང་ཡིན་པ་དེ་” ⒄ཞེས་བཀྲལ་འདུག་མོད། དེ་རུའང་ཐེག་བསྡུས་རྩ་བའི་ལུང་“བྱང་ཆུབ་སེམས་དཔའི་སྡེ་སྣོད་སྟོང་ཕྲག་བརྒྱ་པའི་མདོ་སྡེའི་”སྐོར་གསལ་བོར་བསྟན་མི་འདུག དེ་བཞིན་དུ་ཧྱན་ཙང་གིས་བསྒྱུར་བའི་ཐེག་བསྡུས་དབྱིག་འགྲེལ་དུའང་དེ་ཁོ་ན་བཞིན་འབྱུང་། འོན་ཀྱང་། འགྱུར་འདི་དག་ལས་སྔ་བ་དུས་རབས་དྲུག་པའི་དཀྱིལ་ཙམ་ལ་བསྒྱུར་བའི་སློབ་དཔོན་ཡང་དག་བདེན་པའི་ཐེག་བསྡུས་དབྱིག་འགྲེལ་རྒྱ་འགྱུར་མ་ལས། “ཐེག་བསྡུས་རྩ་བར། བྱང་ཆུབ་སེམས་དཔའི་སྡེ་སྣོད་སྟོང་ཕྲག་བརྒྱ་པའི་མདོ་སྡེ་ལས་ཇི་སྐད་གསུངས་པ་ལྟ་བུ་ཞེས་བྱུང་། འགྲེལ་བར། ཇི་སྐད་གསུངས་པ་ལྟ་བུ་ཞེས་པ་ནི་མདོ་སྡེ་གང་གིས་གསུངས་པ་ཇི་ལྟ་བུ་བཞིན་ཞེས་པའི་དོན་དང་། སྟོང་ཕྲག་བརྒྱ་པའི་མདོ་སྡེ་ཞེས་པ་ནི་བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས་ཞིང་ཡོངས་སུ་དག་པ་བསྟན་པའི་མདོ་སྡེར་ཤོ་ལོ་ཀ་སྟོང་ཕྲག་བརྒྱ་མཆིས་པས་ན་དེ་སྐད་སྨྲའོ།། ཕལ་པོ་ཆེའི་མདོར་ཡང་ཤོ་ལོ་ཀ་སྟོང་ཕྲག་བརྒྱ་མཆིས་པས་ན་དེ་ལྟར་གྲགས་ལ། མདོ་སྡེ་དེའི་གླེང་གཞིར་ཞིང་ཡོངས་སུ་དག་པའི་མཚན་ཉིད་རྒྱས་པར་གསུངས་འདུག” ཅེས་འབྱུང་བས། འགྱུར་མ་འདི་རུ་ཧྱན་ཙང་གི་འགྱུར་དང་བོད་ཀྱི་འགྱུར་སོགས་དང་མི་མཐུན་པར“བྱང་ཆུབ་སེམས་དཔའི་སྡེ་སྣོད་སྟོང་ཕྲག་བརྒྱ་པའི་མདོ་སྡེ” དང་དེའི་གླེང་གཞིའི་སྐོར་ས་བཅད་མ་སྟོང་ཙམ་ཞིག་ཐོན་འདུག ཡིན་ནའང་། རྒྱ་སྐད་དེ་ཉིད་བརྡ་རྙིང་བར་སོང་བའི་དབང་གིས་ཡིན་ནམ། ཡང་ན་འགྱུར་ཡིག་རབ་རིབ་ཏུ་སྣང་བའི་རྐྱེན་གང་ཡིན་ཆ་མ་འཚལ་མོད། ད་ལྟའི་ཆར་དེ་ལའང་ལུང་དོན་འཇོག་ཚུལ་མི་མཐུན་པ་འགའ་རེ་བྱུང་སྣང་སྟེ། རྒྱའི་ཤཱཀྱའི་དགེ་སློང་ཨིན་སྲུང་(释印顺)གི་ཐེག་བསྡུས་ཁྲིད་ཡིག་ལས། “བྱང་ཆུབ་སེམས་དཔའི་སྡེ་སྣོད་སྟོང་ཕྲག་བརྒྱ་པའི་མདོ་སྡེ་ཞེས་པ་མདོ་བྱེ་བྲག་པ་ཞིག་གི་མཚན་ཡིན། དེ་ལ་ཤོ་ལོ་ཀ་འབུམ་ཞིག་བཞུགས། ཧ་ལམ་ཕལ་པོ་ཆེའི་མདོ་ཡིན་པ་འདྲ། དུས་ཕྱིས་དགོངས་པ་ཟབ་མོ་ངེས་འགྲེལ་གྱི་མདོ་དང་། སངས་རྒྱས་ཀྱི་སའི་མདོ་ཡི་གླེང་གཞིར་ཡང་མདོ་དེའི་གླེང་གཞི་ཉིད་ཀྱིས་རྒྱས་བཀབ་འདུག”⒅ ཅེས་གསུངས། འཇར་པན་གྱི་མཁས་པ་སེ་ཀུ་བློ་ཞིན་ཆོ་ཡིས“བྱང་ཆུབ་སེམས་དཔའི་སྡེ་སྣོད་སྟོང་ཕྲག་བརྒྱ་པའི་མདོ་སྡེ་ཞེས་པ་མདོ་ག་གེ་མོ་ཞིག་ལ་བཤད་པ་མ་ཡིན་པར་སྤྱི་མིང་ཞིག་ཡིན་ཏེ། བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་ཞིང་ཡོངས་སུ་དག་པ་སྟོན་པའི་མདོ་ལ་ཤོ་ལོ་ཀ་སྟོང་ཕྲག་བརྒྱ་བཞུགས་ཏེ། མདོ་ཕལ་པོ་ཆེ་ནི་དེའི་གྲས་ཀྱི་གཅིག་ཡིན་པར་སྣང་། འོན་ཀྱང་དེང་སང་མཇལ་རྒྱུ་ཡོད་པའི་ཕལ་པོ་ཆེའི་གླེང་གཞིར་བྱང་ཆུབ་སེམས་དཔའི་སྡེ་སྣོད་སྟོང་ཕྲག་བརྒྱ་པའི་མདོ་སྡེའི་གླེང་གཞི་བཞིན‘གནས་ཕུན་སུམ་ཚོགས་པ་བཅོ་བརྒྱད’ལྟ་བུར་འགྲེལ་རྒྱུ་མི་འདུག དེ་བས་བྱང་ཆུབ་སེམས་དཔའི་སྡེ་སྣོད་སྟོང་ཕྲག་བརྒྱ་པའི་མདོ་སྡེའི་གླེང་གཞི་ནི་དམིགས་བཀར་གྱིས་མདོ་རེ་གཉིས་ལ་མཛད་པ་མ་ཡིན་པར།སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་སྟོན་པའི་མདོ་གང་རུང་ལ་སྦྱར་ཆོག་པའི་ཕྱིར་མཛད་པ་ཞིག་ཡིན་སྣང་”⒆ཞེས་གླེང་གཞི་དེ་མདོ་གཅིག་ཁོ་ན་མ་ཡིན་པར་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་སྟོན་པའི་མདོ་གང་རུང་ལ་སྦྱོར་བར་བཤད།རྒྱའི་ཞིབ་འཇུག་པ་ཀྲང་ཀྲི་ཆཱང་གིས“ཁོ་བོས་ནི་བྱང་ཆུབ་སེམས་དཔའི་སྡེ་སྣོད་སྟོང་ཕྲག་བརྒྱ་པའི་མདོ་སྡེ་དེ་རྒྱལ་བའི་གསུང་རབ་འགའི་མིང་གི་རྣམ་གྲངས་སུ་མི་བསམ་སྟེ། དེ་ཉིད་ཝེན་ཚེག་གིས་བཤད་པའི་མདོ་སྡེ་དགོངས་འགྲེལ་རྒྱས་པ་ཡིན་པར་ཡང་དཔོག་ཅིང་། འདིར་བཤད་པའི་བྱང་ཆུབ་སེམས་དཔའི་སྡེ་སྣོད་སྟོང་ཕྲག་བརྒྱ་པའི་མདོ་སྡེའི་གླེང་གཞི་དེའང་མདོ་སྡེ་དགོངས་འགྲེལ་རྒྱས་པ་དེ་ཉིད་ཀྱི་གླེང་གཞི་འབའ་ཞིག་ཏུ་འདོད་པས། སེ་ཀུ་བློ་ཞིན་ཆོ་དང་འདོད་ཚུལ་མི་མཐུན་པ་ཡིན”།⒇ དེ་མ་ཟད། “སེ་ཀུ་བློ་ཞིན་ཆོ་ཡིས་མདོ་ཕལ་པོ་ཆེ་ནི་ཤོ་ལོ་ཀ་སྟོང་ཕྲག་བརྒྱ་བཞུགས་པའི་མདོ་སྡེའི་ནང་ཚན་ནམ་བྱེ་བྲག་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་སྟོན་པ་ཞིག་ཏུ་འདོད་མོད། མ་ཤེས་པ་ཡིན་ཏེ། གཞུང་ཚད་ཀྱི་ངོས་ནས་གླེང་ན་མདོ་ཕལ་པོ་ཆེ་རང་ལའང་ཤོ་ལོ་ཀ་སྟོང་ཕྲག་བརྒྱ་བཞུགས་པར་གྲགས་པའི་ཕྱིར་” (21)ཞེས་བཤད།མདོར་ན། བཞེད་ཚུལ་སྔ་མ་ཤཱཀྱའི་དགེ་སློང་ཨིན་སྲུང་དང་སེ་ཀུ་བློ་ཞིན་ཆོ་གཉིས་ཀྱིས་ཕལ་པོ་ཆེ་ལྟ་བུའི་མདོ་སྟེ་མཚན་ལ་“བྱང་ཆུབ་སེམས་དཔའི་སྡེ་སྣོད་སྟོང་ཕྲག་བརྒྱ་པའི་མདོ་སྡེ་”རུ་གྲགས་པ་ཞིག་གི་གླེང་གཞི་དུས་ཕྱིས་སུ་བཀའ་འགྱུར་དུ་བཞུགས་པའི་མདོ་སྡེ་དགོངས་འགྲེལ་དང་སངས་རྒྱས་ཀྱི་སའི་མདོ་གཉིས་ལ་སྦྱར་བར་འདོད་ཅིང་། ཀྲང་ཀྲི་ཆཱང་གིས་ནི་མདོ་གཞན་ཞིག་མ་ཡིན་པར་མདོ་སྡེ་དགོངས་འགྲེལ་ལ་རྒྱས་བསྡུས་གཉིས་སུ་ཕྱེ་བའི་རྒྱས་པའི་གླེང་གཞི་དེ་ཉིད་བཀའ་འགྱུར་དུ་བཞུགས་པའི་མདོ་སྡེ་དགོངས་འགྲེལ་གྱི་དཔེ་བསྡུས་པ་འདི་རང་ལ་སྦྱར་བ་ཙམ་ཡིན་ཟེར། སྔ་མ་གཉིས་ཀྱི་སྒྲུབ་བྱེད་མི་ཤེས་པ་མེད་ཀྱང་། ཕྱི་མ་ཀྲང་ཀྲི་ཆཱང་གིས་རྗེས་སུ་དཔག་པ་དེར་དོན་གཉིས་ཙམ་འདུས་ཏེ།གཅིག་ནི་ཐེག་བསྡུས་སུ་བྱུང་བའི“བྱང་ཆུབ་སེམས་དཔའི་སྡེ་སྣོད་སྟོང་ཕྲག་བརྒྱ་པའི་མདོ་སྡེ”དང་། ཝེན་ཚེག་གིས་གསུངས་པའི“མདོ་སྡེ་དགོངས་འགྲེལ་རྒྱས་པར་ཤུ་ལོ་ཀ་འབུམ་ཞིག་བཞུགས་སོ”ཞེས་པ་གཉིས་གཞུང་ཚད་ཐོད་ཐུག་པའི་ཕྱིར་དང་། གཞན་གཅིག་ནི་མ་གཞི་དཔེ་རྒྱས་བསྡུས་གཉིས་ཀའང་མདོ་སྡེ་དགོངས་འགྲེལ་ཡིན་པ་ལ། དེ་གཉསི ་ཀྱི་གླེང་གཞི་གཅིག་ཏུ་བྱེད་པ་ནི་འབད་མེད་ལྷུན་གྲུབ་ཅིག་དང་། དགག་བྱར་མ་མཆིས་པའི་ལས་ཤིག་ཅི་ལ་མིན་(22)ཞེས་བཤད་པ་དེའོ།།
