གཙོ་ངོས།>> ཞིབ་འཇུག>>ཆོས་ལུགས།

རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོའི་བོད་རིག་པ། སྤེལ་དུས། ༢༠༡༩ལོའི་ཟླ་བ་༠༦ཚེས་༡༤ཉིན།

༄༅།། དཔལ་གཤེན་བསྟན་གཡུང་དྲུང་རབ་བརྟན་གླིང་གི་བྱུང་བརྗོད་ཀུན་གསལ་མེ་ལོང་།

 ཁྲི་ཤེས་ཉི་མ།
[ནང་དོན་གནད་བསྡུས།] རྩོམ་ཡིག་འདིའི་ནང་དཔལ་གཤེན་བསྟན་གཡུང་དྲུང་རབ་བརྟན་གླིང་གི་ཆགས་རིམ་དང་གཤེན་བསྟན་གྱི་བྱུང་རིམ། ལྷག་པར་དུ་གྲུབ་ཐོབ་སྤ་ཡི་མཆེད་ཁུངས་དང་དེས་དགོན་པ་བཏབ་ཚུལ་དང་། གདུལ་བྱ་མཛད་ཚུལ། སྐུ་གསུང་ཐུགས་རྟེན་བཞེངས་ནས་གཤེན་བསྟན་འཕེལ་རྒྱས་ཐད་མཛད་རྗེས་གང་ལེགས་སྐྲུན་ཚུལ་ཞིབ་ཏུ་བརྗོད་ཡོད།
[བརྡ་ཆད་གཙོ་བོ།] དཔལ་གཤེན་བསྟན། གྲུབ་ཐོབ་སྤ།
[ཀྲུང་གོའི་དཔེ་དེབ་དབྱེ་རྟགས།] K281
[ཡིག་ཚང་མཚན་བྱང་།] A
[རྩོམ་གྱི་གོ་རིམ་ཨང་སྒྲིག] 1002-9060-2014-04-0081-24
              རྨད་འབྱུང་མཚན་དཔེ་འབར་བའི་སྐུ་མངའ་ཞིང་།།ཚངས་དབྱངས་ཡན་ལག་དྲུག་ཅུའི་སྙན་འཇེབས་གསུང་།། ཟབ་རྒྱས་བོན་ཀུན་མཁྱེན་པའི་ཡེ་ཤེས་ཐུགས།། རྣམ་འདྲེན་རྫོགས་སངས་རྒྱས་དེས་དགེ་ལེགས་སྩོལ།། རྨད་བྱུང་མཁྱེན་རབ་གཡུང་དྲུང་ཁང་བཟང་རྩེར།། རྒྱལ་གསུང་སྡེ་སྣོད་ཐེག་དགུའི་སྤྲིན་དཀར་གཏིབ།། ལུང་རིགས་བཤད་སྒྲུབ་བསྟན་པའི་སྤྲིན་རྔ་གྲགས།། མཁས་ཀུན་གཙུག་རྒྱན་བླ་མས་བྱིན་རློབས་ཤིག། གཤེན་བསྟན་རིན་ཆེན་གཡུང་དྲུང་ལུ་གུའི་རྒྱུད།། རབ་འབྱམས་དཔག་བསམ་ཡོངས་འདུས་རྩ་བ་བརྟན།། བཤད་སྒྲུབ་འདུས་སྡེ་རྒྱ་མཚོའི་གླིང་དེ་རུ།། བྱུང་བརྗོད་དཀར་ཆག་ཀུན་གསལ་མེ་ལོང་བསྟན།།
              ཞེས་མཆོད་པར་བརྗོད་ཅིང་བཤད་པར་དམ་བཅའི་ཚིག་ཕྲེང་མེ་ཏོག་རབ་མཛེས་ཀྱིས་མདུན་བསུས་ཏེ་དཔལ་གཤེན་བསྟན་གཡུང་དྲུང་རབ་བརྟན་གླིང་གི་བྱུང་བརྗོད་ཀུན་གསལ་མེ་ལོང་བསྟན་པར་བྱེད་པ་ལ་གཉིས་ཏེ། སྤྱིར་སངས་རྒྱས་བསྟན་པའི་བྱུང་བ་བརྗོད་པ་དང་། བྱེ་བྲག་གྲུབ་ཐོབ་སྤ་ཡི་མཆེད་ཁུངས་དང་དེའི་གདུལ་བྱ་སྐྱོང་ཚུལ་བརྗོད་པའོ།།
              དང་པོ་བསིལ་ལྡན་ལྗོངས་འདིར་རྒྱལ་བ་གཤེན་གྱི་བསྟན་པ་རིན་པོ་ཆེ་འདི་ཉིད་དུས་ནམ་ཞིག་ཏུ་དར་ཞེ་ན། བདག་ཅག་གི་སྟོན་པ་རྒྱལ་བ་གཤེན་རབ་མི་བོ་ཀུན་ལས་རྣམ་པར་རྒྱལ་བ་དེ་ཉིད་འབྱུང་ལྡན་ཞེས་པ་ཤིང་ཕོ་བྱི་བའི་ལོར་རྟག་གཟིག་ཤམ་བྷ་ལྷ་ཡངས་པ་ཅན་གྱི་གྲོང་ཁྱེར་ཕོ་བྲང་བལ་པོ་སོ་བརྒྱད་དུ་སྐུ་མཚན་དཔེའི་དཀྱིལ་འཁོར་བཞད་པ་ནས་རྒྱལ་བའི་མཛད་ཆེན་ཉི་མའི་གྲངས་ལྡན་རྣམས་རིམ་པར་སྐྱོང་བའི་སྐབས་སུ་འབྱུང་ལྡན་སུམ་ཅུའི་ནང་ཚན་གཤེན་ལོ་བཅོ་བརྒྱད་སྐོར་གངས་ཅན་བོད་ལ་ཞབས་ཀྱིས་བཅག་པའི་དུས་སུ་བོད་ཀྱི་བོན་པོ་རྣམས་ལ་ལྷ་གསོལ། འདྲེ་བཀུར། ཡུག་ཕུད། ཡས་རྟག་ལུང་དུ་གནང་བ་སོགས་རྒྱུ་ཡི་བོན་ཅུང་ཟད་དར་བ་དང་། ནམ་ཞིག་ཐེག་པ་དགུ་ལ་སྤྱོད་པའི་སྨོན་ལམ་བཏབ་པ་དང་འབྲེལ། དེ་ནས་འབྱུང་ལྡན་གཉིས་བརྒྱ་ཞེ་དགུའི་ཐོག་མ་སྤྱི་ལོའི་སྔོན་གྱི་དུས་རབས་གཅིག་སྟོང་གཅིག་བརྒྱ་སུམ་ཅུ་སོ་དྲུག་གི་མཚམས་སུ་བོད་རྗེ་སྔ་བ་གཉའ་ཁྲི་བཙན་པོ་མཚན་གསོལ་ནས་སྐུ་གཤེན་མཚེ་ཅོ་ཡ་ངལ་གཤེན་གསུམ་དང་ནམ་མཁའ་སྣང་བ་མདོག་ཅན་སོགས་ཀྱིས་སྔར་སྟོན་པས་བཞག་པའི་རྒྱུ་བོན་ཕྲན་ཚེགས་དང་། ཞང་ཞུང་ནས་དར་བའི་འདུལ་བ་སྡེ་གཉིས་བཅས་སྔར་ཡོད་ཀྱི་སྟེང་དུ་རྒྱུ་བོན་སྒོ་བཞི་ཤེས་པ་ཅན་བཅུ་གཉིས་རབ་ཏུ་དར་བ་དང་སྔགས་སེམས་ཀྱི་བོན་སྡེ་རྣམས་ཀྱང་རིམ་པར་དར་བའི་ལོ་རྒྱུས་ནི་བོན་གྱི་བསྟན་འབྱུང་རྒྱས་པ་ལས་གསལ་པོར་ཤེས་སོ།།
              གཉིས་པ་ལ་གཉིས་ཏེ། གྲུབ་ཐོབ་སྤ་ཡི་མཆེད་ཁུངས་དང་དེའི་གདུལ་བྱ་མཛད་ཚུལ་དང་གཉིས་སོ།། དང་པོ་གྲུབ་ཐོབ་སྤ་ཡི་མཆེད་ཁུངས་ནི། ཐོག་མར་འོད་གསལ་ལྷ་ཡི་གནས་སུ་ཡབ་སངས་པོ་འབུམ་ཁྲི་དང་ཡུམ་ཆུ་ལྕམ་རྒྱལ་མོ་གཉིས་ཀྱི་སྲས་ལྷ་བུ་སྤ་ལ་རབ་ཏུ་མཛེས་པ་ཞིག་འཁྲུངས་ནས་སུམ་ཅུ་རྩ་གསུམ་གྱི་ལྷ་གནས་སུ་བབས། མཚན་ལྷ་བུ་སྤ་བ་སྤ་ཐོག་ཏུ་གྲགས། དེའི་རྗེས་མི་ཡུལ་དུ་འགྲོ་བ་འདུལ་བར་དགོངས་ཏེ་ཏིང་འཛིན་གྱིས་གདུལ་བྱ་གཟིགས་པས་ལྷོ་འཛམ་བུ་གླིང་ཞང་ཞུང་ཕུག་པའི་ཡུལ་དུ་འགྲོ་འདུལ་མཁྱེན་ཏེ་ལྷ་ཡུལ་ནས་ཞང་ཞུང་རྣམ་རྒྱལ་ལྷ་རྩེ་ལ་བབས་ནས་སྤྲུལ་པ་དུ་མ་བསྟན་ཞིང་། ཞང་བོད་ཀྱི་ལྷ་སྲིན་སྡེ་བརྒྱད་དམ་ལ་བཏགས་ཏེ་སྲུང་མར་བསྐོས། དེ་ནི་འབྱུང་ལྡན་གཉིས་བརྒྱ་ཞེ་དགུའི་ནང་ཚན་དང་སྤྱི་ལོ་སྔོན་གྱི་དུས་རབས་གཅིག་བརྒྱ་ལྔ་བཅུ་ཡས་མས་ཡིན་པ་དང་། ད་ལྟ་འབྱུང་ལྡན་སུམ་བརྒྱ་རྩ་གཅིག་གི་ནང་ཚན་ལྕགས་ཕོ་འབྲུག་ལོ་ཡན་སྤྱི་ལོ་2000ལ་མི་ལོ་3150བསྐོར་འདས་པ་དང་། དེ་ནས་ཏི་སེ་གངས་ཀྱི་ཕུག་པར་ཞང་ཞུང་གི་ལྷ་མཆོག་དབལ་ཆེན་གསང་བ་དྲག་པོའི་སྒྲུབ་པ་ལོ་གསུམ་མཛད། དེ་ནས་གསང་གསུམ་གྲུབ་བརྙེས་ཏེ་མཚན་ལ་རིག་འཛིན་ཆེན་པོ་ཁྲི་མན་ལྕགས་ཀྱི་བྱ་རུ་ཅན་དུ་གྲགས་ཤིང་། དེའི་ཚེ་ཞང་ཞུང་རྒྱལ་རབས་བཞི་བཅུའི་ནང་ཚན་རྒྱལ་པོ་སྟག་སྣའི་མཆོད་གནས་མཛད་ཅིང་བཞུགས། དེ་ཕྱིན་ལྷ་བུ་སྤ་བ་སྤ་ཐོག་གི་གདུང་རྒྱུད་ཀུན་ལ་མིང་སྤ་ཚངས་སུ་གྲགས། དེ་ནས་རིམ་པས་གདུང་རྒྱུད་ཀྱི་སྲས་ཁ་ཡལ་ལྕེ་ཕུད་ཐིས་པ་ལྷ་ལེགས་ཞོ་ནེ་ནེ་རོག་ནེ་རང་གཙུག་ཕུད་རྣམ་རྒྱལ་དབང་གི་རྒྱལ་མཚན་རིང་སེ་ཁྲོམ་ཁྲོམ་ཟེ་དཔལ་ཙེག་བཙན་རྒྱལ་བཙན་གྲགས་རྨ་ལོ་སོགས་ཀྱིས་ཞང་ཞུང་རྒྱལ་རབས་རིམ་བྱོན་ཀྱི་བླ་ཡི་མཆོད་གནས་མཛད་པ་དང་མཐར་བོད་རྒྱལ་ཁྲི་སྲོང་ལྡེ་བཙན་དང་། ཞང་ཞུང་རྒྱལ་པོ་ལི་མི་རྐྱ་གཉིས་ཀྱི་དུས་སྐབས་སུ་སྤ་གྱི་ཁྲོམ་དཀར་པོ་ཞེས་པ་དེ་ཉིད་བོད་རྗེའི་མཆོད་གནས་སུ་མཛད་ཅིང་བཞུགས། རེ་ཞིག་གྱེར་བསྟན་བསྣུབ་ཅིང་ཆོས་བསྟན་སྤེལ་བའི་སྐབས་དེར་ས་བདག་དང་འགུ་ལྷ་འཁྲུགས་ཤིང་བསམ་ཡས་གཙུག་ལག་ཁང་ཆགས་སུ་མ་སྟེར་བས། འབྱུང་ལྡན་ཉིས་བརྒྱ་བརྒྱད་བཅུའི་ནང་ཚན་ས་ཕོ་སྟག་གི་ལོར་མཁན་པོ་བྷོ་ཏི་ས་ཏོས་བོན་གཤེན་མཐུ་བོ་ཆེ་ཞིག་གི་དབུ་ཐོད་རྨིང་དུ་སྦ་དགོས་ཞེས་ལུང་བསྟན་པ་ལྟར་རྒྱལ་པོས་བང་ཆེན་མངགས་ཏེ་སྤ་བོན་གྱི་དབུ་ཐོད་ཞུས་པས་སྤ་བོན་གྱིས་རྩྭ་འཇག་མའི་ཚད་དུ་བསལ་ནས་ལིང་གིས་སྤར་ཏེ་གནང་། དེ་བསམ་ཡས་གཙུག་ལག་ཁང་གི་རྨིང་དུ་སྦས་ཞེས་པ་འདི་ཡན་སྔར་ཞང་བོད་བསྟན་པ་མཉམ་ཆགས་ཀྱི་སྐབས་སུ་བྱུང་བའི་ལོ་རྒྱུས་སོ།།
              བསྟན་པ་ཕྱི་དར་གྱི་སྐབས་སུ་གཏེར་སྟོན་བརྒྱ་རྩའི་གཙོ་བོ་གཤེན་ཆེན་ཨ་བོ་ཀླུ་དགས་འགྲིག་མཚམས་བྲག་ནས་ཟབ་གཏེར་བཞེས་ཤིང་བོན་བསྟན་སྤེལ་བའི་སྐབས་སུ་གཏེར་སློབ་བུ་ཆེན་བཞི་ཡི་ནང་ཚན་གསང་སྔགས་སྤྱི་སྤུངས་སྐོར་གྱི་བཀའ་བབ་ནི་སྤ་སྟོན་དཔལ་མཆོག་རྒྱལ་བ་ཡིན་ཞིང་། ཁོང་ནི་འབྱུང་ལྡན་གཉིས་བརྒྱ་གྱ་བཞིའི་ནང་ཚན་ཤིང་སྟག་ལོ་སྤྱི་ལོ་1014གཙང་ལ་སྟོད་ཕྱོགས་སུ་སྐུ་འཁྲུངས་ཤིང་ད་ལྟ་ལྕགས་འབྲུག་ཡན་དུ་སྤྱི་ལོ་2000ལོ་མི་ལོ་985འདས། བླ་མ་དེ་ཉིད་ནི་གྲུབ་གཉིས་མངོན་པར་བརྙེས་པའི་གསང་སྔགས་ཀྱི་རྣལ་འབྱོར་ཆེན་པོ་ཡིན་པ་དང་རྗེས་སུ་རབ་བྱུང་མཛད་དེ་དབུ་སྐྲའི་གཙུག་ཕུད་ཕུལ་བ་མ་སྲིང་དབལ་མོ་མ་མཉེན་པར་དོན་དུ་རབ་བྱུང་དབུ་སྐྲ་ལྡན་པ་བཞུགས། དེ་རྗེས་གདུང་རབས་གཅིག་ལ་སྤ་དར་མ་རྒྱལ་མཚན་དང་། འོད་གསལ་རྒྱལ་མཚན་ཞེས་པ་གཉིས་འཁྲུངས། བསྟན་པ་ཕྱི་དར་གྱི་སྐབས་སུ་གྲུབ་ཐོབ་སྤ་ཡི་གདུང་ལ་འདུལ་རྒྱུད་ཐོག་མར་བྱུང་བའི་མཁན་པོ་གང་ཡིན་ཞེ་ན། ཇི་སྐད་དུ། གཙུག་གཤེན་རྒྱལ་བའི་སྤྲུལ་པ་ལས།། སྤ་ཡི་གདུང་ལ་འོད་གསལ་མཚན་ཅན་འབྱུང་།། ཞེས་པ་དེ་ཉིད་ཡར་མེ་བ་ལས་འདུལ་ཁྲིམས་རྫོགས་པར་བཞེས་ཤིང་འདུལ་བའི་མཁན་པོ་མཛད། སྤ་དར་མ་རྒྱལ་མཚན་གྱི་སྲས་གྲུབ་ཆེན་ཁྱུང་འབར། ཁྲོ་འབར། ཀུན་ཚེ། ཇོ་རྒྱལ་དང་བཞིའོ།།དེ་རྗེས་སྤ་ཡོན་ཏན་རྒྱལ་མཚན་ནི་སྟོད་མངའ་རིས་ཀྱི་ས་ཡི་ཆར་སྤ་གྲུབ་ཆེན་ཁྱུང་འབར་གྱི་སྲས་སུ་འཁྲུངས་ཤིང་ཡབ་ཀྱི་དྲུང་དུ་གསང་སྔགས་ཀྱི་དབང་ལུང་རྫོགས་པར་གསན་ནས་མཐར་གཤེན་སྟོན་ནམ་མཁའི་མདུན་ནས་རབ་བྱུང་དྲང་སྲོང་གི་ཁྲིམས་རྫོགས་པར་བཞེས། སྤ་མདོ་སྡེ་རྒྱལ་མཚན་ནི། ཇི་སྐད་དུ། ཚེ་དབང་རིག་འཛིན་སྤྲུལ་པ་ལས།། སྤ་ལ་མདོ་སྡེའི་མཚན་ཅན་འབྱུང་།། སྐུ་ཤ་སྨུག་ལ་བྱིན་ཆགས་པས།། སྤྱན་དང་ནུ་མ་གཡོ་བ་འབྱུང་།། ཞེས་དང་། དེའི་མཁན་བུ་སྤ་བསོད་ནམས་དཔལ་ལྡན་དང་། དེའི་མཁན་བུ་སྐུ་མཆེད་ཟུང་སྟེ་བསོད་ནམས་སེང་གེ་ནི་དབྱིལ་སྟོན་ཁྱུང་རྒོད་རྩལ་གྱི་བོན་བདག་ཏུ་གྱུར། གཅུང་པོ་རྒྱལ་བ་བློ་གྲོས་མཆོག་གྱུར་ཆེན་པོ་དེ་ཉིད་རབ་བྱུང་ཁྲིམས་རྫོགས་བཞེས་སོ།།དེ་རྗེས་སྤ་སྟོན་རྒྱལ་བ་ཤེས་རབ་ཅེས་པའི་སྔགས་འཆང་ཆེན་པོ་དང་། སྤ་དོན་འགྲུབ་འབུམ་བཟང་། དེ་རྗེས་དཔལ་ལྡན་བཟང་པོ་གསུམ་གྱི་གོང་འོག་ཏུ་འབྱུང་ལྡན་ཉིས་བརྒྱ་བརྒྱ་བཅུ་གྱ་བརྒྱད་ཀྱི་ནང་སྐོར་ལ་གདན་ས་ཆེན་པོ་ལྷ་སྲིན་འཐབ་པའི་གནས་ཚབ་མཁའ་འགྲོ་ཕག་གདོང་མའི་གནས་ས་ལ་སྟོད་ལྷོ་ཡི་ཕྱོགས་སུ་སྤ་ལ་ཕུག་བདེ་ཆེན་སྒང་ཕྱག་བཏབ་པ་འདྲ། (ཁ་གཅིག་གིས་དཔལ་ལྡན་བཟང་པོས་ཕྱག་བཏབ་ཅེས་པའང་སྣང) དེ་ནས་འཆད་ཉན་སྒོམ་སྒྲུབ་བྱེད་པའི་གྲུབ་ཐོབ་སྤ་ཡི་གདན་ས་ཆེན་པོ་ཡིན་ཞིང་སྐུ་གསུང་ཐུགས་རྟེན་གྱི་རྩ་ཆེའི་རིག་དངོས་མང་པོ་ཡོད་པར་གྲགས། གོང་གི་སྤ་བླ་དོན་འགྲུབ་འབུམ་བཟང་ནས་རིམ་པར་བཟང་པོ་བཅུ་གསུམ་དུ་བྱོན་པའི་གདན་ས་ཁྱད་པར་ཅན་ནོ།། དེ་ནས་སྤ་སྟོན་དཔལ་ལྡན་བཟང་པོ་རབ་བྱུང་དྲང་སྲོང་ཆིག་རྫོགས་ཀྱི་སྡོམ་པ་བླངས་ཏེ། ཇི་སྐད་དུ། ལི་ཤི་སྟག་རིང་སྤྲུལ་པ་ལས།། སྤ་ལ་དཔལ་ལྡན་བཟང་ཞེས་འབྱུང་།། ཕྱི་མ་རིག་འཛིན་ས་ལ་སླེབས།། ཞེས་དང་། སུམ་ལྡན་གྱི་སློབ་དཔོན་ཆེན་པོ་གྱུར་ནས་གཟའ་བདུད་དམ་ལ་བཏགས་ཤིང་ལ་ཕུག་སྤ་ཡི་གདན་སར་བཞུགས་སོ།། དེའི་སློབ་མ་སྤ་ཉི་དཔལ་བཟང་པོ་དང་། དེ་ནས་རིམ་བཞིན་ཟླ་རྒྱལ་བཟང་པོ། སྟོབ་ཆེན་བཟང་པོ། བསྟན་རྒྱལ་བཟང་པོ། དཔལ་མཆོག་བཟང་པོ། དཔལ་འབར་བཟང་པོ། ལྷུན་འགྲུབ་དཔལ་བཟང་། ནམ་མཁའ་བཟང་པོ། དཔལ་ཆེན་བཟང་པོ། རིན་ཆེན་དཔལ་བཟང་། གཡུང་དྲུང་བཟང་པོ་སོགས་ཡུལ་ཞང་ཞུང་གི་བྱང་ཤར་ལ་ཕུག་སྤ་ཡི་གདན་ས་ཆེན་པོ་དེ་ལ་སྤ་བཟང་པོ་བཅུ་གསུམ་དུ་གྲགས། དེ་ནས་གདུང་རབས་ལྔ་ཡི་མཚམས་སུ་ལྷུན་གྲུབ་དཔལ་བཟང་གི་སྐུ་མཆེད་རིན་ཆེན་རྣམ་རྒྱལ་གྱི་སྲས་རྒྱུད་སྤ་སྟོན་ས་ལེ་འོད་དཀར་ཞེས་པ་དེ་ཉིད་སྲིད་པ་རྒྱལ་མོའི་ལུང་བསྟན་བཞིན་མདོ་སྨད་རྒྱ་རོང་གི་ཡུལ་ཕྱོགས་ལྕོག་རྩེ་རྒྱལ་པོའི་མངའ་རིས་སུ་ཕེབས་ཏེ་འཇིགས་རྔམ་བྲག་དཀར་གྱི་གནས་སུ་ལས་ལྡན་གྱི་ལྕམ་བཞེས་ཤིང་བཞུགས། གསང་སྒྲུབ་ཀྱི་ལྷ་ཞལ་དུ་མ་གཟིགས་པ་སོགས་གྲུབ་པ་རང་དབང་མངོན་འཕགས་ཀྱི་རྟགས་ཁྱད་པར་ཅན་བྱུང་། དེ་སྲས་གདུང་རྒྱུད་ཁག་གཉིས་སུ་གྱེས་ནས་ལྕོག་རྩེ་རྒྱལ་པོ་དང་གླིང་དགུ་རྒྱལ་པོ་གཉིས་ཀྱིས་མངའ་རིས་སུ་བླ་བྲང་ཁག་གཉིས་སུ་མཛད་ནས་བཞུགས་པའི་སྐབས་སུ། གླིང་དགུའི་བླ་མཆོད་གདུང་རབས་མཚམས་སུ་སྤ་གཡུང་དྲུང་རྒྱལ་པོ་སྐུ་འཁྲུངས་ཤིང་། དེ་ཉིད་ནི་སྔོན་གྱི་སྨོན་ལམ་དང་གདུལ་བྱ་དུས་བབས་སུ་དགོངས་ནས་སྟོད་ཕྱོགས་སུ་ཕེབས་སྐབས། ཨར་སྐྱོ་ཞེས་པའི་ཐ་སྙད་དུ་མཛད་ནས་འབྱོན་ཡོང་པའི་དུས་དེར་ཡིས་སྨད་དུ་སླེབས་སྐབས།རྐང་པ་སྐྲང་ཞིང་འགྲོ་བར་མ་ནུས་པས་གསང་མདའི་གེ་ལྕག་ཚང་ཟེར་བའི་མི་ཚང་ཆེ་ཙམ་ཡོད་པ་དེ་གར་མི་ཤི་བདུན་ཚིག་བཟུང་དུས་དང་འཕྲད་དེ་མ་ནུས་པའི་ཨར་སྐྱོ་ལ་བྱམས་སེམས་ཀྱིས་ལྟོ་ཟས་སྤྲད་པ་དང་མཐར་ཡོས་འཐག་ཏུ་བཅུག་སྟེ་མཚན་མོ་ཁྱིམ་སྨད་ལ་ཉལ་དུ་བཅུག