གཙོ་ངོས།>> གནས་མཇལ།>>དགོན་སྡེ།

རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། ༢༠༡༩ལོའི་ཟླ་བ་༠༦ཚེས་༡༣ཉིན།

༄༅།། སྡེ་དགེ་རྫོགས་ཆེན་ཤྲཱི་སེང་བཤད་གྲྭའི་ངོ་སྤྲོད་མདོར་བསྡུས།

        ད་ཐེངས་ཀྱི་རྒྱུགས་ལེན་ཡུལ་སྡེ་དགེ་རྫོགས་ཆེན་ཤྲཱི་སེང་བཤད་གྲྭ་ནི།  སྤྱི་ལོ་1826ལོར་རྫོགས་ཆེན་བཞི་པ་མི་འགྱུར་ནམ་མཁའི་རྡོ་རྗེ་དང་རྙིང་མའི་མཁས་པ་ཆེན་པོ་རྒྱལ་སྲས་གཞན་ཕན་མཐའ་ཡས་ཀྱིས་ཕྱག་བཏབ་ཅིང་།  ད་བར་ལོ་ངོ་ཉིས་བརྒྱ་ལ་ཉེ་བས་ཁམས་ཁུལ་གྱི་ཆེས་ཐོག་མའི་བཤད་གྲྭ་དེ་ཡིན་ལ།  རྒྱ་གཞུང་བཅུ་གསུམ་ལ་ཡིག་ཆ་མཛད་པས་ནཱ་ལེནྡྲའི་ཆོས་བརྒྱུད་གཙང་མ་འཛིན་མཁན་ཉག་གཅིག་ཡིན།  ལོ་རྒྱུས་སྟེང་རྒྱལ་སྲས་གཞན་ཕན་མཐའ་ཡས།   རྫ་དཔལ་སྤྲུལ།  མཁན་ཆེན་པདྨ་བཛྲ།  འཇུ་མི་ཕམ།  མི་ཉག་ཀུན་བསོད།  འབམ་འདའ་དགེ་ལེགས་རྒྱ་མཚོ།  འགྱ་བ་མདོ་སྔགས།  ཚོགས་ཤུལ་ནོར་བུ་བསྟན་འཛིན།  རྒྱ་ཀོང་གཞན་དགའ།  གླག་བླ་ཆོས་འགྲུབ།  དབོན་བསྟོད་མཁྱེན་རབ།  ཟུར་མང་པད་རྣམ།  ཀཿཐོག་མཁན་པོ་ངག་ཆུང་།  གངས་དཀར་སྤྲུལ་སྐུ།  བོད་སྤྲུལ་མདོ་སྔགས་བསྟན་ཉི།  ཁུ་ནུ་བསྟན་འཛིན་རྒྱལ་མཚན་སོགས་རྙིང་མ་དང་ས་སྐྱ་བཀའ་བརྒྱུད་དགེ་ལུགས་ཇོ་ནང་བཅས་ཀྱི་མཁས་པ་མང་པོས་གདན་ས་འདི་ནས་འཆད་ཉན་ཐོས་བསམ་རྒྱ་ཆེར་མཛད་མྱོང་བས་བོད་ཁམས་ཁུལ་གྱི་རིག་གནས་ལྟེ་གནས་གལ་ཆེན་ཞིག་ཡིན།  དུས་རབས་སྔ་མའི་ལོ་རབས་བརྒྱད་ཅུ་པར་གཟན་དཀར་རིན་པོ་ཆེ་སོགས་ཀྱི་ཐུགས་ཁུར་འོག་གནས་འདིར་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་ཐོག་མར་དབུ་བཙུགས་ནས་ཤེས་ལྡན་མི་སྣ་མང་པོ་བསྐྱེད་སྲིང་བྱས།  སྤྱི་ལོ་1988ལོ་ནས་མཆོག་སྤྲུལ་པདྨ་སྐལ་མཆོག་གིས་ཐུགས་བསྐྱེད་སྐུ་ངལ་ལྷུར་བཞེས་ཀྱིས་སྔར་གྱི་ཆོས་གྲྭ་སླར་གསོ་མཛད་ཅིང་རིས་མེད་མཁས་དབང་མང་པོ་གདན་དྲངས་ནས་འཆད་ཉན་ཐོས་བསམ་མཛད་པས་ལོ་ངོ་ཉི་ཤུ་ལྷག་རིང་བསྟན་འགྲོ་ལ་ཕན་ངེས་ཀྱི་མཁན་སྤྲུལ་བརྒྱ་ཕྲག་འགའ་བསྐྱེད་སྲིང་བྱུང་།  ད་ལྟའི་ཆར་རྫོགས་ཆེན་རིན་པོ་ཆེ་བསྟན་འཛིན་ལུང་རྟོགས་ཉི་མ་མཆོག་གིས་སློབ་གཙོའི་འགན་བཞེས་ཏེ་སློབ་གླིང་གསར་པ་ནཱ་ལེནྡྲ་གསར་བཞེངས་རྒྱ་བསྐྱེད་དང་།  སློབ་ཞུགས་ཡོན་ཚད།  རྒྱུགས་སྤྲོད་ལམ་ལུགས།  འཛིན་རིམ་འཕར་བགྲོད་སོགས་གནའ་དེང་ཟུང་འབྲེལ་གྱི་སློབ་གསོའི་སྒྲིག་གཞི་གཏན་འབེབས་མཛད་དེ་མཐུན་རྐྱེན་བསྐྲུན་པས།  སློབ་གླིང་གོང་འོག་གཉིས་དང་།  འཛིན་གྲྭ་བཅུ་གསུམ།  ལས་ཐོག་མཁན་ཆེན་ཁྲི་རྒན་ཟུར་རྣམ་གསུམ་དང་།  གཞུང་ཆེན་མཁན་པོ་བཅུ།  འཛིན་གྲྭའི་མཁན་པོ་དྲུག  །སྐྱོར་དཔོན་བཅུ་བདུན།  སྡེ་སྣོད་འཛིན་པ་སློབ་ཚོགས་བརྒྱད་བརྒྱ་ལྷག་ལ་དེང་རབས་ཀྱི་ཆ་རྐྱེན་ལྡན་པའི་བཞུགས་ཤག་དང་གསོལ་ཆས།  སློབ་དོན་ཁང་དང་།  ཆོས་ཁྲིམས་ཁང་།  གཞུང་དོན་ཁང་བཅས་ལས་ཚན་སྡེ་གསུམ།  རྒྱལ་སྤྱི་ནང་བསྟན་འདྲེན་སྤེལ་ལྟེ་གནས་བཅས་ལས་གྲུབ་པའི་བོད་ཁུལ་གྱི་ནང་བསྟན་སློབ་གླིང་ཚད་ལྡན་མིག་དཔེར་འོས་པ།  ཕྱི་ནང་གི་མཐུན་རྐྱེན་འཛོམས་ཤིང་ཚད་གཞི་ལྡན་ཤོས་ཤིག་ཏུ་ཆགས་ཡོད། །

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1