             དོན་ངོ་མས། 《ཐེག་བསྡུས་》སུ་འབྱུང་བའི་མདོ་སྡེ་དགོངས་འགྲེལ་གྱི་གླེང་གཞིའི་དོན་ནི་གོང་གི་དེ་ཙམ་གྱིས་མི་ཚད་པར། དེ་བཞིན་གཤེགས་པ་ཕུན་སུམ་ཚོགས་པར་སྟོན་པའི་ཚིག་ཉེར་གཅིག་རྣམས་ཀྱང་ཇི་ལྟ་བ་བཞིན་མཆིས་ཏེ། “ཤིན་ཏུ་རྣམ་པར་དག་པའི་བློ་མངའ་བ་ཀུན་ཏུ་སྤྱོད་པ་གཉིས་མི་མངའ་བ། མཚན་ཉིད་མེད་པའི་ཆོས་ལ་མཆོག་ཏུ་གཞོལ་བར་མཛད་པ། སངས་རྒྱས་ཀྱི་གནས་པས་གནས་པ། སངས་རྒྱས་ཐམས་ཅད་ཀྱང་མཉམ་པ་ཉིད་བརྙེས་པ། སྒྲིབ་མ་མི་མངའ་བས་རྟོགས་པར་ཐུགས་སུ་ཆུད་པ། ཕྱིར་མི་ལྡོག་པའི་ཆོས་དང་ལྡན་པ། སྤྱོད་ཡུལ་གྱིས་མི་འཕྲོགས་པ། རྣམ་པར་བཞག་པ་བསམ་གྱིས་མི་ཁྱབ་པ། དུས་གསུམ་མཉམ་པ་ཉིད་དུ་ཐུགས་སུ་ཆུད་པ། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཁྱབ་པའི་སྐུ་དང་ལྡན་པ། ཆོས་ཐམས་ཅད་ལ་ཐེ་ཚོམ་མེད་པའི་ཡེ་ཤེས་མངའ་བ། སྤྱོད་པ་ཐམས་ཅད་དང་ལྡན་པའི་བློ་མངའ་བ། ཆོས་མཁྱེན་པ་ལ་ནེམ་ནུར་མེད་པ། རྣམ་པར་མ་བརྟགས་པའི་སྐུ་མངའ་བ། ཡེ་ཤེས་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ཡང་དག་པར་མནོས་པ། སངས་རྒྱས་ཀྱི་གནས་པ་གཉིས་སུ་མེད་པ་དམ་པའི་ཕ་རོལ་ཏུ་ཕྱིན་པ། དེ་བཞིན་གཤེགས་པ་མ་འདྲེས་པའི་རྣམ་པར་ཐར་པར་མཛད་པའི་ཡེ་ཤེས་ཀྱི་མཐར་ཕྱིན་པ། མཐའ་དང་དབུང་མེད་པའི་སངས་རྒྱས་ཀྱི་ས་མཉམ་པ་ཉིད་དུ་ཐུགས་སུ་ཆུད་པ། ཆོས་ཀྱི་དབྱིངས་ཀྱིས་ཀླས་པ། ནམ་མཁའི་ཁམས་ཀྱི་མཐས་གཏུགས་པ། ཕྱི་མའི་མཐའི་མུར་ཐུག་པ་” (23)ཞེས་འབྱུང་བས། འདིའང་“བྱང་ཆུབ་སེམས་དཔའི་སྡེ་སྣོད་སྟོང་ཕྲག་བརྒྱ་པའི་མདོ་སྡེའི་གླེང་གཞི་”ལས་དྲངས་པར་ཐེ་ཚོམ་སྤུ་ཙམ་ཡང་མི་དགོས་པ་ཞིག་རེད། འོ་ན་འདི་ལ་ཅིའི་ཕྱིར་མདོ་ཁུངས་མ་སྨོས་པར་“ཇི་སྐད་བཤད་པ་ལྟར”ཁོ་ན་འབྱུང་ཞེ་ན། ཤིང་བཟའ་པཎྜི་ཏའི་དྲང་ངེས་ཟིན་བྲིས་ལས། “ཐེག་བསྡུས་ནི། དགའ་ལྡན་ན་བཞུགས་པའི་ཐེག་པ་ཆེན་པོ་སྟོང་ཕྲག་བརྒྱ་པ་ཞེས་པ་མི་ཡུལ་དུ་མ་བྱོན་པ་ཞིག་ལས་བསྡུས་གསུངས་” (24)ཞེས་གསུངས་པས། ཐེག་བསྡུས་ཀྱི་གཞུང་གོང་འོག་ཀུན་སྟོང་ཕྲག་བརྒྱ་པའི་མདོ་སྡེ་དེ་ཉིད་ལ་བརྟེན་ནས་གཞུང་དོན་སྨྲ་བར་བྱེད་པས་རེ་རེ་བཞིན་མཚན་ནས་སྨོས་མ་དགོས་པར་སྣང་། འོ་ན་དེ་ལྟ་བུའི་སྟོང་ཕྲག་བརྒྱ་པའི་མདོ་སྡེ་དེའང་གང་ལ་བྱེད་དམ་ཞེ་ན། གུང་ཐང་བསྟན་པའི་སྒྲོན་མེའི་ཡང་སྙིང་རྩོམ་འཕྲོ་ལས། “ཐེག་བསྡུས་ལས། ཤེས་བྱའི་གནས་དང་མཚན་ཉིད་དེར་འཇུག་དང་།། དེ་ཡི་རྒྱུ་འབྲས་དེ་རབ་དབྱེ་བ་དང་།། བསླབ་པ་གསུམ་དང་དེ་འབྲས་སྤངས་པ་དང་།། ཡེ་ཤེས་ཐེག་པ་མཆོག་གྱུར་ཁྱད་པར་འཕགས།། ཞེས་ཤེས་བྱའི་གནས་ཀུན་གཞི་དང་། མཚན་ཉིད་ཅེས་པའི་མཚན་ཉིད་གསུམ་སྟེ། དེ་བཞིའི་སྒོ་ནས་གཞིའི་རྣམ་གཞག་གཏན་ལ་འབེབས། དེར་འཇུག་ཅེས་དྲོད་རྩེ་དང་། བཟོད་མཆོག་དང་། མཐོང་ལམ་གསུམ་ན་ཀུན་བཏགས་གཞན་དབང་ཡོངས་གྱུར་གསུམ་ལ་འཇུག་ཚུལ་དང་། དེ་ཡི་རྒྱུ་འབྲས་ཞེས་ཕྱིན་དྲུག་དང་། དེ་རབ་དབྱེ་ཞེས་ས་བཅུར་འབྱེད་ཚུལ་དང་། བསླབ་པ་གསུམ་ཞེས་པས་བསླབ་པ་གསུམ་དུ་བསྡུ་ཚུལ་ཏེ་ལམ་གྱི་རྣམ་གཞག་གཏན་ལ་འབེབས། དེ་འབྲས་སྤངས་པ་དང་ཞེས་པས་མི་གནས་པའི་མྱང་འདས་དང་། ཡེ་ཤེས་ཞེས་པས་ཡེ་ཤེས་ཆོས་སྐུ་སྟེ་གཉིས་ཀྱིས་འབྲས་བུའི་དོན་གཏན་ལ་འབེབས་པས་དགོངས་འགྲེལ་དང་ཁོག་མཐུན་” (25)ཞེས་སེམས་ཙམ་ལུགས་ཀྱི་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་ནི་ཐེག་བསྡུས་མདོ་སྡེ་དགོངས་འགྲེལ་དང་ཁོག་མཐུན་པར་གསུངས་པས། དེ་ནི་ཤུ་ལོ་ཀ་སྟོང་ཕྲག་བརྒྱ་ཙམ་བཞུགས་པའི་མདོ་སྡེ་དགོངས་འགྲེལ་རྒྱས་པ་དེར་བྱེད་པ་ལས་མདོ་གཞན་ཞིག་མ་ཡིན་པ་ལེགས་པར་རྟོགས་འོང་། ལྷག་པར་དུ། གོང་གི་ཤིང་བཟའ་པཎྜི་ཏའི་ལུང་དེའི་ཐེག་པ་ཆེན་པོ་ནི་བྱང་ཆུབ་སེམས་དཔའི་སྡེ་སྣོད་ལ་བྱེད་ཅིང་། སྟོང་ཕྲག་བརྒྱ་པ་ནི་ཤུ་ལོ་ཀ་སྟོང་ཕྲག་བརྒྱ་བཞུགས་པའི་མདོ་སྡེ་དགོངས་འགྲེལ་རྒྱས་པ་དེ་ཉིད་ལ་བྱེད་པ། དགའ་ལྡན་ན་བཞུགས་ཤིང་མི་ཡུལ་དུ་མ་བྱོན་པ་ནི་མདོ་སྡེ་དགོངས་འགྲེལ་རྒྱས་པ་དེ་ཉིད་རེ་ཞིག་འཛམ་གླིང་དུ་ནུབ་ཀྱང་དགའ་ལྡན་ན་གཏན་དུ་བཞུགས་པར་བསྟན་པ་སྟེ། དེ་འདྲའི་དགའ་ལྡན་གྱི་ཞིང་དེའང་གླེང་གཞིར་བསྟན་པའི“གཞལ་མེད་ཁང་རིན་པོ་ཆེ་སྣ་བདུན་མཆོག་ཏུ་འབར་བ་བཀོད་པ”དེར་བཤད་པར་འདོད་པས།ཐེག་བསྡུས་ཀྱིས་ལུང་དྲངས་སའི“བྱང་ཆུབ་སེམས་དཔའི་སྡེ་སྣོད་སྟོང་ཕྲག་བརྒྱ་པའི་མདོ་སྡེའི་གླེང་གཞི”ནི་མདོ་སྡེ་དགོངས་འགྲེལ་རྒྱས་པ་དེའི་གླེང་གཞི་ཡིན་པར་ངེས་ཤེས་གཏིང་ཟབ་ཅིག་འདྲོངས་ནས་འོངས་སོ།། མདོར་ན། བཀའ་འགྱུར་དུ་བཞུགས་པའི་མདོ་སྡེ་དགོངས་འགྲེལ་གྱི་གླེང་གཞི་ནི་མདོ་སྡེ་དགོངས་འགྲེལ་རྒྱས་པ་རང་གི་གླེང་གཞི་ཚུར་དྲངས་ནས་སྦྱར་བར་སྣང་ཞིང་། དེ་བཞིན་དུ་སངས་རྒྱས་ཀྱི་སའི་མདོའི་གླེང་གཞིའང་ཚུལ་ལུགས་དེ་ལས་མ་འདས་བར་མཆིས་སོ།།
བཞི་བ། མདོ་སྡེ་དགོངས་འགྲེལ་ལ་གླེང་གཞི་འདི་ཉིད་སྦྱར་བའི་རྒྱུ་རྐྱེན་ཕྲན་བུ།
             སངས་རྒྱས་ཀྱི་སའི་མདོ་དང་མི་འདྲ་བར། མདོ་སྡེ་དགོངས་འགྲེལ་དར་ཚུལ་ལ་བཤད་སྒྲོས་སྣ་ཚོགས་ཤིག་འདུག དེ་རྣམས་ལས་ནུབ་ཕྱོགས་མཁས་པའི་ལྟ་ཚུལ་གཅིག་ནི། ལམ་བྷེར་ཐུ་(Lambert Schmithausen)དང་ལྗོན་ཕ་ཝུར་ཟི་(John Powers)གཉིས་ཀྱིས་མདོ་སྡེ་དགོངས་འགྲེལ་ནི་དུས་རབས་གསུམ་པའི་སྨད་ཙམ་ལ་བྱུང་བ་ལས། དེའི་ཡར་སྔོན་ཤིག་ཏུ་མ་བྱུང་བར་སྣང་སྟེ། “མདོ་འདིར་ཤེར་ཕྱིན་གྱི་མདོའི་ལུང་ཡང་དྲངས་པ་གང་ཞིག དུས་རབས་བཞི་པའམ་ལྔ་པའི་ནང་བྱོན་པའི་ཐོགས་མེད་སྐུ་མཆེད་མ་གཏོགས་དེ་དག་གི་ཡར་སྔོན་དུ་བྱོན་པའི་སློབ་དཔོན་དག་གིས་ནི་དགོངས་འགྲེལ་གྱི་ལུང་དྲངས་པ་གཅིག་ཀྱང་མི་སྣང་བའི་ཕྱིར་” (26)ཞེས་ཟེར་ཏེ། ཤེར་ཕྱིན་གྱི་མདོ་དུས་རབས་དང་པོའི་ནང་བྱོན་པར་འདོད་པའི་ལུགས་ཡིན་ནོ།། དེ་མ་ཟད། མདོ་སྡེ་དགོངས་འགྲེལ་གྱི་ལེའུ་འདི་རྣམས་ཀྱང་ཐོག་མ་ནས་ལྷན་དུ་བཞུགས་པ་ཞིག་མ་ཡིན་པར། རང་དགར་དར་བའི་ལེའུ་རྐྱང་པ་དག་སྔ་ཕྱིར་བསགས་པས་ད་ལྟའི་རྣམ་ཅན་གྱི་མདོ་སྡེ་འདི་གྲུབ་པར་ཡང་སྨྲ་སྟེ། སྐབས་དོན་སྟོར་བར་དོགས་པས་འདིར་དེ་དག་གི་འདོད་ཚུལ་རྣམས་རྒྱས་པར་མི་ཞུས། མདོར་ན། གལ་སྲིད་འདི་རྣམས་བདེན་པ་ཡིན་ན། གསར་དུ་བྱུང་བའི་མདོ་སྡེ་ཞིག་ལ་རང་ཉིད་དང་ཐ་མི་དད་པར་གྲུབ་ཟིན་གྱི་མདོ་ཞིག་གི་གླེང་གཞི་འགོད་པའང་རྩོལ་མེད་ཀྱི་ལས་འབའ་ཞིག་ཡིན་པས་ན། ལོ་རྒྱུས་ཀྱི་འཕེལ་རིམ་དེ་ཙམ་ཞིག་དང་འབྲེལ་ནས་མདོ་སྡེ་དགོངས་འགྲེལ་རྒྱས་པའི་གླེང་གཞི་དེ་ཉིད་འདིར་སྦྱར་བ་ལས། མདོ་གཞན་ལ་གླེང་གཞི་སྦྱོར་བའི་ཚུལ་ཏེ་ཆོས་ཡང་དག་པར་བསྡུ་བ་ལས། “དགེ་སློང་དག་འདི་སྐད་བདག་གིས་ཐོས་པ་ཞེས་གྱིས་ལ་ཆོས་བསྡུ་བར་བྱའོ།། འགྲེལ་བ་དང་གོ་རིམས་ཀྱང་བསྟན་པར་བྱའོ་” (27)ཞེས་པ་ལྟར་གསར་དུ་སྦྱོར་རྒྱུ་མ་བྱུང་འདུག་གོ།
ལྔ་བ། བཀའ་འགྱུར་ཏུ་བཞུགས་པའི་མདོ་སྡེ་དགོངས་འགྲེལ་གྱི་གླེང་གཞིའི་ལེའུར་སྣང་བའི་ཡི་གེ་ཆད་ལྷག་ཐད་ཀྱི་དོགས་པ།