དེ་ཚང་ལ་ཉམས་རྟོགས་ལྡན་པའི་ཨ་མཆོད་དགེ་སློང་ཞིག་ཡོད་པ་དེའི་རྣལ་ལམ་དུ་ཨར་སྐྱོ་ཉལ་སའི་མལ་དུ་ཡི་གེ་པོ་ཏི་མང་པོ་བརྩེགས་པའམ་སྐབས་འགར་ཡིག་འབྲུ་གྲངས་མེད་ཀྱིས་གང་ཞིང་བལྟམས་པར་སྣང་གསུངས་སོ།། དེ་ནས་ཉིན་ཞིག་ཨར་སྐྱོ་ལ་ཁྱེད་གང་ནས་ཡིན་མིན་དྲིས་པར་ཨར་སྐྱོས་ང་གཞན་ཡུལ་ས་འདབས་ལ་སླེབས་དུས་ཆེ་རབས་བཤད་ན་མི་འོས་མོད། འོན་ཀྱང་རྒྱ་རོང་གླིང་དགུ་རྒྱལ་པོའི་བླ་མཆོད་སྤ་ཚང་བླ་མ་སང་གི་བུ་ཞིག་ཡིན་ཞེས་གསུངས་པར་གྲགས། དེ་ནས་བཟུང་དེ་ཚང་གིས་མཐོང་ཆེན་དུ་བརྩིས་ཏེ་གཟིམས་མལ་གཙང་སར་སྤོས་ཏེ་གུས་ཞབས་ཀྱིས་གནས་སུ་གྱུར་ཞེས་རྒན་རབས་སེར་སྐྱ་ཕོ་མོ་མང་པོའི་ངག་རྒྱུན་ལས་ཐོས་མྱོང་ཡོད། དེ་ནས་ཡུམ་གེབ་ཟ་བྷ་ཀི་མ་ཞེས་པ་གྲོགས་མོར་བཞེས་ཤིང་གདན་ས་བཏབ་སྟེ། མདོ་ཁམས་རྔུལ་རྫའི་སྒང་སྟོད། པུ་རྒྱལ་གནས་ཀྱི་ནུབ་ཕྱོགས། སེ་ཆེན་རྒྱལ་པོའི་མངའ་རིས། ཡིས་གཞུང་གི་ཐ་གྲུ། རི་གླང་ཆེན་འདྲ་བའི་ཞོལ། གདན་ཁྲི་སུམ་བརྩེགས་བཀོད་པ་ལྟ་བུའི་དཀྱིལ་དུ་གདན་ས་ཕྱག་བཏབ་ཅེས་པ་དེ་ནི་ད་ལྟའི་དགོན་གནས་འདི་ཡིན། དེ་ནས་ཁོང་སྟངས་དབྱལ་གཉིས་ལ་སྲས་ཨི་ཟི། དགྲ་འདུལ། བརྟན་རྒྱལ། བསོད་ནམས་དབང་དྲག སྔོ་ནག་སོགས་སྲས་བདུན་ཡོད་པར་གྲགས་ཀྱང་གཉིས་ཀྱི་མཚན་གསལ་པོ་མི་འདུག དེ་ནས་སྲས་ཆུང་དགྲ་འདུལ་ནི་གཟིམ་གཞིས་ལོགས་སུ་བཅས་ནས་དེའི་སྲས་གཡུང་དྲུང་ནམ་བཟང་། ལྷུན་གྲུབ་གྲགས་པ། ཤེས་རབ་གྲགས་པ། ག་གཙུག་དང་བཞི། ཡབ་ཀྱི་གཞི་འཛིན་སྲས་ཆེ་བ་ཨི་ཟིའི་སྲས་ཡོན་ཏན། བྱིས་དགའ། ཕྱག་དྲུག་དང་གསུམ། སྤ་ཡོན་ཏན་གྱི་དུས་སུ་བྲིས་རྒྱང་པད་བྲག་དམར་པོའི་ཞོལ་འདབས་སུ་ཆགས་བཏབ་སྟེ་སྲས་ནམ་མཁའ་ཏིང་འཛིན་དང་། ཁྱུང་གི་རྒྱལ་པོ་གཉིས་འཁྲུངས། སྤ་ནམ་མཁའ་ཏིང་འཛིན་དང་ཡུམ་གྷར་ཟ་མཚོ་སྨན་གཉིས་གྱི་སྲས་ནམ་མཁའ་གཡུང་དྲུང་། ནམ་མཁའ་སྒྲོན་གསལ། ཉི་མ་འབུམ་གསལ། བསོད་ནམ་བསྟན་པ། ཁྱུང་གྲགས་བཅས་སྲས་ལྔ་འཁྲུངས། ཁྱུང་གྲགས་ནི་ཡུན་རིང་མ་འཚོ་བར་སྐུ་གཤེགས་ཀྱང་སླར་ཡང་ཁྱུང་གི་རྒྱལ་པོའི་སྲས་སུ་སྐུ་འཁྲུངས་ནས་མཚན་དུ་རྨེའུ་གཡུང་དྲུང་གཙུག་ཕུད་ཀྱིས་གཡུང་དྲུང་ཕུན་ཚོགས་སུ་མཚན་གསོལ། དེ་ནི་གྲུབ་ཐོབ་སྤ་ཡི་གདུང་རྒྱུད་གཙོ་བོ་འཛིན་པའི་སྐྱེས་བུ་ཆེན་པོ་ཡིན་གསུངས་སོ།།མཆོག་ཆེན་དེ་ཉིད་ཀྱིས་སྒང་ཟ་ནོར་བུ་མཚོ་དཔལ་ཞེས་པ་ལྕམ་དུ་བཞེས་ཏེ་དེ་ལ་སྲས་འཆི་མེད་ཚེ་དབང་ཞེས་པ་འཁྲུངས། དེ་ནས་ཡུམ་ཆེན་གེབ་ཟ་དང་འགྲོགས་ཏེ་བླ་མ་ཡབ་ཚང་ཞེས་ཁྱིམ་གཞི་གཞན་དུ་བཅས་ཤིང་། དེ་ལ་སྲས་གཡུང་དྲུང་འབྲུག་གྲགས་དབང་གི་རྒྱལ་པོ། ཀུན་རྒྱལ་པོ།འཆི་མེད་རྣམ་རྒྱལ། ཡེ་ཤེས་དཔལ་བཟང་། གཏེར་ཆེན་ཡེ་ཤེས་གཡུང་དྲུང་བཅས་བདུན་ཡོད། གོང་གི་གཡུང་དྲུང་ཕུན་ཚོགས་ཀྱི་སྲས་དང་པོ་འཆི་མེད་ཚེ་དབང་ཡོད་སར་བླ་མ་སྦྲ་ནག་ཚང་ཞེས་པ་ལ་སྲས་ལྷུན་རྒྱལ། རྒྱོག་དགའ།ནམ་མཁའ་དབང་འགྲུབ། ཚེ་དབང་ནམ་མཁའ། སྤ་སྤྲུལ་བསྟན་པ་རྒྱལ་མཚན། ཟླ་རྒྱལ། མཆོག་སྲས་སོགས་བདུན་ཡོད། དེའི་འོག་ནམ་མཁའ་དབང་འགྲུབ་དང་། ཚེ་དབང་ནམ་མཁའ་གཉིས་ཀྱི་སྲས་བསྟན་པ་འབྲུག་གྲགས། ཕུན་ཚོགས་ཀུན་ཀྱབ་གཉིས་ཡོད། ཕུན་ཚོགས་ཀུན་ཁྱབ་ཀྱི་སྲས་བསྟན་རྒྱལ་བཟང་པོ། ཀུན་བཟང་། ཨ་རྡོ། ཀུན་བཟང་ལྷུན་གྲུབ། བླ་མ་ཡབ་ཚང་གི་ཁྱིམ་དུ་སྲས་མེད་ནའང་། ཡེ་ཤེས་དཔལ་བཟང་གི་སྲས་ནམ་མཁའ་བཟང་པོ། ནམ་མཁའ་ལྷུན་གྲུབ། འཆི་མེད་རིག་འཛིན་དང་གསུམ་ཡོད།ནམ་མཁའ་བཟང་པོའི་སྲས་ནམ་མཁའ་རྒྱལ་མཚན། ཚུལ་ཁྲིམ་རྒྱལ་མཚན་སོགས། བློན་པོའི་སྤ་ཚང་བླ་མ་རྣམས་ཡིན། ནམ་མཁའ་ལྷུན་གྲུབ་ཀྱི་སྲས་ཁྲི་པ་བསྟན་འཛིན་གཡུང་དྲུང་(སྐུ་ཚེ་ནར་མ་སོན་པར་གཤེགས་)བསྟན་འཛིན་རྒྱ་མཚོ། བསམ་པའི་དོན་གྲུབ། ཁམས་ཆེན་ཀུན་གྲགས་བཅས་ཡིན། འཆི་མེད་རིག་འཛིན་གྱིས་སྲས་བསྟན་པའི་ཉི་མ། ག་ཡུ། ལྷག་པ། ཕུར་བུ་བཅས་ཡིན་ཡང་བྱ་ཟ་གཡང་མོ་ལ་སྤ་ཡི་གཏེར་ཆེན་ཡེ་ཤེས་གཡུང་དྲུང་གི་སྲས་ཚེ་དབང་ཐོགས་མེད། དེའི་སྲས་ཚེ་དབང་ཉི་མའོ།། ཡེ་གཞུང་སྤ་ཚང་བླ་མ་ནི་གོང་གི་དགྲ་འདུལ་གྱི་སྲས་ལྷུན་གྲུབ་གྲགས་པ།དེའི་སྲས་ལ་ལའི་བླ་མ་ཀུན་གསལ་ཞེས་གཞིས་ཆགས་ལ་ལ་ཕུ་ཡོད། དེའི་སྲས་གཡུང་དྲུང་ཉི་རྒྱལ་དང་ནམ་མཁའ་རྒྱལ་མཚན་གཉིས་ཡིན། དེ་གཉིས་དུད་ཚང་ཁ་ཁ་གྱེས། གཡུང་དྲུང་ཉི་རྒྱལ་ལ་སྲས་མེད། ནམ་མཁའ་རྒྱལ་མཚན་ལ་སྲས་བཞི་བྱུང་བ་ནི། ཀུན་བཟང་ནམ་མཁའ། ཉི་མ་སེང་གེ ཟླ་བ་རྒྱལ་མཚན། བསོད་ནམ་རྒྱལ་མཚན་བཅས་སོ།། དེ་ལ་འདམ་རའི་བླ་ཚང་ཡང་ཟེར།
གཉིས་པ། གདུལ་བྱ་སྐྱོང་ཚུལ་ལ་གཉིས་ཏེ། དགོན་པ་ཕྱག་བཏབ་མཛད་དེ་བསྟན་བཞེངས་རིམ་པས་མཛད་ཚུལ་དང་བསྟན་པ་རྗེས་བཞག་མཛད་པའི་སྐུ་གསུང་ཐུགས་རྟེན་རྣམས་སོ།།
              དང་པོ་ལ་གྲུབ་པ་རང་དབང་མངོན་པར་ཆུབ་པའི་སྤ་གཡུང་དྲུང་ནམ་བཟང་པོ་ཞེས་པ་འདུལ་ཁྲིམས་གཙང་མར་བཞེས་པའི་བླ་མ་དེ་ཉིད་ལ་སྣང་སྟོན་ཟླ་བ་རྒྱལ་མཚན་གྱིས་རབ་ལེགས་གཡུང་དྲུང་གླིང་གི་དགོན་སྡེ་ཕྱག་བཏབ་པ་དང་འབྲེལ་དྲང་ངེས་བོན་གྱི་ཁྲིད་ཀ་ཀུན་གྱིས་བཤད་པར་བསྐུལ་ཞིང་བརྡ་རྟགས་བརྟེན་འབྲེལ་གྱི་རྫས་འཁར་རྔ་གཅིག་དང་། གཤང་ཆེན་གཅིག མནྡལ་གཅིག་བཅས་གནང་སྦྱིན་མཛད་ནས་བསྟན་འགྲོའི་དོན་དུ་དགོན་གནས་གསར་འདེབས་དགོས་པའི་བཀའ་ལུང་ཡང་ཡང་སྩལ་བར་བརྟེན། འབྱུང་ལྡན་གཉིས་བརྒྱ་གོ་བརྒྱད་ཀྱི་ནང་ཚན་མེ་ལུག་ལོ་(སྤྱི་ལོ་1847)ཟླ་ཚེས་བཟང་པོར་སྤ་བླ་མ་གཡུང་དྲུང་ནམ་བཟང་དང་ཧོར་ཡིས་ཐ་བེ་ཧུ་རྒྱ་བྱིན་དབང་པོ་བླ་དཔོན་ཡོན་མཆོད་ཟུང་འབྲེལ་གྱིས་བསྟན་འགྲོ་སྤྱི་ཡི་བདེ་ཕན་དང་རྒྱ་བོད་བླ་དཔོན་གྱི་ཞབས་རིམ་ལྷག་པར་དུ་ཡིས་ཐ་དཔོན་སྡེའི་ལྷ་སྐལ་དུ་དམིགས་ནས་རིག་འཛིན་གོང་མའི་གསང་ལུང་དང་ལྷ་བླའི་བརྟག་བབས་བསྡུས་ཏེ་དགོན་ས་གང་ལེགས་དཔྱད་གཞི་མཛད་པའི་སྐབས་དེར། ཤར་གྲོགས་གུར་རུ་སྦལ་རྒྱ་བོ། ནུབ་ནེའུ་ཁྱིམ་བྱ་དམར་བྱུར་རྫོངས། ལྷོ་ངང་ཚང་གཡུ་འབྲུག་སྔོན་མོ་དང་བཞི་ནི་སྲུང་བཞི་དང་། རྒྱབ་རི་གླང་ཆེན་འགྱིང་འདྲ། གཡས་རི་པད་མ་སྤུང་འདྲ། གཡོན་རི་གདུགས་དཀར་ཕུབ་འདྲ། མདུན་རི་བཀྲ་ཤིས་རྟགས་བརྒྱད་བཅས་ཚང་བའི་ས་མཆོག་འདི་ནི་བླ་མའི་དབུ་འཕང་མཐོ་ཞིང་ཤེས་རབ་ལོ་འདབ་རྒྱས་ས། ཡོན་ཏན་རིགས་རྒྱུད་བཟང་ཞིང་ལེགས་བཤད་འབྲས་བུ་སྨིན་ས། གཡང་གི་དཔལ་ཁ་བསྐྱེད་ཅིང་ཟས་ནོར་ཕུན་ཚོགས་འབྱུང་ས་སོགས་ཡོན་ཏན་གྱི་ཆ་དུ་མ་ལྡན་པའི་དབུས་སུ། གཙང་ཆུ་གཡུ་འབྲུག་གསེར་གཞུང་གི་འཁྱིལ་ཁུག་གདན་ཁྲི་བང་རིམ་སུམ་བརྩེགས་ཀྱི་ཡངས་སྟེང་། ས་མཐུ་བོན་འབྱུང་གྲུ་གསུམ་གྱི་ལྟེ་བར་ས་གནད་སྲིན་མོ་གན་རྐྱལ་དུ་གནས་པ་སོགས་ལ་དཔྱད་དེ་དགོན་ས་གཏན་ལ་ཕབ་པའི་ནུབ་མོར། སྤ་བླ་མ་གཡུང་དྲུང་ནམ་བཟང་གི་དགོང་ལམ་དུ། ཡུལ་བདག་ཞིང་སྐྱོང་ཀླུ་མོ་ཞིག་གིས་ལྡེ་མིག་མཐུ་བ་གང་ཁྱེར་ནས་འདི་ཡི་བདག་པོ་ཁྱེད་ཡིན་ཟེར་ནས་ཁོང་ལ་ཕུལ་བ་རྨིས། དེ་ནས་གཟའ་སྐར་འཕྲོད་སྦྱོར་ལེགས་པའི་ཉིན་དུ་བླ་དཔོན་ཡོན་མཆོད་ཟུང་འབྲེལ་གཙོ་བོ་གནང་ནས་གཤེན་བསྟན་གཡུང་དྲུང་རབ་བརྟན་གླིང་ཞེས་པའི་དགོན་ས་ཕྱག་བཏབ་མཛད་དེ། གཡུང་དྲུང་སེམས་དཔའི་འདུས་སྡེ་བཤད་སྒྲུབ་རྒྱ་མཚོའི་བསྟི་གནས་འགྲོ་བ་ཐུན་མོང་ལྷ་སྐལ་དུ་དམིགས་ཏེ་བསྟན་པ་རྗེས་བཞག་མཛད་རྒྱུའི་འགོ་བརྩམས་ཏེ། དང་པོ་སྤ་གཡུང་དྲུང་ནམ་བཟང་གིས་ཡབ་གྱི་གཞིས་མཚེར་གཟིམས་སྦྲ་དེ་གནས་གཞན་དུ་སྤོས་ནས་དགོན་སའི་ཆགས་ཐིག་གདབ་པ་དང་འབྲེལ་དགོན་པའི་ཇ་མཛོད་ཁང་དེ་སྤ་ཚང་བླ་མའི་གཟིམས་སྦྲའི་ས་མལ་དངོས་སུ་རེད་ཟེར་བའི་རྒན་རབས་མང་པོའི་ངག་རྒྱུན་བཤད་སྲོལ་འདུག དེའི་གཡས་ཟུར་འདུ་ཁང་ཀ་བ་དྲུག་གི་ས་མལ་དང་དེའི་ནང་རྟེན་སྨན་སྐུ་ལས་བཟོས་པའི་སྟོན་པ་ཁྲི་གཙུག་རྒྱལ་བའི་སྐུ། ཤིང་ལས་བཟོས་པའི་གཡུང་དྲུང་བཀོད་ལེགས་ཀྱི་མཆོད་རྟེན་དང་ལྡེབ་རིས་ལ་གཡས་ལོགས་སུ་བདེར་གཤེགས་གཙོ་བཞི། གཡོན་ངོས་སུ་ཡི་དམ་ཞི་ཁྲོའི་ལྷ་འཁོར་དང་སྟག་ལྷའི་སྐུ་བརྙན་བཅས་ཡོད། གཡོན་ངོས་ཀྱི་སྒྲུབ་ཁང་ཀ་བཞིའི་ས་མལ་ཐོག་ཁང་ནང་དུ་ཡི་དམ་གསས་མཁར་མཆོག་ལྔ་བོན་སྐྱོང་སྲུང་མ་རྣམས་ཀྱི་བརྙན་རིས་དང་། མ་བདུད་བཙན་རྒྱལ་བཞིའི་སྐུ་གསོབ་དང་རྟེན་གདུང་། རྟེན་རྫས་གྲྭ་ཁང་བཅས་གསར་བཞེངས་དང་། དེ་ནས་ལོ་རིམ་འདུ་འཚོགས་དུས་མཆོད་སྐུ་གསུང་ཐུགས་རྟེན་འཆད་རྩོད་རྩོམ་གསུམ་བཤད་སྒྲུབ་སྒོམ་གསུམ་སོགས་ལམ་རིམ་པ་བཞིན་འཕེལ་རྒྱས་ཕྱིན་པ་དང་འབྲེལ་རྒྱ་སྡེ་སོ་དགུའི་སྤྱི་ཁྱབ་ཙུང་ཆེ་ཧུ་ཚེ་དབང་ལྷ་རྒྱལ་གྱིས་ཤིང་བྱི་ལོར་(སྤྱི་ལོ་1864ལོ་)བསྩལ་བའི་བཀའ་རྟེན་ལས་“ཨ་ལུང་ཡར་གྱི་ས་མདོ་རུ་ས་གནད་རྣམ་པ་བཅུ་གསུམ་ལ། དམིགས་སུ་གཟེར་བའི་བོན་གྱི་སྡེ། གཡུང་དྲུང་བསྟན་པའི་རྒྱལ་མཚན་འཛུགས།” ཞེས་པའི་ལུང་གི་དགོངས་དོན་དང་འཚམས་པས། ཧོར་ཚོ་སོ་དགུའི་དགོན་སྡེ་སོ་བརྒྱད་ཀྱི་ནང་ཚན་བོན་དགོན་ཨང་གཉིས་པ་ཡིན་པའི་བཀའ་རྟེན་བསྩལ་ཞིང་། བསྟན་འགྲོ་སྤྱི་དང་ཁྱད་པར་རྒྱ་བོད་བླ་དཔོན་གྱི་ཞབས་རིམ་དུ་དམིགས་པའི་དཔལ་གཤེན་བསྟན་གཡུང་དྲུང་རབ་བརྟན་གླིང་ཞེས་པའི་བཀའ་རྟེན་ལ་བོད་བཞུགས་ཨམ་བན་ཆེན་མོས་གོང་ཐམ་ཡང་གནང་བ་རེད་ཅེས་རང་གིས་མཐོང་མྱོང་ཡོད།