             ཕྲན་གྱི་རྨོངས་བློར་མདོ་སྡེ་དགོངས་འགྲེལ་གྱི་གླེང་གཞིའི་ལེའུར་ཡི་གེ་ཆད་ལྷག་གི་དོགས་པ་གཉིས་ཙམ་ཞིག་མཆིས་པ་ལས། དང་པོ་ཡིག་ལྷག་བྱུང་བར་དོགས་པ་ནི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཞུགས་པའི་སྐུ་ལྔ་དང་ལྡན་པ་(28)ཞེས་པའི་ཚིག་ལ་“སྐུ་ལྔ་”ཞེས་བྱུང་བ་དེ་ཡིན་ལགས། དེ་ཡང་སངས་རྒྱས་ཀྱི་སའི་མདོ་དང་། ཐེག་བསྡུས་ཀྱི་གཞུང་རྣམས་སུའང་མདོ་སྡེ་དགོངས་འགྲེལ་གྱི་གླེང་གཞིའི་ལེའུ་འདི་ཇི་ལྟ་བ་བཞིན་འབྱུང་ནའང་། སངས་རྒྱས་ཀྱི་སའི་མདོ་བོད་དང་རྒྱ་ནག་ཏུ་འགྱུར་བ་གཉིས་དང་།དེའི་འགྲེལ་བ་རྒྱ་ནག་ཏུ་འགྱུར་བའི་ཉེ་བའི་འོད་ཀྱི་དཔེ་དང་། བོད་ཁོ་ནར་འགྱུར་བའི་ངང་ཚུལ་བཟང་པོའི་སངས་རྒྱས་ཀྱི་སའི་མདོའི་རྣམ་བཤད། དེ་བཞིན་དུ་ཐེག་བསྡུས་རྩ་བ་བོད་རྒྱ་གཉིས་ཀྱི་འགྱུར། དེའི་འགྲེལ་བ་དབྱིག་གཉེན་གྱིས་མཛད་པའི་རྒྱ་བོད་གཉིས་ཀྱི་འགྱུར། ཁྱད་པར་དུ་མདོ་སྡེ་དགོངས་འགྲེལ་རང་གི་རྒྱ་ནག་གི་འགྱུར་ཧྱན་ཙང་དང་བྱང་ཆུབ་སྲེད་པ་གཉིས་ཀྱི་དཔེ་དང་། དགོངས་འགྲེལ་རྣམ་བཤད་བསྡུས་པ་ཐོགས་མེད་ཀྱིས་མཛད་པར་གྲགས་པ་དང་། བྱང་ཆུབ་རྫུ་འཕྲུལ་གྱིས་མཛད་པའི་དགོངས་འགྲེལ་རྣམ་བཤད། ཝེན་ཚེག་གི་རྒྱ་ནག་འགྲེལ་ཆེན་དང་། ཏུན་ཧོང་གཏེར་ཡིག་ལས་བྱུང་བའི་དགོངས་འགྲེལ་གྱི་གླེང་གཞིའི་ལེའུ་བཅས་ཚང་མར་“འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཞུགས་པའི་སྐུ་དང་ལྡན་པ་”ཞེས་འབྱུང་ག་“སྐུ་ལྔ་”ཞེས་གསུངས་པ་གཅིག་ཀྱང་མི་འདུགལྷག་པར་དུ། ཚིག་འདིའི་སྐུ་ནི་ལོངས་སྤྱོད་རྫོགས་པ་དང་།སྤྲུལ་པའི་སྐུ་གཉིས་ལ་བཤད་པ་གཅིག་དང་། སྤྲུལ་བའི་སྐུ་ཁོ་ནར་བཤད་པ་གཅིག་འབྱུང་སྟེ། ཝེན་ཚེག་གི་རྒྱ་ནག་འགྲེལ་ཆེན་ལས་“དེ་དག་ཀྱང་མདོར་བསྡུ་ན་བཤད་པ་རྣམ་པ་གཉིས་སུ་འགྱུར་ཏེ། དང་པོ་ནི་སྐུ་གཉིས་ཀྱི་དབང་དུ་བྱས་སོ།། གཉིས་པ་ནི་སྤྲུལ་པའི་སྐུའི་དབང་དུ་བྱས་ནས་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཞུགས་པར་བསྟན་ཏོ་” (29)ཞེས་སྐུ་གཉིས་དང་། སློབ་དཔོན་ངང་ཚུལ་བཟང་པོས་ནི་སྤྲུལ་སྐུ་ཁོ་ནར་བཞེད་དེ། “གླིང་བཞི་པའི་ཁམས་ཐམས་ཅད་དུ་ཅིག་ཆར་སྤྲུལ་བའི་སྐུས་ཁྱབ་པར་མཛད་པའི་ཕྱིར་རོ་” (30)ཞེས་དང་། ཐེག་བསྡུས་ལས། “འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་སྐུ་སྟོན་པའི་ཡོན་ཏན་དང་” (31)ཞེས་ལོངས་སྤྲུལ་གཉིས་ལ་བཤད་པས་མཚོན། མདོ་བསྟན་བཅོས་འདི་རིགས་ཀྱི་འགྲེལ་བ་འགྲེལ་བཤད་རྣམས་སུའང་སྐུ་ལྔར་བཀྲལ་བ་ཞིག་གཏན་ནས་མི་སྣང་བས་ན། བཀའ་འགྱུར་ཏུ་བཞུགས་པའི་མདོ་སྡེ་དགོངས་འགྲེལ་གཅིག་པུར་དེ་ལྟར་ཐོན་པའི་རྒྱུ་མཚན་ཅི་ཡིན་ནམ་བསམ་བྱུང་། དོན་ངོ་མས་དེ་ལ་རྒྱུ་མཚན་ཡང་དག་ཅིག་ཡོད་མེད་ཤིན་ཏུ་དོགས་ཏེ། ཏུན་ཧོང་གཏེར་ཡིག་ལས་ཀྱང་སྐུ་ལྔར་མ་བྱུང་བ་དེ་ལས་གནད་དོན་གཉིས་ཙམ་ཞིག་ངེས་ཐུབ་པ་ནི། གཅིག མདོ་སྡེ་དགོངས་འགྲེལ་བོད་ལ་ཐོག་མར་བསྒྱུར་བའི་སྐབས་སུ་དེའི་ལེགས་སྦྱར་མ་ཡིག་ཏུ་སྐུ་ཡིན་པ་ལས་སྐུ་ལྔ་མ་ཡིན་པས་ཇི་ལྟ་བ་བཞིན་བསྒྱུར་འདུག་པ་གསལ་བོར་བསྟན་པ་དང་། གཉིས། གལ་སྲིད་སྐུ་ལྔ་ཞེས་པ་དུས་ཕྱིས་བཅུག་པ་ཞིག་ཡིན་ན། དེ་འདྲའི་དུས་ནི་བསྟན་པ་ཕྱི་དར་སྐབས་ལས་སྔ་དར་སྐབས་མ་ཡིན་པ་གསལ་བོར་བསྟན་པ་དེའོ།། འོ་ན། གལ་སྲིད་སྐུ་ལྔ་ཞེས་བྱ་བ་དུས་ཕྱིས་བོད་ཡིག་ལ་བསྣན་པ་ཞིག་ཡིན་ན། དེ་ལྟར་བསྣན་པའི་དུས་རགས་པ་དེའང་ནམ་ཡིན་ཞེ་ན། བློ་དམན་བདག་ལྟ་བུས་ཕྲ་ཞིབ་ཀྱི་ལས་འདི་རིགས་བརྗོད་པར་རྩ་བ་ནས་རྔོ་མི་ཐོགས་ནའང་། སྤྱི་བརྟོལ་ཙམ་བསྐྱེད་དེ་ཞུས་ན། དབུས་ཀྱི་ཞོལ་བཀའ་འགྱུར་དང་། གཡུང་ལོ་བཀའ་འགྱུར་དང་། དེ་བཞིན་དུ་སྣར་ཐང་དང་། ཅོ་ནེ་དང་། ལི་ཐང་དང་། སྡེ་དགེ་བཀའ་འགྱུར་རྣམས་ལས་མགྲིན་གཅིག་དབྱངས་གཅིག་ཏུ་སྐུ་ལྔ་ཞེས་བྱུང་བ་དེར་དཔག་ན། དེ་ལྟར་བསྣན་པ་དེའང་དུས་ཧ་ཅང་འཕྱི་བ་ཞིག་མ་ཡིན་པར། བཀའ་འགྱུར་དཔར་གཞི་འདི་རྣམས་ཀྱིས་ཕྱི་མོར་མཛད་སའི་དཔེ་སྔ་མ་སྔ་མ་ཞིག་ལ་དེ་ལྟར་བསྣན་པར་ཡང་འདོད་དེ། སྣར་ཐང་བཀའ་འགྱུར་བསྡེབས་པའི་སྔ་གཞུག་ཙམ་ལ་ཡིག་མཁན་གང་རུང་ཞིག་གི་སོར་མོའི་འདུ་བྱེད་ལས་འཁྲུངས་པ་ལྟར་མིན་ནམ་ཡང་དོགས་སོ།།
             གཉིས་པ་ཡིག་ཆད་བྱུང་བར་དོགས་པ་ནི་བཅོམ་ལྡན་འདས་ཀྱི་ཡོན་ཏན་ཉེར་གཅིག་སྟོན་པ་ལ། དགོངས་འགྲེལ་གྱི་གླེང་གཞིའི་ལེའུ་འདིར“བཅོམ་ལྡན་འདས་ལེགས་པར་ཐུགས་སུ་ཆུད་པའི་བློ་དང་ལྡན་པ། ཀུན་ཏུ་སྤྱོད་པ་གཉིས་མི་མངའ་བ། མཚན་ཉིད་མེད་པའི་ཆོས་ལ་མཆོག་ཏུ་གཞོལ་བར་མཛད་པ། སངས་རྒྱས་ཀྱི་གནས་པས་གནས་པ།སངས་རྒྱས་ཐམས་ཅད་དང་མཉམ་པ་ཉིད་བརྙེས་པ། སྒྲིབ་པ་མེད་པའི་རྟོགས་པར་ཐུགས་སུ་ཆུད་པ། ཕྱིར་མི་ལྡོག་པའི་ཆོས་དང་ལྡན་པ། སྤྱོད་ཡུལ་གྱིས་མི་འཕྲོགས་པ། བསམ་གྱིས་མི་ཁྱབ་པ་རྣམ་པར་འཇོག་པ། དུས་གསུམ་ལ་མཉམ་པ་ཉིད་ཚར་ཕྱིན་པ། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཞུགས་པའི་སྐུ་ལྔ་དང་ལྡན་པ། ཆོས་ཐམས་ཅད་ལ་ཐེ་ཚོམ་མེད་པའི་མཁྱེན་པ་མངའ་བ། སྤྱོད་པ་ཐམས་ཅད་དང་ལྡན་པའི་བློ་མངའ་བ། ཆོས་ཤེས་པ་ལ་ནེམ་ནུར་མི་མངའ་བ། རྣམ་པར་མ་བརྟགས་པའི་སྐུ་མངའ་བ། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ཡེ་ཤེས་ཡང་དག་པར་བླངས་པ།སངས་རྒྱས་ཀྱི་གནས་པ་གཉིས་སུ་མེད་པ་དམ་པའི་ཕ་རོལ་ཏུ་བྱོན་པ། དེ་བཞིན་གཤེགས་པ་མ་འདྲེས་པའི་རྣམ་པར་ཐར་པར་མཛད་པའི་ཡེ་ཤེས་ཀྱི་མཐར་ཕྱིན་པ། མཐའ་དང་དབུས་མེད་པའི་སངས་རྒྱས་ཀྱིས་མཉམ་པ་ཉིད་ཐུགས་སུ་ཆུད་པ། ཆོས་ཀྱི་དབྱིངས་ཀྱིས་ཀླས་པ། ནམ་མཁའི་ཁམས་ཀྱི་མཐས་གཏུགས་པ་དེ་” (32)ཞེས་བྱུང་འདུག ཡིན་ནའང་། སངས་རྒྱས་ཀྱི་སའི་མདོ་དང་། དེའི་རྣམ་བཤད། ཐེག་བསྡུས་ཀྱི་གཞུང་རྣམས་སུ་དེར་མཐུད་དེ། “ཕྱི་མའི་མཐའི་མཐར་ཐུག་པ”འམ“ཕྱི་མའི་མཐའི་མུར་ཐུག་པ”ཞེས་བྱ་བའི་ཚིག་གཅིག་ཀྱང་འབྱུང་ངོ་།། འདི་ནི་རང་གའི་གནད་དོན་ཕལ་བ་ཞིག་མ་ཡིན་ཏེ། ཁ་ཅིག་ཚིག་འདི་མེད་ན་འགྱུར་ཆ་ཚང་མ་ཡིན་པའམ་འགྱུར་སྐྱོན་འབའ་ཞིག་ཏུའང་བཤད་དེ། རྒྱ་ནག་འགྲེལ་ཆེན་ལས་ཐེག་བསྡུས་ཀྱི་འགྱུར་བཤད་པའི་སྐབས་སུ།“དཔེ་རྙིང་འགྱུར་དེ་ལ་སྐྱོན་རྣམ་པ་གཉིས་ཡོད་དེ། མདོའི་ཚིག་ཕྱི་མའི་མཐའི་མུར་ཐུག་པ་ཞེས་བྱ་བ་མ་ཚང་བ་དང་” (33)ཞེས་གསུངས་ལ། ཚིག་འདི་སྣང་ནས་བཅོམ་ལྡན་འདས་ཀྱི་ཡོན་ཏན་གྱི་བྱེ་བྲག་ཉེར་གཅིག་གྲུབ་པ་ནི་“དང་པོ་ཀུན་ཏུ་སྤྱོད་པ་གཉིས་མི་མངའ་བ། ནས། ཉེར་གཅིག་པ་ཕྱི་མའི་མཐའི་མུར་ཐུག་པ་”རྣམས་དང་། ཚིག་དང་པོ་“ལེགས་པར་ཐུགས་སུ་ཆུད་པའི་བློ་དང་ལྡན་པ་” (34)ནི་འདིར་བགྲང་བའི་ཉརེ ་གཅགི ་གི་གྲས་མ་ཡིན་པར་སྤྱིའི་ཡོན་ཏན་ཡིན་པར་ཡང་ཝེན་ཚེག་གིས་བཤད་དོ།། དེ་ལྟར་དུའང་རྒྱའི་དགེ་སློང་ཨིན་སྲུང་གི་ཐེག་བསྡུས་ཁྲིད་ཡིག་ལས། “དང་པོ་ཀུན་ཏུ་སྤྱོད་པ་གཉིས་མི་མངའ་བ་ནི་ཤེས་བྱ་ལ་སྒྲིབ་པ་མེད་པར་འཇུག་པའི་ཡོན་ཏན། ནས། ཉེར་གཅིག་པ་ཕྱི་མའི་མཐའི་མཐར་ཐུག་པ་ནི་མཐར་ཐུག་པའི་ཡོན་ཏན་” (35)ཞེས་བཤད་ཅིང་།མདོར་ན“ཕྱི་མའི་མཐའི་མཐར་ཐུག་པ”ཞེས་པའི་ཚིག་འདི་མེད་ན་ཡོན་ཏན་ཉེར་གཅིག་བྱ་བ་ཅི་ཙམ་བརྗོད་ཀྱང་བགྲང་རྒྱུ་དབེན་པར་འགྱུར་བར་བཤད་དོ།། ཡིན་ནའང་། སངས་རྒྱས་ཀྱི་སའི་རྣམ་བཤད་ངང་ཚུལ་བཟང་པོས་མཛད་པ་ལས།“ཡོན་ཏན་གྱི་ཁྱད་པར་ཉི་ཤུ་རྩ་གཅིག་བསྟན་ཏོ།། ལེགས་པར་ཐུགས་སུ་ཆུད་པའི་བློ་དང་ལྡན་པ་ཞེས་བྱ་བ་འདིས་ནི་མངོན་པར་རྫོགས་པའི་བྱང་ཆུབ་པའི་ཡོན་ཏན་གྱི་ཁྱད་པར་སྟོན་ཏེ། ནས། ཡོན་ཏན་རྣམས་མི་ཟད་པ་བསྟན་པའི་ཕྱིར། ནམ་མཁའི་ཁམས་ཀྱི་མཐས་གཏུགས་པ། ཕྱི་མའི་མཐའི་མཐར་ཐུག་པ་ཞེས་བྱ་བ་སྟེ། བདག་དང་གཞན་ལ་ཕན་པའི་གཞི་ཡིན་པའི་ཡོན་ཏན་མི་ཟད་པ་ཉིད་ཀྱི་ཡོན་ཏན་གྱི་ཁྱད་པར་རོ།། ཇི་ལྟར་ནམ་མཁའ་འཇིག་པ་དང་། ཆགས་པ་དག་ན་ཟད་མི་ཤེས་པ་ཉིད་དེ་བཞིན་དུ་འདིའི་ཡོན་ཏན་རྣམས་གཏན་དུ་མི་ཟད་པ་ཉིད་ཀྱི་ཕྱིར་ཏེ། འཁོར་བའི་མཐའི་མཐའ་ཇི་སྲིད་པར་སེམས་ཅན་གྱི་དོན་མཛད་པའི་ཕྱིར་རོ་” (36)ཞེས་བཅོམ་ལྡན་འདས་ཀྱི་ཡོན་ཏན་ལ་སྤྱི་བྱེའི་རྣམ་དབྱེ་མི་མཛད་པར་དང་པོ་ལེགས་པར་ཐུགས་སུ་ཆུད་པའི་བློ་དང་ལྡན་པ་ནས། ཉེར་གཅིག་པ་ནམ་མཁའི་ཁམས་ཀྱི་མཐས་གཏུགས་པ་དང་། ཕྱི་མའི་མཐའི་མཐར་ཐུག་པའི་བར་གསུངས་ཤིང་། ཕྱི་མའི་མཐའི་མཐར་ཐུག་པ་དེའང་ལོགས་སུ་ཡོན་ཏན་གཅིག་ཏུ་མ་བགྲང་བར་ནམ་མཁའི་ཁམས་ཀྱི་མཐས་གཏུགས་པ་དང་སྦྲགས་ནས་གསུངས་འདུག་གོ། མདོར་ན། ཡོན་ཏན་ཉེར་གཅིག་བགྲང་ཚུལ་མི་འདྲ་བ་དེ་རིགས་ལ་འགལ་སྤོང་གནང་ཚུལ་ཇི་ལྟར་ཡང་། འདི་རྣམས་དཀྱུས་གཅིག་ཏུ་སྟེ། བོད་ལ་འགྱུར་པའི་སངས་རྒྱས་ཀྱི་སའི་མདོ་དང་དེའི་རྣམ་བཤད། སྡེ་སྣོད་གསུམ་པ་ཧྱན་ཙང་གིས་བསྒྱུར་པའི་མདོ་སྡེ་དགོངས་འགྲེལ་རྒྱ་ནག་གི་འགྱུར་དང་། ཐེག་བསྡུས་བོད་རྒྱ་གཉི་གའི་འགྱུར་དང་།ཝེན་ཚེག་གི་རྒྱ་ནག་འགྲེལ་ཆེན་ལ་སོགས་པ་ཐམས་ཅད་ཀྱིས་ཀྱང་“ཕྱི་མའི་མཐའི་མཐར་ཐུག་པའི་”ཚིག་མི་འདོར་བར་ཤིན་ཏུ་གཅེས་པར་འཛིན་ཙ་ན། བཀའ་འགྱུར་ཏུ་བཞུགས་པའི་མདོ་སྡེ་དགོངས་འགྲེལ་གྱི་གླེང་གཞིའི་ལེའུ་གཅིག་པུར་རེ་ཞིག་དོར་འདུག་པའི་རྒྱུ་མཚན་ཅི་ཡིན་སྙམ་བྱུང་། དེའི་རྒྱུ་མཚན་མཐའ་དག་པ་ངེས་རྒྱུ་ལས་སླ་མོ་ཞིག་གཏན་ནས་མ་ཡིན་ནའང་། བོད་བཙན་པོའི་རྒྱལ་རབས་དུས་སུ་བྱུང་བའི་བྱང་ཆུབ་རྫུའཕྲུལ་གྱི་དགོངས་འགྲེལ་རྣམ་བཤད་ལས།“མདོ་ཁ་ཅིག་ལས་ནི་ཕྱི་མའི་མཐའི་མཐར་ཐུག་པ་ཞེས་ཀྱང་འབྱུང་སྟེ། དེ་ནི་ཡོན་ཏན་མི་ཟད་པའི་ཡོན་ཏན་གྱི་ཁྱད་པར་ཡིན་ནོ་” (37)ཞེས་གསུངས་པ་ལས། མདོ་སྡེ་དགོངས་འགྲེལ་བོད་ལ་ཐོག་མར་འགྱུར་བའི་སྐབས་ནས་ཀྱང་ཚིག་འདི་མེད་ཚུལ་གསལ་པོར་བསྟན་ཏེ། དེ་མིན་འགྲེལ་བ་རང་གིས་“མདོ་ཁ་ཅིག”ཅེས་གཞན་ཞིག་ལ་ཞལ་འཕངས་མཛད་དོན་ཅི་ཡང་མེད་པའི་ཕྱིར་རོ།། འོ་ན་བརྟག་པའི་མཐའ་བཟུང་སྟེ་གཅིག་བཤད་ན། ལུང་འདིའི་“མདོ་ཁ་ཅིག་”གསུངས་པ་སངས་རྒྱས་ཀྱི་སར་བསྟན་པའི་དབང་དུ་བཏང་ན། སངས་རྒྱས་ཀྱི་སའི་མདོ་བོད་ལ་འགྱུར་པའི་སྐབས་སུ་གླེང་གཞི་དེར་ཕྱི་མའི་མཐའི་མཐར་ཐུག་པ་ཞེས་བྱ་བའི་ཚིག་ཅིག་མཆིས་ཤིང་། དགོངས་འགྲེལ་བོད་ལ་འགྱུར་བ་དེ་ཉིད་དུ་ལྡོག་སྟེ་མ་བྱུང་འདུག་པས། དེ་ལྟར་གཅིག་ལ་སྣང་བ་དང་། ཅིག་ཤོས་ལ་ཆད་པ་ལས་ལེགས་སྦྱར་མ་ཡིག་རང་གི་དབང་དུ་བྱས་ན་གང་ཞིག་ཁུངས་དག་པ་ཡིན་ནམ་སྟེ། འདིའི་སྐོར་རྣམ་བཤད་མཁན་པོ་རང་གིས་ཅི་ཡང་མ་གསུངས་པར་འདུག དེ་བས། འཕྲལ་གྱི་གནད་དོན་ནི་ཚིག་འདིས་ནམ་མཁའི་ཁམས་ཀྱི་མཐས་གཏུགས་པ་དང་ལྷན་དུ་མི་ཟད་པའི་ཡོན་ཏན་མཚོན་མིན་བརྟག་རྒྱུ་མ་ཡིན་པར།ཚིག་རང་ཉིད་མ་ཚང་ན་འགྱུར་སྐྱོན་ཅིག་ཏུ་ཐལ་མིན་དེ་ཡིན་ནོ།། ཡང་ཝེན་ཚེག་གིས “དཔེ་རྙིང་འགྱུར་དེ་ལ་སྐྱོན་རྣམ་པ་གཉིས་ཡོད་དེ། མདོའི་ཚིག་ཕྱི་མའི་མཐའི་མུར་ཐུག་པ་ཞེས་བྱ་བ་མ་ཚང་བ་དང་” (38)ཞེས་གསུངས་པའི་བབས་ལ་བརྟག་ན། ལེགས་སྦྱར་མ་ཡིག་གི་མདོ་སྡེ་དགོངས་འགྲེལ་ན་ཚིག་འདི་བཞུགས་ཤ་སྟག་ཡིན་པར་ཡང་བསྟན་ཏེ།འདིའི“མདོའི་ཚིག”ཅེས་པ་ནི་དགོངས་འགྲེལ་རང་ལ་བྱེད་པའི་ཕྱིར་རོ།། གལ་ཏེ་འདི་བདེན་པ་ཡིན་ན་རང་རེའི་དགོངས་འགྲེལ་གྱི་དཔེ་རུ་ཚིག་འདི་ཆད་པར་ལྟའམ་འོན་ཏེ་ཅི་ལྷག་པར་དོགས་སོ།།
དྲུག་པ། བཀའ་འགྱུར་ཏུ་བཞུགས་པའི་མདོ་སྡེ་དགོངས་འགྲེལ་གྱི་གླེང་གཞིའི་ལེའུ་དང་རྒྱ་ནག་ཏུ་འགྱུར་བའི་མདོ་སྡེ་དགོངས་འགྲེལ་གྱི་གླེང་གཞི་རྣམས་ཉི་ཚེ་བར་བསྡུར་བ།
             གཅིག འགྱུར་བསྡུར་བ།
             ཝེན་ཚེག་གི་རྒྱ་ནག་འགྲེལ་ཆེན་དང་། གུང་མགོན་པོ་སྐྱབས་ཀྱི་རྒྱ་ནག་ཆོས་འབྱུང་གཉིས་ལས་ངོ་སྤྲད་པ་བཞིན།ཆེན་པོ་རྒྱ་ནག་ཡུལ་དུ་དགོངས་འགྲེལ་གྱི་མདོ་འདི་སྔ་ཕྱིར་འགྱུར་རྣམ་པ་བཞི་བྱུང་ཡོད་པ་ལས།
             1. སྡེ་སྣོད་གསུམ་པ་ཧྱན་ཙང་གི་འགྱུར་(39)(སྤྱི་ལོ་647ལོར་བསྒྱུར་)དང་བོད་ལ་འགྱུར་བའི་གླེང་གཞི་གཉིས་ཚིག་དོན་གང་གི་ཆ་ནས་ཀྱང་ཆུ་ལ་ཆུ་བཞག་པ་ལྟར་དུ་མཐུན་ནའང་།ཧྱན་ཙང་གིས་གླེང་གཞིའི་ལེའུ་ཞེས་ཟུར་དུ་བཀར་ལ། བོད་འགྱུར་ལས་དེ་ལྟར་བཀར་བ་མི་སྣང་།
             2. བྱང་ཆུབ་སྲེད་པའམ་བོ་ངྷི་ལེའུ་ཅིའི་གླེང་གཞིར་(40)(སྤྱི་ལོ 514 ལོར་བསྒྱུར་)མདོ་ཞུ་བ་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དོན་ཟབ་དགོངས་པ་ངེས་འགྲེལ་དང་ཚུལ་བཞིན་ཀུན་འདྲི་ལ་སོགས་པའི་བྱང་སེམས་བཅུ་པོའི་མཚན་མི་སྣང་། འདིའི་དབུར་སྟོན་པ་ཤཱཀྱ་ཐུབ་པ་ལ་སྐྱབས་སུ་མཆིའོ་(归命释迦牟尼佛)ཞེས་བོད་དང་མཐུན་པར་བྲིས་ཤིང་། རྒྱ་ནག་གི་འགྱུར་གཞན་གསུམ་པོར་འདི་རིགས་མ་བྱུང་འདུག
             3. ཡོན་ཏན་བཟང་པོའི་རྒྱ་འགྱུར་(41)(སྤྱི་ལོ443-453བར་བསྒྱུར་)ན་གླེང་གཞིའི་སྐོར་མི་འདུག རྒྱུ་མཚན་ནི་དེར་སྤྱན་རས་གཟིགས་དབང་ཕྱུག་དང་འཇམ་དཔལ་གྱི་ལེའུ་འབའ་ཞིག་ལས་མ་འགྱུར་བས་ཡིན།
             4. སློབ་དཔོན་ཡང་དག་བདེན་པས་(སྤྱི་ལོ 557-569བར་བསྒྱུར་)གླེང་གཞིའི་ལེའུ་ཞེས་ཟུར་དུ་མ་བཀར་བས་བོད་དང་མཐུན་ཡང་། གཞན་མི་མཐུན་པ་ཤིན་ཏུ་མང་། དེ་ཡང་གཙོ་བོ་ཕྱོགས་གཉིས་སུ་སྣང་སྟེ། (1)འདིར་མདོ་སྡེ་འདི་གསུང་བའི་གནས་“རྒྱལ་པོའི་ཁབ་བྱ་རྒོད་ཕུང་པོའི་རི་”ཡིན་པ་ལས་“གཞལ་མེད་ཁང་རིན་པོ་ཆེའི་སྣ་བདུན་མཆོག་ཏུ་འབར་བ་བཀོད་པ་”མ་ཡིན། དེ་ལྟར་གསུང་བའི་གནས་ལོངས་སྤྱོད་རྫོགས་པའི་ཞིང་གིས་བསྡུས་པ་མ་ཡིན་པས།གསུང་བ་པོའང་མཆོག་གི་སྤྲུལ་སྐུ་ཡིན་པ་ལས་ལོངས་སྤྱོད་རྫོགས་པའི་སྐུ་ནི་མ་ཡིན་འདུག (2)བཅོམ་ལྡན་འདས་ཀྱི་འཁོར་རྣམས་“དགེ་སློང་གི་དགེ་འདུན་ཆེན་པོ་དགུ་ཁྲི་དགུ་སྟོང་”དུ་འཁོད་པ་ལས་“བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པ་ཐམས་ཅད་”ཅེས་མ་བྱུང་འདུག འདིའི་བཅོམ་ལྡན་འདས་ཀྱི་འཁོར་ལ乃至住阿罗那三昧定须菩提等(42)ཞེས་རབ་འབྱོར་སོགས་ཉན་ཐོས་དུ་མའི་མཚན་ཐོན་ཞིང་། བྱམས་པ་དང་། སྤྱན་རས་གཟིགས་དབང་ཕྱུག་དང་། འཇམ་དཔལ་གསུམ་ལས་དྲི་ཞུས་མཛད་མཁན་གཞན་དག་གི་མཚན་མི་སྣང་། འོན་ཀྱང་བོད་འགྱུར་ན་རབ་འབྱོར་གྱི་མཚན་མི་བཞུགས་ཤིང་། ཆོས་འཕགས་སོགས་བྱང་སེམས་བཅུའི་མཚན་རྣམས་ཚང་།