              དགོན་པའི་རྒྱ་ཁྱོན་ཇི་ལྟ་བུ་ཡོད་ཅེ་ན། སྐབས་དེ་དུས་ཀྱི་བླ་མས་ས་འདུལ་དང་ས་འབེབས་མཛད་དེ་ཐོ་མཚམས་ཞེས་ཕྱོགས་བཞིར་རྒྱལ་ཐོ་ཞེས་པ། ནང་རྒྱུད་རྒྱལ་ཆེན་སྡེ་བཞིའི་སྐུ་བརྙན་བཅུག་པའི་མཁར་ཐབས་བཞི་དང་ལས་བཞིའི་ཧོམ་གདན་བཅས་བཟོ་སྐྲུན་བྱས་པ་གཡོ་འགུལ་གཏོང་སྲོལ་མེད། དེང་སྐབས་དེའི་རྒྱ་ཁྱོན་ནི་རྨིད་ངོས་སྙོམ་གྲུ་བཞི་མ་བཞི་ཁྲི་བརྒྱད་སྟོང་བཞི་བརྒྱ་ཡོད། འབྱུང་ལྡན་གཉིས་བརྒྱ་གོ་དགུའི་ནང་ཚན་ལྕགས་ཕོ་རྟའི་ལོར་(སྤྱི་ལོ་1870)སྤ་ཉི་མ་འབུམ་གསལ་གྱིས་འདུ་ཁང་ཀ་རིང་གཉིས་དང་ཀ་ཐུང་བཅུ་ཐོག་འཁོར་སྒོ་མཆོར་གློ་འབུར་རང་འགྲིག་དང་དེའི་སྦུག་མཇལ་ཁང་ཀ་བ་དགུ་སྒོ་མཆོར་རང་འགྲིག་བཅས་གསར་བཞེངས་མཛད་དེ། ནང་རྟེན་ལ་རྣམ་པར་རྒྱལ་བ། བྱམས་མ། སྟོན་པ་ཁྲི་གཙུག་རྒྱལ། གཡུང་དྲུང་བཀོད་ལེགས་ཀྱི་མཆོད་རྟེན་རྣམས་ཟང་གསེར་ལས་བཟོས་པ་མཐོ་ཚད་ཁྲུ་དྲུག་(ཀུང་ཁྲི་གཉིས་དང་སྐར་40)ཡོད་པ་དང་། སྦུག་མཇལ་ཁང་ནང་གི་ལྷོ་བྱང་གཉིས་ནི་བཀའ་དང་རྟེན་འགྱུར་བཤམ་ཡུལ་དྲྭ་མིག་དང་། ཤར་གྱི་སྒོ་ལོགས་གཡས་གཡོན་གྱི་གཏེར་གསར་སྲུང་མ་སྡེ་བཞི་ནི་མ་གཤིན་བཙན་རྒྱལ་བཞིའི་སྐུ་བརྙན་བྱིན་ཆེན་དང་། ཁྱད་པར་བསྟན་སྲུང་ཨ་བསེ་རྒྱལ་བའི་སྐུ་བརྙན་དེ་ནི་ནང་རྟེན་དངོས་པོ་རྐུན་ཁྱེར་དུས་སུ་གསུང་དངོས་སུ་བྱོན་ནས་རྟགས་ཁྱད་པར་ཅན་བསྟན་པ་རེད་ཟེར་སྲོལ་འདུག དེའི་སྒོ་མཆོར་ཁང་དུ་རྣམ་རྒྱལ་བཀའ་སྲུང་གཅན་ལྷ་གཙོ་འཁོར་ལྔ་དང་། མགོན་ཆེན་བརྒྱད་པོ་གཙོ་འཁོར་བཅུ་གསུམ་རེ་ཡོད་པའི་བརྙན་རིས་དང་། འདུ་ཁང་ནང་གི་ལྡེབ་རིས་ནི་གཡས་ལོགས་སུ་ཕྱི་རྒྱུད་ཆོ་ག་བཅུ་གཉིས་དང་། གཡོན་ལོགས་སུ་ཡི་དམ་གསས་མཁར་མཆོག་ལྔ་དང་མ་རྒྱུད་ཐུགས་རྗེ་ཉི་མ། མདུན་གྱི་གཡས་ངོས་ལ་མི་བདུད་གཙོ་བྱས་པའི་བོན་སྐྱོང་ཕོ་རྒྱུད་ཀྱི་སྡེ། གཡོན་ངོས་སུ་དྲིལ་ནག་གཙོས་པའི་མོ་རྒྱུད་ཀྱི་སྡེ། རྒྱབ་ཀྱི་སྦུག་ལ་ལྷ་ཁྲི་དང་གཏོར་སྒམ་དྲྭ་མིག་བཅས་ཡོད། སྒོ་མཆོར་ནང་དུ་ཕྱི་རྒྱུད་མདོ་ལུགས་ཀྱི་རྒྱལ་ཆེན་སྡེ་བཞི་གཙོ་འཁོར་དང་། སྲིད་པ་འཁོར་ལོ། ཏི་པམ་ཐང་གསུམ་སོགས་ཡུལ་སྐྱོང་ཟོ་དོར་བཅས་ཀྱི་བརྙན་རིས་དང་། འདུ་ཁང་སྟེང་དང་སྦུག་མཇལ་གྱི་དབུ་རྩེ་ལ་གསེར་འཕྲུ་རེ་དང་། མདུན་ཟུར་གཡས་གཡོན་གྱི་སྟེང་དུ་ཟང་གསེར་གྱི་རྒྱལ་མཚན་འདུ་ཁང་དང་སྦུག་མཇལ་ཁང་ཕྱི་ནང་བཅས་མཐར་ཕྱིན་གསར་བཞེངས་མཛད་པའོ།། དེ་ནས་རིམ་བཞིན་དགོན་གྱི་ཇ་ཁང་ཀ་བ་དགུ་དང་ཐོག་འཁོར་རང་འགྲིག་མཛོད་ཁང་ཀ་བ་གཉིས་བཅས་གསར་དུ་བསྐྲུན་ཞིང་། མཛོད་ཁང་ནང་ལ་དགོན་པས་རྣམ་རྒྱལ་གཡང་སྡུད་སྐབས་སུ་ནོར་བུམ་འབུལ་ཡུལ་གཡང་ཁང་ཞིག་ཡོད་པ་དེའི་དཀྱིལ་དུ་ནོར་བུའི་གཡང་རྡོ་ཞེས་པ་ཕ་བོང་མཐིང་སྨུག་རྡོ་གཞན་ལས་ལྷག་པའི་ཁྱད་ཆོས་ལྡན་པ་ཆེ་ཚད་མི་གཟུགས་ཙམ་ཞིག་ཡོད། ཤིང་བྱ་ལོ་(སྤྱི་ལོ་1884)སྤ་ཉི་མ་འབུམ་གསལ་གྱིས་བྲིས་རྒྱང་པད་བྲག་ལྷ་རྩེའི་ཡང་དབེན་དུ་བཀའ་སྟེག་བདེ་ལྡན་གསང་བ་ཁྲོད་ཅེས་པའི་རི་ཁྲོད་དེ་རྨིང་བཏང་ཞིང་མཐར་ཕྱིན་པར་མཛད། རི་ཁྲོད་དེར། སྤ་གསལ་བ་རྣམ་གཉིས་ཀྱི་གཟིམས་ཁང་གདུང་ལྕམ་རེ་དང་གསུང་རབ་འབྲི་བཞེངས་ཁང་ཀ་བ་གཉིས། ཇ་ཁང་ཀ་བ་བཞི། མཛོད་ཁང་ཀ་བ་གཅིག ཡང་འགྲུལ་ཁང་ཀ་བ་གཅིག་དང་ཉི་རྭ་བཅས་ཡོད་པ་དང་། གོང་གི་གཟིམས་ཁང་ནང་དུ་ཡི་དམ་ཞི་ཁྲོ་སྲུང་མ་ཡུལ་སྐྱོང་ཟོ་དོར་བཅས་ཀྱི་བརྙན་རིས་ཡོད། མེ་ཁྱི་ལོར་(སྤྱི་ལོ་1886)རྨེའུ་གཏེར་ཆེན་ཨོ་རྒྱན་བདེ་ཆེན་གླིང་པ་མཆོག་ནི་ཡིས་ཐ་བེ་ཧུའི་རྒྱལ་གཞིས་སུ་གདན་དྲངས་ནས་དུས་བབས་གནད་ཀྱི་རིམ་གྲོར་གཏེར་ཆེན་མཆོག་གི་གཏེར་ཁ་ཕུར་པ་འབར་ནག་གི་སྒྲུབ་ཆེན་དེ་ཡིས་ཐ་དཔོན་ཚང་གིས་རྒྱུན་འཛུགས་དགོས་པའི་བཀའ་ལུང་བསྩལ་དོན་བཞིན། ཧོར་རྗེ་ནོར་བུ་ལྷ་མཁར་ནས་ཞལ་བཞེས་དགོས་པའི་བཀའ་ལུང་ལྟར། གཏེར་ཆེན་མཆོག་དང་སྤ་ཉི་མ་འབུམ་གསལ་རྣམ་གཉིས་ཀྱིས་སྐུ་གདུང་བསྟན་པ་རྗེས་བཞག་གི་མདོ་ལྟར་སྤྲུལ་སྐུའི་མཆོད་རྟེན་བརྒྱ་དང་ཉི་ཤུའི་ནང་ཚན། ནུབ་ཕྱོགས་ཟླ་བའི་ཟེར་ལྡན་པའི།།བཀྲ་ཤིས་འོད་འབར་མཆོད་པའི་རྟེན།། ཞེས་པ་ལྟར་ལྗགས་བཀོད་གནང་སྟེ། དམིགས་བསལ་དུ་དབལ་གཤེན་སྟག་ལྷའི་སྐུ་བརྙན་སོགས་བདེ་བར་གཤེགས་པའི་སྐུ་འདྲ་འབུམ་གཅིག་གཟུང་བཞུག་ཏུ་ཕུལ་ཏེ་སྐུ་འབུམ་བཀྲ་ཤིས་འོད་འབར་ཞེས་མཚན་དུ་གསོལ་ཞིང་། བདེ་ཆེན་གླིང་པའམ་མི་འགྱུར་ཚེ་དབང་གསང་སྔགས་གྲགས་པས་དབུས་ཕུག་གསང་བ་ཡང་རྫོང་ནས་གཏེར་དུ་སྤྱན་དྲངས་པའི་རྣམ་མཁྱེན་རྒྱལ་བ་གཤེན་རབ་ཀྱི་འཕེལ་གདུང་སྲན་མ་ཙམ་ཏོག་གི་རྩེ་མོར་བཀོད་པའོ།། དེ་བཞིན་གདོན་ཆེན་ཡན་དགེ་བཅུ་སོགས་རྣམ་བྱང་གི་བོན་དང་སྦྱར་ཏེ་སྐུ་གསུང་ཐུགས་རྟེན་གྱི་བྱིན་རྫས་ཇི་སྙེད་དང་། རྨང་གཞི་ནས་གདོན་ཆེན་མན་ཕུང་པོ་ལྔ་སོགས་འཁོར་བའི་བོན་དང་སྦྱར་ཏེ་གནོད་སྦྱིན་གྱི་རྟེན་འཁོར། གཏེར་བུམ། གཏེར་རྫས་གསེར་དངུལ། རིན་ཆེན་འཕྲེང་ཞགས། བཀྲ་ཤིས་རྫས་བརྒྱད་ཇ་འབྲུ་མེ་ཏོག་སོགས་གང་ལ་གང་དགོས་ཀྱི་དངོས་པོ་རྣམས་བསགས་ཤིང་ཕུལ་ཏེ། མཐར་སྤ་ཉི་མ་འབུམ་གསལ་སོགས་བླ་གྲྭ་རྣམས་ཀྱིས་རབ་གནས་བཀྲ་ཤིས་སྨོན་ལམ་དགའ་སྟོན་རྟེན་འབྲེལ་གྱིས་མཐར་ཕྱུང་། མེ་ཕག་ལོར་(སྤྱི་ལོ་1887)སྤ་ཉི་མ་འབུམ་གསལ་གྱིས་རྒྱལ་བའི་བཀའ་རྟེན་ཆེན་མོ་འབྲི་བཞེངས་མཛད་རྒྱུའི་འགོ་བརྩམས་ཏེ། ཡིག་བྲིས་སུམ་ཅུའི་སྐོར་གྱིས་ལོ་རྒྱུན་མཐུད་དུ་བྲིས་ཏེ་མཐར་ཕྱིན་སྐབས། བཀའ་རྟེན་གྱི་དབུ་གསེར་རྣམས་སྤ་གསལ་བ་རྣམ་གཉིས་ཀྱིས་ཕྱག་བྲིས་གནང་བ་འབའ་ཞིག་དང་དེ་བཞིན་གདོང་དར་གླེགས་ཤིང་པོད་གཅིག་བཅས་ལེགས་པར་གྲུབ་རྗེས། ཧོར་སྤྱི་ཚེ་དབང་ལྷ་རྒྱལ་གྱིས་བཀའ་ཡིས་ཉེ་བར་བསྐུལ་བ་དང་འབྲེལ་སྤ་ཉི་མ་འབུམ་གསལ་གྱིས་དཔལ་གཤེན་བསྟན་གཡུང་དྲུང་རབ་བརྟན་གླིང་གི་བདེན་ཚིག་བསྟན་འབར་ཨུད་དཔལ་གཞོན་ནུའི་ཚལ་ཞེས་པ་ལྗགས་རྩོམ་གནང་ཞིང་། ཤིང་ལུག་ཟླ་ཚེས་བཟང་པོར་(སྤྱི་ལོ་1894)རྒྱལ་བའི་བཀའ་རྟེན་རྣམས་བྲིས་རྒྱང་ནས་སྤ་ཚང་དགོན་ལ་སྤྱན་དྲངས་ཏེ་ཁྲི་བཀོད་རབ་གནས་བཀྲ་ཤིས་སྨོན་ལམ་གྱིས་རྒྱས་གྲུབ་མཛད་དོ།། ཕྱི་ལོ་མེ་སྤྲེལ་ལོར་(སྤྱི་ལོ་1896)སྤ་ཉི་འབུམ་རིན་པོ་ཆེས་བྲིས་རྒྱང་གསང་ཆེན་དུར་ཁྲོད་བཏབ་སྟེ་གསང་ཆེན་རོལ་པའི་སྒྲུབ་པ་བདུན་ཕྲག་གཅིག་གིས་ས་འདུལ་མཛད་ནས་དུར་ཁྲོད་འདིའི་ནང་དུ་ཤ་རུས་འཐོར་བ་ནི་ང་ཡི་འདུལ་སྐལ་ཡིན་གསུང་སོ།། དེའི་རྒྱ་ཁྱོན་ལ་ཀ་བ་བཞི་ཡི་ས་མལ་དང་ལྡེབ་རིས་ནི་ཞི་ཁྲོ་དང་གསང་ཆེན་རོལ་པའི་ལྷ་འཁོར་དང་། འོག་ཏུ་གསང་ཆེན་རོལ་བའི་དཀྱིལ་འཁོར་དང་རྟེན་རྫས་དང་མཆོད་རྫས་སོགས་བཀོད་ཡོད། ཆུ་ཡོས་ལོར་(སྤྱི་ལོ་1903)གཏེར་སྲས་ཚེ་དབང་འགྱུར་མེད་ཀྱིས་སྐལ་ངན་དུས་ཀྱི་རྒུད་པ་སེལ་བའི་སླད་དུ་སྐུ་གསུམ་དགོངས་པ་འདུས་པའི་རྒྱུད་ལས་རིག་འཛིན་གསང་སྒྲུབ་ཀྱི་སྒྲུབ་ཆེན་སྤ་ཚང་དགོན་དུ་རྒྱུན་འཛུགས་དགོས་པའི་བཀའ་ལུང་སྩལ་དོན་བཞིན་སྤ་གསལ་བ་རྣམ་གཉིས་ཀྱིས་གཙོ་འགན་བཞེས་ཏེ་བོད་ཟླ་གསུམ་པའི་ནང་སྨན་སྒྲུབ་བདུན་ཕྲག་གཉིས་འཚོགས་རྒྱུའི་རྟེན་རྩ་རྒྱུན་འཛུགས་གནང་བ་དང་། ལོ་དེར་གཡུང་དྲུང་བཀོད་ལེགས། བདུད་འདུལ་སྒྲ་སྒྲོག རྣམ་རྒྱལ་མཆོད་རྟེན་གསུམ་བཞེངས་རྒྱུའི་འགོ་བཙུགས། ས་སྤྲེལ་ལོར་(སྤྱི་ལོ་1908)སྤ་ནམ་མཁའ་སྒྲོན་གསལ་དགོངས་པ་བོན་དབྱིངས་སུ་གཤེགས་པའི་དགོངས་རྫོགས་མཆོད་སྤྲིན་གྱི་མཐར་གོང་གི་སྐུ་གདུང་རྣམ་གཉིས་(རྣམ་རྒྱལ་མཆོད་རྟེན་དང་བདུད་འདུལ་སྒྲ་སྒྲོག་)སྤ་ཚང་དགོན་དུ་ཁྲི་བཀོད་རབ་གནས་བཀྲ་ཤིས་སྨོན་ལམ་གྱི་རྒྱས་བཏབ། ལོ་དེར་ཉི་འབུམ་རིན་པོ་ཆེ་བྲིས་རྒྱང་རི་ཁྲོད་ནས་སྤ་ཚང་དགོན་དུ་གཞུགས་གནས་སྤོས་ཏེ་སྔར་བཞུགས་པའི་རི་ཁྲོད་ཀྱི་ནང་དུ་གཡུང་དཀར་རྟོགས་ལྡན་ཡེ་ཤེས་ཉི་མ་རྒྱུན་མཚམས་བསྐོས་བཞག་མཛད་དེ་ཆིབས་བསྐྱོད་གནང་། དེ་ནས་སྤ་ཚང་བླ་བྲང་གི་མཁར་ཁང་རྣམས་གསར་བསྐྲུན་བགྱིས་ཏེ། དགོན་གྱི་གླིང་སྟོད་དུ་དང་པོ་ཉི་མ་འབུམ་གསལ་གྱི་གཟིམས་ཁང་གཡུང་དྲུང་གསལ་བ་འོད་ཁང་སོགས་དང་། ཡང་རྩེར་གཡུང་དྲུང་འབྲུག་གྲགས་ཀྱི་གཟིམ་ཁང་གཞལ་མེད་གཡུང་དྲུང་འོད་ཁང་སོགས་དང་། ཡང་ཐོག་ལ་རྒྱུན་མཚམས་ཁང་བླ་མའི་གཟིམ་ཆུང་། གཞན་བླ་མའི་སྤྲོད་བདེ་ཁང་སོགས་མཁར་ཁང་ཉི་ཤུའི་སྐོར་དང་། ཇ་མཛོད་ཁང་དང་འབྲུ་ཁང་། ལས་གྲ་ཁང་སོགས་ཁང་པ་ཆེ་ཆུང་ཉི་ཤུ་རྩ་གྲངས་བཅས་ཡོངས་བསྡོམས་མཁར་ཁང་བཞི་བཅུ་ལྷག་ཡོད།
              བླ་བྲང་གི་བླ་མ་དང་མི་སྣའི་གྲུབ་ཚུལ་སྐོར་ལ། མཁན་པོ་གང་ཡིན་ཕུད། བླ་མ་སྦྲ་ནག་དང་ཡབ་ཚང་གཉིས་ཀྱི་སྲས་ཁྲི་པ་ཞེས་པ་བླ་བྲང་གི་བླ་མའི་གྲལ་དུ་འཇོག་སྲོལ་ཡོད། བླ་བྲང་ལ་རྒྱུན་མཚམས་གཅིག་མཁན་པོའི་གསོལ་དཔོན་ནམ་གཟིམས་དཔོན། ཕྱག་མཛོད། གཉེར་པ། མ་བྱན།ཆུ་ལེན། ཡོས་འཐག་སོགས་ནང་བཟན་གཡོག་པོ་བཅས་སོ།།གཉིས་པ་སྐུ་གསུང་ཐུགས་རྟེན་གྱི་སྐོར། དང་པོ་རྩ་ཆེའི་རྟེན་ཁྱད་འཕགས་ནི་གཤེན་གཏེར་གཙོ་མཆོག་སྐུ་རྟེན། འཕར་ཆེན་ཡི་གེ་བ་གསེར་མདོག་རང་བྱོན། སྟོང་རྒྱུང་གི་ཕྱག་བཟོ་ཙན་དན་སྐུ། གཤེན་སྐུ་བཀྲ་ཤིས་འོད་འབར། གསང་བ་འདུས་པའི་རིང་སྲེལ། དབལ་གཤེན་སྟག་ལྷའི་ལས་ཕུར། སྤ་གཏེར་རདྣ་གླིང་པའི་ཚེམས་ལས་བྱུང་བའི་ཀུན་བཟང་གི་སྐུ་རང་བྱོན། རྨེའུ་བསོད་ནམས་གཡུང་དྲུང་གིས་དབུ་ཐོད་ལ་རིང་སྲེལ་ཅོ་གའི་སྒོ་ང་ཙམ་ཡོད་པ། ཉི་མ་འབུམ་གསལ་དབུ་ཐོད་ལ་ཁྲོ་རྒྱལ་བརྒྱ་བཅུ་གྱ་དྲུག་རང་བྱོན་ཡོད་པ། སྤ་གཡུང་དྲུང་འབྲུག་གྲགས་ཀྱི་དབུ་ཐོད་ལ་སྨྲ་སེང་དང་དྲེལ་དམར་རང་བྱོན་ཡོད་པ། སྤ་བསོད་ནམས་ཕུན་ཚོགས་ཀྱི་ཐུགས་མེ་སྡུག་ལ་ཞི་ལྷ་ཞེ་ལྔའི་རྟེན་རིང་སྲེལ་ཞེ་ལྔ་ཡོད་པ་སོགས་རྟེན་ཁྱད་འཕགས་ཀྱི་རིགས་དང་། གཞན་ཡང་སྐུ་རྟེན་གྱི་རིགས་ནི་ཉི་འབུམ་གྱི་གཟིམས་ཁང་ནང་སྐྱབས་རྗེ་ཉི་འབུམ་རིན་པོ་ཆེའི་འདྲ་སྐུ་སོགས་ཟང་གསེར་གྱི་སྐུ་བརྙན་ཆེ་ཆུང་ཉི་ཤུ་ལྷག་དང་གསུང་རབ་པོད་བཞི་བཅུ་ལྷག ཡང་རྩེ་མཁས་གྲུབ་གཡུང་དྲུང་འབྲུག་གྲགས་ཀྱི་གཟིམས་ཁང་ནང་མཉམ་མེད་འདྲ་སྐུ། རྣམ་རྒྱལ།མ་ཏྲི་ནམ་མཁའི་རྒྱལ་པོ། དྲིལ་དམར་སོགས་ཟངས་གསེར་གྱི་སྐུ་འདྲ་ཆེ་ཆུང་ལྔ་བཅུ་ལྷག་བཅས་ཡོད།
              གཉིས་པ་གསུང་རབ་པོད་བཞི་བཅུ་ལྷག་སྐོར་དང་དེ་བཞིན་གསོལ་ཁ་ཁང་སོགས་ཀྱི་ནང་དུ་གཟུངས་གཞུག་པར་ཤིང་དང་ཀློང་རྒྱས་སོགས་པར་ཤིང་འགའ་དང་། ཡིག་པོད་བརྒྱ་དང་ཉི་ཤུའི་སྐོར་བཅས་ཁྱོན་བསྡོམ་སྤ་ཚང་བླ་བྲང་ལ་མདོ་སྔགས་སེམས་འབུམ། བཀའ་གསར་རྙིང་རིག་གནས་ཡིག་ཚོགས་པོད་ཉིས་བརྒྱ་ལྷག་ཙམ་ཡོད།
              གསུམ་པ་མཆོད་ཆས་རོལ་མོའི་སྐོར། དང་པོ་དངུལ་གཏོར། བུམ་པ། ཁྲུས་བུམ། མནྡལ། རྐོང་བུ། འབྲུ་ཕོར། དངུལ་གླིང་སོགས་དངུལ་ཆས་ཀྱི་རིགས་དང་། གཤང་ཆེན། སྦུབ་ཆེན། རྒྱ་རྔ། དངུལ་རྐོང་། དུང་ཆེན་སོགས་རོལ་མོའི་རིགས་སོགས་གང་ལ་གང་དགོས་མཆིས་སོ།། 
              བཞི་པ་ལོ་ཟླའི་དུས་མཆོད་སྐོར་ལ། དང་པོ་རྒྱུན་མཚམས་དྲན་པ་ཚེ་སྒྲུབ་དང་། ལོ་རེའི་དཔྱིད་སྟོན་གཉིས་ཀྱི་འབྲིང་པོའི་ཚེས་བརྒྱད་ནས་དབང་ལྡན་ཞུ་ཡི་རིང་ལུགས་ཀྱི་བོན་སྐྱོང་སྐང་གསོལ་རྒྱས་སྒྲུབ་དང་། དབྱར་ཉི་ཟློག་དུས་ལ་གཡང་སྒྲུབ། དགུན་ཉི་ཟློག་ལ་སྟག་ལྷ། དགུ་གཏོར་ལ་རྩོད་ཟློག་ལས་མཐའ། དྲིལ་དམར་བསྐང་མདོས། ཟླ་བ་རེ་རེའི་ཉ་མཆོད་ནི་ཚེས་བཅུ་ལ་དགོངས་འདུས།རིག་འཛིན་འདུས་པ། དྲན་པ་དབང་སྒྲུབ། ཡབ་སྲས་དྲིལ་སྒྲུབ་བཅས་ཀྱི་ཚོགས་མཆོད། ཚེས་བཅོ་ལྔ་དང་བཅུ་དྲུག་ལ་ཞི་ཁྲོ། གསང་ཆེན་རོལ་པ། ཐབས་ཆེན་མཁའ་རྒྱུད་ཀྱི་རིག་འཛིན་འདུས་པ། གཤེན་དྲེལ། བྱང་ཆོག་ཉི་ཟེར་ཞགས་པ་བཅས་སྦྲགས་སྲོལ་ཡོད། གནམ་གང་ལ་དབལ་གསས་རྩོད་ཟློག་གི་ཚོགས་མཆོད་བཅས་ལོ་ཟླའི་དུས་མཆོད་དེ་རྣམས་སྔར་བྲིས་རྒྱང་རི་ཁྲོད་ཆགས་པ་མཛད་ནས་བཟུང་ཆད་མེད་དུ་འདོན་སྲོལ་ཡོད།
              ལྔ་པ་ས་འཐོབ་དང་འབྲོག་རའི་རྒྱ་ཁྱོན་སྐོར། རྒྱབ་ཀྱི་མཛོ་རོལ་ཉིན་སྲིབ་མདུན་གྱི་ངང་ཚང་ཤར་ཆེན། སྤ་སུལ་དབྱར་ས་བྲིས་རྒྱང་དབྱར་མཚེར་གོང་བཅས་ཡོད། འབྲོག་རའི་རྒྱ་ཁྱོན་ནི་འབྲི་ཁལ་ཉིས་བརྒྱའི་ནང་ཚུད་ཀྱི་ནོར་དང་།རྟ་དྲེའུ་ཉི་ཤུ་ལྷག་བཅས་ཡོད། ཕྱུག་རྫི་ནི་འབྲོག་རའི་འགན་ཁུར། ཤེ་དཔོན་དང་འབྲོག་ལས་བྱེད་མཁན་གྱི་ཕྱུག་རྫི་རྣམས་ལ་ཟླ་རེའི་ཟས་ཕོག་བཅས་བླ་བྲང་གཉེར་པས་རྒྱག་སྲོལ་ཡོད། ཡང་མེ་སྦྲུལ་ལོར་(སྤྱི་ལོ་1917)དགོན་གནས་ཀྱི་ཤར་སྟོད་སྟག་གི་ཕྱོགས་སུ་སྤ་ཉི་འབུམ་རིན་པོ་ཆེས་ཆུ་གཏེར་བཞེས་ཏེ་དགོན་པའི་ཇ་ཆུ་ལྡང་ངེས་ཀྱི་ཆུ་ལུ་མ་སྤུས་གཙང་ཞིག་ཡོད། དེ་གར་ཀླུ་ཁང་ཀླུ་ལྕམ་དྲལ་སྐུ་བརྙན་རྡོ་བསྐོས་བཅས་ཡོད་པ་དང་། ཆུ་གཏེར་བཞེས་ནས་བཟུང་རིག་འཛིན་གསང་སྒྲུབ་ཀྱི་སྒྲུབ་ཆེན་དང་། ཡི་དམ་ཁྲོ་ཕུར་གྱི་སྒྲུབ་ཆེན་གང་སྒྲུབ་ཀྱི་དཀྱིལ་འཁོར་ས་ལེན་དང་ཀླུ་གཏོར་དང་གཏེར་བུམ་འབུལ་ཡུལ་གྱི་གནས་ཡིན། ད་ལྟ་ཡང་ཆུ་འགོ་རྒྱུན་མ་ཆད་ཙམ་ཡོད། ལོ་དེར་སྐུ་གདུང་ཁང་ཞེས་པའི་ཀ་བ་བཅུ་གཉིས་ཀྱི་ས་མལ་དང་། དེའི་སྦུག་མཇལ་ནི་གསས་མཁར་མཆོག་ལྔའི་ལྷ་ཁང་ཞེས་པ་ཀ་བ་བཞི་དང་ཁྱོན་བསྡོམས་ཀ་བ་བཅུ་དྲུག་གི་ས་མལ་གསར་བཞེངས་མཛད་དེ།གོང་གི་སྐུ་གདུང་རྣམ་གསུམ་དེ་ཀ་བཞིའི་དཀྱིལ་དུ་ཁྲི་བཀོད་མཛད། དེའི་ནང་གི་ལྡེབ་རིས་ནི་རྣམ་དག་པད་མ་ཀློང་ཆེན་གྱི་ལྷ་འཁོར་དང་། ཡར་ནང་གསས་མཁར་མཆོག་ལྔའི་ལྷ་ཁང་དུ་གསས་མཁར་མཆོག་ལྔའི་ལྷ་འཁོར་ཆ་ཚང་གི་བརྙན་རིས་དང་། ལྷ་ཁང་དེའི་གཡས་ངོས་སུ་ཟངས་གསེར་ལས་བཟོས་པའི་དབལ་གཤེན་སྟག་ལྷའི་སྐུ་བྱིན་ཆེན་(རབ་གནས་སྐབས་སུ་ཟིལ་ཐིགས་བབས་པའི་རྟགས་མངོན་གསལ་ཡོད་པ་)དང་དེ་བཞིན་ཁྲོ་བོ་གཙོ་མཆོག ཕུར་པ་འབྲུག་གསས། གཤེན་ལྷ་འོད་དཀར། རྗེ་མཉམ་མེད་ཆེན་པོ་སྐུ་བཅས་རེ་རེར་མཐོ་ཚད་ལ་ཁྲུ་བརྒྱད་ཡོད་པ་རྣམས་གཟུངས་གཞུག་བྱིན་རྫས་སོགས་མཐར་ཕྱིན་པར་མཛད་དེ་མངའ་གསོལ་ཁྲི་བཀོད་སྨོན་ལམ་རྒྱས་གྲུབ་ཟིན་པས་དགེ་བའི་པྲ་ལྟས་བཟང་པོ་ཤར་རོ།། ཞེས་སོགས་ལྷ་ཁང་དེ་གཉིས་ཁ་དོག་དམར་པོ་དང་སེར་པོ་ཡིན་ཞིང་མཁར་རྩེར་གསེར་འཕྲུ་ཁྲུ་བཞི་རེ་ཡོད་པ་གོང་འོག་གཉིས་སོ།། ས་ལུག་ལོར་(སྤི་ལོ་1919)སྤ་གཡུང་དྲུང་འབྲུག་གྲགས་དགུང་གྲངས་ཉེར་བརྒྱད་ཐོག་ཉི་མ་འབུམ་གསལ་གྱིས་ཞབས་བརྟན་བདེན་ཚིག་བསྟན་འབར་དང་སྦྲགས་ཁྱེད་རྒྱལ་བ་སྨན་རི་བ་དང་།རབ་ལེགས་གཡུང་དྲུང་གླིང་སོགས་རྩ་ཆེའི་གདན་ས་ཁག་ལ་རབ་བྱུང་ཁྲི་བཞེངས་དང་ལས་པའི་སྦྱིན་བདག་བཅས་ཀྱི་འབུལ་འབྲེལ་འདི་ལོར་ཕེབས་དགོས་པ་ལས་བདག་ནི་འཇིག་རྟེན་མི་ཡུལ་དུ་རིང་པོར་མི་འཚོ་ཞེས་གསུངས་ནས་དངུལ་ཊཾ་ཉིས་ཁྲི་དང་དངོས་པོ་གྱ་ནོམ་མང་དུ་བསྐུར་གནང་མཛད་དེ་དབུས་གཙང་དུ་ཕེབས་སོ།། དང་པོ་རྒྱལ་བ་སྨན་རི་བ་གཙང་ཐུབ་རྒྱལ་དགོན་ལ་ལས་པ་དང་མཁན་པོའི་སྦྱིན་བདག་འབུལ་བ་དང་རབ་བྱུང་ཁྲི་བཞེས་འབུལ་བ་བཅས་དངུལ་ཊཾ་བདུན་སྟོང་གཅིག་བརྒྱ་བཅུ་དང་ཇ་དར་དངོས་པོ་བཅས་ཕུལ། གཡས་རི་མཁར་སྣ་ལ་བཀའ་འགྱུར་བརྟེན་དང་ལས་དོད་འབུལ་བ་བཅས། དངུལ་ཊཾ་གཉིས་སྟོང་བདུན་བརྒྱ་བཞི་བཅུ་དང་། གཡུང་དྲུང་གླིང་ལ་ལས་དོད་འབུལ་བ་ཁང་ཚན་སོ་སོའི་ཞལ་འདེབས་བཅས་དངུལ་ཊཾ་ལྔ་སྟོང་གཉིས་བརྒྱ་དང་ཇ་དར་དངོས་པོ་ཕུལ་ནས་སྐབས་དེར་གཡུང་དྲུང་གླིང་ལ་ལས་དོད་འབུལ་བ། ཁང་ཚན་སོ་སོའི་ཞལ་འདེབས་བཅས་དངུལ་ཊཾ་ལྔ་སྟོང་གཉིས་བརྒྱ་དང་ཇ་དར་དངོས་པོ་ཕུལ་ནས་སྐབས་དེར་གཡུང་དྲུང་གླིང་གི་བཤད་གྲྭའི་རྩོད་གྲལ་དུ་ཡོངས་འཛིན་ཚ་རོང་བ་ཤེས་རབ་ཡེ་ཤེས་བསྟན་འཛིན་ལ་བརྟེན་ནས་ཤེར་ཕྱིན་སོགས་གཞུང་དཀའ་པོད་ལྔ་ཡི་དོན་ཕྱོགས་ཙམ་གསན་བཞེས་གནང་བ་དང་། དེ་ནས་གཤེན་རི་རྒྱལ་དགོན་ལ་འགྱེད་ཞལ་འདེབས་བསྡོམས་དངུལ་ཊཾ་ལྔ་བརྒྱ་ལྷག་ཙམ་ཕུལ་རྗེས་ཕྱིར་ཕེབས་མཛད། དེ་ནས་སྤ་ཉི་མ་འབུམ་གསལ་རིན་པོ་ཆེ་ནི་སྔར་འབྱུང་ལྡན་298ནང་ཚན་ཤིང་ཕོ་སྟག་གི་ལོར་(སྤྱི་ལོ་1854)སྐུ་ལ་མཚན་དཔེའི་དཀྱིལ་འཁོར་བཞད་པ་ནས་བཟུང་། སྤྱིར་སངས་རྒྱས་རྒྱལ་བ་གཤེན་གྱི་བསྟན་པ་ལ་འཛིན་སྐྱོང་སྤེལ་གསུམ་དང་། གདུལ་བྱའི་སེམས་ཅན་གྱི་རེ་བ་དོན་ཡོད་དུ་མཛད་པ་དང་དེ་བཞིན་དྲང་ངེས་བོན་གྱི་ཆར་གཏོགས་པའི་དགོངས་གཏེར་སྙན་རྒྱུད་སོགས་ཀྱི་དོན་མཐར་ཕྱིན་གྲུབ་པར་ངེས་ཏེ། དྲན་པའི་ཞལ་བྱང་ལས།“སྤ་ཚང་ཉི་མ་འབུམ་གསལ་ཞེས་བྱ་བ།། ཐུགས་གཏེར་རྫོགས་ཆེན་ཚེ་དབང་གདམ་པ་སོགས།། ཟབ་མོའི་བོན་སྡེ་རེ་འགའི་གཏེར་ལས་དབང་།།” ཞེས་གསུངས་སོ།། སླར་རྟག་འཛིན་ཅན་རྣམས་མི་རྟག་སུན་འབྱིན་གྱི་ཕྱིར་དུ་སྐུ་མྱ་ངན་འདས་ཚུལ་བསྟན་ཏེ། ལྕགས་ཕོ་སྤྲེལ་གྱི་ལོར་(སྤྱི་ལོ་1920)མཆོག་གི་དགུང་གྲངས་དྲུག་ཅུ་རེ་བདུན་གྱི་ཐོག་བོད་ཟླ་བདུན་པའི་ཚེས་བཅུ་བཞི་ཐོ་རེངས་སུ་གཟུགས་སྐུ་བོན་དབྱིངས་སུ་བསྡུ་བའི་ཚུལ་བསྟན། དགོན་པའི་མཁན་པོའི་གདུང་མཆོད་འབུལ་བའི་གོ་རིམ་གྱི་ལུགས་སྲོལ་ནི་འདི་ལྟར་ཏེ། དང་པོ་བླ་གྲྭ་དམ་གཙང་བཅུས་མ་རྒྱུད་ཚོགས་མཆོད།བླ་གྲྭ་ལྔ་ཡིས་ཞི་ཁྲོ་དགོན་གྱི་བླ་གྲྭ་ཡོད་ཅོག་གིས་མེ་ཏོག་མཆོད་པ་བཅས་བདུན་ཚིགས་ཞེ་དགུའི་བར་དུ་སྒྲུབ། ཀུན་རིགས་ལས་བཞི་རྒྱུན་ལྔ་བཅུ་སྐོར་ལུགས་ཆ་གསུམ་དང་།གཞན་ཡང་ཀླུ་ཕུག་གཡུང་དྲུང་བདེ་ཆེན་གླིང་ལུང་དཀར་གཤེན་བསྟན་རིན་ཆེན་གླིང་། ཕུར་དགོན་གཡུང་དྲུང་འོད་ཚལ་གླིང་། བྲག་དམར་མཐོང་གྲོལ་རི་ཁྲོད། ཀོང་པོ་སྟག་རྩེ་གཡུང་དྲུང་གླིང་སོགས་ལ་མེ་ཏོག་མཆོད་པ། ཁྲོ་བོ་འདོན་མཆོད། མ་ཏྲི་བུམ་སྒྲུབ་བཅས་ཀྱི་མཆོད་སྤྲིན་རྒྱ་ཆེན་ཕུལ་བ་དང་། གཞན་ཡང་སོག་འཕེལ་རྒྱས་གླིང་ཅུང་པ་ཆོས་འཁོར་དགོན་གཉིས་ལ་དུང་ཡོན་འབུལ་བ་དང་། ཆགས་རི་ཉི་གྲགས་དགོན་སྟག་སྤུ་སོགས་བན་བོན་གྱི་རི་དགོན་ཁག་སུམ་བཅུ་ལྷག་ནས་དགོངས་རྫོགས་ཀྱི་མཆོད་འབུལ་བསྔོ་སྨོན་སོགས་གདུལ་བྱའི་སེམས་ཅན་གྱི་རེ་བ་དོན་ཡོད་གྲུབ་པར་བགྱིས་སོ།། ཟླ་བ་7པའི་ཚེས་13དང་14ལ་བླ་གྲྭ་ལྔ་ཡིས་སྤ་ཉི་འབུམ་གྱི་འདས་མཆོད་མ་རྒྱུད་ཐུགས་རྗེ་ཉི་མའི་ཚོགས་མཆོད་འབུལ་སྲོལ་ཡོད། གཡུང་དྲུང་བཀོད་ལེགས་ཀྱི་མཆོད་རྟེན་དང་གསར་བཞེངས་རྗེ་ཉིད་ཀྱི་འདྲ་སྐུ་ཟངས་གསེར་ལས་བཟོས་པ་ཁྲུ་བརྒྱད་ཡོད་པ་དང་། ཡང་སྐུ་གདུང་ཆ་བརྒྱད་ཁྲུ་དོ་རེ་ཡོད་པ་བཅས་བཞུགས་ལ། དམ་པ་ཉིད་ཀྱི་རིང་སྲེལ་ཤ་རི་རམ་དང་གདུང་རུས་བཅས་ཕུལ་ཡོད།སྤ་ཉི་འབུམ་གྱི་འདྲ་སྐུ་དེ་སྔར་གསས་མཁར་མཆོག་ལྔའི་གཡོན་ངོས་རྗེ་མཉམ་མེད་ཆེན་པོའི་སྐུའི་ཕྱི་ཟུར་དུ་ཁྲི་བཀོད་གནང་བ་དང་། གཡས་ངོས་སུ་དྲ་མིག་གོང་འོག་གཉིས་སུ་དབྱེ་བའི་དབལ་གཤེན་སྟག་ལྷའི་སྐུ་ཡི་ཕྱི་ཟུར་དུ་སྐུ་གདུང་ཆ་བརྒྱད་བཀོད་ཡོད། གཡུང་དྲུང་བཀོད་ལེགས་གྱི་མཆོད་རྟེན་དེ་སྐུ་གདུང་ཁང་གི་དཀྱིལ་དུ་ཉི་འབུམ་རིན་པོ་ཆེའི་སྐུ་གདུང་གི་རྟེན་དུ་ཁྲིར་བཀོད་པའོ།། དེ་ནས་འབྱུང་ལྡན་སུམ་བརྒྱའི་ཐོག་མར་ཤིང་བྱི་ལོར་(སྤྱི་ལོ་1924)དགོན་གྱི་སྒྲུབ་ཁང་ལྷ་མཆོད་འབྲི་གུང་བསྟན་པ་དབང་རྒྱལ་གྱིས་ལྷ་ཁང་ཀ་རིང་བརྒྱད་ཡོད་པ་དང་དེའི་ནང་བསྟན་སྨན་སྐུ་ལས་བཟོས་པའི་བདེར་གཤེགས་གཙོ་བཞི་དང་སྨན་ལྷ་མཆོད་བརྒྱད་བཅས་སྐུ་བརྙན་དང་ལྡེབས་རིས་སྤན་བརྒྱན་གསེར་འཕྲུ་བཅས་གྲུབ་པར་བགྱིས་སོ།། ལོ་དེར་ངོ་ཆེ་དགེ་རྒན་ཤེས་རབ་དབང་ལྡན་ཁོང་ནི་ཧོར་ཡིས་ཐ་བསྟན་སྲིད་ཐུན་མོང་གི་ཆེད་དུ་བླ་དཔོན་ཟུང་གིས་བཀའ་མངགས་གནང་བ་ལྟར་དབུས་སུ་གོང་ས་རྒྱལ་དབང་བཅུ་གསུམ་པས་སྩལ་བའི་ཤེལ་བུམ་དེ་ཉིད་གདན་འདྲེན་པར་སོང་ཞིང་། སླར་ལོ་གཅིག་དང་ཕྱེད་ཀའི་ནང་གོང་གི་ཤེལ་བུམ་དགོན་སར་འབྱོར་ཏེ།དགོན་གྱི་མིང་ལ་དཔག་བསམ་གཡུང་དྲུང་རབ་བསྟན་གླིང་ཞེས་འཁོད་པར་མ་ཟད། གུ་རུའི་གསང་ལུང་དང་སྦྲགས་ཏེ་ས་གནད་ཀྱི་མེ་བཙས་གཟིར་བའི་གཡུང་དྲུང་བོན་གྱི་དགོན་སྡེ་ཞིག་ཡིན་ཞེས་འཁོད་ཡོད། དེ་འབྲེལ་མེ་སྟག་ལོར་(སྤྱི་ལོ་1926)རྒྱལ་དབང་སྐུ་འཕྲེང་བཅུ་གསུམ་པ་ཆེན་པོས་རྒྱ་ཁྱབ་རྫོང་གཞིས་ཁག་ལ་བསྩལ་བའི་རྩ་ཚིག་ལས་གྲུབ་མཐའ་ཁག་སོ་སོའི་དགོན་སྡེ་རྣམས་ཀྱི་ཐོས་བསམ་སྒོམ་གསུམ་བཤད་སྒྲུབ་ཀྱི་འཆད་ཉན་སོགས་དང་ཡུལ་ཁམས་བདེ་ཞིང་ལོ་ཕྱུགས་ལེགས་པ་ནད་མུག་འཁྲུག་རྩོད་སོགས་སྙིགས་དུས་རྒུད་པ་སེལ་བའི་སླད་དུ་སངས་རྒྱས་རྒྱལ་བའི་སྐུ་གསུང་ཐུགས་རྟེན་དང་། ལྷ་ཁང་ཉམས་གསོ་གཙུག་ལག་ཁང་གསར་བཞེངས་སོགས་རིམ་འགྲོ་གནད་སྨིན་བཅས་ཡུལ་གྲུ་ཆེ་ཆུང་གི་བབས་དང་བསྟུན་པའི་ལོ་ཟླ་རིམ་བཞིན་ཆད་མེད་འབད་སྒྲུབ་དགོས་པའི་བཀའ་ལྕི་སྤྱི་བོར་ཕབ་པར་བརྟེན། སྤ་བླ་མ་གཡུང་དྲུང་བསྟན་པའི་འབྲུག་གྲགས་མཆོག་དང་། ཡིས་ཐ་དཔོན་བསོད་ནམས་ནོར་བུ་ཟུང་གིས་བསྟན་འགྲོ་སྤྱི་ཡི་བདེ་ཕན་ལ་དམིགས་ནས་དཔལ་གཤེན་བསྟན་གཡུང་དྲུང་རབ་བརྟན་གླིང་གི་བཀྲ་ཤིས་པའི་གཙུག་ལག་ཁང་ཆེན་དེ་འབྱུང་ལྡན་སུམ་བརྒྱའི་ནང་ཚན་དུ་མེ་ཡོས་ལོར་(སྤྱི་ལོ་1927)འཛུགས་སྐྲུན་བྱེད་རྒྱུའི་འགོ་བརྩམས། དེ་ཡི་རྒྱ་ཁྱོན་ནི་ཀ་བ་བརྒྱ་དང་སུམ་ཅུ་སོ་གཉིས་ཡོད་པའི་ནང་གསེར་གདུང་བདུད་འདུལ་སྒྲ་སྒྲོག་གི་མཚམས་བཞི་ལ་ཀ་རིང་བཞི་དང་། དེ་མིན་ཀ་རིང་སུམ་ཅུ་སོ་དྲུག་དང་ཀ་ཐུང་བཅུ་གཉིས། ཕྱི་འཁྱམས་བར་བསྐོར་ལ་ཀ་བ་སུམ་ཅུ་སོ་བཞི། སྒོ་འཁྱམས་གཡས་གཡོན་ལ་ཀ་བ་དྲུག་དང་ཀ་བ་རིང་ཐུང་བསྡོམས་པའི་གྲངས་དགུ་བཅུ་གོ་གཉིས་བརྩེགས་པ། ཀ་བའི་ཚབ་སེང་ཀ་བ་བཞི་བཅུ་ཐམ་པ་བཅས་ཡོད་པའི་ཁང་ཆེན་དེ་ལྕགས་རྟ་ཡན་ལོ་བཞིའི་རིང་རྩ་བའི་ཆ་ནས་ལེགས་པར་གྲུབ། གསར་བཞེངས་ཟིན་པའི་གཙུག་ལག་ཁང་གི་ནང་རྟེན་དཀྱིལ་དབུས་ཀྱི་དབུ་རྩེ་ཁང་ལ་གསེར་གདུང་བདུད་འདུལ་སྒྲ་སྒྲོག་གི་མཆོད་རྟེན་མཐོ་ཚད་གཞུ་འདོམ་ལྔ་ཡོད་པ་དང་། གཡས་སུ་གཤེན་རབ་རྣམ་པར་རྒྱལ་བ། གཡོན་དུ་སྟོན་པ་ལོངས་སྤྱོད་རྫོགས་སྐུ། དེ་གཉིས་ཀྱི་མཐོ་ཚད་གཞུ་འདོམ་བཞི་རེ། དེ་གཉིས་ཀྱི་གཡས་གཡོན་དྲྭ་མིག་ནང་གསེར་སྐུ། གྱང་ངོས་ལོགས་རེ་ལ་སྟོན་སྐུ་ཉིས་བརྒྱ་ལྔ་བཅུ་ང་གཉིས་རེ་ཡོད་པ་ལིང་བཞི་ལ་སྟོང་རྩ་བརྒྱད་དུ་ཚང་བར་མཛད་དོ།། འདུ་ཁང་དེའི་སྟོད་ཆའི་ཤར་ནུབ་གཉིས་ཀྱི་ངོས་སུ་དང་པོ་གཡས་ཤར་དུ་ལྟུང་བཤགས་ལྷ་འཁོར་དང་གཡོན་ནུབ་ཏུ་ཡི་དམ་དང་སྲུང་མའི་སྐུ་བརྙན་རྣམས་སྨན་སྐུ་ལས་བཟོས་པ་ཁྲུ་ཚད་རེ་ཡོད་པ་དང་། སྒོ་ཡི་གཡས་གཡོན་གྱི་ཀ་ཐུང་བཅུ་གཉིས་ཀྱི་འོག་འཁོར་ལྷ་ཁྲིའི་སྟེང་དུ་དྲྭ་མིག་གོང་འོག་གཉིས་རེ་དབྱེ་བའི་ནང་དུ་ཙན་དན་གྱི་མཆོད་རྟེན་ཁྲུ་གང་རེ་ཡོད་པ་བརྒྱ་དང་དྲུག་ཅུ་དང་། སྟེང་གི་དྲལ་ལྕམ་ལ་བོན་སྒོ་ཕྱི་ནང་གསང་གསུམ་དཀྱིལ་འཁོར་མར་དབུབ་དང་བཅས་པ། ཐོག་འཁོར་གྱི་གློ་འབུར་གཡས་གཡོན་དུ་སྐལ་བཟང་སྟོང་སྐུའི་གྱང་རིས་དང་ཕྱི་འཁྱམས་བར་སྐོར་གྱི་ནང་ཕྱོགས་སུ་རྒྱལ་བའི་མཛད་ཆེན་སུམ་བརྒྱ་དྲུག་བཅུའི་བརྙན་རིས་རྒྱས་པ་རྟོག་བརྗོད་རང་འགྲིག་དང་། ཕྱི་ཕྱོགས་རབ་གསལ་གྱི་བར་དུ་ནུབ་སྒོ་ནས་སྐལ་བཟང་སྟོང་སྐུ། བདེར་གཤེགས་སྟོང་སྐུ། ཟངས་མདོག་དཔལ་རིའི་ཆགས་ཚུལ། རྒྱལ་བའི་མཛད་ཆེན་བཅུ་གཉིས་ཀྱི་རྟོགས་བརྗོད་ཀུན་འཁོར་རེའུ་མིག་རྒྱས་པ་དང་།སྐུ་གདུང་བསྟན་པ་རྗེས་བཞག་གི་མདོ་ལྟར་སྤྲུལ་སྐུའི་གཆོད་རྟེན་བརྒྱ་དང་ཉི་ཤུའི་དཔེ་རིས་ཁ་བྱང་རང་འགྲིག་དང་བཅས་ཤར་སྒོའི་བར་དུ་རྒྱས་པར་བཀོད་ཡོད། དེ་ནས་ཁྱབ་བདག་བླ་མ་དམ་པ་མཁས་གྲུབ་གཡུང་དྲུང་འབྲུག་གྲགས་ཀྱིས་ཆུ་སྤྲེལ་ལོར་(སྤྱི་ལོ་1932)རྒྱལ་བསྟན་འཕེལ་རྒྱས་འགྲོ་བའི་ཆེད་དུ་བཤད་སྒྲུབ་གསར་འཛུགས་མཛད་དེ་རབ་ལེགས་གཡུང་དྲུང་གླིང་གི་དཔོན་སློབ་ཤེས་རབ་གྲགས་པ་འདིར་ཕེབས་སྐབས། མཚན་ཉིད་ཀྱི་སྒྲིག་ལམ་དང་འབྲེལ་བའི་ཐུན་མོང་བསྡུས་གྲྭའི་རྣམ་གཞག་རིགས་ལམ་ཆུང་བའི་གཞུང་ལུགས་གསར་འཛུགས་གནང་བ་དང་། བཀྲ་ཤིས་པའི་གཙུག་ལག་ཁང་ཆེན་བཞེངས་གྲུབ་ཟིན་པ་འདི་གཉིས་ཕྱི་སྣོད་དང་ནང་བཅུད་ལྟ་བུའི་རྒྱལ་བསྟན་འཕེལ་རྒྱས་འགྲོ་བའི་བརྡ་རྟགས་སུ་ངེས་པའོ།།