             གཉིས། མཐའ་དཔྱད་པ།
             1.མདོ་སྡེ་གསུངས་སའི་གནས་ཀྱི་སྐོར།
             དེ་ལྟར་མདོ་སྡེ་འདི་གསུངས་པའི་གནས་ལ་རྒྱ་བོད་ཀུན་བཤད་སྒྲོས་ཅུང་མི་མཐུན་འདུག ཡང་དག་བདེན་པ་རང་གི་གསུང་སྔ་ཕྱི་འགལ་བར་གྱུར་པ་ནི་རྩོད་པ་དེ་བྱུང་བའི་རྒྱུ་རྐྱེན་གཅིག་ཡིན་ཏེ། དེས་མཛད་པའི་བརྗེད་བྱང་ལས་མདོ་སྡེ་འདི་གསུངས་པའི་གནས་ཡངས་པ་ཅན་གྱི་གྲོང་ཁྱེར་རི་དྭགས་ཀྱི་རྒྱལ་པོའི་ཕོ་བྲང་ཡིན་པར་བཤད་པ་དང་། ཡང་ཁོང་གིས་བསྒྱུར་པའི་ཚིགས་ངེས་པར་འགྲེལ་བའི་མདོ་ལས་ནི་བྱ་རྒོད་ཕུང་པོའི་རི་ནས་མདོ་འདི་གསུངས་པར་བཤད་པས། ཝེན་ཚེག་གིས་དེ་ལ་ཡིད་ཆེས་རྒྱུ་ཞིག་མི་འདུག་པར་བཞེད་དེ། 《རྒྱ་ནག་འགྲེལ་ཆེན་》ལས། “ཚིགས་ངེས་པར་འགྲེལ་བའི་མདོ་དང་། ཡང་དག་བདེན་པས་བྱས་པའི་འགྲེལ་བ་གཉིས་ཕན་ཚུན་འགལ་བའི་ཕྱིར་ཚད་མར་མི་རུང་སྟེ། དེ་ཅིའི་ཕྱིར་ཞེ་ན། ཚིགས་ངེས་པར་འགྲེལ་བའི་མདོ་ལས་ནི། རྒྱལ་པོའི་ཁབ་བྱ་རྒོད་ཀྱི་ཕུང་པོའི་རི་ལ་བཞུགས་ཏེ་ཞེས་བྱ་བ་འབྱུང་སྟེ། འགྲེལ་བ་དེ་ལས་ནི་ཡངས་པ་ཅན་གྱི་གྲོང་ཁྱེར་རི་དྭགས་ཀྱི་རྒྱལ་པོའི་ཕོ་བྲང་ན་བཞུགས་ཏེ། བྱང་ཆུབ་སེམས་དཔའ་ཡང་དག་འཕགས་ལ་བཤད་པ་འབྱུང་བའི་ཕྱིར་རོ་” (43)ཞེས་ནང་འགལ་བསྟན། འཇིགས་མེད་དམ་ཆོས་རྒྱ་མཚོའི་དྲང་ངེས་ལེགས་བཤད་སྙིང་པོའི་འཇུག་ངོགས་ལས། “ཁ་ཅིག ཡང་དག་བདེན་པས། གསུམ་པ་ནི་བཅོམ་ལྡན་འདས་མངོན་པར་རྫོགས་པར་སངས་རྒྱས་པའི་འོག་ཏུ་ལོ་སུམ་ཅུ་རྩ་བརྒྱད་ལོན་ནས་ཡུལ་ཡངས་པ་ཅན་གྱི་ཡི་དྭགས་ཀྱི་རྒྱལ་པོའི་ཆོས་ཀྱི་ཁང་བ་ན་བཞུགས་ནས་བྱང་ཆུབ་སེམས་དཔའ་དོན་དམ་ཡང་དག་འཕགས་ལ་སོགས་པ་ལ་ཚིགས་ངེས་པར་འགྲེལ་བའི་མདོ་དང་། ཞེས་དགོངས་འགྲེལ་གསུངས་པའི་གནས་བཤད་པ་མི་འཐད་པར་ཐལ། མདོའི་གླེང་གཞིར་གཞལ་མེད་ཁང་རིན་པོ་ཆེ་སྣ་ཚོགས་མཆོག་ཏུ་འབར་བ་བཀོད་པ་ནས་གསུངས་པ་གསལ་བའི་ཕྱིར་ཟེར་ན། ཁ་ཅིག་མ་ཁྱབ་སྟེ།དེ་གཉིས་འགལ་མི་དགོས་པའི་ཕྱིར་ཟེར་ན་བརྟག་གོ” (44)ཞེས་གསུངས་ཤིང་། དེའི་དོན་ནི་ཡང་དག་བདེན་པས་མདོ་སྡེ་འདི་ཡུལ་ཡངས་པ་ཅན་དུ་གསུངས་པར་བཤད་མོད། མདོ་རང་གི་གླེང་གཞིར་གཞལ་མེད་ཁང་རིན་པོ་ཆེ་སྣ་ཚོགས་མཆོག་ཏུ་འབར་བ་བཀོད་པར་གསུངས་པར་དངོས་སུ་འབྱུང་བས་ཡང་དག་བདེན་པའི་བཤད་པ་དེ་མི་འཐད་པ་གཅིག་དང་། གནས་དེ་གཉིས་གང་ལྟར་ཡང་མི་འགལ་བར་བཤད་པ་གཅིག་བྱུང་མོད། དེ་གཉིས་ལས་གང་བདེན་སུ་འགྲིག་བརྟག་པར་བྱའོ་ཞེས་པ་དེ་ཡིན། འདིའི“གཞལ་མེད་ཁང”ནི་ལོངས་སྤྱོད་རྫོགས་པའི་ཞིང་ངམ། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་ལ་གོ་བ་ཡིན་པས། མདོ་འདིའང་གནས་དེ་འདྲ་ཞིག་ནས་གསུངས་པར་བཤད་པ་ཡིན། དོན་ངོ་མས་གནས་དེ་འདྲ་ཞིག་ནས་གསུངས་མ་གསུངས་དེ་སངས་རྒྱས་པའི་གཞུང་ངམ་ཆོས་ལུགས་ཀྱི་ངོ་བོར་གནས་ནས་ངེད་ཅག་རྣམས་ལ་ཤིན་ཏུ་ལྐོག་གྱུར་ཡིན་ནའང་། གནའ་སྔ་མོ་སྔ་མོ་ཞིག་ནས་བསྒྲིགས་པའི་མདོའི་གླེང་གཞིར་དེ་ལྟར་ཚིག་ཟིན་ལ་དངོས་སུ་ཐོན་པས་ན། དེ་འདྲ་བའི་ལྐོག་གྱུར་གྱི་ཞིང་དེའང་ཆོས་ལུགས་ཀྱི་རྣམ་པ་ནས་ལོ་རྒྱུས་ཀྱི་ངོ་བོར་འཕོས་ནས་རང་རེ་རྣམས་ཅིས་ཀྱང་བློ་གདེང་འཁེལ་དགོས་པའི་ཡིག་ཆ་རྩ་ཆེན་ཞིག་དང་ངོ་བོ་དབྱེར་མེད་དུ་གྲུབ་ནས་ཡོད། དེ་མ་ཟད། ཡོངས་སུ་མ་དག་པའི་ཞིང་ངམ། འཇིག་རྟེན་ཐུན་མོང་བའི་ལུགས་ལ་ཡང་དག་བདེན་པས་སྨོས་པ་ལྟར་ཡུལ་ཡངས་པ་ཅན་ནས་མདོ་འདི་གསུངས་པ་རྒྱ་བོད་ཀུན་ལ་རླུང་ལྟར་གྲགས་པས་དེའང་མི་བདེན་པའི་ཤེས་བྱེད་རྙེད་དཀའ་སེ་བར་ཡོད། འོ་ན་རྩོད་སྐོར་འདིའི་གནད་དོན་ནི་མདོ་འདི་གསུངས་སའི་གནས་དེ་གཉིས་རང་རང་ལུགས་སུ་བདེན་མི་བདེན་རྩོད་པ་མ་ཡིན་པར། མདོ་རང་གི་དབང་དུ་བྱས་ན་ཞིང་དེ་གཉིས་འགལ་མི་འགལ་དེ་ལྟ་བ་ཡིན་པ་འདྲ་ཞིང་། དེ་ནི་ཆུང་ཆུང་ཞིག་མ་ཡིན་པར་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དོན་གཉིས་སྦྲེལ་ཏེ་རྣམ་པར་འཇོག་པར་བརྩམས་པ་ཡིན་པས། འཇིགས་མེད་དམ་ཆོས་རྒྱ་མཚོས་“བརྟག་”ཅེས་གསུངས་པའང་དེ་འདྲའི་དཀའ་གནད་ཅིག་གི་རིམ་པ་བསྟན་པ་མིན་ནམ་ཡང་སྙམ། མདོར་ན།མདོ་སྡེ་འདི་ཡུལ་ཡངས་པ་ཅན་ནས་གསུངས་པར་བཤད་པར་རྣམ་གྲོལ་སྒྲུབ་ཚུལ་འདོན་པའི་ཐབས་ཀྱིས་དཔྱད་མ་བཟོད་པར་མཆིས་ཤིང་། གཞལ་མེད་ཁང་རིན་པོ་ཆེ་སྣ་བདུན་མཆོག་ཏུ་འབར་བ་བཀོད་པར་གསུངས་པར་བཤད་པར་ལོ་རྒྱུས་རིག་པས་དཔྱད་མ་བཟོད་པ་ཡང་འདུག་པས།གཉི་གའང་ཁས་འཆེས་པ་སྟེ་“ཁ་ཅིག་མ་ཁྱབ་སྟེ། དེ་གཉིས་འགལ་མི་དགོས་པའི་ཕྱིར་”ཞེས་འདོད་པ་དེ་ཉིད་མཐའ་གཉིས་རྣམ་པར་སྤངས་པའི་རིགས་པ ་(折衷主义)སྟེ་རྒོལ་བས་མི་ཚུགས་པ་ཞིག་ཏུ་མངོན་ནས་གདའོ།།
             2.མདོ་སྡེ་ཞུ་བ་པོ་རབ་འབྱོར་གྱི་སྐོར།
             བཀའ་འགྱུར་ཏུ་བཞུགས་པའི་མདོ་སྡེ་དགོངས་འགྲེལ་གྱི་གླེང་གཞིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཅུ་མ་གཏོགས་དྲི་ཞུས་མཛད་པ་པོ་རབ་འབྱོར་གྱི་མཚན་མི་སྣང་ལ། དེ་དག་ནི་དོན་ཟབ་དགོངས་པ་ངེས་འགྲེལ་དང་། ཚུལ་བཞིན་ཀུན་འདྲི། ཆོས་འཕགས། བློ་གྲོས་ཤིན་ཏུ་རྣམ་དག བློ་གྲོས་ཡངས་པ། ཡོན་ཏན་འབྱུང་གནས། དོན་དམ་ཡང་དག་འཕགས། བྱམས་པ། སྤྱན་རས་གཟིགས་དབང་ཕྱུག