              དེ་ནས་མཚན་ཉིད་དགེ་བཤེས་བླ་གྲྭ་མང་པོ་བྱུང་། མེ་གླང་ལརོ ་(སྤྱི་ལོ་1939)གཡུང་དྲུང་བློ་ལྡན་རང་ལོ་ཉེར་དྲུག་དང་འབྲོང་པ་བསྟན་འཛིན་དབང་གྲགས་རང་ལོ་བཅུ་དྲུག་ཟུང་ནས་རབ་འབྱམས་ཁྲི་བཞེངས་མཛད་དེ་ནས་གཡུང་དྲུང་བློ་ལྡན་མཆོག་མཚན་ཉིད་དཔོན་སློབ་ཏུ་མངའ་གསོལ་ཏེ་མེ་གླང་ལོ་ནས་ས་ཕག་ལོ་ཡན་ལོ་ཉེར་གསུམ་རིང་ཡོངས་འཛིན་ལས་ཐོག་ཡིན། དེ་ནས་བཟུང་ས་ཕག་ལོ་དང་ལྕགས་སྦྲུལ་ལོ་སོགས་ལོ་རེ་མོས་སུ་གྲྭ་གཉིས་རེ་དགེ་བཤེས་གསར་བཞེངས་རྒྱུན་མཐུད་མཛད་དེ། སྐྱ་ཕྱུག་གཡུང་དྲུང་དབང་གྲགས། འགོ་པ་ཕུན་ཚོགས་རྒྱལ་མཚན། ཞུ་ཚང་ཀུན་བཟང་ཚེ་གྲགས། འཁོར་ལྡན་ཡེ་ཤེས་རྣམ་རྒྱལ། བེ་རུ་རྟོགས་ལྡན་ཚུལ་ཁྲིམས་དགེ་བ། ཁ་བོ་རྟོགས་ལྡན་ཤེས་རབ་ཕུན་ཚོགས། སྤ་བླ་མ་ཟླ་བ་རྒྱལ་མཚན། སྐྱ་ཕྱུག་བཀྲ་ཤིས་རྣམ་དག ངུ་འབྲོང་སངས་རྒྱས་དཔལ་ལྡན། ཨར་ཆུང་སྐལ་བཟང་རྣམ་རྒྱལ། སྐལ་བཟང་དབང་གྲགས། གཡུང་དྲུང་འགྱུར་མེད། བསྟན་འཛིན་གཙུག་ཕུད། ཚེ་དབང་ཕུན་ཚོགས་བཅས་ས་སྟག་ལོ་ནས་ས་ཕག་ལོ་སྟེ་1959ལོ་ཡན་བླ་གྲྭ་བཅུ་བཞི་དགེ་བཤེས་ཁྲི་བཞེངས་མཛད་པ་རེད། ལྕགས་སྦྲུལ་ལོར་(སྤྱི་ལོ་1941)སྤ་བླ་མ་གཡུང་དྲུང་འབྲུག་གྲགས་ཀྱིས་གསེར་གདུང་བཀྲ་ཤིས་སྒོ་མང་གི་ཕྱི་སྣོད་ལྷ་ཁང་ཀ་བ་ཉི་ཤུ་རྩ་གཉིས་ཀྱི་ས་མལ་དང་སྒོ་ར་རང་འགྲིག་བཅས་རྨང་ཐིགས་བཏབ་སྟེང་དེའི་བཀོད་དབྱིབས་ནི་དང་པོ་བཀྲ་ཤིས་སྒོ་མང་གི་མཚམས་བཞིར་ཀ་རིང་བཞི་དང་རྒྱ་ཁྱོན་ལ་ཀ་རིང་བཅོ་བརྒྱད་ཡོད། ནང་རྟེན་གྱི་གསེར་གདུང་བཀྲ་ཤིས་སྒོ་མང་དང་ཀུན་བཟང་རྒྱལ་བ་རྒྱ་མཚོ་གཉིས་ཀྱི་མཐོ་ཚད་ལ། དང་པོར་གཞུ་འདོམ་ལྔ་དང་(ཀུང་ཁྲི་བརྒྱད་)གཉིས་པ་ལ་གཞུ་འདོམ་བཞི་དང་ཕྱེད་(ཀུང་ཁྲི་བདུན་དང་སྐར་20)ཡོད་པའི་གསེར་གདུང་དང་། ལྡེབ་རིས་ནི་སྒོའི་གཡས་ལོགས་སུ་སྤྲུལ་སྐུའི་མཆོད་རྟེན་བརྒྱ་དང་ཉི་ཤུ།གཡོན་ལོགས་ལ་བྱམས་མ་སྟོང་སྐུ་བཅས་བྲིས་ཡོད་པ་དང་། ནང་གི་ཤིང་ཚོན་བཅས་མེ་ཁྱི་ལོ་ཡན་(སྤྱི་ལོ་1946)ཕྱི་ནང་གཉིས་ཀ་བཞེངས་གྲུབ་ཟིན་པ་རེད། ལོ་དེར་ཤར་རྫའི་རྒྱལ་ཚབ་བློ་གྲོས་རྒྱ་མཚོ་འདིར་ཕེབས་པའི་སྐབས་དང་བསྟུན་ཏེ་གྲུབ་དབང་ཤར་རྫ་རིན་པོ་ཆེའི་《མཛོད་ཆེན་ལྔ་》སོགས་མན་ངག་རྫོགས་པ་ཆེན་པོའི་ཁྲིད་ལུང་དབང་བཞི་རྣམས་འཆད་ཉན་གྲུབ་མཚམས་སྤ་ཚང་དགོན་དུ་གྲུབ་བརྒྱའི་དཔལ་བརྙེས་ཀུན་མཁྱེན་ཤར་རྫ་བའི་དགོངས་དོན་བཞིན་སྒྲུབ་གྲྭ་གསར་འཛུགས་(རྟོགས་ལྡན་ཤེས་རབ་ཕུན་ཚོགས་སོགས་བླ་གྲྭ་ལྔ་)བགྱིས་པ་དང་འབྲེལ། ལྷ་ཁང་བཀྲ་ཤིས་སྒོ་མང་གི་ཕྱི་ནང་དང་རྫོགས་ཆེན་སྒྲུབ་གྲྭ་འཛུགས་གཉེར་ཟིན་པ་དེ་གཉིས་ནི་ཕྱིའི་སྣོད་དང་ནང་གི་བཅུད་ལྟ་བུའི་བོན་བསྟན་དར་རྒྱས་འགྲོ་བའི་བརྡ་དང་རྟགས་སུ་ངེས་ཞེས་སོ།།
              ལྕགས་སྟག་ལོར་(སྤྱི་ལོ་1950)སྔར་སྒྲུབ་ཁང་རྙིང་པ་ཀ་བ་བཞི་ཡོད་པ་དེ་ཉིད་སླར་གསོ་མཛད་ཅིང་། ཀ་བ་དྲུག་གི་ས་མལ་ཐོག་ཁང་རང་འགྲིག་བསྐྱར་དུ་བསྐྲུན། ནང་ལྷ་རིས་ནི་ཡི་དམ་གསས་མཁར་མཆོག་ལྔ་དང་བོན་སྐྱོང་ཕོ་རྒྱུད་མོ་རྒྱུད་བཅས་ཡོད། མཁས་གྲུབ་སྤ་འབྲུག་རིན་པོ་ཆེས་མེ་ཁྱི་ལོ་ནས་སྒྲུབ་གྲྭའི་མཁན་པོའི་ཐུགས་འགན་བཞེས་ཤིང་། མཐར་ལྕགས་སྟག་ལོར་སྒྲུབ་གྲྭ་གསར་སྣོན་བླ་གྲྭ་ལྔ་དང་བཅས་སླད་ཕྱིན་གྲུབ་དབང་ཤར་རྫ་བའི་རྫོགས་ཆེན་སྒྲུབ་གྲྭའི་ཁྲིད་ལུང་མན་ངག་སོགས་ཚང་མ་རྟོགས་ལྡན་ཤེས་རབ་ཕུན་ཚོགས་ཀྱིས་གནང་དགོས་ཞེས་བཀའ་ཡིས་གནང་བ་བགྱིས་ཤིང་། སྒྲུབ་གྲྭའི་མཁན་པོར་རྗེས་བཞག་གནང་ནས་སྔར་འབྱུང་ལྡན་གཉིས་བརྒྱ་གོ་དགུའི་ནང་ཚན་ཆུ་འབྲུག་ལོའི་(སྤྱི་ལོ་1892)བོད་ཟླ་གསུམ་པའི་ཚེས་བཅུ་ལ་སྐུར་མཚན་དཔེའི་དཀྱིལ་འཁོར་བཞད་པ་ནས་བཟུང་།གཡུང་དྲུང་བོན་གྱི་སྟོན་པ་རྣམ་འདྲེན་བརྒྱད་པ་དམུ་རྒྱལ་སྲས་ཀྱི་བསྟན་པ་སྤྱི་དང་ཁྱད་པར་རྒྱལ་བ་གཉིས་པ་མཉམ་མེད་ཤེས་རབ་རྒྱལ་མཚན་ཀྱིས་ལུང་རྟོགས་ཀྱིས་བསྡུས་པའི་བསྟན་པ་འདི་ཉིད་ཀྱི་རིང་ལུགས་དྲི་མ་མེད་པ་སྐྱོང་ཞིང་སྐུ་ཚེ་གང་གི་རིང་ལ་རྒྱལ་བའི་སྐུ་གསུང་ཐུགས་རྟེན་དང་ལྷ་ཁང་སོགས་གྲངས་མང་བཞེངས་ཤིང་གནས་པར་མ་ཟད། སྙིགས་དུས་ཀྱི་རྒུད་པ་སེལ་བའི་སླད་དུ་ཡི་དམ་ཁྲོ་ཕུར་ཞང་གསུམ་དང་བཀའ་གསར་རྙིང་སྒྲུབ་ཆེན་དུས་མཆོད་སོགས་ཉམས་མེད་མཛད་པ་དང་། དྲན་པའི་ཞལ་ལུང་ལས། “དེ་རྗེས་སྤ་ཚང་གདུང་ལས་སྤྲུལ་པའི་སྐུ།། སྤ་རིགས་སྟོན་པ་འབྲུག་གྲགས་མཚན་འཛིན་པ།།ཐུགས་གཏེར་སྙིང་པོ་ཟབ་རྒྱས་བོན་གྱི་སྡེ།། ཕྱི་ནང་གསང་བའི་རྒྱུད་དང་གྲུབ་སྐོར་དབང་།།” ཞེས་གསུངས་པ་ལྟར་བཀའ་ལུང་སྡེ་སྣོད་གསུམ་གྱི་དགོངས་དོན་ཚུད་པའི་རིག་གནས་ཀྱི་གཞུང་ཆ་ལག་དང་བཅས་པའི་པོད་དུ་མ་ལྗགས་རྩོམ་གནང་ཞིང་ཕྱི་རབས་བསྟན་པའི་སྲོལ་འཛིན་རྣམས་ལ་རྗེས་བཞག་གནང་ནས་ཁོང་དགུང་གྲངས་དྲུག་བཅུ་ཐམ་པ་ལྕགས་མོ་ཡོས་ལོའི་(སྤྱི་ལོ་1951)བོད་ཟླ་བརྒྱད་པའི་ཚེས་སུམ་ཅུའི་ཐོ་རེངས་ལ་དགོངས་པ་བོན་དབྱིངས་སུ་བསྡུ་བའི་ཚུལ་བསྟན་པའོ།། དེ་ནས་བཟུང་བོད་ཟླ་བརྒྱད་པའི་ཚེས་28དང་29གཉིས་ལ་འདས་མཆོད་མ་རྒྱུད་དང་བླ་སྒྲུབ་གཉིས་ཚོགས་མཆོད་འབུལ་སྲོལ་ཡོད། དམ་པ་དེ་ཉིད་ཀྱི་དགོངས་རྫོགས་མཆོད་སྤྲིན་འབུལ་བའི་གོ་རིམ་ནི་དགོན་པའི་མཁན་པོའི་འདས་མཆོད་ལྟར་སྤ་གཏེར་ཡེ་ཤེས་གཡུང་དྲུང་གིས་ཐུགས་འགན་བཞེས་ཏེ། སྔར་ཉི་མ་འབུམ་གསལ་གྱི་འདས་མཆོད་འབུལ་ཚུལ་བཞིན་གདུལ་བྱ་སེམས་ཅན་གྱི་རེ་བ་དོན་ཡོད་དུ་གྲུབ་པར་བགྱིས་སོ།། ཆུ་འབྲུག་ལོ་ནས་(སྤྱི་ལོ་1954)ས་ཁྱི་ལོ་ཡི་(སྤྱི་ལོ་1958)བར་སྤ་ཚང་གཏེར་ཆེན་གྱིས་དགོན་པའི་བསྟན་མཆོད་ཀྱི་འགན་ཁུར་མཛད་དེ། སྔར་བསྐྲུན་ཟིན་པའི་སྒྲུབ་ཁང་གི་ནང་རྟེན་བོན་སྐྱོང་སྲུང་མའི་ཕྱི་ནང་གསང་བའི་རྟེན་རྫས་རྣམས་ཚང་བར་བསགས་ཏེ། ཤིང་ཕོ་རྟ་ཡི་ལོའི་བོད་ཟླ་བདུན་པའི་ཚེས་བཟང་པོ་ལ་སྲུང་མའི་སྐུ་གསོབ་དངོས་སུ་བཅིངས་པའི་འགོ་འཛུགས་ཏེ། སྒྲུབ་ཁང་གི་ལྷ་ཁྲི་དཀྱིལ་དུ་ཡི་དམ་གསས་མཁར་མཆོག་ལྔའི་སྲུང་འཁོར་དང་དབལ་གསས་དྲེགས་པ་ཟིལ་གནོན་གྱི་རྟེན་འཁོར་དང་རྟེན་གཏོར་རྟེན་རྫས་བཅས་བཀོད་པའི་གཏོར་སྒོམ་དང་།དེའི་གཡས་སུ་རྨ་ཆེན་སྦོམ་ར་སོགས་བོན་སྐྱོང་ཕོ་རྒྱུད་ཀྱི་སྡེ་དང་། གཡོན་ཕྱོགས་སྲིད་རྒྱལ་དྲིལ་དམར་སོགས་མོ་རྒྱུད་ཀྱི་སྡེ་བཅས་སྐུ་གསོབ་རེ་རེ་བཞིན་སྤ་གཏེར་རད་ཎ་གླིང་པས་ཕྱག་ལེན་རྒྱུད་ཅིང་རྟེན་བཞུགས་བཀའ་གཏད་རྗེས་གནང་མཛད་དེ། བླ་གྲྭ་བཅུ་ཡིས་ཡི་དམ་གསས་མཁར་མཆོག་ལྔ་དང་སྲུང་མ་སོ་སོའི་གཞུང་ཚོགས་བརྒྱ་སྟོང་གང་གྲུབ་བགྱིས་མཐར། སྒྲུབ་ཁང་ལྷ་མཆོད་ལ་རྒྱུན་དུ་སྒྲུབ་མཆོད་བྱེད་སྲོལ་སྔར་ལམ་བཞིན་རྗེས་གནང་མཛད་པའོ།། ལོ་དེར་སྤ་ཉི་འབུམ་རིན་པོ་ཆེའི་ཡང་སྲིད་སྤ་སྤྲུལ་བསྟན་པ་རྒྱལ་མཚན་ནི་ཕྱོགས་མེད་བྱ་བྲལ་ཀྱི་བརྟུལ་ཞུགས་བཟུང་སྟེ། བོན་རི་དང་དབུས་རི་སྟོད་གནས་གངས་རིན་པོ་ཆེ་སོགས་འཕགས་ཡུལ་གྱི་གནས་ཀུན་ལ་ཕེབས་ཤིང་། ཆུ་སྟག་ལོའི་(སྤྱི་ལོ་1962)བོད་ཟླ་2ཚེས་30ལ་རྒྱ་གར་དུ་དགོངས་པ་བོན་དབྱིངས་སུ་གཤེགས་སོ། ། དེ་ ནས་སྤ་ཚང་གཏེར་ཆེན་གྱིས་སྤ་གཡུང་དྲུང་འབྲུག་གྲགས་ཀྱི་སྐུ་གདུང་རྟེན། ཤེས་རབ་སྨྲ་བའི་སེང་གེའི་སྐུ་ཟངས་གསེར་ལས་བཟོས་པའི་མཐོ་ཚད་གཞུ་འདོམ་བཞི་ཡོད་པ་ཞིག་བཞེངས་འགོ་བཙུགས་ཏེ། མེ་སྤྲེལ་ཟླ་ཚེས་བཟང་པོར་ལེགས་པར་གྲུབ་ནས་གསེར་གདུང་བཀྲ་ཤིས་སྒོ་མང་གི་གཡོན་ངོས་ཀྱི་དབུ་རྩེ་ཁང་དུ་ཁྲི་བཀོད་མངའ་དབུལ་མཛད། དེ་བཞིན་གཤེན་ལྷ་འོད་དཀར་དང་། རྒྱལ་བ་འདུས་པ་གཉིས་(མཐོ་ཚད་ལ་གཞུ་འདོམ་གང་)ནི་བཀྲ་ཤིས་སྒོ་མང་གི་གཡས་གཡོན་ལ་བཀོད་པའོ།།
              གཉིས་པ་བསྟན་པ་རྗེས་བཞག་མཛད་པ་ལ། དང་པོ་བླ་རབས་དང་བཞེངས་གྲུབ་ཟིན་པའི་སྐུ་གདུང་གི་ཕྱི་ནང་བྱིན་རྫས་དངོས་རིག་དང་འདུ་ཚོགས་དུས་མཆོད་ཀྱི་གོ་རིམ་སྒྲིག་གཞི་དང་རྒྱུན་སྤྱོད་མཆོད་ཆས་ཀྱི་རིགས་སོགས་བརྗོད་པ་ལ། དང་པོ་སྤ་དགོན་གདན་རབས་རིམ་བྱུང་གི་མཁན་པོའམ་དབུ་བླ་ནི། གཡུང་དྲུང་ནམ་བཟང་། ནམ་མཁའ་སྒྲོན་གསལ། ཉི་མ་འབུམ་གསལ། གཡུང་དྲུང་འབྲུག་གྲགས། བསྟན་པ་རྒྱལ་མཚན། ཟླ་བ་རྒྱལ་མཚན། བསྟན་པ་འབྲུག་གྲགས། བསྟན་པའི་ཉི་མ་བར་དུའོ།། གོང་གི་བླ་རབས་ལྔ་དང་སྤ་ཡི་གཏེར་ཆེན་ཡེ་ཤེས་གཡུང་དྲུང་རྣམས་ཀྱིས་བཞེངས་པའི་སྐུ་གཟུགས་དང་སྐུ་གདུང་དེ་རྣམས་ལ་དང་པོ་ནང་རྟེན་གཟུངས་གཞུག་ནི་རྗེ་སྨན་རི་བའི་མཁན་ཆེན་མཁས་གྲུབ་ཉི་མ་བསྟན་འཛིན་གྱི་གཟུངས་རྫོགས་རྒྱས་པའི་ཕྱག་ལེན་ཇི་ལྟ་བ་བཞིན་དང་(འོག་མ་ཀུན་ལ་འགྲེས་)བྱིན་རྫས་ཁྱད་འཕགས་ཏེ། དང་པོ་ཏོག་ལ་སངས་རྒྱས་ཀྱི་སྐུ་བལ་རིང་བསྲེལ་གཅིག་དང་འཕེལ་གདུང་གཉིས། དེ་བཞིན་གཤེན་དང་གྲུ་ཞུ་སྤ་རྨེའུ་ཁྱུང་བཅས་གདུང་ཤ་རི་རམ་སོགས་རིང་བསྲེལ་དང་གལ་ཆེའི་བྱིན་རྫས་རྣམས་ནི་འདི་ལྟར་ཏེ་དང་པོ་འདུ་ཁང་ཆུང་བ་དང་། འདུ་ཁང་འབྲིང་བའི་སྦུག་མཇལ་ཁང་གཉིས་ཀྱི་ནང་དུ། སྟོན་པ་གཉིས།མཆོད་རྟེན་གཉིས། རྣམ་རྒྱལ། བྱམས་མ་བཅས་ཀྱི་ནང་རྟེན་ལ་སྟོན་པའི་འཕེལ་གདུང་སྤ་གཡུང་དྲུང་རྒྱལ་པོའི་རིང་བསྲེལ། དེ་དང་འབྲེལ་བའི་གཏེར་སྟོན་བརྒྱ་རྩ་དང་གཤེན་དང་གྲུ་ཞུ་སྤ་རྨེའུ་ཁྱུང་དང་ཞིག་པོ་བཅོ་བརྒྱད་སོགས་ཀྱི་སྒྲུབ་རྟེན་བྱིན་རྫས་ཀྱི་སྡེ་རྣམས་ནི། འཆི་མེད་ཡུམ་སྲས་གཤེན་གསུམ་ཀྱི་དམ་རྫས་སོགས་བྱིན་རྫས་སྣ་12དང་། སྦུག་མཇལ་ནང་གི་རྣམ་རྒྱལ་སྐུ་གཟུགས་ཀྱི་བང་མཛོད་ནང་དུ་འབྲུག་གི་སྦར་རྡོ་ཞེས་པ་རྡོ་སྨུག་བསེ་མུ་ཏིག་གི་འབྲུམ་བུ་ཡོད་པ་རྡོ་གཞན་ལས་ལྗི་ཚད་ཆེ་བ་དེ་ཉིད་ནི་འདོད་འབྱུང་གི་ནོར་སྣ་རྩ་ཆེན་ཞིག་ཏུ་བརྩི་བཞིན་ཡོད། ཡང་སྨན་སྐུ་ཁང་གི་ནང་རྟེན་གཙོ་བཞི་དང་སྨན་ལྷ་མཆེད་བརྒྱད་བཅས་གཟུངས་གཞུག་དང་བྱིན་རྫས་ནི་གོང་འཁོད་ལྟར་ཡིན།ཡང་སྐུ་གདུང་ཁང་དང་གསས་མཁར་མཆོག་ལྔའི་ལྷ་ཁང་ནང་གི་གཤེན་ལྷ་འོད་དཀར། མཉམ་མེད་འདྲ་སྐུ་ཉི་འབུམ་འདྲ་སྐུ། དབལ་གཤེན་སྟག་ལྷའི་སྐུ། ཁྲོ་བོ་གཙོ་མཆོག་ཕུར་པ་འབྲུག་གསས་གཏེར་སྲས་ཚེ་དབང་འགྱུར་མེད་ཀྱི་སྐུ་གདུང་། ཡང་སྐུ་གདུང་ཆ་བརྒྱད། སྐུ་གདུང་ཁང་གི་སྐུ་གདུང་རྣམ་གསུམ་ (ནམ་མཁའ་སྒྲོན་གསལ། ཉི་མ་འབུམ་གསས། ནམ་མཁའ་གཡུང་དྲུང་གསུམ་གྱི་སྐུ་གདུང་) བཅས་ཀྱི་ནང་གི་བྱིན་རྫས་ནི་རྨེའུ་གཏེར་ཆེན་ཨོ་རྒྱན་བདེ་ཆེན་གླིང་པས་དབུས་ཕུག་གསང་བ་ཡང་རྫོང་ནས་སྤྱན་དྲངས་པའི་དེ་བཞིན་གཤེགས་པའི་སྐུ་བལ་རིང་བསྲེལ་དང་གསང་སྔགས་གླིང་པའི་གཏེར་བྱོན་སངས་རྒྱས་འཕེལ་གདུང་དབུས་ཕུག་གཏེར་བྱོན་བྲམ་ཟེ་གསལ་ཁྱབ་འོད་ལྡན་གྱི་རིང་བསྲེལ་སོགས་བྱིན་རྫས་སྣ་དགུ་བཅུ་གོ་གསུམ་དང་སྟོད་མངའ་རིས་ཁྱུང་ལུང་གངས་དཀར། སྨད་རྒྱ་ནག་གླང་ཆེན་འགྱིང་རི།རི་བོ་རྩེ་ལྔ་སོགས་ས་རྡོ་ཆུ་ཤིང་སྣ་ཚོགས་ཕུལ་ཡོད། དེ་འོག་གཙུག་ལག་ཁང་ཆེན་དང་། བཀྲ་ཤིས་སྒོ་མང་གཉིས་ཀྱི་ནང་གི་གསེར་གདུང་བདུད་འདུལ་སྒྲ་སྒྲོག རྣམ་པར་རྒྱལ་བ་སྟོན་པ་ལོངས་སྤྱོད་རྫོགས་སྐུ། གསེར་གདུང་བཀྲ་ཤིས་སྒོ་མང་། ཀུན་བཟང་རྒྱལ་བ་རྒྱ་མཚོ། ཤེས་རབ་སྨྲ་བའི་སེང་གེ གཤེན་ལྷ་འོད་དཀར། རྒྱལ་བ་འདུས་པ་བཅས་རྟེན་མཆོག་དེ་རྣམས་ཀྱི་ནང་གི་གཟུངས་རྫོགས་དང་བྱིན་རྫས་ནི་གོང་འཁོད་ལྟར་ཡིན་ལ། དེའི་ཁར་ཏོག་ལ་རད་ཎ་གླིང་པའི་གཏེར་བྱོན་གཤེན་རབ་བགྲང་ཕྲེང་དུམ་ཚལ་དང་། སངས་རྒྱས་འཕེལ་གདུང་དང་། ཉི་འབུམ་རིང་བསྲེལ་དང་། སྨྲ་སེང་། རྒྱལ་འདུས། གཤེན་ལྷ་འོད་དཀར་དང་གསུམ་ལ་སྤ་འབྲུག་རིན་པོ་ཆེའི་རིང་བསྲེལ་དང་། བྱིན་རྫས་གཞན་གྱི་ཁར་སྤ་གཏེར་རད་ཎ་གླིང་པས་དབུས་ཕུག་གསང་བ་ཡང་རྫོང་གྱིམ་ཤོད་ཤེ་ལེ་རྒྱ་གར། སྤུ་རྒྱལ་ཚེ་ལུང་དཔལ་འབར། དབལ་བོན་རུ་ལག་ཤེ་རིང་ཕྱུགས་མོ། ཡར་ལུང་ཤེལ་གྱི་བྲག་སོགས་ནས་གཏེར་དུ་དྲངས་པའི་དམ་རྫས་བྱིན་རྟེན་དང་བཅས་སྐུ་གདུང་སྐུ་གཟུགས་རྟེན་གོང་འོག་རྣམས་ཀྱི་ནང་རྟེན་བྱིན་རྫས་ཀྱི་གྲངས་བརྒྱ་དང་ཉི་ཤུ་རྩ་བརྒྱད་དམ་བཀྲ་ཤིས་ཉི་མའི་གྲངས་སུ་ངེས་པ་ནི་རགས་བཤད་ཙམ་མོ།།
              གཞན་ཡང་གཙུག་ལག་ཁང་གི་སྐལ་བཟང་སྟོང་སྐུ།མཆོད་རྟེན་བརྒྱ་དང་དྲུག་ཅུ་སོགས་ཀྱི་ནང་རྟེན་ལ་གོང་གི་གྲུ་ཞུ་སྤ་རྨེའུ་སོགས་ཀྱི་སྒྲུབ་སྨན་དང་གནས་བྱིན་ཅན་གྱི་གཏེར་གནས་ནས་ཐོན་པའི་ས་སྣ་རྩི་ཤིང་མེ་ཏོག་རིགས་དང་། སྤ་གསལ་བ་རྣམ་གཉིས་ཀྱི་གདུང་ཐལ་རིལ་བུ་བཅས་ཕུལ་ཡོད།རྟེན་དེ་རྣམས་ཀྱི་ཕྱི་ཡི་ཕྲ་རྒྱན་གལ་ཆེའི་རིགས་ནི་དང་པོ་འདུ་ཁང་ཆུང་འབྲིང་དང་སྦུག་མཇལ་ཁང་གི་སྐུ་གདུང་སྐུ་གཟུགས་ཀྱི་ཕྲ་རྒྱན་ལ། དུང་ཆུང་གཡས་འཁྱིལ་དང་། གཟི། བྱུ་རུ། གཡུ། མུ་མན། སྦུ་ལེན། ཤེལ་རིགས་སོགས་རིན་པོ་ཆེ་རྡོ་ཁམས་རིགས་དེ་རྣམས་ལྷ་ཡི་རིགས་ལྔ་དང་མགུལ་རྒྱན་ཁྲི་ཡི་གདོང་རྒྱན་བང་མཛོད་དང་སྐུ་གདུང་གི་བྲེ་བུམ་གདོན་རྒྱན་བང་མཛོད་སོགས་ལ་ཕྲ་རྒྱན་རྣམས་ཆད་མེད་མཛེས་ལེགས་སུ་བཏབ་པའོ།། དེ་འོག་སྐུ་གདུང་མཆོད་རྟེན་རྣམས་ཀྱི་ཕྲ་རྒྱན་ལ་གཟི་ཆུ་མིག་ལྔ་པ་དང་གསུམ་པ་གཉིས་པ་སྟག་ལོག་སོགས་བཞི་བཅུའི་(སྔོན་མའི་རྩིས་སྤྲོད་ཐོ་དེབ་བཞིན་)སྐོར་དང་དེ་བཞིན། གཡུ། བྱུ་རུ། སྤོས་ཤེལ། པད་རག འབྱུང་ལྔའི་ཕ་ལམ་གྱི་རིགས། ཕྲ་མན། མཆོང་དཀར་སྨུག་དམར་སོགས་བུམ་ལྷའི་རྒྱབ་ཡོལ་ལ་ཕྲེང་ཞགས་ཕྱི་ནང་གཉིས་རེ་དང་ལྷའི་རིགས་ལྔ་བརྙན་རྒྱབ་མགུལ་རྒྱན་ཕྱག་ཞབས་གདུ་བུ་གདོང་རྒྱན་བང་མཛོད་རྣམས་ལ་གཡུ་བྱུར་གཡང་ཊི་མ་ན་ཧུང་སོགས་རིན་ཆེན་རིགས་ཀྱི་ཕྲ་ཚོམ་གྲངས་མང་གཏམ་པའོ།། ཁྱད་པར་བྱུ་རུའི་ཐང་ཤིང་ངམ་སྲིན་མོའི་ལག་གཡས་ཞེས་པ་ཡལ་ག་ལྔ་ལྡན་དང་། དམར་རྩའི་དྲེད་གཡུ་ཞེས་པ་གཡུ་རྙིང་ལྗང་ནག་གླང་ཆེན་མཆེ་བའི་དབྱིབས་ཅན་སྲིད་ལ་མཛུབ་གང་དང་ཞིང་ལ་ཚོན་གང་ཡོད་པ་དེ་ཉིད་ས་བདག་གི་སྙིང་ནོར་ཞིག་ལ་བརྩི་བཞིན་ཡོད། དེ་གཉིས་གཡུང་དྲུང་བཀོད་ལེགས་ཀྱི་བང་མཛོད་དང་གདོང་རྒྱན་དུ་ཕྲ་བཏབ་ཡོད། དེ་འོག་གཙུག་ལག་ཁང་དང་ལྷ་ཁང་བཀྲ་ཤིས་སྒོ་མང་ཟུང་གི་སྐུ་གདུང་སྐུ་གཟུགས་ཀྱི་ཕྲ་རྒྱན་ནི་དང་པོ་བདུད་འདུལ་སྒྲ་སྒྲོག་གི་བུམ་ལྷའི་ཐུགས་ཁར་རད་ཎ་གླིང་པའི་གཏེར་བྱིན་གཤེན་རབ་བགྲང་ཕྲེང་རྡོག་བཅུ་གསུམ་དང་། གནམ་སྲས་གཟི་དམར་སོགས་གཟི་བྱུར་སྤེལ་མའི་ཕྲེང་ཞགས་དང་། བུམ་ལྷའི་རིགས་ལྔ་དང་། སྙན་རྒྱན། མགུལ་རྒྱན་རྣམས་ལ་ཨར་རྒྱ་པུག་གཟི་རིལ་གཡུ་བྱུར་མུ་ཏིག་གི་ཕྲ་རྒྱན་དང་། བུམ་བྲེ་གདོང་ཆེན་བང་མཛོད་རླུང་དཀྱིལ་བཅས་ཀྱི་ཕྲ་རྒྱན་ལ་གཡུ་དང་བྱུར་ཆེན། ཨཎྟ་ནི་ལ། མ་ན་ཧོ། མུ་མན། བྱུར་དཀར། སྤོས་ཤེལ། པད་རག མཆོང་རིགས་སོགས་དང་། དེ་བཞིན་གཤེན་རབ་རྣམ་པར་རྒྱལ་བ། སྟོན་པ་ལོངས་སྤྱོད་རྫོགས་སྐུ་གཉིས་ཀྱི་མགུལ་རྒྱན་རིགས་ལྔ་ཁྲི་ཡི་གདོང་རྒྱན་བང་མཛོད་ས་འཛིན་བཅས་ལ་ཕྲ་རྒྱན་གོང་བཞིན་གཅིག་མཚུངས་ཡིན་པ་མ་ཟད། རཌྣ་གླིང་པའི་གཏེར་བྱོན་ནོར་སྣ་བཅུ་གསུམ་གྱི་གྲལ་དུ་གཏོགས་པའི་བདུད་འདུལ་སྒྲ་སྒྲོག་གི་བང་མཛོད་ཀྱི་དཀྱིལ་དུ་མུ་ཏིག་ལས་གྲུབ་པའི་ཀླུ་ནོར་དུང་གཟུགས་གཡས་འཁྱིལ་དང་། རྣམ་པར་རྒྱལ་བའི་དོ་ཤལ་གྱི་དཀྱིལ་དུ་ནོར་བུ་དགའ་བ་གཡས་འཁྱིལ། སྟོན་པ་ལོངས་སྤྱོད་རྫོགས་སྐུའི་མགུལ་རྒྱན་བར་མའི་དཀྱིལ་དུ་རྡོ་རྗེ་ཕ་ལམ་མཛུབ་གང་བ་བཅས་ནོར་སྣ་རྩ་ཆེན་དེ་རྣམས་ནི་གཙུག་ལག་ཁང་གི་སྐུ་གདུང་གི་ཕྲ་རྒྱན་ནོ།། གསེར་གདུང་བཀྲ་ཤིས་སྒོ་མང་ཞེས་པ་རི་བོའི་གཏོས་དང་མཚུངས་པའི་བདེ་བར་གཤེགས་པའི་གཞལ་ཡས་ཁང་གི་བཀོད་དབྱིབས་ལྟ་བུས་སྣང་ཞིང་ནམ་མཁའ་སོགས་འབྱུང་ལྔའི་ཕྲི་འཕང་དང་(རླུང་དཀྱིལ་ལ་ཆ་ཆེན་32ཡོད་)དེའི་སྟེང་དུ་གཞལ་ཡས་ཁང་གི་ཕྱོགས་རེར་སྒོའམ་གསས་ཁང་བཅུ་དྲུག་རེ། ཕྱོགས་བཞིར་བསྡོམས་པས་དྲུག་ཅུ་ཡོད་པའི་ནང་དུ་ཁྲོ་བོ་དབང་ཆེན་གྱི་ལྷ་འཁོར་དང་སྒོ་སྟེང་ཁ་བད་དར་ཁད་སོགས་སུམ་གཉིས་སུམ་གཉིས་ཕྱིར་འཕར་བའི་གོང་མ་ཙི་པིར་གྱི་ཁ་ནས་རིན་ཆེན་གཡུ་བྱུར་མུ་མན་མུ་ཏིག་སོགས་ཀྱི་ཕྲེང་ཞགས་ཀྱི་ཟར་ཚགས་ཕྱོགས་བཞིར་འཁོར་ཞིང་། གསེར་དངུལ་གྱི་གཡེར་ཁ་དང་དྲིལ་ཆུང་རིན་ཆེན་འཕྱང་འཕྲུལ་སོགས་གྱིས་རྒྱན་པའོ།། དེའི་སྟེང་སྒོ་བབ་དང་བསྟུན་པའི་སྒོ་རྒྱན་མཆོད་རྟེན་དྲུག་ཅུ་རེ་བཞི་ཡོད།དེའི་སྟེང་ཕོ་བྲང་ལ་གཞལ་ཡས་ཀྱི་གསས་ཁང་ངམ་ཕྱོགས་རེར་སྒོ་བརྒྱད་རེ་བསྡོམས་སུམ་ཅུ་སོ་གཉིས་ལ་རྣམ་དག་ཡེ་ཤེས་ཀྱི་ཡུམ་ཅུ་སོ་གཉིས་ལྷར་བཀོད་པ་དང་། སྒོ་ལ་རིགས་རྟགས་ཀྱི་དྲྭ་མིག་སྟག་གཡག་འབྲུག་ཁྱུང་གི་ཡ་གད་དང་བྱ་འདབ་ལ་ནོར་བུའི་གདོང་འབུར་སྒོ་རྒྱན་ལ་མཆོད་རྟེན་སུམ་བཅུ་སོ་གཉིས་དང་། དེའི་སྟེང་རྟ་བབས་ཁྲི་འཕང་བཅུ་གསུམ་དང་མགུལ་ཆུ་ཡན་ལ་མཆོད་རྟེན་སྤྱིར་མཚུངས་ཀྱང་བུམ་པའི་ཕྱོགས་རེར་སྒོ་གསུམ་རེ་བརྩིས་པའི་གསས་ཁང་རྒྱ་ཕིབས་གཉིས་ལྡན་བཅུ་གཉིས་དང་། བུམ་ལྷ་ནི་ཀུན་བཟང་རྒྱལ་བ་འདུས་པའི་སྐུ་དང་གསས་ཁང་ནང་དུ་ཡེ་ཤེས་བཅུ་གསུམ་གྱི་ལྷ་བཀོད་པའོ།། བུམ་ལྷའི་རྒྱབ་ཡོལ་དང་རིགས་ལྔ་མགུལ་རྒྱན་བུམ་བྲེ་གདོང་རྒྱན་ས་འཛིན་བཅས་ཀྱི་ཕྲ་རྒྱན་ལ་གཡུ་བྱུར་མུ་མེན་དུང་ཤེལ་སྦུར་ལེན་ཛུས་གཡང་ཊི་སོགས་སྔར་བཞིན་དང་། གསེར་གདུང་དེའི་གཡས་གཡོན་དུ་ཀུན་བཟང་རྒྱལ་བ་རྒྱ་མཚོ། ཤེས་རབ་སྨྲ་བའི་སེང་གེ་གཉིས་ཀྱི་རིགས་ལྔ་མགུལ་རྒྱན་སོགས་གོང་གི་སྐུ་གདུང་རྣམས་དང་གཅིག་མཚུངས་ཡིན་པའི་ཁར་གཏེར་གྱི་ནོར་སྣ་བཅུ་གསུམ་གྲལ་ཀོང་ཟ་ཁྲི་ལྕམ་གྱི་གཙུག་གཡུ་ཞེས་པ་གཡུ་སྤྱང་མིག་མེད་ནོར་དབྱིབས་ཅན་མཐེ་བོང་ཙམ་ཡོད་པ་དེ་སྨྲ་སེང་གི་རིགས་ལྔའི་གཙུག་དཀྱིལ་དང་། གཏེར་གཟི་ཆུ་མིག་དགུ་པ་ནི་མགུལ་རྒྱན་གྱི་དཀྱིལ་དུ་ཕྲ་རྒྱན་བཏབ་པ་དང་། ལྷ་ཁང་དེའི་གསེར་གདུང་གི་གཡས་གཡོན་དུ་གསེར་ཐང་ཆེ་བ་རེ་དང་ནང་གི་ཤར་ནུབ་ཀྱི་དྲ་མིག་སྟེང་དུ་ཕྱི་རྒྱུད་ཆོ་ག་བཅུ་གཉིས་སོགས་ཀྱི་གསེར་ཐང་འཁོར་བཤམ་བྱས་པ་བཅས་ཡོད། སྒྲུབ་ཁང་ཐོག་གི་བོན་སྐྱོང་སྲུང་མའི་སྐུ་གསོབ་དང་སྤྱན་གཟིགས་གོ་ཆ་སོགས་སྐུ་བརྙན་གྱི་སྡེ་སྐོར་རྗེས་བཞག་གནང་བ་དེ་ལྟར་རོ།། གོང་གི་ལྷ་ཁང་ཆེ་ཆུང་དགུ་ཡི་ནང་མཆོད་མེ་རྒྱུན་འབར་གྲངས་བཅུ་གཉིས་ཡོད།
              གཉིས་པ་གསུང་རབ་སྐོར་སྤ་ཉི་མ་འབུམ་གསལ་གྱིས་བཞེངས་པའི་བཀའ་བརྟེན་ལ་མདོ་སྡེ་པོད་ང་ལང་། འབུམ་སྡེ་པོད་དོན་བདུན། སྔགས་སྡེ་པོ་ད་ཉེར་གཅིག སེམས་སྡེ་པོད་གསུམ། བསྡོམས་པོད་ཆིག་བརྒྱ་ང་དྲུག བརྟེན་འགྱུར་ལ་སྤང་ལམ་མདོའི་སྡེ་ལ་གཏོགས་པའི་པོད་སོ་བཞི། བསྒྱུར་ལམ་སྔགས་ཀྱི་མདོ་ལ་གཏོགས་པའི་པོད་ཆིག་བརྒྱ་དོན་གཅིག གྲོལ་ལམ་སེམས་ཀྱི་མདོ་ལ་གཏོགས་པའི་པོད་སུམ་བཅུ། ཞར་བྱུང་བཀའ་གཏེར་ཚད་མར་གྲུབ་པའི་གསར་བོན་བསྐོར་པོད་བཞི་བཅུ། རིགས་གནས་པོད་བརྒྱད། བཀྲ་ཤིས་སྨོན་ལམ་སྒྲིག་རིམ་རྣམས་པོད་གཅིག་བཅས་པོད་ཉིས་བརྒྱ་གྱ་བཞི་དང་། བཀའ་བརྟེན་ཕྱོགས་བསྡུས་ཀྱི་པོད་གྲངས་བཞི་བརྒྱ་བཞི་བཅུ་དང་། བདེ་ཆེན་གླིང་པས་མཛད་པའི་《བཀའ་འགྱུར་གྱི་དཀར་ཆག་སྲིད་པའི་སྒྲོན་མེ་》དང་གཡུང་དྲུང་འབྲུག་གྲགས་ཀྱིས་མཛད་པའི་《བཀའ་རྟེན་གྱི་རྩིས་བརྒྱ་རྟ་བདུན་དབང་པོ་》གཉིས་ལ་པོད་གཅིག་བཅས་འདུ་ཁང་འབྲིང་པའི་སྦུག་མཇལ་ཁང་གི་ལྷོ་བྱང་གཉིས་ཀྱི་བཀའ་རྟེན་བཤམ་ཡུལ་གྱི་དྲྭ་མིག་ཏུ་བཞུགས་སོ།། ཤེར་ཕྱིན་མཐའ་དཔྱོད། སྡུད་གྲྭ་རིགས་ལམ་ཆེ་ཆུང་གི་རྣམ་བཞག་ཚད་མ་རྣམ་འབྱེད་ས་ལམ་འཕྲུལ་སྒྲོན་འདུལ་བ་མདོར་བསྡུས་བཅས་ཀྱི་པར་ཤིང་ནི་འདུ་ཁང་ཐོག་འཁོར་གྱི་གཡས་གཡོན་དུ་བཞུགས་སོ།། དེའི་འོག་སྤ་གཡུང་དྲུང་འབྲུག་གྲགས་ཀྱིས་བཞེངས་པའི་བཀའ་འགྱུར་པོད་ཆིག་བརྒྱ་ང་དྲུག་ཡོད་པར་མ་ཟད། དེའི་སྟེང་སྤ་ཚང་གཏེར་ཆེན་གྱིས་བསམ་ཡས་ཅ་ཏི་དམར་པོ་ནས་གཏེར་དུ་དྲང་བའི་བྱམས་མ་འབུམ་ལྔའི་ཤོག་སེར་ལས་ཕབ་པའི་ཡེ་ཤེས་བཀོད་པ་དོན་གྱི་འབུམ་ལ་པོད་དྲུག་ཅུ། རྣམ་དག་འདུལ་བ་ཁྲིམས་ཀྱི་འབུམ་ལ་པོད་བརྒྱད་བཅས་གོང་གི་འབུམ་སྡེ་པོད་དོན་བདུན་དང་བསྡོམས་པས་འབུམ་སྡེ་ལ་པོད་ཆིག་བརྒྱ་ཞེ་ལྔ་དང་མདོ་སྔགས་སེམས་སྡེ་བཅས་ཁྱོན་བསྡོམས་བཀའ་འགྱུར་པོད་ཉིས་བརྒྱ་ཉེར་བཞི་ཡོད་པ་དེ་ལྷ་ཁང་བཀྲ་ཤིས་སྒོ་མང་གི་ཤར་ནུབ་ཀྱི་དྲྭ་མིག་ལ་བཀོད་པའོ།། གཡུང་དྲུང་སེམས་དཔའ་ལམ་གྱི་འབུམ་དང་། དགེ་རྒྱས་ཚོགས་ཆེན་རྫོགས་པའི་འབུམ་གཉིས་ནི་ཤོག་སེར་ལ་ཕབ་ཟིན་ཀྱང་པོ་ཏི་འབྲི་རྒྱུ་དངོས་སུ་བྱུང་མེད། ཁམས་བརྒྱད་གཏན་ལ་ཕབ་པའི་འབུམ་ནི་གཤེན་གཏེར་དང་གཅིག་མཚུངས་ཡིན་པས་ཤོག་སེར་ལས་ཕབ་མེད།
              འདུ་འཚོགས་ཀྱི་སྒྲིག་གཞིའི་སྐོར་ལ། དང་པོ་ལོ་རེའི་ཟླ་བ་སོ་སོའི་དུས་ཚིགས་དང་བསྟུན་པའི་དུས་མཆོད་ཀྱི་མཆོད་བཟོའི་སྟ་གོན་དང་བཅས་ཉིན་གྲངས་བརྒྱ་དང་བཅོ་ལྔའམ་བཅོ་བརྒྱད་དགེ་བཤེས་གསར་གཞེས་ཡོད་མེད་ཉིན་གསུམ་ཁྱད་ཡོད་དེ་ལོ་སྔོན་མའི་བོད་ཟླ་12པའི་ཚེས་23ནས་ཚེས་29བར་དགུ་གཏོར་ཆེན་མོ་ཞེས་ཁྲོ་ཕུར་གཉིས་ཀྱི་གྱེར་ཆེན་དང་སྦྲགས་ཚེས་29ལ་དགྲ་ཆོས་ཞེས་གཡག་རུ་འདེད་སྲོལ་ཡོད་པས་ཨར་ལུང་སྲིབ་གསུམ་སོགས་གྱི་ཡུལ་དམག་གསུམ་མམ་བཞིའི་བར་ལོ་རེས་མོས་སུ་ཡོང་སྲོལ་ཡོད་ལ།དོ་ནུབ་བསྐང་བ་དང་གསེར་འོད་བཅས་མཚན་རྒྱུན་དགོས།ཚེས་30་ནང་མོ་གསོ་སྦྱོང་དང་ལྟུང་བཤགས་འཚོགས་སྲོལ་ཡོད་པ་དང་། བོད་ཟླ་དང་པོའི་ཚེས་1ཉིན་ལོ་གསར་དགྱེས་སྟོན་གྱི་མཛད་སྒོ་གཉེར་དགོས་ཏེ། སྤྱི་གཉེར་ནས་ཇ་མར།རྩམ་པ། གྲོ། ཤ གྲོ་མ་བཅས་གྲ་སྒྲིག་ལེགས་པར་བྱས་ནས་ལས་སྣེ་དང་གྲྭ་ཚང་ཐུན་མོང་ལ་རང་བབ་དང་བསྟུན་པའི་ཇ་ཐེངས་བཞི་པ་ཡན་ལ་ལོ་གསར་སྟོན་སྒོ་ཚར་བར་བྱེད་དགོས།འདི་ཉིན་ཡང་ལྟུང་བཤགས་དང་། ཚེས་2ནས་4བར་མེ་ཏོག་མཆོད་པ་དང་། ཚེས་5ཉིན་རྒྱལ་བ་སྨན་རི་བའི་ལྔ་མཆོད་དང་འབྲེལ་ཇ་ཐེངས་གསུམ་པའི་ཐོག་འཚོགས་ཆེན་དགེ་བསྐོས་ཀྱིས་རྣམ་དག་འདུལ་བ་དང་བསྟུན་པའི་བཅའ་ཡིག་པད་དཀར་ཆུན་པོའི་དབུ་ནས་མཇུག་བར་བཀླགས་ཏེ་ལོ་དེའི་ཕྱི་ནང་བར་གསུམ་གྱི་སྒྲིག་ཁྲིམས་རྣམས་གསལ་གདབ་ཀྱི་ཚུལ་དུ་བསྐྱར་བསྒྲགས་གནང་བ་དང་འབྲེལ། སྐབས་སུ་བབས་པའི་སྒྲིག་འགལ་ཕྲ་རགས་དང་བསྟུན་པའི་ཐག་གཅོད་བྱེད་པའི་ལུགས་སྲོལ་ཡོད། ཚེས་6ནས་9བར་མེ་ཏོག་མཆོད་པ་དང་། ཚེས་10ནས་16བར་ཨ་དཀར་བུམ་སྒྲུབ་བདུན་ཕྲག་གཅིག་དང་སྦྲགས་ཚེས་བཅོ་ལྔ་ཉིན་རྣམ་འདྲེན་དམུ་རྒྱལ་སྲས་ཀྱི་འཁྲུངས་མཆོད་འབུལ་དགོས་པ་སྟེ། བཅོ་ལྔ་མཆོད་པ་ཞེས་གཙུག་ལག་ཁང་གི་ཕྱི་འཁྱམས་བར་སྐོར་དུ་མར་མེ་གཙོ་བྱས་པའི་རྣམ་ལྔའི་མཆོད་པ་དང་། གཤེན་སྐུ་གཙོ་བྱས་པའི་རྟེན་གསུམ་དང་། ཚོགས་རྫས་དངོས་གྲུབ་རྣམས་བཤམ་བཀོད་ལེགས་པར་གྲུབ་ནས་བར་འཁྱགས་ཀྱི་ནུབ་སྒོ་ནས་ཤར་སྒོའི་བར་དུ་གྲྭ་ཚང་རྣམས་གླིང་སོ་སོ་ལྟར་རང་རང་སྡོད་གནས་སར་འཚོགས་སྲོལ་ཡོད། བོད་ཟླ་2པའི་ཚེས་9ནས་ཚེས་18བར་མཁའ་ཀློང་གསང་མདོས་ཉིན་10དང་། ཟླ་བ་3པའི་ཚེས་2ནས་ཚེས་17བར་རིག་འཛིན་གསང་སྒྲུབ་ཀྱི་སྒྲུབ་ཆེན་དབང་འཆམ་དང་བཅས་ཉིན་16མཇུག་ཏུ་མཚན་ཉིད་དམ་བཅའི་རྒྱུག་ལེན་གཅིག བོད་ཟླ་ལ་5པའི་ཚེས་1ནས་15བར་མཚན་ཉིད་ཆོས་གྲྭ་ཉིན་བཅོ་ལྔ། དམ་རྒྱུག་ཐེངས་གསུམ། བོད་ཟླ་6པའི་ཚེས་10ནས་ཚེས་21བར་དབྱར་གནས་ཉིན་བཅུ་གསུམ། དམ་རྒྱུག་གཅིག་(དགེ་བཤེས་གསར་བཞེངས་ཀྱི་མཛད་སྒོའི་སྐབས་ཉིན་གསུག་འཕར་དགོས་)བོད་ཟླ་7པའི་ཚེས་2ནས་15བར་དང་ཚེས་9ནས་ཚེས་22བར་ཞི་ཁྲོ་ཉིན་བཅུ་བཞི་དང་དམ་རྒྱུག་གཅིག བོད་ཟླ་8པའི་ཚེས་9ནས་17བར་སྟོན་ཀའི་བུམ་སྒྲུབ་ཅེས་པའི་དུས་ཆེན་དེར་དབང་དང་གར་འཆམ་ཉིན་གསུམ་དམ་རྒྱུག་གཅིག བོད་ཟླ་10པའི་ཚེས་1ནས་ཚེས་10བར་མཚན་ཉིད་ཆོས་གྲྭ་ཉིན་བཅུ་དང་དམ་རྒྱུག་གཅིག བོད་ཟླ་11པའི་ཚེས་25ནས་ཚེས་29དགུ་གཏོར་ཆུང་བ་ལ་སྟག་ལྷའི་ལས་མཐའ་ཉིན་ལྔ་བཅས་ལོ་གཅིག་གི་ཟླ་བ་12དུས་མཆོད་དེ་ལྟར་ཡིན་པར་མ་ཟད། མི་ཤི་བསྔོ་རྟེན་གྱི་མཆོད་ཡོན་ཞེས་པ་མེ་ཏོག་མཆོད་པ་སྦྱིན་བདག་རེས་ཉིན་འཚོགས་གཅིག་དང་གཉིས་སོགས་བསྔོ་སྨོན་མང་ཇ་བཅས་འབྱོར་བ་ཆེ་ཆུང་འཚམས་པའི་འབུལ་འབྲེལ་ནི་ལོ་རེར་ཉིན་གྲངས་ངེས་མེད་ཡིན། ཡང་ལོ་གསུམ་བཞིའི་བར་ཁྲོ་ཕུར་གྱི་སྒྲུབ་ཆེན་བདུན་ཕྲག་གཉིས་ནས་གསུམ་བར་དུ་བླ་མ་དང་སེར་སྐྱ་འབྱོར་ལྡན་ཁག་གིས་སྦྱིན་བདག་དོན་སྲོལ་ཡོད། དེ་ལྟ་བུའི་དུས་མཆོད་དང་སྒྲུབ་ཆེན་མཆོད་ཡོན་བཅས་རབ་བྱུང་བཅུ་དྲུག་པའི་ས་ཕག་ལོའི་བར་དུ་གནས།
              ལྷ་རྫས་མཆོད་ཆས་ཀྱི་སྐོར་ལ། གཙུག་ལག་ཁང་སོགས་ལྷ་ཁང་ཁག་གི་ནང་དུ་རྒྱུན་བཤམ་མཆོད་ཆས་ཀྱི་རིགས་ནི་མར་རྒྱ་བཞི་རེ་འགྲོ་བའི་དངུལ་རྐོང་ཆ་བཅུ། འབྲུ་ཡ་རེ་འགྲོ་བའི་དངུལ་གྱི་མཎྡལ་ལ་གསེར་གྱི་རྟགས་བརྒྱད་སྤྲས་པ་ཆ་ལྔ། དེ་བཞིན་འཇོང་དང་ལི་སྟོང་རག་སོགས་མཆོད་རྐོང་ཏིང་ཕོར་བཅས་ལྷ་ཁང་སོ་སོའི་ནང་དུ་མཆོད་བཤམ་ལྡང་ངེས་ཡོད།
              རྒྱུན་འཚོགས་དང་སྒྲུབ་ཆེན་གྱི་མཆོད་ཆས། འདུ་ཁང་ནང་གི་བཤམ་བཀོད་ལ་རྒྱ་ནག་ཚེམ་དྲུབ་ཀྱི་གོས་ཐང་ཆེ་བ་དང་། ཀ་འཕན་རྒྱལ་མཚན། བླ་བྲེ་དཀྱིལ་འཁོར་བར་རྒྱན། སྒོ་རྒྱན་དང་། དཀྱིལ་འཁོར་ཕྱོགས་བཞི་དངུལ་རྐོང་ཆེ་བ་ལྔ་དང་། མཚམས་བཞི་ལ་དངུལ་གྱི་མཎྡལ་ཆེ་བ་ལྔ། དངུལ་གྱི་ཐོད་ཕོར་ཆ་གཅིག་དང་ཕྱི་རྐོང་སོགས་མཆོད་བཤམ་རྒྱན་རྫས་ཀྱི་རིགས་བཅས་གང་འཚམས་ཡོད།
              རོལ་མོ་འབུད་དཀྲོལ་གྱི་རིགས། གཙུག་ལག་ཁང་ཆེན་ནང་དུ་རྔ་ཆེན་སྲིད་གསུམ་ཀུན་གྲགས་ཞེས་ཆ་1དང་གཤང་ཆེན་ལྔ། རོལ་མོ་སྟང་གསུམ་འུར་འདར་སོགས་ཆེ་ཆུང་ཞེ་ལྔ། རྒྱ་རྔ་སྣང་སྲིད་ཟིལ་གནོན་སོགས་རྒྱ་རྔ་བཅུ་བཞི།ཚོགས་དུང་དཀར་མོ་རྒྱང་གྲགས་སོགས་དུང་དཀར་ཆ་དྲུགདངུལ་རྒྱ་སྲང་དྲུག་བརྒྱ་སུམ་བཅུ་རེས་བཟོས་པའི་དུང་ཆེན་ཆ་གཉིས་དང་། གསེར་གླིང་དང་དངུལ་གླིང་གསེར་གྱི་ཚིགས་ཁེབ་ཅན་བཅས་རྒྱ་གླིང་ཆ་ལྔ་བཅས་ཡོད། 
              གར་འཆམས་ཀྱི་ཆ་རྒྱན་སྐོར་ལ། ཞྭ་ནག་ལ་དངུལ་གྱི་ཐོད་སྐམ་དང་ཟང་གསེར་མེ་རིའི་རྩེ་རྒྱན་ཅན་བཅོ་བརྒྱད་དང་། དངུལ་གྱི་རིགས་ལྔ་ལ་རིན་ཆེན་རྩེ་རྒྱན་སྟོང་སྐུད་ཀྱི་སྐྲ་ལོ་བ་སོའི་ཐོད་ཌྭར། ཟ་འོག་སྟོད་པང་བཅས་དང་། གོས་བེལ་རྒྱན་བཞི། མ་ནུ་འབྲུག་ཆེན། པད་མ་ཅན་ལྡན་སོགས་རྒྱ་ནག་གོས་ཆེན་གྱི་བེར་ཆ་བཞི་བཅུ་ལྷག་དང་(སྔར་གྱི་རྩིས་སྤྲོད་ཐོ་དང་འཚམས་པའི་ཅ་དངོས་རྩ་ཆེའི་རིགས་མ་གཏོགས་ཕྲན་ཚགས་རིགས་ཚུད་མེད་)གར་འཆམ་ལ་དགོས་པའི་ཞལ་འབག་དང་ཕྱག་ཆ་སོགས་ཆ་ཚང་ཡོད། 
              དགོན་གྱི་ཇ་མཛོད་ཁང་དང་མགྲོན་འགྲིམ་སྣེ་ལེན་གྱི་ཅ་དངོས་རིགས་ནི། ཁྲོ་ཟངས་ལྔ་བཅུ་ལྷག་དང་སྐྱོགས་ཀྱི་རིགས་མཁར་རྒྱན། མེ་ར། སྒྲོག་རྩེ། དཀར་ཡོལ།གསེར་པར། སྡེར་མ། ཟ་གཞོང་སོགས་སྣོད་ཆས་རིགས་དང་། གནམ་ཡོལ་བར་རྒྱན། ས་གདན། འབོལ་གདན།རུམ་གདན། ཁ་གདན། འཕྲུག་གདན། ཐག་གདན་སོགས་གདན་ཆས་ཀྱི་རིགས་གང་ལ་གང་འཚམས་ཡོད།
              གསུམ་པ་སྲིད་འཛིན་སྒྲིག་གཞིའི་སྐོར་ལ། དང་པོ་གྲྭ་རྒྱུན་གྱི་ཡོང་ཁུངས་ནི་ཧོར་ཡིས་ཐ་སྡེ་ཤོག་ཕྱེད་བརྒྱད་ཡོད་པའི་སྟོད་ཤོག་གསུམ་གྱི་གྲྭ་རྒྱུན་ལུང་དཀར་དགོན་ལ་འགྲོ་དགོས་པ་ཕུད། སྨད་ཤོག་ཕྱེད་ལྔའི་གྲྭ་རྒྱུན་ནི་སྤ་ཚང་དགོན་ལ་གནས་དགོས་པར་རྟེན་ཐེམ་དུད་རེར་བུ་གཉིས་ཡོད་ཚེ་གཅིག་ནི་དགོན་པ་དང་། གཅིག་སྐྱ་སར་ཁྲལ་དུད་ཀྱི་རྐང་འཛིན་བྱེད་དགོས་པའི་ལམ་སྲོལ་ཡོད་པ་དང་། བུ་གཅིག་ལས་མེད་ཚེ་སྐྱ་སར་ཁྲལ་རྐང་འཛིན་པ་ལས་གྲྭ་རྒྱུན་དུ་འགྲོ་མི་དགོས། དགོན་དུ་ཡོད་པའི་གྲྭ་པ་དེ་ཉིད་དགོན་གནས་དང་ཁ་བྲལ་ཏེ་སྐྱ་སར་བབས་ཚེ་གྲྭ་ཚབ་གསར་སྒྲིག་བྱེད་དགོས་པ་དང་(སྒྲིག་བཤགས་ཞེས་རྒྱུ་དངོས་ཀྱང་འབུལ་དགོས་)རང་ཁྱིམ་ལ་བུ་མེད་ན་གཞན་སར་ཐབས་ཤེས་ཀྱིས་གྲྭ་ཚབ་སྒྲིག་དགོས། བུ་མང་པོ་ཡོད་པའི་ཐེམ་དུད་གཅིག་གིས་གྲྭ་བ་གཉིས་གསུམ་སོགས་རང་མོས་དང་། ཁྲལ་ཁོངས་མེད་པའི་དབུལ་དུད་གྲྭ་པ་རང་མོས་ཞུགས་ཆོག་པར་མ་ཟད་གཞན་ཕྱོགས་གྲྭ་པའང་ཞུགས་ཆོག
              སྲིད་དབང་གི་སྒྲིག་གཞི་དངོས། སྤྱིར་དགོན་པ་རང་ཉིད་ནི་ཁྲིམས་སྒོ་རང་བཙན་ཡིན་པས་སྐྱ་ས་སེར་ལམ་གང་ཞིག་དགོན་པའི་བཅའ་ཁྲིམས་དང་འགལ་ཚེ་ཁྲིམས་འགལ་ཆེ་ཆུང་ལྟར་ཐག་གཅོད་བྱེད་ཆོག དགོན་པའི་སྒྲིག་གཞི་དངོས་ལ། དགོན་བདག་མཁན་པོའམ་བླ་མ་ནི་སྤ་ཚང་དགོན་ཞེས་པའི་ཐ་སྙད་ལ་སྦྱར་ནས་སྤ་ཚང་བླ་མས་བྱེད་དགོས་ཏེ། དེའི་ཚུལ་ནི་བླ་མ་སྦྲ་ནག་དང་ཡབ་ཚང་གཉིས་ཀྱི་ཁྱིམ་དེར་འཁྲུངས་པའི་སྲས་ཤིག་ལ་མཁན་པོ་གོང་མའི་རྟག་ལུང་བཞིན་ཁྲི་ལ་འགོད་སྲོལ་ཡོད། མཁན་པོའི་འགན་དབང་ནི་བསྟན་སྲིད་ཉི་ཟླ་ཟུང་འབྲེལ་ཞེས་བསྟན་སྲིད་ཀྱི་བྱ་བ་གལ་ཆེའི་རིགས་ལ་དགོན་གྱི་མཁན་པོ་དང་ཡིས་ཐ་དཔོན་ལྡིང་ལྷན་རྒྱས་མཉམ་དུ་བཀའ་མོལ་གནང་དགོས་པ་དང་། དགོན་སྤྱིའི་བསྟན་བཞེངས་དང་བསྟན་དོན་གལ་གནད་ཆེ་རིགས་རྣམས་བླ་བྲང་མཁན་པོ་ནས་བཀའ་ཆབ་སྩལ་དོན་བཞིན། དགོན་སྤྱིའི་འདུ་རའི་གྲོས་ཚོགས་ཀྱིས་བཀོད་སྒྲིག་དང་ཐག་གཅོད་བྱེད་དགོས། དགོན་སྤྱིའི་གྲོས་ཚོགས་ཀྱིས་མི་སྣ་སྐོང་འཐེན་དང་ཁྲིམས་འགལ་ཐག་གཅོད་ཆེ་རིགས་བྱ་དགོས་ཚེ་གྲོས་སྙིང་མཁན་སློབ་ལ་སྙན་གསན་ཞུ་དགོས། དགོན་སྤྱི་འདུ་རའི་གྲོས་ཚོགས་ཞེས་པའི་རྩ་འཛུགས་ཀྱི་གྲུབ་ཆའི་སྤྱི་ཁྱབ་བམ་བན་དཔོན་ནི་དགོན་པ་ཡོངས་ཀྱི་ཆབ་སྲིད་དཔལ་འབྱོར་འདུ་ཚོགས་བསྟན་བཞེངས་སོགས་འགན་དབང་ཆ་ཚང་འཁུར་བའི་དབང་འཛིན་ལས་ཁུངས་ཀྱི་འགོ་དཔོན་ཡིན་པར་བརྟེན། དེའི་ཁོངས་མི་སྣ་ལྡིང་དཔོན་ཆོས་མཛད་བེ་ཅང་ངམ་ལྡིང་དཔོན་ཚང་གི་གྲྭ་པ་གླིང་བཞིས་གྲུབ་པའི་ལས་ཁུངས་ཤིག་ཡིན། དེ་ལས་རྒྱས་འཚོགས་དགོས་ཚེ་ལས་ཐོག་དབུ་དགེ་གཉེར་གསུམ་དང་གླིང་བཞིའི་དགེ་རྒན་བཞིས་གྲུབ་དགོས་པས། དེས་ལས་དོན་སྒྲུབ་སྐབས་ཐམ་ག་ལ་བརྟེན་ནས་སྲིད་དོན་སོགས་ལ་བཀས་བཀོད་བྱེད་ཀྱི་ཡོད། སྐབས་སྔོན་མའི་ཐེལ་ཙེའི་ལོ་རྒྱུས་ནི་བན་དཔོན་གྱིས་འཛིན་དགོས་པའི་སྲིད་ཐམ་དང་།བོན་དཔེ་སོགས་ཀྱི་ཐོག་ཏུ་གདབ་རྒྱུའི་གཞུང་ཐམ་ཞེས་པ་གཉིས་ཡོད་པའི་དང་པོ་ནི་ལྕགས་ཐམ་གྲུ་བཞི་ཆེད་གསུམ་ཡོད་པའི་ནང་དུ་དཔལ་གཤེན་བསྟན་གཡུང་དྲུང་རབ་བརྟན་གླིང་གི་ཐམ་ག་ཞེས་ཧོར་ཡིག་ལ་བརྐོས་པའི་ཐེལ་ཙེ་དེ་ནི་དགོན་སྤྱིའི་སྲིད་ཁྲིམས་ཀྱིས་ཐག་གཅོད་བྱས་པའི་ཁྲ་མ་དང་བཀའ་ཤོག་སོགས་ལ་འདེབས་སྲོལ་ཡོད། གཉིས་པ་ཤིང་ཐེལ་གྲུ་བཞི་ཚོན་གང་ཡོད་པའི་དཀྱིལ་གྱི་ཕྱོགས་བཞི་དབུས་ལྔར་ཞང་ཞུང་གི་སྤུངས་སོའི་ཡིག་གཟུགས་ཀྱི་དཔའ་བོ་འབྲུ་ལྔ་ཨ་ཨྰོྃ་ཧྰུྃ་རྃ་ཛ་ཡོད་པ། མཚམས་བཞིར་གཡུང་དྲུང་གཡས་འཁྱིལ་བཞི་ཡོད་པའི་ཐེལ་ཙེ་དེ་ནི་དགོན་སྤྱིའི་བན་དཔོན་དང་ཐེལ་ཙེ་འདེབས་འོས་ཀྱི་དངོས་པོ་རྣམས་ལ་གདབ་དགོས། དགོན་པ་ལ་གླིང་བཞི་རུ་དབྱེ་སྲོལ་ཡོད་དེ། ཤར་གླིང་བྱང་གླིང་ནུབ་གླིང་ལྷོ་གླིང་ཞེས་གླིང་སོ་སོའི་གྲྭ་རྒྱུན་ཡོང་ཁུངས་ཤོག་ཁའི་ཐེམ་དུད་གཏན་ཁེལ་ཡོད་པ་དང་།གཏན་ཁེལ་མེད་པའི་གྲྭ་གསར་དག་ནི་རང་རང་གི་གཉེན་ཉེ་དགེ་རྒན་སོགས་ཀྱི་ཁོངས་སུ་འགྲོ་སྲོལ་ཡོད། གླིང་རེའི་འགོ་འཛིན་ནི་ཕན་ཚུན་ཞེས་པ་འགན་ཁུར་མཁན་ཞིག་དང་དེའི་ལས་རོགས་དགེ་རྒན་ཞེས་པ་གྲྭ་རེ་དང་། ད་དུང་རེས་མོས་ཀྱི་ལས་སྣེ་ཁུར་དགོས་པ་ནི། མཆོད་དཔོན། ཇ་འདྲེན། མ་བྱན། དུང་པ། ལྷ་གཉེར་བཅས་ལས་སྣེ་ཆེ་ཕྲའི་རིགས་ཡིན་པ་དང་། ཆུ་ལེན་ལ་གཞན་ནས་མི་གཉིས་བཙལ་སྲོལ་ཡོད། དགོན་པའི་མཁན་པོ་ནས་མཆོད་དཔོན་ཡན་གྱི་ལས་སྣེ་རྣམས་ཀྱི་རིམ་པ་ནི་འགྱེད་སྐལ་སོགས་ཀྱིས་འཐོབ་ཐང་དབྱེ་དགོས་ཏེ། མཁན་པོ་ལ་བདུན། ལས་ཐོག་དཔོན་སློབ་ལ་ལྔ། དེ་བྱིང་བླ་མ་ལ་གསུམ། བན་དཔོན་ལ་གསུམ། ལྡིང་དཔོན་ཆོས་མཛད་ལས་ཐོག་གི་དབུ་དགེ་གཉེར་བཅས་ལ་གསུམ། གླིང་བཞིའི་ཕན་ཚུན་སྒྲུབ་ཁང་ལྷ་མཆོད་མཆོད་དཔོན་བཅས་ལ་གཉིས། གླིང་བཞིའི་དགེ་རྒན་མཚན་ཉིད་དགེ་བཤེས་ལོ་ཙཱ་བ་བཅས་ལ་ཕྱེད་གཉིས། སོ་སོའི་རིམ་པ་ལྟར་སྐལ་འཕལ་སྤྲོད་དགོས།