འཇམ་དཔལ་བཅས་ཡིན། བྱང་སེམས་འདི་ཚང་མས་ཀྱང་བཅོམ་ལྡན་འདས་ལ་དྲི་ཞུས་མཛད་པས་ན། མདོའི་གཞུང་དུའང་དོན་ཟབ་དགོངས་པ་ངེས་འགྲེལ་དང་། ཚུལ་བཞིན་ཀུན་འདྲི་གཉིས་བར་གྱི་དྲི་བ་དྲིས་ལན་ལེའུ་གཅིག་ཏུ་བྱས་པ་ལས། གཞན་ཆོས་འཕགས་སོགས་ཀྱིས་ཞུས་པའི་དྲིས་ལན་སོ་སོར་ལེའུ་རེ་རེ་གནང་འདུག་སྟེ། འདི་རྣམས་བསྡོམས་ན་ལེའུ་དགུ་ཙམ་ལོངས་ཤིང་། དེའི་ཁར་གླེང་གཞིའི་ལེའུ་བསྣན་ནས་ལེའུ་བཅུར་ཡང་བགྲངས་ཏེ། རྒྱལ་བ་དགེ་འདུན་རྒྱ་མཚོས“སྤྱིར་མདོ་སྡེ་དགོངས་འགྲེལ་ལ་ལེའུ་བཅུ་ཡོད་དེ། གླེང་གཞིའི་ལེའུ། དོན་ཟབ་དགོངས་པ་ངེས་འགྲེལ་དང་ཚུལ་བཞིན་ཀུན་འདྲི་གཉིས་ཀྱིས་ཞུས་པའི་ལེའུ། ཆོས་འཕགས་ཀྱི་དྲི་ལན་གྱི་ལེའུ། བྱང་ཆུབ་སེམས་དཔའ་བློ་གྲོས་རྣམ་དག་གི་དྲི་ལན་གྱི་ལེའུ། བློ་གྲོས་ཡངས་པའི་དྲི་ལན་གྱི་ལེའུ། ཡོན་ཏན་འབྱུང་གནས་ཀྱི་དྲི་ལན་གྱི་ལེའུ། དོན་དམ་ཡང་དག་འཕགས་ཀྱི་དྲི་ལན་གྱི་ལེའུ།བྱམས་པས་ཞུས་པའི་དྲི་ལན་གྱི་ལེའུ། སྤྱན་རས་གཟིགས་ཀྱིས་ཞུས་པའི་དྲི་ལན་གྱི་ལེའུ། འཇམ་དབྱངས་ཀྱིས་ཞུས་པའི་དྲི་ལན་གྱི་ལེའུ་རྣམས་སོ་” (45)ཞེས་པའོ། དེ་བཞིན་དུ་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་དང་། བློ་བཟང་འཕྲིན་ལས་ཡེ་ཤེས་ཀྱིས་ཀྱང་(46)འདི་ལྟར་བགྲང་ངོ་།། འོན་ཀྱང་། གླེང་གཞི་ལ་རབ་འབྱོར་གྱི་མཚན་དེ་ལྟར་མ་ཐོན་ཡང་། དེ་ཉིད་ཀྱིས་དྲི་ཞུས་མཛད་པའི་དོན་རྣམས་གསལ་པོར་འཁོད་པའི་རབ་འབྱོར་གྱི་ལེའུ་ཞེས་པ་ཞིག་མདོའི་གཞུང་རང་ན་གསལ་བར་གསུངས་འདུག་པས། སྤྱིར་ན་འདི་མི་བགྲང་ཐབས་མེད་དུ་སྣང་མོད། འོན་ཀྱང་མདོ་སྡེ་དགོངས་འགྲེལ་གྱི་ལེའུ་བཅུ་པོའི་གྲངས་སུ་དེ་ཉིད་བགྲང་མི་བགྲང་ཐད་རྩོད་གཞི་ཅུང་ཟད་འདུག རྒྱལ་བ་དགེ་འདུན་རྒྱ་མཚོས་རབ་འབྱོར་གྱི་ལེའུ་དངོས་སུ་མ་བགྲང་བ་ནི་རྒྱུ་མཚན་གཉིས་ཀྱི་ཕྱིར་མངོན་ཏེ། གཅིག་ནི་རྒྱལ་ཚབ་རྗེའི་རྣམ་བཤད་སྙིང་པོའི་རྒྱན་ལས་ས་བཅུའི་དབང་ཕྱུག་བྱང་ཆུབ་སེམས་དཔའ་བཅུས་སྟོན་པ་ལ་དྲི་བ་རེ་རེ་མཛད་ཅེས་གསུངས་པའི་བྱང་སེམས་བཅུ་བོ་ནི་དོན་ཟབ་དགོངས་པ་ངེས་འགྲེལ་ནས་འཇམ་དཔལ་བར་གྱི་དེ་བཅུ་བོ་ཡིན་ལ། རབ་འབྱོར་དེའི་གྲས་སུ་ཚུད་མེད་དེ། རྒྱུ་མཚན་ནི་དེ་ཉིད་ཉན་ཐོས་ཡིན་གྱི་བྱང་སེམས་མ་ཡིན་པས་ན་ཁོང་གིས་འདིར་མ་བགྲང་བར་གསུངས་ཏེ།གུང་ཐང་ཡང་སྙིང་རྩོམ་འཕྲོ་ལས། “དེ་ལ་དཀའ་འགྲེལ་གྱི་དགོངས་པ་ནི། རྣམ་བཤད་སྙིང་པོའི་རྒྱན་ལས། ས་བཅུའི་དབང་ཕྱུག་བྱང་ཆུབ་སེམས་དཔའ་བཅུས་སྟོན་པ་ལ་དྲི་བ་མི་འདྲ་བ་རེ་རེ་མཛད་” (47)ཞེས་གསུངས་པ་བཞིན་ནོ།། རྒྱུ་མཚན་གཞན་ཞིག་ནི། གླེང་གཞི་རང་ན་མདོ་ཞུ་བ་པོའི་གྲས་སུ་རབ་འབྱོར་གྱི་མཚན་མ་བགྲང་བར་འདུག་པས་རྒྱལ་བ་དགེ་འདུན་རྒྱ་མཚོས་ཀྱང་དེ་བཞིན་དུ་མ་བགྲང་བར་གསུངས་ཏེ། གུང་ཐང་ཡང་སྙིང་རྩོམ་འཕྲོ་ལས།“མདོའི་གླེང་གཞིར་སེམས་དཔའ་བཅུའི་མཚན་སྨོས་ཀྱང་རབ་འབྱོར་མ་བྱུང་བས་ལེའུ་དེ་སེམས་དཔའ་བཅུའི་དྲིས་ལན་གྱི་གྲངས་མ་ཡིན་པ་ལ་དགོངས་སོ།།” (48) ཞེས་གསུངས་པ་བཞིན་ནོ།། ཡིན་ནའང་། དགོངས་གཞི་འདི་གཉིས་ཀྱི་ཕྱིར་མདོ་སྡེ་དགོངས་འགྲེལ་གྱི་ལེའུ་བཅུ་པོའི་གྲས་སུ་རབ་འབྱོར་གྱི་ལེའུ་མ་བགྲང་བ་མ་གཏོགས། རྒྱལ་བ་དགེ་འདུན་རྒྱ་མཚོའི་དགོངས་པ་དངོས་ལ་རབ་འབྱོར་གྱི་ལེའུ་བགྲང་བར་སྣང་བས་དེ་འདོར་ཐབས་མེད་པར་ཡང་གུང་ཐང་བསྟན་པའི་སྒྲོན་མེས་གསུངས་ཏེ། “རབ་འབྱོར་གྱི་ལེའུ་གཞུང་རང་ན་ལེའུ་བྱས་ནས་ཡོད་ལ།གཏན་ལ་དབབ་པ་བསྡུ་བ་ལས་ཀྱང་དེ་བཞིན་དྲངས་པས་འདོར་ཐབས་མེད་དོ།།” (49)ཞེས་གསུངས་སོ།། དེ་ལས་ལྡོག་སྟེ་གླེང་གཞིའི་ལེའུ་རྒྱལ་བ་དགེ་འདུན་རྒྱ་མཚོས་དགོངས་འགྲེལ་ལེའུ་བཅུ་པོའི་གྲས་སུ་བགྲང་བ་ནི་དོན་གྱིས་ཐོབ་པ་ཙམ་ལ་དགོངས་པར་ཡང་གསུངས་དེ། ཡང་སྙིང་རྩོམ་འཕྲོ་ལས་“མདོ་གཞན་བཞིན་གླེང་གཞི་རྫོགས་མཚམས་ནས་ལེའུ་བྱས་ཀྱང་དོན་གྱིས་ཐོབ་པ་ལ་དགོངས་པ་ཡིན་” (50)ཞེས་གསུངས་སོ།། དེ་བས་ན་གླེང་གཞིའི་ལེའུ་ཕྱིར་འཐེན་ཏེ་རབ་འབྱོར་གྱི་ལེའུ་ནང་དུ་བཅུག་མཐར་དོན་ཟབ་དགོངས་པ་ངེས་འགྲེལ་དང་ཚུལ་བཞིན་ཀུན་འདྲི་གཉིས་ཀྱི་དྲིས་ལན་གྱི་ལེའུ། ཆོས་འཕགས་ཀྱི་ལེའུ། བློ་གྲོས་རྣམ་དག་གི་ལེའུ། རབ་འབྱོར་གྱི་ལེའུ། བློ་གྲོས་ཡངས་པའི་ལེའུ། ཡོན་ཏན་འབྱུང་གནས་ཀྱི་ལེའུ། དོན་དམ་ཡང་དག་འཕགས་ཀྱི་ལེའུ། བྱམས་པས་ཞུས་པའི་ལེའུ། སྤྱན་རས་གཟིགས་ཀྱིས་ཞུས་པའི་ལེའུ།འཇམ་དཔལ་གྱིས་ཞུས་པའི་ལེའུའི་རྣམ་པར་གྲུབ་སྟེ། ཡང་སྙིང་རྩོམ་འཕྲོ་ལས། “སེམས་དཔའ་བཅུ་ཡོད་ཀྱང་དང་པོ་གཉིས་ལ་དྲི་ལན་ལེའུ་གཅིག་ལས་མེད་པས་རབ་འབྱོར་གྱི་ལེའུ་སྟེ་བཅུ་ཡིན་” (51)ཞེས་གསུངས་པ་བཞིན་ནོ།། དེ་ལྟར་མདོ་སྡེ་དགོངས་འགྲེལ་ལ་ལེའུ་བཅུར་བགྲང་བའི་གྲས་ནས་རབ་འབྱོར་གྱི་ལེའུ་འདོར་ཐབས་མེད་པ་གུང་ཐང་བསྟན་པའི་སྒྲོན་མེས་གསུངས་ཀྱང་། འཇིགས་མེད་དམ་ཆོས་རྒྱ་མཚོས་བོད་ཀྱི་འགྱུར་དང་བསྟུན་ན། ལེའུ་བཅུ་བོའི་གྲངས་ནས་རབ་འབྱོར་གྱི་ལེའུ་མི་འདོར་བ་ལ་སྙོན་ས་མེད་པར་ཡང་གསུངས་ཏེ། ལེགས་བཤད་སྙིང་པོའི་འཇུག་ངོགས་ལས། “བོད་འགྱུར་འདི་དང་བསྟུན་ཚེ་ལེའུ་བཅུར་བྱེད་པ་དང་། རབ་འབྱོར་གྱི་ལེའུ་མི་འདོར་བ་ལ་སྙོན་ས་མེད་ལ་” (52)ཞེས་གསུངས་སོ།། འདི་བས་དམིགས་ས་གཙོ་བོ་ནི་བོད་ཀྱི་མདོ་སྡེ་དགོངས་འགྲེལ་གྱི་གླེང་གཞིའི་དཔེར་རབ་འབྱོར་གྱི་མཚན་མི་སྣང་བ་དེ་ཡིན་ཞིང་། གོང་གི་རྒྱལ་བ་དགེ་འདུན་རྒྱ་མཚོའི་གསུང་སྟེ་རབ་འབྱོར་མ་གཏོགས་པའི་ལེའུ་བཅུར་བགྲང་ཚུལ་དེ་ཉིད་སྒྲ་ཇི་བཞིན་དུ་འདོད་པ་ལས་ལུང་དོན་ནི་མི་འཇོག་པ་འདྲའོ།། དེ་ལྟ་ནའང་། བོད་རང་གི་འགྱུར་ཁོ་ན་མ་ཡིན་པར་དཔེ་གཞན་ལའང་རྣ་བ་ཅུང་གཏད་ཚེ། སློབ་དཔོན་ཡང་དག་བདེན་པའི་གླེང་གཞིར乃至住阿罗那三昧定须菩提等ཞེས་རབ་འབྱོར་གྱི་མཚན་དངོས་སུ་ཐོན་པས་ན། རབ་འབྱོར་གྱི་ལེའུ་ནི་མདོ་སྡེ་དགོངས་འགྲེལ་ལེའུ་བཅུར་བྱས་པའི་གྲངས་ནས་འདོར་ཐབས་ཤིག་ཅི་ལ་ཡོད་དེ།གུང་ཐང་བསྟན་པའི་སྒྲོན་མེའི་གསུང་འབའ་ཞིག་གནས་ལུགས་སུའང་མཐོང་ངོ་།།
             དེ་ལྟར་རྒྱ་ནག་གི་འགྱུར་རྣམས་རང་རེའི་བཀའ་འགྱུར་ཏུ་བཞུགས་པའི་མདོ་སྡེ་དགོངས་འགྲེལ་གྱི་གླེང་གཞི་དང་བསྡུར་བ་རགས་ཙམ་བྱས་རྗེས། ཚིག་དོན་གོ་རིམ་རྣམས་ཡོངས་སུ་མཐུན་པ་གཅིག་དང་། མཐུན་ཤས་ཆེ་བ་གཅིག་དང་། རྩ་བ་ནས་མི་མཐུན་པ་གཅིག་དང་།གླེང་གཞི་མེད་ནས་བསྡུར་བྱ་བསྡུར་བྱེད་མི་སླེབས་པ་གཅིག་དང་བཅས་བཞིར་མཆིས་པ་ལས། བཀའ་འགྱུར་དང་གཏན་ནས་མི་མཐུན་པའི་སློབ་དཔོན་ཡང་དག་བདེན་པའི་དཔེ་ནི་གསུང་སའི་གནས་ཕུན་སུམ་ཚོགས་པ་མི་འདྲ་བ་དང་། འཁོར་ཕུན་སུམ་ཚོགས་པ་མི་མཚུངས་པ་དང་། སྟོན་པ་པོ་ཕུན་སུམ་ཚོགས་པའི་ཁྱད་པར་དང་།ཞུ་བ་པོ་ཚིག་ཟིན་ལ་ཐོན་མ་ཐོན་གྱི་ཁྱད་པར་མངའ་བ་བཅས་མི་མཐུན་པའི་ཆ་བཞི་ཙམ་མཆིས་ཏེ། རྒྱས་པར་གཞན་ལས་ཤེས་པར་བྱའོ།།
མཆན་འགྲེལ།
             ①张志强:《圆测唯识思想研究——以《解深密经疏》与《解深密经序品》解读问题为中心》PDF版,(原刊于由商务印书馆2004年出版之《哲学、宗教与人文》(楼宇烈教授七十华诞纪念文集),P1
             ②《འཕགས་པ་དགོངས་པ་ངེས་པར་འགྲེལ་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ》བཀའ་འགྱུར་དཔེ་བསྡུར་མ། {མདོ་སྡེ}【ཅ】 ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ཤོག་གྲངས་4 གཞན་ཡང་། འདིའི་ཐད་ཀྱི་《 ཏུན་ཧོང་གཏེར་ཡིག P.T 0683》དང་། 《ཏུན་ཧོང་གཏེར་ཡིག IOL.Tib.J.194》 གཉིས་དང་། 玄奘译,《解深密经》, 大藏经第十七册བཅས་ལའང་མཇལ་ནས་བརྟག་པའོ།།
             ③《མདོ་སྡེ་སྤྱིའི་རྣམ་གཞག》མང་ཐོས་པད་དཀར་བཟང་པོས་མཛད། མི་རིགས་དཔེ་སྐྲུན་ཁང་། 2006ལོའི་ཟླ་2པ། ཤོག་གྲངས་152
             ④《རྒྱ་ནག་འགྲེལ་ཆེན》ནམ《འཕགས་པ་དགོངས་པ་ཟབ་མོ་ངེས་པར་འགྲེལ་བའི་མདོའི་རྒྱ་ཆེར་འགྲེལ་བཞུགས་སོ》 ཝེན་ཚེག་གིས་མཛད། བསྟན་འགྱུར་དཔེ་བསྡུར་མ། {མདོ་སྡེ} 【ཏི】 པ། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ཤོག་ངོས 87
             ⑤《འཕགས་པ་དགོངས་པ་ངེས་པར་འགྲེལ་པའི་མདོའི་རྣམ་པར་བཤད་པ》 བྱང་ཆུབ་རྫུ་འཕྲུལ་གྱིས་མཛད། སྡེ་དགེ་བསྟན་འགྱུར {སྣ་ཚོགས} 【ཆོ】དུམ་པ། ཤོག་གྲངས1-2གཞན་ཡང་། སློབ་དཔོན་ཐོགས་མེད་ཀྱིས་མཛད་པར་གྲགས་པའི་《འཕགས་པ་དགོངས་པ་ངེས་པར་འགྲེལ་པའི་རྣམ་པར་བཤད་པ》 བསྟན་འགྱུར་དཔེ་བསྡུར་མའི་{མདོ་སྡེ}【 ངི】 ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་།
             ⑥《དྲང་ངེས་མཐའ་དཔྱོད་ཆེན་མོ་བེེཌྰུརྱ་དཀར་པོའི་གན་མཛོད》 ཀུན་མཁྱེན་འཇམ་དབྱངས་བཞད་པས་མཛད། མཚོ་སྔོན་ནང་བསྟན་རིག་གནས་སྒྱུ་རྩལ་ཞབས་ཞུ་ལྟེ་གནས། ཤོག་ངོས་87 
             ⑦《སྡེ་དགེ་བཀའ་འགྱུར་དཀར་ཆག་ཟླ་འོད་གཞོན་ནུའི་འཁྲི་ཤིང་》སི་ཏུ་པན་ཆེན་ཆོས་ཀྱི་འབྱུང་གནས་ཀྱིས་མཛད། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2008ལོའི་ཟླ་12པ། ཤོག་ངོས་441
             ⑧《འཕགས་པ་དགོངས་པ་ངེས་པར་འགྲེལ་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ》བཀའ་འགྱུར་དཔེ་བསྡུར་མ། {མདོ་སྡེ}【ཅ】 ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ཤོག་གྲངས་4 གཞན་ཡང་། འདིའི་ཐད་ཀྱི་《 ཏུན་ཧོང་གཏེར་ཡིག P.T 0683》དང་། 《ཏུན་ཧོང་གཏེར་ཡིག IOL.Tib.J.194》 གཉིས་དང་། 玄奘译,《解深密经》, 大藏经第十七册བཅས་ལའང་མཇལ་ནས་བརྟག་པའོ།།
             ⑨《འཕགས་པ་སངས་རྒྱས་ཀྱི་ས་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ》 སྡེ་དགེ་བཀའ་འགྱུར། 【ཡ】 དུམ་པ། ཤོག་ གྲངས་36ཉིན་ངོས། གཞན་ཡང་། 《ཐེག་པ་ཆེན་པོའི་བསྡུས་པའི་བཤད་སྦྱར་》བཙུན་པ་ངོ་བོ་ཉིད་མེད་ཀྱིས་མཛད། བསྟན་འགྱུར་དཔེ་བསྡུར་མ ་(སེམས་ཙམ)【རི】 ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། དང་། 《དོན་གསང་བ་རྣམ་པར་ཕྱེ་བ་བསྡུས་ཏེ་བཤད་པ་》བསྟན་འགྱུར་དཔེ་བསྡུར་མ་(སེམས་ཙམ)【རི】 ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་དང་། 玄奘译,《佛说佛地经》,大正藏16册དང་། 亲光等菩萨造,唐•玄奘译,《佛地经论》七卷,《大正藏》第26册。
             ⑩《ལེགས་བཤད་སྙིང་པོའི་གསུང་བཤད་ཟིན་བྲིས་སུ་བཀོད་པ་ཀུན་མཁྱེན་གསུང་གི་ཆུ་རྒྱུན་དག་བྱེད་མཆོད་ཡོན་ཞེས་བྱ་བ་བཞུགས་སོ》 དབལ་མང་དཀོན་མཆོག་རྒྱལ་མཚན་གྱི་གསུང་འབུམ་པོད་ཁ་པ། བོད་ཀྱི་ནང་བསྟན་དཔེ་ཚོགས་ལྟེ་བ། ཤོག་གྲངས་10སྲིབ་ངོས།
             ⑾《དྲང་བ་དང་ངེས་པའི་དོན་རྣམ་པར་ཕྱེ་བ་གསལ་བར་བྱེད་པ་ལེགས་བཤད་སྙིང་པོའི་དོན་མཐའ་དག་རྣམ་པར་འབྱེད་པའི་བསྟན་བཅོས་ལེགས་བཤད་སྙིང་པོའི་འཇུག་ངོགས་ཞེས་བྱ་བ》 འཇིགས་མེད་དམ་ཆོས་རྒྱ་མཚོས་མཛད། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 1999ལོའི་ཟླ5པའི་དཔར་ཐེངས་དང་པོ། ཤོག་གྲངས་81
             ⑿圆测:《解深密经疏》(卷三)PDF版,第14页。
             ⒀⒁张志强:《圆测唯识思想研究——以《解深密经疏》与《解深密经序品》解读问题为中心》PDF版,(原刊于由商务印书馆2004年出版之《哲学、宗教与人文》(楼宇烈教授七十华诞纪念文集),P1/ P11/P18-19
             ⒂《རྒྱ་ནག་འགྲེལ་ཆེན་》ནམ་《འཕགས་པ་དགོངས་པ་ཟབ་མོ་ངེས་པར་འགྲེལ་བའི་མདོའི་རྒྱ་ཆེར་འགྲེལ་བཞུགས་སོ》 ཝེན་ཚེག་གིས་མཛད། བསྟན་འགྱུར་དཔེ་བསྡུར་མ། {མདོ་སྡེ} 【ཏི】 པ། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ཤོག་ངོས་87/84/119/179/166/163/163/120
             ⒃《ཐེག་པ་ཆེན་པོ་བསྡུས་པ》 སློབ་དཔོན་ཐོགས་མེད་ཀྱིས་མཛད། བསྟན་འགྱུར་དཔེ་བསྡུར་མ། {སེམས་ཙམ}【རི】 ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ཤོག་ངོས་101 玄奘译,《摄大乘论》彼果智之分十一,大正藏31卷。玄奘译,世亲造,《摄大乘论释》第十卷,大正藏31卷。玄奘译,无性造,《摄大乘论释》卷十,大正藏31卷。
             ⒄《ཐེག་པ་ཆེན་པོའི་བསྡུས་པའི་འགྲེལ་པ》 སློབ་དཔོན་དབྱིག་གཉེན་གྱིས་མཛད། བསྟན་འགྱུར་དཔེ་བསྡུར་མ {སེམས་ཙམ}【རི】 ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ཤོག་ངོས་478-479
             ⒅《摄大乘论讲记》释印顺著,中华书局, 2012年7月,第346页。
             ⒆⒇(21)张志强:《圆测唯识思想研究——以《解深密经疏》与《解深密经序品》解读问题为中心》PDF版,(原刊于由商务印书馆2004年出版之《哲学、宗教与人文》(楼宇烈教授七十华诞纪念文集),P1/ P11/P18-19
             (22)张志强:《圆测唯识思想研究——以《解深密经疏》与《解深密经序品》解读问题为中心》PDF版,(原刊于由商务印书馆2004年出版之《哲学、宗教与人文》(楼宇烈教授七十华诞纪念文集),P19
             (23)《ཐེག་པ་ཆེན་པོ་བསྡུས་པ》 སློབ་དཔོན་ཐོགས་མེད་ཀྱིས་མཛད། བསྟན་འགྱུར་དཔེ་བསྡུར་མ། {སེམས་ཙམ}【རི】 ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ཤོག་ངོས་52 玄奘译,《摄大乘论》彼果智之分十一,大正藏31卷。玄奘译,世亲造,《摄大乘论释》第十卷,大正藏31卷。玄奘译,无性造,《摄大乘论释》卷十,大正藏31卷。
             (24)《དྲང་ངེས་རྣམ་འབྱེད་ཀྱི་དཀའ་གནས་ཟིན་བྲིས》 ཤིང་བཟའ་པཎྜི་ཏ་བློ་བཟང་དར་རྒྱས་ཀྱིས་མཛད། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2006ལོའི་ཟླ་9པ། པར་ཐེངས་གཉིས་པ། ཤོག་གྲངས་276
             (25)《དྲང་ངེས་རྣམ་འབྱེད་ཀྱི་དཀའ་འགྲེལ་རྩོམ་འཕྲོ་ལེགས་བཤད་སྙིང་པོའི་ཡང་སྙིང་ཞེས་བྱ་བ་བཞུགས་སོ》 གུང་ཐང་བསྟན་པའི་སྒྲོན་མེས་མཛད། སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་སྒྲིག་ཁང་། པོད་ཕྲེང་བདུན་པ། ཤོག་གྲངས་88 གཞན་ཡང་《སེར་ཤུལ་དྲང་ངེས་》སམ་《དྲང་ངེས་རྣམ་འབྱེད་ཀྱི་ཟིན་བྲིས་ཟབ་དོན་གསལ་བའི་སྒྲོན་མེ》 སེར་ཤུལ་རྗེ་བཙུན་བློ་བཟང་ཕུན་ཚོགས་ཀྱིས་མཛད། སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་སྒྲིག་ཁང་། པོད་ཕྲེང་བརྒྱ་དང་བཅུ་གཅིག་པ། ཤོག་གྲངས་44
             (26)John Powers. Hermeneutics and tradition in Samdhinimocana-Sutra. Dheli:Motilal Banarsidass, 2004. pp 4
             (27)《བོད་སོག་ཆོས་འབྱུང་པད་དཀར་ཕྲེང་མཛེས》 ཤིང་བཟའ་སྐལ་བཟང་ཆོས་ཀྱི་རྒྱལ་མཚན། མི་རིགས་དཔེ་སྐྲུན་ཁང་། 1993ལོའི་ཟླ་5པ། པར་ཐེངས་གཉིས་པ། ཤོག་གྲངས་245