              དགོན་པའི་ཕྱི་ནང་གི་སྒྲིག་ཁྲིམས་སྐོར་ལ། གྲྭ་ཚང་གི་ཁུར་དགོས་པའི་སྒྲིག་ཁྲིམས་ནི་དགོང་ཞུ་མེད་པའི་དུས་མཆོད་ཀྱི་འདུ་འཚོགས་རྣམས་ཆད་མི་ཆོག་པ་དང་། (གྲྭ་རྒྱུན་ཡོང་ཁུངས་ཤོག་ཁག་གི་ཐེམ་དུད་གང་གི་མིར་ན་ཤི་བྱུང་ན་གྲྭ་པ་འོས་འཚམས་ཤིག་དགོང་པ་གནང་དགོས) དགོན་གནས་ལ་རྒྱུན་དུ་འདུག་སྐབས་བོད་ཟླ་3པ་ནས་8པའི་ཟླ་མཇུག་བར་གྲྭ་ཆས་ཆ་ཚང་གྱོན་དགོས་པ་དང་། དུས་རྒྱུན་གྲྭ་པས་དགནོ ་གྱི་ཕྱི་ནང་གང་ལའང་རྒྱག་རེས་རྩོད་འཛིང་། ཆང་འཐུང་རྒྱན་འཛུགས་སྲོག་གཅོད་རྐུ་འཕྲོག་འཆལ་སྤྱོད་ལོག་གཡེམ་སོགས་འདུལ་ཁྲིམས་དང་འགལ་བའི་ཚུལ་མིན་སྤྱོད་པ་གཏན་ནས་བྱེད་མི་ཆོག གོང་གི་སྒྲིག་ཁྲིམས་དེ་རིགས་དང་འགལ་ཚེ་དགོན་སྤྱི་འདུ་རའི་གྲོས་ཚོགས་སམ་ལས་ཐོག་ཚོགས་ཆེན་དགེ་སྐོས་ཀྱིས་ཉེས་ཚབས་ཆེ་ཆུང་དང་བསྟུན་ཏེ་རྒྱུ་ལུས་གཉིས་སྟེང་དང་དགོན་པའི་སྒྲིག་ཁོངས་ཕྱིར་འབུད་བྱེད་པ་སོགས་བྱེད་སྲོལ་འདུག ཕྱི་སྐྱ་ས་ནས་ཡོང་བའི་མི་སྣ་དག་གིས་ཀྱང་དགོན་པའི་ཐོ་མཚམས་ཚུན་ལ་རྟ་བཞོན་འཁོར་འདོག་ཀུ་སྒྲ་རྒྱང་འབོད་རྒྱག་རེས་རྩོད་པ་རྒྱན་འཛུགས་གླུ་སྒྲུང་སོགས་བགྱི་མི་ཆོག་པར་མ་ཟད། དུས་ཆེན་དབང་འཆམ་གྱི་དུས་བཀག་རིང་མ་གཏོགས་དགོན་གླིང་དུ་བུད་མེད་འགྲོ་སྡོད་དང་ཞག་འདུག་གཏན་ནས་བྱེད་མི་ཆོག གལ་སྲིད་བླ་མ་མཆོད་མཇལ་སོགས་དགོས་ཚེ་དགེ་སྐོས་ལ་དགོང་ཞུ་བྱེད་དགོས། གོང་གི་ཁྲིམས་དེ་རིགས་དང་འགལ་ཚེ་ཉེས་ཚབས་ཀྱི་ཆེ་ཆུང་དང་བསྟུན་ཏེ་ཁྲིམས་གཅོད་བྱེད་ཀྱི་ཡོད།
              དགོན་པའི་གྲྭ་པས་ཕྱི་ནང་གི་ཁྲལ་རིགས་འཇལ་དགོས་པའི་སྐོར། ཕྱི་ཁྲལ་ལས་གྲྭ་ཟོག་ཅེས་པ་རྟ་ནོར་ལུག་གསུམ་གྲངས་མང་ཉུང་དང་འཚམས་པའི་ག་དངུལ་ག་མར་ཞེས་ས་གནས་རྫོང་གིས་བསྡུ་སྲོལ་ཡོད། ནང་ཁྲལ་ལས་དགོན་པའི་འཚོགས་ཤིང་ཞེས་པ་ལོ་རེར་ལྕི་ཤིང་རྒྱབ་ལྔ་རེ་དང་ཨར་ལས་ཡོད་ཚེ་རྒྱབ་བཅུ་རེ་དགོན་པའི་སྤྱི་གཉེར་གྱིས་རྩ་འཛིན་བྱེད་སྲོལ་ཡོད། ཡང་གྲོ་མ་མར་གསར་ཞེས་པ་གྲྭ་རེས་མར་རྒྱ་རེ་དང་གྲོ་མ་བྲེ་གང་རེ་བཅས་གླིང་རང་རང་གིས་བསྡུས་ཏེ་སྤྱི་གཉེར་ལ་འབུལ་དགོས། དེའི་འགྲོ་ཡུལ་ནི་གཞུང་སའི་དཔོན་དམག་སོགས་ཡར་མར་འགྲོ་སྡོད་སྐབས་སུ་མཇལ་ཞུ་འབུལ་དགོས་དུས་དང་མགྲོན་འགྲིམ་སྣེ་ལེན་སོགས་དགོས་མཁོར་སྤྱོད་དགོས། དགོན་གྱི་ལྷ་ཁང་སོགས་སྤྱི་ལས་ཚང་མ་གྲྭ་པས་ལས་དགོས་པ་དང་བསྐྲུན་ཟིན་པའི་ལྷ་ཁང་དང་ཇ་ཁང་སོགས་གླིང་རང་རང་བགོས་འགྲིམ་ལྟར་ཝ་ཁ་ཐིག་ཚག་བྱེད་དགོས། 
              དགོན་སྤྱིའི་དཔལ་འབྱོར་སྐོར་ལ། དཔལ་འབྱོར་གྱི་ཡོང་ཁུངས་ནི་དགོན་བདག་མཁན་པོ་དང་། གཞན་ཡང་བླ་མ་དཔོན་རིགས་སེར་སྐྱ་འབྱོར་ཕྱུག་ལྡན་པ་རྣམས་ཀྱིས་དགོན་ས་ཆགས་བཏབ་མཛད་པ་ནས་བཟུང་རྒྱུན་འཚོགས་དུས་མཆོད་དང་མཆོད་མེ་རྒྱུན་འབར་ཕྱག་མཛོད་བཅས་ཀྱི་རྟེན་རྩ་རྣམས་ལོ་རེ་བཞིན་ཕུལ་བའི་འབྲུ་མར་འབྲི་ཁལ་སོགས་རིམ་བསགས་བྱས་པའི་འཕོང་འབོར་རྣམས། མར་རྒྱ་ཁྲི་བཞི་དང་འབྲི་ཁལ་214བཅས་ཡོད་པ་ཆུ་སྦྲུལ་1953ལོར་ཆེད་ཞིབ་རྩིས་ཁྲ་ལྟར། དེ་ཁོངས་རྒྱུན་མཆོད་ཀྱི་རྟེན་རྩ་ལ་མར་རྒྱ་29880དང་མཆོད་མེའི་རྟེན་འབྲི་30 ཕྱག་མཛོད་རྟེན་མར་རྒྱ་10120དང་འབྲི་ཁལ་40ལྷ་ཁང་ཁག་གི་རྒྱུན་འབར་རྟེན་འབྲི་144བཅས་དད་ལྡན་མང་ཚོགས་ཀྱི་ས་ནས་ཕུལ་བ་རེད།
              དཔལ་འབྱོར་དོ་དམ་བྱེད་ལུགས་སྐོར་ལ། བླ་བྲང་མཁན་པོ་དང་བན་དཔོན་སོགས་ཀྱིས་ཐད་ཀའི་དོ་དམ་གྱི་འོག་རྒྱུན་འཚོགས་དུས་མཆོད་ཀྱི་སྐོར་སྤྱི་སོ་ཆེ་ཆུང་ཁག་གི་ཚོང་ལས་གཉེར་སྐྱོང་གིས་“རྩ་བ་རྩིས་སྤྲོད་ལོ་མས་གཏོང་སྒོ་”ཞེས་པའི་ཚོང་སྐྱེད། “བཞི་ལ་ལྔ་འགྲོས་ཀྱིས་གཏོང་སྒོ་”གཏོང་དགོས་པ་(ལོ་སྐྱེད་ལ་བརྒྱ་ཆ་ཉི་ཤུ་རྩ་ལྔ་ཡིན)དང་ཕོགས་ལྷག་དུས་མཆོད་རེའི་མཇུག་ཏུ་དགོན་གཞུང་སྤྱི་གཉེར་དང་དགེ་སྐོས་ཟུང་གིས་ཕོགས་རྩིས་འཕྲོ་ལྷག་རྣམས་དགོན་སྤྱིའི་འགྲོ་སོང་གང་མཁོར་གཏོང་བ། སྤྱི་སོ་ཁག་གི་ཚོང་གཉེར་བྱེད་ཡུན་ལོ་གསུམ་མམ་བཞི་ལྔ་སོགས་ཀྱི་རིང་ལ་གཡས་ཁག་གཡོན་དཀྲིས་ཀྱིས་རྒྱུན་འཚོགས་ལ་དུས་འགྱང་དང་ཡུན་ཆད་སོགས་བྱེད་མི་ཆོག ཕྱག་མཛོད་རྟེན་རྩ་འཛིན་མཁན་མི་གཅིག་དང་གཉིས་སོགས་གང་གིས་ཚོང་གཉེར་བྱེད་སྟངས་དང་སྐྱེད་ཀ་ཆེ་ཆུང་གོང་དང་མཚུངས། ལྷ་ཁང་ཁག་གི་རྒྱུན་འབར་ཀྱི་རྟེན་འབྲི་144ཡོད་པ་དེ་ཡིས་ཐ་སྨད་ཤོག་ཕྱེད་ལྔའི་ཐེམ་དུད་རེས་འབྲི་རེ་འཆི་མེད་བཟུང་དགོས་པ་དང་། ལོ་རེར་འབྲི་རེས་མར་རྒྱ་བཅུ་གཉིས་རེ་སྤྲོད་དགོས་པ་དེ་ནི་མར་མེའི་མཆོད་གཉེར་གྱིས་སྡུད་ཀྱི་ཡོད། མཐར་སྤྱི་སོ་དང་ཕྱག་མཛོད་སོགས་དཔལ་འབྱོར་གྱི་ལས་ཀ་བྱེད་མཁན་རྣམས་དུས་ཐོག་རྩིས་སྤྲོད་ལེན་སྐབས་བླ་དཔོན་ཟུང་དང་དགོན་སྤྱི་ཐུན་མོང་གིས་ཞིབ་བཤེར་རྩིས་རྒྱག་བྱེད་དགོས།
              རིག་གནས་ཤེས་བྱའི་སྐོར་ལ། རིག་གནས་ཆེ་བ་ལྔ་དང་ཆུང་བ་ལྔ་བཅས་བཅུ་ཕྲག་རིག་པའི་གནས་ནི་ཀུན་ལ་མི་རྨོངས་པའི་གཡུང་དྲུང་བོན་གྱི་འདུ་གནས་ཤིག་ཡིན་པར་བརྟེན། རང་གཞན་ཕྱོགས་ཀྱི་མཁས་པ་མང་པོས་སྒྲ་དང་ཚད་མ་ཕྱི་ནང་རིག་པ་སོགས་གང་ལའང་སྦྱང་བར་བྱ་བའི་གནས་ཡུལ་དང་བརྟེན་བྱའི་སློབ་དཔོན་ལུང་རིགས་ཀྱི་མངའ་བདག་བོན་གྱི་སྤྱན་ལྡན་ཆེན་པོ་བྱུང་བའི་ཡུལ་མཆོག་ཅིག་ཏུ་ཀུན་གྱིས་བརྩི་བཞིན་ཡོད། དེ་བཞིན་བཟོ་རིག་པའི་ཁོངས་སུ་གཏོགས་པའི་ལག་ཤེས་བཟོ་ལས་ཀྱི་སྐོར་ལ་རིན་ཆེན་གསེར་དངུལ་ཟངས་ལྕགས་སོགས་ཀྱི་དང་པོ་གསེར་ཚ་གྲང་གི་ལས་དང་རྩི་བསྒྱུར། དེ་མིན་དངུལ་ཟངས་སོགས་ཐལ་བཟོའི་རིགས་དང་། དངུལ་ཆུའི་ལག་ལེན་ལ་མཁོ་བའི་ལས་བསྣོན་གྱི་རིགས།
              ཡིག་རིགས་འབྲི་ཤེས་ཀྱི་སྐོར་ལ། ལཉྫ། ཝརྟི། སྤུང་སོ། སྨར་ཆེ་ཆུང་། རྫབ་ཤར་ཡུལ་ལུགས་ཀྱི་ག་ཟིའི་འབྲུ་མཁས། ཁྲ་མ་ནིའི་འབྲུ་མཁས། འཁྱུག་བཅས་ཀྱི་ཡིག་རིགས་འབྲི་མཁན།
              རི་མོ་ཚོན་རིས་ཀྱི་སྐོར་ལ། ཕྱི་ནང་གསང་གསུམ་གྱི་དཀྱིལ་འཁོར་ཐིག་ཚོན། ཤིང་ཚོན་མཛེས་རིས། རྣལ་རིབ་ནམ་རྒྱང་སོགས་ཚེམས་བཟོའི་སྐོར་ལ། ཐང་སྐུའི་མཐའ་གཤམ། གར་འཆམ་རྒྱན་གོས། འདུལ་ཆས་སྣ་དྲུག རས་གུར་དྲས་ཚེམས། ཚར་གོས། དར་འཕྲུག རས་རྣམ་ཀོ་བའི་ལྷམ་རིགས་བཅས་བཟོ་ལས་ཀྱི་རིགས་སོགས་མཆིས། 
              རིག་གནས་གསར་བརྗེའི་སྐབས་སྔར་བཞེངས་ཟིན་པའི་རིག་གནས་ཀྱི་ཆ་དངོས་པོ་དང་མཁར་ཁང་སོགས་མེད་པར་བཟོས་ན་ཡང་ཀྲུང་གོའི་གུང་ཁྲན་ཏང་གི་ཡང་དག་པའི་དབུ་ཁྲིད་ཀྱི་འོག་སྐབས་བཅུ་གཅིག་པའི་ཀྲུང་ཨུད་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ཚུན། ཏང་དང་རྒྱལ་ཁབ་ཀྱིས་དཔལ་འབྱོར་ཐད་གྱོང་གུད་ཡོ་བསྲང་བྱས་ནས་ཆོས་དད་རང་མོས་ལ་མཐོང་ཆེན་གནང་བ་དང་འབྲེལ།རྒྱལ་ཁབ་ཀྱིས་དགོན་པར་ཉམས་གསོའི་རོགས་དངུལ་གནང་བའི་རྨང་གཞིའི་སྟེང་། ཤིང་བྱི་ལོ་1984ནས་བཟུང་རྫོང་ཏང་ཨུད་དང་སྲིད་གཞུང་འཐབ་ཕྱོགས་གཅིག་གྱུར་པུའུ།མི་རིགས་ཆོས་དོན་ཅུས་བཅས་ཀྱི་ཐད་ཀའི་དབུ་ཁྲིད་འོག་ཏང་གི་ཆོས་ལུགས་སྲིད་ཇུས་རིམ་བཞིན་དོན་འཁྱོལ་བྱུང་བ་དང་། ཆོས་ལུགས་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་བྱུང་ཡོད་པ་སྟེ། བསླབ་གསུམ་བསྟན་པའི་གཙུག་རྒྱན་སྤ་བླ་མ་ཟླ་བ་རྒྱལ་མཚན་མཆོག་དགོན་གྱི་དབུ་བླའམ་མཁན་པོའི་གསེར་ཁྲིར་སྐྱོང་གནང་བ་དང་ཆབས་ཅིག་ལུང་ཟིན་གྱི་སྐྱེས་བུ་དམ་པ་རྟོགས་ལྡན་ཤེས་རབ་ཕུན་ཚོགས་མཆོག་ནས་སྔར་སྲོལ་བཞིན་བཤད་སྒྲུབ་ཟུང་གི་བསྟན་པའི་དར་ཆེན་སླར་ཡང་མཐོན་པོར་བསྒྲེངས་ཤིང་། དག་པ་དྲང་སྲོང་གི་བདག་ཉིད་དགེ་བཤེས་སངས་རྒྱས་དཔལ་ལྡན་མཆོག་སྔར་སྤ་དགོན་གཡུང་དྲུང་རབ་བརྟན་གླིང་གི་འདུ་ཚོགས་དུས་མཆོད་ཀྱི་སྒྲིག་གཞིའི་དབུ་མཛད་ཆེན་མོར་བསྐོས་ཏེ་དུས་འགྱུར་སྐབས་བརླག་གཏོར་སོང་བའི་ཕྱག་ལེན་རྙིང་པ་རྣམས་སྐྱར་དུ་བཙུགས་ནས་གྲྭ་གསར་རྣམས་ལ་རྒྱུད་འཛིན་གྱི་སློབ་ཁྲིད་གནང་སྟེ་སྔར་བཞིན་རྒྱུན་འཚོགས་དུས་མཆོད་ཀྱི་སྒྲིག་ལམ་སྐྱར་གསོ་བྱུང་བ་དང་། ད་དུང་གར་འཆམ་ཟློས་གར། དུང་གླིང་འབུད་དཀྲོལ། དཀྱིལ་འཁོར་རྡུལ་ཚོན། གཏོར་རྒྱན་མར་ཚོན། ནམ་རྒྱང་སྣལ་རིས། སྲུང་ཟློག་རྟེན་འཁོར་སོགས་སྔར་རྒྱུན་ལམ་སྲོལ་ཇི་བཞིན་སེར་སྐྱ་རྒན་གྲལ་ཐུན་མོང་གི་མཉམ་རུབ་ཐོག་འབད་བརྩོན་ལྷོད་མེད་བྱས་པར་བརྟེན་བསྐྱར་གསོ་མཐར་ཕྱིན་བྱུང་ཡོད།
              མཇུག་གི་དོན་བསྡུ་བ་ལ། སྨྲས་པ། བསིལ་ལྗོངས་མདོ་ཁམས་ཟལ་མོའི་སྒང་སྟོད་ཆར།། སྤུ་རྒྱལ་གནས་མཆོག་བཀའ་ཆེན་སྡེ་དགུའི་གནས།། ཁྱད་པར་འཆི་མེད་དྲན་པ་ཡབ་སྲས་ཀྱིས།། བྱིན་རླབས་མ་གཡེལ་གཡུང་དྲུང་རབ་བརྟན་གླིང་།། རྒྱལ་སྲས་སྤ་ཡི་གདན་རབས་རིམ་བྱུང་བའི།།སྐུ་གསུང་ཐུགས་རྟེན་རིག་གནས་དངོས་པོའི་རིགས།། རྒྱལ་ཁམས་ནད་མུག་མཚོན་འཁྲུག་མི་འབྱུང་ཆེད།། ཐེག་དགུའི་མཛད་སྒོར་འཕྲིན་ལས་གང་འཚམས་སྤེལ།། མཛད་འཕྲིན་ཆོས་ཉིད་འཕེལ་དང་འགྲིག་པའི་ཆ།། གནས་ལུགས་མི་རྟག་དངོས་པོའི་རང་གཤིས་སོགས།། བསྙོན་དོར་དོན་མཚམས་སོར་མོའི་འདུ་བྱེད་ཀྱིས།། རླབས་ཆེན་དེང་བཞིའི་ཉིན་བྱེད་འོད་སྣང་གིས།། གནའ་རབས་ལོ་རྒྱུས་པད་མའི་ཚལ་ཆེན་རྒྱས།། རྗེས་འཇུག་གཞོན་ནུ་རྭ་ཡིག་གཉིས་པའི་ཚོགས།།རིག་གནས་ཟེའུ་འབྲུའི་བཅུད་འཐུང་སྐལ་པ་བཟང་།། སྔར་འདས་བྱུང་བརྗོད་ཀུན་གསལ་མེ་ལོང་ཞེས།། ཐོས་ཆུང་བྱིས་བློས་ཁུར་དུ་བསྒྲུབས་པ་འདི།། ཐོས་བརྩོན་ཤེས་རབ་ལྡན་ལ་འགྲན་རྩལ་མིན།། རང་འགན་ཕྲག་པར་བབས་པའི་འཕྲིན་ལས་སོ།། ཤེས་གསུམ་མ་དག་འདི་བྲིས་ལོག་བཤད་རིགས།། མཆོག་གསུམ་རྒྱལ་བ་སྤྱི་དང་ཁྱད་པར་གྱིས།།ཚད་གསུམ་ལྡན་པ་མཁས་པའི་སྤྱན་སྔ་རུ།། སྒོ་གསུམ་དད་པའི་མེ་ཏོག་འཐོར་ཏེ་འཆགས།། འདིར་འབད་ལེགས་བྱས་རྣམ་དཀར་དགེ་བའི་ཆར།། གང་མཆིས་བསོད་ནམས་ཕན་དང་བདེ་བའི་དཔལ།། དོན་གཉིས་ལྷུན་གྲུབ་དཔལ་ཡོན་གཉིས་སོགས་དར།། འགྲོ་ཀུན་བདེ་སྐྱིད་རྫོགས་ལྡན་ལྟར་སྤྱོད་ཤོག། སརྦ་མངྒ་ལམ།།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1