             (28)《འཕགས་པ་དགོངས་པ་ངེས་པར་འགྲེལ་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ》བཀའ་འགྱུར་དཔེ་བསྡུར་མ། {མདོ་སྡེ}【ཅ】 ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ཤོག་གྲངས་4 གཞན་ཡང་། འདིའི་ཐད་ཀྱི་《 ཏུན་ཧོང་གཏེར་ཡིག P.T 0683》དང་། 《ཏུན་ཧོང་གཏེར་ཡིག IOL.Tib.J.194》 གཉིས་དང་། 玄奘译,《解深密经》, 大藏经第十七册 བཅས་ལའང་མཇལ་ནས་བརྟག་པའོ།།
             (29)《རྒྱ་ནག་འགྲེལ་ཆེན་》ནམ་《འཕགས་པ་དགོངས་པ་ཟབ་མོ་ངེས་པར་འགྲེལ་བའི་མདོའི་རྒྱ་ཆེར་འགྲེལ་བཞུགས་སོ》 ཝེན་ཚེག་གིས་མཛད། བསྟན་འགྱུར་དཔེ་བསྡུར་མ། {མདོ་སྡེ} 【ཏི】 པ། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ཤོག་ངོས་119
             (30)《འཕགས་པ་སངས་རྒྱས་ཀྱི་སའི་རྣམ་པར་བཤད་པ》 སློབ་དཔོན་ངང་ཚུལ་བཟང་པོས་མཛད། བསྟན་འགྱུར་དཔེ་བསྡུར་མ། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ཤོག་ངོས་1349
             (31)《ཐེག་པ་ཆེན་པོ་བསྡུས་པ》སློབ་དཔོན་ཐོགས་མེད་ཀྱིས་མཛད། བསྟན་འགྱུར་དཔེ་བསྡུར་མ། {སེམས་ཙམ}【རི】 ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ཤོག་ངོས་53 玄奘译,《摄大乘论》彼果智之分十一,大正藏31卷。玄奘译,世亲造,《摄大乘论释》第十卷,大正藏31卷。玄奘译,无性造,《摄大乘论释》卷十,大正藏31卷。
             (32)《འཕགས་པ་དགོངས་པ་ངེས་པར་འགྲེལ་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ》 བཀའ་འགྱུར་དཔེ་བསྡུར་མ། {མདོ་སྡེ}【ཅ】 ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ཤོག་གྲངས་5 གཞན་ཡང་། འདིའི་ཐད་ཀྱི་《 ཏུན་ཧོང་གཏེར་ཡིག P.T 0683》དང་། 《ཏུན་ཧོང་གཏེར་ཡིག IOL.Tib.J.194》 གཉིས་དང་། 玄奘译,《解深密经》, 大藏经第十七册 བཅས་ལའང་མཇལ་ནས་བརྟག་པའོ།།
             (33)(34)《རྒྱ་ནག་འགྲེལ་ཆེན་》ནམ་《འཕགས་པ་དགོངས་པ་ཟབ་མོ་ངེས་པར་འགྲེལ་བའི་མདོའི་རྒྱ་ཆེར་འགྲེལ་བཞུགས་སོ》 ཝེན་ཚེག་གིས་མཛད། བསྟན་འགྱུར་དཔེ་བསྡུར་མ། {མདོ་སྡེ} 【ཏི】 པ། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ཤོག་ངོས་179/166
             (35)《摄大乘论讲记》 释印顺著,中华书局, 2012年7月,第195页。
             (36)《འཕགས་པ་སངས་རྒྱས་ཀྱི་སའི་རྣམ་པར་བཤད་པ》 སློབ་དཔོན་ངང་ཚུལ་བཟང་པོས་མཛད། བསྟན་འགྱུར་དཔེ་བསྡུར་མ། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ཤོག་ངོས་1347
             (37)《འཕགས་པ་དགོངས་པ་ངེས་པར་འགྲེལ་པའི་མདོའི་རྣམ་པར་བཤད་པ》། བྱང་ཆུབ་རྫུ་འཕྲུལ་གྱིས་མཛད། སྡེ་དགེ་བསྟན་འགྱུར {སྣ་ཚོགས} 【ཆོ】དུམ་པ། ཤོག་གྲངས་18 གཞན་ཡང་། སློབ་དཔོན་ཐོགས་མེད་ཀྱིས་མཛད་པར་གྲགས་པའི་《འཕགས་པ་དགོངས་པ་ངེས་པར་འགྲེལ་པའི་རྣམ་པར་བཤད་པ》 བསྟན་འགྱུར་དཔེ་བསྡུར་མའི{མདོ་སྡེ}【 ངི】 ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་།
             (38)《རྒྱ་ནག་འགྲེལ་ཆེན་》ནམ་《འཕགས་པ་དགོངས་པ་ཟབ་མོ་ངེས་པར་འགྲེལ་བའི་མདོའི་རྒྱ་ཆེར་འགྲེལ་བཞུགས་སོ》 ཝེན་ཚེག་གིས་མཛད། བསྟན་འགྱུར་དཔེ་བསྡུར་མ། {མདོ་སྡེ} 【ཏི】 པ། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ཤོག་ངོས་163
             (39)真谛译:《解节经》不可言无二品第一,大正藏16卷,714页下。
             (40)菩提流支译:《深密解脱经》, 大正藏第十六册,No:675。
             (41)求那跋陀罗译:《相续解脱经》,大正藏十六卷。
             (42)真谛译:《解节经》不可言无二品第一,大正藏16卷,714页下。
             (43)《རྒྱ་ནག་འགྲེལ་ཆེན་》ནམ་《འཕགས་པ་དགོངས་པ་ཟབ་མོ་ངེས་པར་འགྲེལ་བའི་མདོའི་རྒྱ་ཆེར་འགྲེལ་བཞུགས་སོ》 ཝེན་ཚེག་གིས་མཛད། བསྟན་འགྱུར་དཔེ་བསྡུར་མ། {མདོ་སྡེ} 【ཏི】 པ། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ཤོག་ངོས་120
             (44)《དྲང་བ་དང་ངེས་པའི་དོན་རྣམ་པར་ཕྱེ་བ་གསལ་བར་བྱེད་པ་ལེགས་བཤད་སྙིང་པོའི་དོན་མཐའ་དག་རྣམ་པར་འབྱེད་པའི་བསྟན་བཅོས་ལེགས་བཤད་སྙིང་པོའི་འཇུག་ངོགས་ཞེས་བྱ་བ》 འཇིགས་མེད་དམ་ཆོས་རྒྱ་མཚོས་མཛད། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 1999ལོའི་ཟླ་5པའི་དཔར་ཐེངས་དང་པོ། ཤོག་གྲངས་157
             (45)《དྲང་ངེས་རྣམ་འབྱེད་ཀྱི་དཀའ་འགྲེལ་དགོངས་པ་རབ་གསལ》 རྒྱལ་བ་དགེ་འདུན་རྒྱ་མཚོས་མཛད། སྟོང་སྐོར་མཚན་ཉིད་ཐོས་བསམ་ནོར་བུའི་གླིང་ནས་དཔར། 2009ལོའི་ཟླ་12པའི་ཚེས་23ཉིན། ཤོག་ངོས14-15བར།
             (46)Hopkins, Jeffrey, Absorption In No External World: 170 Issues In Mind-Only Buddhism, Snow Lion Press, 2006. pp 27-28
             (47)《དྲང་ངེས་རྣམ་འབྱེད་ཀྱི་དཀའ་འགྲེལ་རྩོམ་འཕྲོ་ལེགས་བཤད་སྙིང་པོའི་ཡང་སྙིང་ཞེས་བྱ་བ་བཞུགས་སོ》གུང་ཐང་བསྟན་པའི་སྒྲོན་མེས་མཛད། སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་སྒྲིག་ཁང་། པོད་ཕྲེང་བདུན་པ། ཤོག་གྲངས་87 གཞན་ཡང་། 《སེར་ཤུལ་དྲང་ངེས་》སམ་《དྲང་ངེས་རྣམ་འབྱེད་ཀྱི་ཟིན་བྲིས་ཟབ་དོན་གསལ་བའི་སྒྲོན་མེ》 སེར་ཤུལ་རྗེ་བཙུན་བློ་བཟང་ཕུན་ཚོགས་ཀྱིས་མཛད། སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་སྒྲིག་ཁང་། པོད་ཕྲེང་བརྒྱ་དང་བཅུ་གཅིག་པ། ཤོག་གྲངས་44
             (48)(49)(50)(51)《དྲང་ངེས་རྣམ་འབྱེད་ཀྱི་དཀའ་འགྲེལ་རྩོམ་འཕྲོ་ལེགས་བཤད་སྙིང་པོའི་ཡང་སྙིང་ཞེས་བྱ་བ་བཞུགས་སོ》 གུང་ཐང་བསྟན་པའི་སྒྲོན་མེས་མཛད། སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་སྒྲིག་ཁང་། པོད་ཕྲེང་བདུན་པ། ཤོག་གྲངས་87/87/87/87 གཞན་ཡང་། 《སེར་ཤུལ་དྲང་ངེས་》སམ་《དྲང་ངེས་རྣམ་འབྱེད་ཀྱི་ཟིན་བྲིས་ཟབ་དོན་གསལ་བའི་སྒྲོན་མེ》 སེར་ཤུལ་རྗེ་བཙུན་བློ་བཟང་ཕུན་ཚོགས་ཀྱིས་མཛད། སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་སྒྲིག་ཁང་། པོད་ཕྲེང་བརྒྱ་དང་བཅུ་གཅིག་པ། ཤོག་གྲངས་44
             (52)《དྲང་བ་དང་ངེས་པའི་དོན་རྣམ་པར་ཕྱེ་བ་གསལ་བར་བྱེད་པ་ལེགས་བཤད་སྙིང་པོའི་དོན་མཐའ་དག་རྣམ་པར་འབྱེད་པའི་བསྟན་བཅོས་ལེགས་བཤད་སྙིང་པོའི་འཇུག་ངོགས་ཞེས་བྱ་བ》 འཇིགས་མེད་དམ་ཆོས་རྒྱ་མཚོས་མཛད། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 1999ལོའི་ཟླ་5པའི་དཔར་ཐེངས་དང་པོ།ཤོག་གྲངས་81

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1